Template:Infobox settlement
གྲོང་ཁྱེར་ལྷ་ས་ནི།ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པའི་བོད་ཀྱི་བཙན་པོའི་དུས་ཀྱི་གྲོང་ཁྱེར་ཞིག་ཡིན་པ་ལ། ད་ལྟའང་བོད་རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ཞིག་ཡིན་པ་རེད། འདི་ནི་བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་ཀྱི་ལྟེ་གནས་ཡིན། རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་གྲོང་ཁྱེར་དང་རྒྱལ་སྤྱིའི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་གྲོང་ཁྱེར་སྐད་གྲགས་ཅན་ཞིག་ཡིན་། ད་ལྟ་གྲོང་ཁྱེར་འདིའི་སྤྱིའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ནི། སྤྱི་ལེ་ངོས་སྙོམས་50 ལྷག་ཙམ་དང་།མི་འབོར་ཁྲི་ 40 ལྷག་ཙམ།རྒྱ་མཚོའི་ངོས་མས་སྤྱི་ཁྲི 3650 ཙམ་གྱིས་མཐོ་བའི་ས་བབས་ཡིན་སྟབས་འཛམ་གླིང་ཐོག་ས་བབས་ཐོ་ཤོས་ཀྱི་གྲོང་ཁྱེར་ཞིག་ཡིན་ཞེས་ཟེར། མ་ཟད་མིང་གཞན་ལ་ཉི་འོད་གྲོང་ཁྱེར་ཡང་ཟེར་། གནའ་གྲོང་ལྷ་ས་ནི་གཡུ་ལྟར་སྔོ་བའི་ལྷ་སའི་སྐྱིད་ཆུའི་འགྲམ་དུ་མཆིས། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་དང་ས་ཁང་མ་འཇོག་པའི་ཚོང་པ་མང་པོ་ཞིག་སྤྲིན་གྱི་ཚོགས་བཞིན་གྲོང་ཁྱེར་འདིར་འདུས་ཤིང་། གནའ་གྲོང་ལྷ་ས་ལ་འཕེལ་རྒྱས་ཀྱི་གསོན་ཤུགས་གསར་བ་རྒྱས་བཞིན་ཡོད་པ་རེད། སྒོར་མོ་མེ་འཁོར་བབས་ཚུགས་ནས་སྤྱི་ལེ་ 1165 ཙམ།སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་ནས་སྤྱི་ལེ 2415 ཙམ་བཅས་སོ་སོ་ནས་ལམ་ཐག་དེ་ལྟ་བུ་ཕེབས་ན་གནའ་བོའི་གྲོང་ཁྱེར་འདིར་འབྱོར་གྱི་རེད།
དེ་ཡང་སྐྱིད་ཤོད་དང་། ར་ས་དང་། ལྷ་ས། ལྷ་ལྡན། ཉི་འོད་གྲོང་ཁྱེར། ཡུལ་དབུས་ལྷ་ལྡན་སོགས་ནི་དོན་གཅིག་མིང་གི་རྣམ་གྲངས་ཙམ་ཡིན། ༡ དེ་དག་ལས་སྐྱིད་ཤོད་ནི། སྐྱི་ཞེས་པ་ནི་གནའ་བོའི་བོད་ཀྱི་རུས་མིང་ཞིག་ཡིན་ལ། རུས་རྒྱུད་དེས་དབང་བའི་ས་གནས་ཀྱི་མིང་ལའང་སྐྱི་ཞེས་ཟེར། རྒྱལ་རབས་དེབ་ཐེར་དག་ཏུ་གདུང་རུས་སྐྱི་ཡི་སྐོར་གླེང་སྐབས། སྐྱི་རྒྱལ་པོའི་གཙུག་གཏོར་དང་། སྐྱི་ཆོས་ཀྱི་སེངྒེ་ཀྱི་ཡེ་ཤེས་དབང་པོ་ལྟ་བུ་སྐྱིའམ་ཀྱི་ཡི་མིང་ཅན་དུ་མ་ ཞིག་འབྱུང་བ་དང་། རུས་མིང་སྐྱི་ལས་ཐོགས་པའི་ས་ཆའི་མིང་བརྗོད་སྐབས་སྐྱི་ཤོད་དང་སྐྱི་ཆུ་སོགས་ བྱུང་ཞིང་། དེ་ཉིད་ཡུལ་མིང་ཞིག་ཡིན་པའི་ཆ་ནས་སྤྱིའི་ཆར་དེང་སང་ལྷ་ས་གྲོང་ཁྱེར་གྱི་མངའ་ ཁུལ་ཏེ། ལྷ་ས་སྐྱིད་ཆུའི་སྟོད་སྨད་ཀྱི་ཡུལ་རྣམས་ལ་ཟེར། སྐྱིད་ཤོད་ཅེས་པ་ནི། སྔ་རབས་ཀྱི་ཡིག་རྙིང་མང་པོར་སྐྱི་ཆུ་ཞེས་བྲིས་ཡོད་ལ། འབྲི་གུང་ནས་ཆུ་ཤུར་བར་གྱི་ས་གནས་དེར་ལྷ་ས་ཞེས་མིང་མ་ཐོགས་གོང་དུ་རུས་མིང་ སྐྱི་ཡིན་པའི་ཚོ་པ་རྣམས་གནས་སྡོད་བྱེད་སའི་ས་གནས་ཡིན་པས་སྐྱི་ཤོད་དང་། དེའི་རྒྱུད་དུ་འབབ་པའི་གཙང་པོ་ལ་སྐྱི་ཆུ་ཞེས་འབོད་པར་གྲགས་ཤིང་། གནའ་རབས་ཀྱི་ཡིག་རྙིང་ནང་སྐྱི་ཆུ་ཞེས་འབོད་པ་ཁུངས་བཙན་ཡང་ཡོངས་གྲགས་སུ་ སྐྱིད་ཆུ་ཞེས་འབྲི་སྲོལ་ཡོད། དེས་ན་ལྷ་སའི་གཙང་པོ་ལ་མིང་དངོས་སྐྱིད་ཆུ་དང་དེའི་འབབ་ཡུལ་གྱི་ལུང་པའི་མིང་ ལ་སྐྱིད་ཤོད་ཅེས་མིང་ཐོགས།
༢ ར་ས་ཞེས་པ་ནི་ལྟ་སའི་མིང་རྙིང་ཞིག་དང་གཙུག་ལག་ཁང་གི་མིང་ཞིག་ཀྱང་ཡིན། དེ་ནི་མི་ལོ་༡༣༥༠ལྷག་ཙམ་གྱི་གོང་བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོའི་སྐུ་དུས་ སུ་གཙུག་ལག་ཁང་ཐོག་མར་བཞེངས་སྐབས། རྒྱ་བཟས་སྤོར་ཐང་གི་རྩིས་ལ་བརྟེན་ནས་ས་དཔྱད་བརྟགས་པ་ལྟར་ས་གནས་འོ་ཐང་གི་ མཚོ་བསུབ་སྐབས་མཚོའི་དཀྱིལ་དུ་རྡོའི་མཆོད་རྟེན་བརྩིགས་པའི་སྟེང་དུ་ཕྱོགས་ བཞི་མཚམས་བརྒྱད་དུ་གདུང་མ་བསྣོལ་མར་བཏང་བའི་ཐོག་ཏུ་ར་དཀར་མོ་ཞིག་ལ་ས་རྡོ་ བཀལ་ཏེ་མཚོ་བསུབས་པར་བརྟེན་མཚོ་བསུབས་ཤུལ་གྱི་སྐམ་ས་དེར་ར་ས་ཞེས་མིང་ཐོག་ མར་ཐོགས་པ་དང་། མཚོ་བསུབས་ཏེ་གཙུག་ལག་ཁང་བཞེངས་རྗེས་ཐོག་མའི་མཚན་ལའང་ར་ས་སྤྲུལ་པའི་གཙུག་ལག་ཁང་ཞེས་གསོལ། དེ་རྗེས་གཙུག་ལག་ཁང་དེ་ཉིད་ལྟེ་བར་བྱས་ནས་ཆགས་པའི་གྲོང་ཁྱེར་གྱི་མིང་ལའང་ར་ ས་ཞེས་རིམ་བཞིན་ཐོགས་པར་མངོན་ལ། ར་དཀར་མོ་དེ་ལྷི་ས་སྐྱིད་ཆུའི་ཕ་རོལ་གྱི་ལྷོ་ནུབ་ངོས་སུ་ཤེལ་དཀར་བྲག་ཁུང་ ཞེས་པ་ཞིག་ཡོད་པ་ལས་བྱུང་སྟབས་ཡུལ་མིང་དུ་ར་མ་སྒང་ཞེས་ཐོགས་པ་ལྟར་ད་ལྟའང་ དེ་ལྟར་འབོད་བཞིན་ཡོད། སངས་རྒྱས་དངོས་ཀྱིས་རབ་གནས་མཛད་པའི་ཇོ་བོ་ཤཱཀྱ་མུ་ནེ་དང་མི་བསྐྱོད་རྡོ་རྗེ་རྣམ་གཉིས་གནས་འདིར་བཞུགས་པས་ལྷ་ས་ཞེས་པའི་མིང་ཐོགས་ཞེས་གསུངས་སྲོལ་མི་འདྲ་བ་ཡོད།
དེ་ཡང་སྤོར་ཐང་རྩིས་ལ་བོད་ཀྱི་ས་དབྱིབས་དེ་སྲིན་མོ་གན་རྐྱལ་དུ་བསྡད་པ་ལྟ་བུ་ཡོད་པ་ལས་ལྷ་ས་གཙུག་ལག་ཁང་བཞེངས་སྐབས་བར་ཆད་དང་དཀའ་བ་དུ་མ་ཕྲད། དེ་དག་གནོན་ཆེད་མཐའ་འདུལ་དུ་ལྷ་ཁང་བཅུ་གཉིས་བཞེངས། དེའི་ནང་ནས་མཐའ་འདུལ་ལྷ་ཁང་ཆེ་བ་བཞི་ཡོད་པ་སྟེ། སྲིན་མོའི་དཔུང་པ་གཡས་པ་གནོན་ཆེད་དབུ་རུ་ཀ་ཚལ་མི་འགྱུར་ལྷ་ཁང་དང་། སྲིན་མོའི་དཔུང་བ་གཡོན་མ་གནོན་ཆེད་གཡོན་རུ་ཁྲ་འབྲུག་བཀྲ་ཤིས་བྱམས་སྙོམས་ལྷ་ཁང་བཞེངས། སྲིན་མོའི་དཔྱི་མགོ་གཡས་པ་གནོན་ཆེད་གཡས་རུ་གཙང་འགྲམ་བྱང་ཆུབ་དགེ་གནས་ཀྱི་ལྷ་ཁང་བཞེངས། སྲིན་མོའི་དཔྱི་མགོ་གཡོན་མ་གནོན་ཆེད་རུ་ལག་གྲོམ་པ་རྒྱང་དྲི་མེད་རྣམ་དག་གི་ལྷ་ཁང་བཞེངས། ལྷ་ས་གཙུག་ལག་ཁང་དེ་སྲིན་མོའི་སྙིང་དབུས་སུ་གནས། ལྷ་སའི་ཕྱོགས་བཞིར་མཐའ་འདུལ་དུ་རིགས་གསུམ་མགོན་པོའི་ལྷ་ཁང་བཞེངས་ཏེ། སྤྱན་རས་གཟིགས་དང་། འཇམ་དཔལ་དབྱངས། ཕྱག་ན་རྡོ་རྗེས་གཙོས་སངས་རྒྱས་ཀྱི་རྟེན་མང་པོ་བཞེངས།
ལྷ་སའི་མཐའ་སྐོར་གྱི་རི་བོའི་ངོས་སུ་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་གསལ་བར་ཡོད་པའི་ནང་ཚན་ནུབ་ཏུ་གཉྫིའི་སྟེང་དུ་དུང་ཕོར་བཞག་པ་ལྟ་བུ་ཞེས་པ་དེ་སྟག་བྲག་རི་ཁྲོད་གནས་ཡུལ་བྲང་ཕུའི་བྱང་ངོས་རི་སྟེང་དུ་ཡོད་པ་དང་།བྲང་ཕུའི་བྲག་ལ་འཁོར་ལོ་ཞེས་གསལ་བ་ཡང་གོང་གསལ་དུང་གི་རི་མོ་ཡོད་པའི་ནུབ་ངོས་ཀྱི་བྲག་ལྡེབས་སུ་ཁ་ཤར་ལ་བལྟས་ནས་ཡོད་པ་དང་།གདོང་དཀར་གྲི་བྲག་ལ་པད་མ་ཞེས་པ་དེ་གདོང་དཀར་གྲོང་ཚོའི་རྒྱབ་ཀྱི་རིའི་ལྡེབས་སུ་ཡོད།ཡུག་པའི་རི་ལ་དཔལ་བེའུ་ཞེས་པ་ནི་ར་མ་སྒང་གི་ལྷོ་ནུབ་ཀྱི་རི་ངོས་སུ་གསལ་བ་བཅས་དང་།གཞན་ཡང་ནུབ་ཤུན་གྱི་བྲག་ལ་བདུད་ནག་པོ་བྱ་ར་བྱེད་པ་ལྟ་བུ་ཞེས་པ་ནི་གདོང་དཀར་གྱི་བྲག་ཟང་ཟིང་དེ་ཡིན་ཟེར་སྲོལ་ཡོད།ལྷོ་ནུབ་ཏུ་སྡིག་པ་ཟན་ལ་རུབ་པ་འདྲ་བ་ཟེར་བ་དེ་ཡང་ར་མ་སྒང་གི་ནུབ་ངོས་སུ་ཡོད།
གྲོང་ཁྱེར་དེའི་ཡུལ་གྱི་དགེ་མཚན་ནི་ལྷོ་ཕྱོགས་སུ་ལྷ་སའི་སྐྱིད་ཆུ་ཡན་ལག་བརྒྱད་ལྡན་གྱི་གཙང་ཆུ་གཡས་སུ་འཁོར་ཞིང་རྒྱུགས་པ་དང་། ཤར་ན་ཇོ་མོ་ཟེ་ཟེ། བྱང་ཤར་དུ་སྨིན་དྲུག་རྫ་རི། ཤར་ལྷོར་ཆོས་རྒྱལ་བླ་རིའམ་བུམ་པ་རི། ནུབ་བྱང་དུ་དགེ་འཕེལ་རི་སོགས་ཀྱིས་བསྐོར་ཡོད།
Template:Main Administratively speaking, Lhasa is a prefecture-level city that consists of one district and seven counties. Chengguan District is the main urban area of Lhasa. The mayor and vice-mayor of Lhasa are Doje Cezhug and Jigme Namgyal, respectively.
དྲ་ཐོག་ནས་བསམ་ཤོག་འཕངས་པ་ལྟར་ན། རྒྱ་ནག་གིས་གྲོང་ཁྱེར་བྲེལ་བ་ཆེ་ཤོས་ ༡༢ དང་སྒྱིད་ལུག་ཆེ་ཤོས་ཀྱི་གྲོང་ཁྱེར་རྣམས་ལ་དྲ་རྒྱའི་སྟེང་ནས་བསམ་ཤོག་བསྡུས་པ་ལྟར་ན། ལྷ་ས་ནི་རྒྱ་ནག་ནང་གི་གྲོང་ཁྱེར་སྒྱིད་ལུག་ཨང་གཉིས་པ་དེ་རེད་ཟེར། ཡིན་ཡང་ལྷ་སར་གནས་སྡོད་བྱེད་མཁན་དང་ཡུལ་སྐོར་བ་རྣམས་ཀྱིས་སྒྱིག་ལུག་ཅེས་པའི་ཚིག་འདི་ནི་འོས་འཚམ་མིན་པར་འདོད་ལ། ཞིང་ཆེན་གཞན་དང་བསྡུར་ན་ལྷ་ས་གྲོང་ཁྱེར་ཏུ་འགྲན་རྩོད་ཀྱི་རྣམ་པ་དེ་མི་འདུག་ཟེར་ལ། དེ་བས་སྒྱིག་ལུག་གི་ཚབ་ཏུ་ལྷོད་གཡེང་དང་སྣང་མེད་ལྟ་བུ་ཞིག་སྤྱད་ན་འོས་པར་ བརྗོད། ལྷ་སའི་བོད་མིའི་སྲོལ་རྒྱུན་དང་ཆོས་ལུགས་ཀྱི་མཁའ་དབུགས་དེས་མི་རྣམས་ལ་ལས་ཀ་ནི་ཕྱི་དངོས་པོའི་དོན་དག་ཅིག་ཡིན་པར་ཚོར་དུ་འཇུག་ལ། མི་མང་པོ་ཞིག་ལྷ་ས་ནས་ཕྱིར་སོ་སོའི་ཕ་ཡུལ་དུ་ལོག་རྗེས་ལས་ཀ་དོར་གི་ཡོད། མ་ཟད་གཟའ་མཇུག་ལ་ཇ་ཁང་ཚང་མའི་ནང་ཇ་འཐུང་མཁན་གྱིས་ཁེངས་བསྡད་ཡོད་ལ། སྲང་ལམ་གྱི་མི་རྣམས་ཀྱང་སེམས་ཁམས་ཞི་འཇམ་ཞིག་གི་ནང་ཡོད།
སྐོར་ལམ་གཡས་གཡོན་གྱི་ཚོང་ཁྲོམ་ནི་བོད་ཁུལ་དུ་ཁྱད་ཆོས་མངོན་པར་གསལ་བའི་ཚོང་དོན་གཉེར་སའི་ལྟེ་བ་ཞིག་ཏུ་གྱུར་ཅིང་། དེའི་ནང་གི་ཚོང་པ་མང་དག་ཅིག་ནི་ཁམས་པའི་ཚོང་དཔོན་ཡིན་ཞིང་གཞན་དག་ནི་རྒྱ་གར་དང་བལ་ཡུལ། ཀན་སུའུ་དང་སི་ཁྲོན་སོགས་ཀྱི་ཚོང་པ་ཡིན་པ་རེད། ལྷ་སའི་ཁྲོམ་གཟིགས་ཁང་དུ། ། བསྐོར་བ་ལན་གསུམ་རྒྱག་དུས། ། འཛམ་བུ་གླིང་དུ་བསྐོར་བའི། ། སྣང་བ་ཡིད་ལ་ཤར་བྱུང་། ། ཞེས་པའི་གླུ་ཚིག་བཞིན་ལྷ་སའི་བར་སྐོར་ཁྲོམ་ལམ་དུ་རྒྱ་གར་དང་། འབྲུག་པ། རྒྱ་ནག གཞན་ཡང་མདོ་དབུས་ཁམས་གསུམ་གྱི་ཚོང་རྫས་རིགས་སྣ་ཚོགས་ཡོད་།
བདལ་གཏོང་རླངས་འཁོར་དང་།རྒྱལ་གཉེར་སྤྱི་སྤྱོད་རླངས་འཁོར།གླ་བྱེད་རླངས་འཁོར།འཁོར་ལོ་གསུམ་ལྡན་རྐང་འཁོར།རྐང་འཁོར་སོགས་ཡོད་ལ་གཞན་ཡང་གནས་སྐོར་ཀུང་སིའི་ཚོང་དོན་རླངས་འཁོར་ཡང་གླས་ཆོག
ལྷ་ས་གྲོང་ཁྱེར་ནང་གི་རྒྱལ་གཉེར་སྤྱི་སྤྱོད་རླངས་འཁོར་གྱི་བདལ་གླ་སྒོར་མོ1ཡིན་པ་དང་།སྤྱི་སྤྱོད་རླངས་འཁོར་བསྡད་ཚེ་ངེས་པར་དུ་འབབ་ཚུགས་ཡོད་སར་བབ་དགོས། ལྷ་ས་གྲོང་ཁྱེར་ནང་གི་གླ་བྱེད་རླངས་འཁོར་གང་དུ་ཡོད་ཀྱང་དེར་བཀག་ཆོག་ཅིང་ལྷ་ས་ས་ཁུལ་གྱི་གླ་བྱེད་རླངས་འཁོར་གྱི་བདལ་གླ་སྤྱིར་སྒོར་མོ་10ཡིན་པ་དང་། དེ་ལས་ཐག་རིང་བའི་སར་བསྐྱོད་དགོས་ཚེ་ཆུ་ཚོད་བཀག་སྟེ་སྒོར་བཅུ་ལྷག་ཙམ་དང་ཉི་ཤུ་ཡས་མས་ཐོབ་ཀྱི་ཡོད།ལྷ་སའི་འཁོར་ལོ་གསུམ་ལྡན་རྐང་འཁོར་གྱི་གླས་གླ་སྒྲིག་ཆོག་ཅིང་སྤྱིར་ཉིན་པར་ལམ་ཐག་རིང་ཐུང་ལ་བརྟེན་ནས་སྒོར་3ནས་8བར་ཡིན་པ་དང་།མཚན་མོ་སྒོར་མོ་1ནས་2བར་མཐོ་བ་ཡོད། མགྲོན་ཁང་དང་འགྲུལ་བཞུད་ཁང་མང་པོ་ཞིག་ལ་རྐང་འཁོར་གླས་ཆོག་པ་དང་། གླས་གླ་ཉིན་རེར་སྒོར་20ནས་30བར་ཡིན།
གྲོང་ཁྱེར་གྱི་རླངས་འཁོར་སྤྱི་གྲངས་མགྱོགས་མྱུར་ངང་ཇེ་མང་དུ་སོང་ནས་། རླངས་འཁོར་འཇོག་དཀའ་བའི་གནད་དོན་གྱིས་གྲོང་མི་རྣམས་དཀའ་ཚེགས་ལ་གཏད་ཡོད། ནང་སྒོས་པེ་ཅིང་དཀྱིལ་ལམ་གྲོང་མཁར་རྙིང་པའི་ཁུལ་དུ་འཁོར་འཇོག་དཀའ་བའི་གནད་དོན་ཧ་ཅང་ཚབས་ཆེན་ཡིན། བར་སྐོར་ཚོང་རའི་རྣམ་གྲངས་ཀྱིས་ས་འོག་འཁོར་འཇོག་གནས༦༠༠ལྷག་བཙུགས་པ་དང་། རྣམ་གྲངས་གྲུབ་རྗེས་ཚད་ངེས་ཅན་ཞིག་གི་ཐོག་ནས་པེ་ཅིང་དཀྱིལ་ལམ་དང་གྲོང་མཁར་རྙིང་བའི་འཁོར་འཇོག་དཀའ་བའི་གནད་དོན་ཞི་ལྷོད་དུ་གཏོང་ཡོད། ཚེ་སྨོན་གླིང་དུས་རབས་ཐང་ཆེན་ས་འོག་རླངས་འཁོར་འཇོག་གནས་སོགས་འཛུགས་ཡོད།
ནམ་ཟླ་དུས་བཞིར་ཉི་འོད་འཕྲོ་ཤུགས་ཤིན་ཏུ་ཆེ་བ་དང་། ལོ་འཁོར་གཅིག་ནང་ཉི་འོད་འཕྲོད་ཚད་ཆུ་ཚོད་༣༠༠༠ཙམ་ཟིན་གྱི་ཡོད། གྲོང་ཁྱེར་དེའི་ས་ནང་བབ་ཀྱི་མཐོ་ཚད་རྒྱ་མཚོའི་ངོས་ལས་སྤྱི་ཁྲི་༣༦༥༠ཙམ་ཟིན་ཡོད་པ་དང་མཁའ་རླུང་ཤིན་ཏུ་གཙང་བ་མ་ཟད། དབྱར་དུས་ཆར་ཆུ་འབབ་ཚད་སྙོམ་པ། ལོ་རེའི་ཧོར་ཟླ་༧、༨、༩གསུམ་གྱི་ནང་ཆར་ཆུ་འབབ་ཚད་ཆ་སྙོམས་ལྟར་ན་ཧའོ་རྨིད་༤༥༠ཙམ་དང་། ལོ་རེའི་ཆ་སྙོམས་དྲོད་ཚད་ནི་དྲོད་ཚད་ཨང་གྲངས་༨ཡས་མས་ཡིན། དབྱར་དཀྱིལ་དྲོད་ཚད་མཐོ་ཤོས་ལ་དྲོད་ཚད་ཨང་གྲངས་༢༩ཙམ་ཡོད།
བོད་རང་སྐྱོང་ལྗོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཐོ་འགོད་ཁྲོད་ལྷ་ས་གྲོང་ཁྱེར་གྱི་ཨར་གཞས་སོགས་རྣམ་གྲངས་༡༠མངོན་མིན་རིག་གནས་ཤུལ་བཞག་ནང་ཚུད་ཡོད་པ་རེད། ད་ཆ་ལྷ་ས་གྲོང་ཁྱེར་དུ་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་༧༦ཙམ་ཟིན་གྱི་ཡོད་པ་དང་དེའི་ཁྲོད་ལྷ་སའི་ཞོ་སྟོན་དང་། སྐྱུ་མོ་ལུང་ལྷ་མོ་ཚོགས་པ། ལྷ་སའི་ནང་མ། བོད་རིགས་ཀྱི་གཏེར་ལས་བཟོས་པའི་རྒྱུ་ཆའི་བཟོ་རྩལ་སོགས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་ཁག་༢༠དང་། ལྷ་སའི་སྟོད་གཞས་དང་། ཨར་གཞས། འབྲི་གུང་གི་བོད་ལུགས་སྨན་གཞུང་སོགས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་༣༡ གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་༢༥སོགས་ཡོད་པ་རེད། དེ་མིན་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་མི་སྣ་༦༦ཡོད་པའི་ནང་རྒྱལ་ཁབ་རིམ་པའི་རྒྱུན་འཛིན་མི་སྣ་༡༢དང་རང་སྐྱོང་ལྗོངས་རིམ་པའི་རྒྱུན་འཛིན་མི་སྣ་༢༡ གྲོང་ཁྱེར་རིམ་པའི་རྒྱུན་འཛིན་མི་སྣ་༣༣བཅས་ཡོད་པ་རེད།
འུ་སྡོད་སྦུག་ཞེས་པ་སྔར་འུ་ལག་སྡོད་སའི་སྦུག གསོ་ར་སྦུག་ཞེས་པ་རྒྱལ་པོ་སྲོང་བཙན་སྐབས་གསོལ་རྫོ་ར་བ། ཀླུ་སྒུག་ཇོ་བོ་རིན་པོ་ཆེ་ཀླུ་ཡུལ་དུ་གདན་ཞུར་སྒུག་བསྡད་ཡོད་པ། གཏུགས་ར་སྦུག་ཞེས་པ་གྱོད་གཞི་ཞུ་གཏུགས་བྱེད་སའི་སྦུག ལྷ་སར་ད་དུང་ལོ་རྒྱུས་ཡུན་རིང་ལྡན་པའི་གནའ་ཤུལ་ཞི་ཁྲོ་ལྷ་ཁང་། སྙུང་གནས་ལྷ་ཁང་། ཚེས་བཅུ་ལྷ་ཁང་། མ་ཎི་ལྷ་ཁང་། དར་པོ་གླིང་། བདེ་ཆེན་རབ་བརྟན་འབྲངས་རྒྱས་ཤག རག་ཁ་ཤག སྣེའུ་ཤག་སོགས་ལོ་རྒྱུས་ལྡན་པའི་ཁང་པ་མང་དག་ཅིག་དང་། སྡེ་དཔོན་མི་དྲག་སེར་སྐྱ་དཔོན་རིགས་ཀྱི་གཟིམ་ཤག་དང་། བླ་བྲང་། གཞུང་ཁང་། གྲོང་མིའི་སྡོད་ཁང་སོགས་མང་པོ་ཡོད། ཡབ་གཞིས་བསམ་གྲུབ་ཕོ་བྲང་། ཡབ་གཞིས་ཕུན་ཁང་། ཡབ་གཞིས་ལྷ་ཀླུ། ཡབ་གཞིས་གླང་མདུན། ཡབ་གཞིས་སྟག་འཚེར་སོགས་ཡོད་པ་རྣམས་ཏཱ་ལའི་བླ་མ་རིམ་བྱོན་གྱི་ཡབ་ཡུམ་བཞུགས་ཡུལ་ཡིན་པས་ཡབ་གཞིས་ཞེས་གྲགས། ལྷ་ས་གྲོང་ཁྱེར་ན་གོ་བ་ཁང་སེར་བཅས་པའི་ཁང་པར་ཀ་རག་སེར་པོ་གསོ་བ་དམིགས་བསལ་ ཅན་འགའ་ཡོད་པར་དེ་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པ་ཚང་དབྱངས་རྒྱ་མཚོ་ཕྱི་ཚུལ་ཙམ་གྱིས་འཇིག་རྟེན་མ་སྐྱེས་ཨ་མ་དང་མཉམ་དུ་བཞུགས་ཁང་རེད་ཅེས་བརྗོད་སྲོལ་ འདུག ཡིན་ནའང་དོན་དམ་པར་ཨེ་འདྲ་མིན་པར་གྲགས། ད་ལྟ་ལྷ་ས་གྲོང་ཁྱེར་ནང་ལོ་རྒྱུས་སུ་བྲིས་མེད་པའི་སྐད་གྲགས་ཡོད་པའི་བླ་བྲང་དང་། གཟིམ་ཤག འབྱོར་པ་ཅན་གྱི་ཁང་ཁྱིམ་ཁག་ཅིག་བསྡད་ཡོད་པ་སྟེ། བར་སྐོར་ནང་དུ་གཟིམ་ཤག་ཐོན་པ་དང་། བར་སྐོར་ལྷ་ངོས་སུ་སྤོམ་མདའ་ཚང་། བསམ་གྲུབ་ཕོ་བྲང་། གླིང་ཚང་བླ་བྲང་། གཟིམ་ཤག་བཤད་སྒྲ། ཁྲི་བྱང་བླ་བྲང་སོགས་དང་། བར་སྐོར་བྱང་ངོས་སུ་ཡབ་གཞིས་ཕུན་ཁང་དང་། ཡབ་གཞིས་སྟག་འཚེར། ལྷ་ཀླུ་དགའ་ཚལ་སོགས་ཀྱི་ཁང་པ་མ་ཚང་བསྡད་ཡོད། ཡབ་གཞིས་མང་ཆེ་བ་ཁང་རུལ་དུ་གྱུར་ནས་གྲོང་མི་སྡོད་ལོས་མི་བཟོད་པར་སྔར་གྱི་ རྨང་གཞིའི་སྟེང་གསར་རྒྱག་རྒྱ་བསྐྱེད་བྱས་ཡོད།
དེང་སྐབས། ཅང་སུའུ་གཞུང་ལམ་ཐོག་གི་གྲུབ་ཆ་ནི་ཀྲུང་གོའི་གྲོང་ཁྱེར་གཞན་དག་གི་གྲུབ་ཆ་དག་དང་འདྲ་མཚུངས་ཡོད་སྟེ། སྲིད་གཞུང་གི་ཁང་བརྩེགས། འཛིན་སྐྱོང་སྡེ་ཚན། སློབ་གྲྭ། སྨན་ཁང་། གསར་འགྱུར་བསྡུ་སྒྲིག་ཁང་། བཟོ་གྲྭ། མགྲོན་ཁང་། ཟ་ཁང་བཅས་འཚང་ཁ་ཤིག་ཤིག་ངང་བསྡད་ཡོད། ད་དུང་དམག་མིའི་སློབ་གླིང་དང་ཏང་ཨུད་གྲོས་ཚོགས་ལས་ཁུངས།སོངས་ཀྱང་ཡོད། གཞུང་ལམ་དེའི་མིང་འདོགས་ལ་ “གློད་ཀླད་སྲང་ལམ”་ཞེས་ཟེར་གྱི་ཡོད་པ་རེད།
ཉི་མའི་གླིང་ཕྲན།
དེའི་སྔོན་ཉི་མའི་གླིང་ཕྲན་ལ་ལྕིང་མའི་གླིང་ག་ཟེར་གྱི་ཡོད་པ་རེད། དེ་རུ་ལྗོན་ཤིང་སྣ་ཚོགས་དང་ཆུ་འགྲམ་གྱི་བྱེ་ཐང་། འཇམ་ཐིང་ཐིང་ངང་བཞུར་བཞིན་པའི་ལྷ་སའི་སྐྱིད་ཆུ་བཅས་ཡོད་རེད། ཟམ་པ་ཆུང་ཆུང་དེའི་མགོ་མཇུག་གཉིས་ཀར་བོད་ཀྱི་རླུང་རྟས་བརྒྱན་ཡོད། ས་གནས་མི་དམངས་ཀྱིས་ཀུ་རེའི་ཚུལ་དུ་ས་ཆ་དེར་རྐུན་མ་གླིང་ག་ཞེས་ཀྱང་བཏགས་ ཡོད། དེ་ནི་རྐུན་མ་དག་སྦས་སྐུང་བྱེད་ས་ཡིན་པའི་ཆ་ནས་དེ་ལྟར་བརྗོད་པ་རེད། སྤྱི་ལོ་༡༩༩༤་ལོར་ལྷ་སར་གནས་སྡོད་རྒྱའི་རི་མོ་བ་ཆེས་གྲགས་ཅན་ཞིག་གི་ངོ་ སྤྲོད་རྒྱབ་གཉེར་འོག་ཨོའོ་མིན་ནས་ཡིན་པའི་རྒྱ་སྐྱེད་པ་ཞིག་དང་ལྷ་སའི་སྲིད་ གཞུང་གཉིས་མཉམ་འབྲེལ་ཐོག་བདག་མེད་ཡུལ་ལྗོངས་དེ་རྒྱན་རྩེད་ཁང་ཞིག་ལ་བསྒྱུར་ པ་རེད། དེ་ནས་རྒྱ་ནག་གི་འབྱོར་ལྡན་མི་སྣ་ཞིག་གིས་དེ་ཚུར་བླངས་ཏེ་དེའི་ཚབ་ལ་ཀྲུང་ ཧེ་རྒྱལ་སྤྱིའི་གྲོང་རྡལ་འཛུགས་སྐྲུན་བྱས་པ་རེད། ཉི་མའི་གླིང་ཕྲན་ལ་ཡུལ་ལུང་འདྲ་མིན་གྱི་ཟས་རིགས་ཀྱི་བྲོ་བ་ལྡན་པའི་ཟ་ཁང་མང་ པོ་འདུག བོད་ཀྱི་འབྲོག་ཁྱི་བཙོང་སའི་ཚོང་ཁང་ཡང་ཡོད། ལྷ་ས་མི་རིགས་ཀྱི་རིག་གནས་སྒྱུ་རྩལ་འགྲེམས་སྟོན་ཁང་དང་ལྷ་སའི་སྲིད་གཞུང་གི་གྲོལ་རྡལ་ལས་ཁུངས་སོགས་ཡོད།
ལྷ་ཞབས་གླིང་ཕྲན།
བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྔོ་ཚལ་ལས་རིགས་ཀྱིས་ཚོང་རར་ཁ་ཕྱོགས་ནས་རོང་འབྲོག་པའི་ཡོང་སྒོ་ཇེ་མང་དུ་གཏོང་བ་དེ་དམིགས་ཡུལ་དུ་བཟུང་ནས། ཐོན་ཁུངས་ཀྱི་བཟང་ཆ་འདོན་སྤེལ་བྱས་ཏེ། དུས་ཚིགས་ལས་ལྡོག་པའི་སྔོ་ཚལ་དང་སྟོན་དཔྱིད་བར་གྱི་སྔོ་ཚལ་འདེབས་པར་ཤུགས་བསྣན་པས། ལྷ་སའི་སྔོ་ཚལ་ལས་རིགས་རིམ་བཞིན་ས་ཁུལ་ཅན་དང་། ཐོན་ལས་ཅན། ཁྱབ་ཁོངས་ཅན། དེང་རབས་ཅན་བཅས་ཀྱི་ཕྱོགས་སུ་གོང་འཕེལ་བྱུང་སྟེ། ཞིང་ལས་ལ་ཁེ་ཕན་ཐོབ་པ་དང་། ཞིང་བའི་ཡོང་སྒོ་འཕར་བ་མངོན་འགྱུར་བྱས། འཆར་གཞི་ལྟར་ན། 2015ལོར་བསླེབ་དུས། ལྷ་ས་གྲོང་ཁྱེར་གྱི་སྔོ་ཚལ་འདེབས་འཛུགས་གཞི་ཁྱོན་མུའུ་ཁྲི8.52ལ་ཇེ་ཆེར་འགྲོ་རྒྱུ་ཡིན་ཞིང་ཐོན་ཚད་ཏུན་ཁྲི35ལ་བསླེབ་ངེས།
ཞོ་སྟོན་དུས་ཆེན་
ཧོར་ཟླ་བདུན་པའི་ནང་སྔར་སྲོལ་དུས་སྟོན་འབྲས་སྤུངས་ཞོ་སྟོན་ཡིན་པ་དང། ཉིན་དེའི་ཞོགས་ཕར་འབྲས་སྤུངས་དགོན་དང། སེ་ར་དགོན་གཉིས་སུ་གུ་གེ་ཞལ་ཐང་འགྲེམ་སྤེལ་བྱེད། དེ་རྗེས་ཉིན་བདུན་རིང་ནོར་བུ་གླིང་ག་དང་། རྫོང་རྒྱབ་ཀླུ་ཁང་སོགས་སུ་ལྷ་མོ་འཁྲབ་པ་དང་། གཞན་ཡང་དུས་དེ་ནི་རྒྱལ་ཁབ་ཕྱི་ནང་ནས་ཕེབས་པའི་ཡུལ་འཁོར་སྤྲོ་འཆམ་པ་དང་། གནས་མཇལ་བ། འཚོང་གཉེར་བ།རིག་གནས་སློབ་གསོའི་ལས་གཉེར་བ་སོགས་ཕྱོགས་མང་པོའི་མཐུན་གྲོགས་མཉམ་འཛོམས་ཐོག་དགའ་སྤྲོའི་ངང་ནས་གྲོང་ཁྱེར་དེ་ཡི་འབྱུང་འགྱུར་བྱ་གཞག་གང་དང་གང་གི་ཐད་ལ་གདུང་སེམས་མཉམ་སྐྱེས་ཀྱིས་ལག་སྦྲེལ་གོང་འཕེལ་གཏོང་རྒྱུའི་ཆོད་སེམས་མཐུན་ལམ་འཛུགས་པའི་གོ་སྐབས་བཟང་ཤོས་ཤིག་ཡིན།
དཔལ་ལྷའི་དུས་ཆེན་
ལྷ་ས་གྲོང་ཁྱེར་དུ། ལྷ་ས་དཔལ་ལྷའི་རི་ཁྲོད།། ཞོལ་པ་དགའ་ལྡན་ལྔ་མཆོད།།ཅེས་བཤད་སྲོལ་ཡོད། དེའི་དོན་ནི། དཔལ་ལྷའི་རི་ཁྲོད་ཀྱི་ཉིན་དེར། ལྷ་སའི་གཡས་གཡོན་དུ་བཞུགས་མཁན་གྱི་གྲོང་མི་དང་སྤུན་མཆེད་རྣམས། ལྷ་སའི་གཙུག་ལག་ཁང་དུ་མཆོད་མཇལ་ཞུ་བ་དང་དཔལ་ལྷ་མོ་མཇལ་དུ་ཕེབས་ཀྱི་ཡོད་པ་དང༌། སྐབས་དེར་ལྷ་ས་བ་ཚོས་ཞོལ་བ་རྣམས་སྐུ་མགྲོན་དུ་ཞུ་ནས་གསོལ་ཚིགས་འདེགས་སྲོལ་ཡོད། དབུས་ཁུལ་དང༌། ལྷག་པར་དུ་ལྷ་སའི་གཡས་གཡོན་གྱི་བོད་མི་ཚོར་མཚོན་ན། དཔལ་ལྷ་རི་རབ་ཀྱི་དུས་ཆེན་འདི་ནི་ཆེས་སྤྲོ་སེམས་འཁོལ་བའི་དུས་ཆེན་གྱི་གྲས་ཤིག་ཡིན།
དཔལ་ལྷའི་རི་ཁྲོད་ཀྱི་དུས་ཆེན་དངོས་གཞི་དེ་ནི། ལོ་རེའི་བོད་ཟླ་བཅུ་པའི་ཚེས་བཅོ་ལྔའི་ཉིན་ཡིན་ཞིང༌། ཉིན་དེར། ལྷ་ལྡན་གཙུག་ལག་ཁང་གི་གནས་སྲུང་དཔལ་ལྷ་དྲག་མོར་ལྷ་གསོལ་ཞུ་བའི་དུས་ཆེན་ཞིག་ཆགས་ཀྱི་ཡོད།
ལྷ་ལྡན་སྨོན་ལམ་ཆེན་མོ།
སྔོན་འཕགས་པའི་ཡུལ་དུ་སྟོན་པ་བཀའ་དྲིན་ཅན་གྱིས་ཆོ་འཕྲུལ་དུས་སྟོན་མཛད་པར་དྲན་གསོ་ཞུ་ཕྱིར་བོད་ཁ་བ་ཅན་གྱི་ཡུལ་དུ་རྒྱལ་བསྟན་ཉིན་མོར་བྱེད་པའི་དཔལ་མགོན་དམ་པ་ྋཤར་རྒྱལ་བ་ཙོང་ཁ་པ་མཆོག་གི་མཛད་ཆེན་བཞིར་གྲགས་པའི་ཡ་གྱལ་ལྷ་ལྡན་སྨོན་ལམ་ཆེན་མོ་འདི་བཞིན་སྤྱི་ལོ་ ༡༤༠༩ ལོར་གསར་འཛུགས་མཛད། དེ་ནས་བཟུང་སེ་འབྲས་དགའ་གསུམ་གྱིས་གཙོས་དགེ་འདུན་སྟོང་ཕྲག་མང་པོས་ལོ་ལྟར་ བོད་ཟླ་དང་པོའི་ཚེས་འགོ་ནས་ཉིན་ཉེར་གཅིག་རིང་སྨོན་ལམ་གསུང་འདོན་གྱིས་མཚོན་ ཆོས་ཕྱོགས་ཀྱི་མཛད་པ་སྣ་མང་སྤེལ་ཏེ་གངས་ཅན་རི་བོའི་ཁྲོད་དུ་ཕན་བདེའི་གཞི་མ་ རྨད་དུ་བྱུང་བ་ཞིག་འཇོག་གནང་མཛད། དེ་ རྗེས་སྤྱི་ལོ་ ༡༤༩༨ ནས་ ༡༥༡༨ བར་མི་ལོ་ཉི་ཤུ་རིང་ལྷ་ལྡན་སྨོན་ལམ་ཆེན་མོར་བཀའ་བརྒྱུད་པ་དང་ས་སྐྱ་བ་སོགས་ ལས་སེ་འབྲས་ཀྱི་དགེ་འདུན་ཞུགས་མི་ཆོག་པའི་གནས་སྟངས་བྱུང་ཞིང།། སྤྱི་ལོ་ ༡༥༡༨ ལོར་ཕག་གྲུ་སྡེ་སྲིད་ངག་དབང་གྲགས་པས་སྲིད་དབང་བཟུང་པ་ནས་སྔར་ལྟར་ཆོ་འཕྲུལ་ སྨོན་ལམ་ཆེན་མོ་དེ་སེ་འབྲས་དགའ་གསུམ་གྱི་དགེ་འདུན་རྣམས་ཀྱིས་གཙོ་སྐྱོང་གནང་ཡོད།
སྤྱི་ལོ་་ ༡༦༤༢ ལོར་ྋགོང་ས་ལྔ་པ་ཆེན་པོས་བོད་རྒྱལ་ཁབ་ཀྱི་སྲིད་དབང་བདག་གིར་བཞེས་པ་ནས་ལོ་རེར་ཆོ་འཕྲུལ་སྨོན་ལམ་སྔར་སྲོལ་ཉམས་མེད་ཐོག་དུས་སྟོན་གྱི་ཆེ་བ་འདེགས་ཆེད་ སྲིད་ཕྱོགས་ཀྱི་མཛད་སྒོ་སྣ་མང་ཞིག་ཀྱང་སྐབས་བསྟུན་གསར་འཛུགས་གནང༌། སྨོན་ལམ་ཆེན་མོར་མང་ཇ་ཚོགས་ཐེངས་གསུམ་དང།། སྨོན་ལམ་གྱི་འདུས་ཚོགས་དངོས་གཞིར་དགའ་ལྡན་ཁྲི་རིན་པོ་ཆེ་ཚོགས་མགོན་དུ་ཕེབས་ ཏེ་སྲས་བཅས་རྒྱལ་བའི་སྤྱན་སྔར་མཆོད་སྤྲིན་སྤྲོ་འབུལ་དང་འབྲེལ། མཆོད་བསྟོད་སྨོན་གསུམ་གྱི་རིམ་པ་ཁག་མཛད། ཞོགས་པ་གསུང་རར་དགའ་ལྡན་ཁྲི་རིན་པོ་ཆེ་ནས་སྐྱེས་རབས་སོ་བཞི་པའི་གསུང་ཆོས་ དང།། དེ་རྗེས་ལྷ་རམས་དགེ་བཤེས་དམ་འཇོག་པ་ནས་ཚད་མ་ལས་འཕྲོས་པའི་བརྒལ་བརྟག་གི་ གསུང་ལན་གནང་རྒྱུ་དང༌། གུང་ཚིགས་གྲོལ་བསྟུན་དབུ་ཕར། དགོང་ཇ་གྲོལ་མཚམས་འདུལ་མཛོད་བཅས་ཀྱི་དམ་འཇོག་མཛད་རྒྱུ་དང།། སྐབས་སོ་སོར་གདན་ས་གསུམ་གྱིས་གཙོས་མཁས་མང་ཡོན་ཏན་བྱེ་བས་མངོན་པར་འཕགས་པ་ རྣམས་ཀྱིས་བརྒལ་བརྟག་གཏན་ཚིགས་ཀྱི་ལམ་ནས་རྩོད་པའི་གྲགས་པས་ཕྱོགས་ཀྱི་འཁོར་ ལོ་འགེངས་པ་མཛད།
རྒྱ་བོད་ཡིག་རིགས་གཉིས་ཀྱི་ལམ་དུ་ཡོད་པའི་ལོ་རྒྱུས་ཡིག་ཚངས་རྣམས་ཀྱི་མཚན་བྱང་དང་མཛད་པ་པོ་སུ་ཡིན་གྱི་སྐོར། ལག་བྲིས་ཀྱི་རིགས་དང་དཔེ་ཆའི་དཔར་བསྐྲུན་གྱི་དུས་ཚོད་སོགས་གསལ་བོར་བཀོད་ ཡོད།
[69]《ཐེག་པ་ཆེན་པོ་ཅིག་ཅར་རིགས་པ་ཡང་དག་ངེས་པ》(顿悟大乘正理决叙) ཧྥ་རན་སིའི་བསྡུ་ཉར་གནང་བའི་ཏུན་ཧོང་ཡིག་རྙིང་ཁྲོད་བཞུགས་ཡོད། མ་དཔེ་རྒྱ་ཡིག གློག་རྡུལ་དཔེ་ཆ།
[127]《སྒྲུང་ལྡེའུ་བོན་གསུམ་གྱི་གཏམ》མཛད་པ་པོ། ནམ་མཁའ་ནོར་བུ། མཁས་དབང་ནམ་མཁའ་ནོར་བུའི་གསུང་དུ་བསྡུས་ཡོད། དཔེ་སྐྲུན་ཁང་། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། 1994ལོ།
This article uses material from the Wikipedia བོད་སྐད article ལྷ་ས།, which is released under the Creative Commons Attribution-ShareAlike 3.0 license ("CC BY-SA 3.0"); additional terms may apply (view authors). དེ་མིན་གྱི་མཆན་འགྲེལ་ཡོད་ན་མ་གཏོགས། དྲ་བའི་ནང་དོན་ CC BY-SA 4.0 སྟེང་དུ་ཡོད། Images, videos and audio are available under their respective licenses.
®Wikipedia is a registered trademark of the Wiki Foundation, Inc. Wiki བོད་སྐད (DUHOCTRUNGQUOC.VN) is an independent company and has no affiliation with Wiki Foundation.