ཡི་སྐོར།

                    ཆུ་ཤིང་བསྟན་བཅོས།                                                                             གུང་ཐང་བསྟན་པའི་སྒྲོན་མེས་བརྩམས། 
      རྒྱལ་ངན་ཆབ་འབངས་གཟིར་བ་དེར།།  ནམ་ཞིག་གཡོག་ཀྱང་འཁོར་མི་འགྱུར།།  སྲན་ཕུང་དབྱུག་པས་གཏོར་ན་ཡང།།  དབྱུག་པའི་ངོས་ལ་འབྱར་མི་སྲིད།།       ཚེར་མའི་ཤིང་ལ་བརྟེན་བྱས་ན།།   གནད་དུ་ཟུག་པའི་སྡུག་བསྔལ་སྐྱེ།།  སྐྱེ་བོ་ངན་ལ་བརྟེན་བྱས་ཀྱང།།  ཕྱི་ཕྱིར་སྡུག་བསྔལ་འབའ་ཞིག་བསྐྱེད།།       ཕྱིན་ནང་སྨིན་དང་མ་སྨིན་པའི།།  ཨ་མྲའི་འབྲས་བུ་རིགས་བཞིར་གསུངས།།   མི་ཡང་སེམས་དང་སྤྱོད་པ་གཉིས།།  དག་དང་མ་དག་དབྱེ་བ་མང།།       མཁས་པ་ཡོན་ཏན་ཀུན་ལྡན་དེ།།  རློམ་སེམས་མེད་པར་ཞི་ཞིང་དུལ།།  སྙེ་མའི་ཁུར་གྱི་ལྗིད་པ་ཡི།།  ལྗོན་ཤིང་རྩེ་མོ་དུད་དེ་གནས།།       ཡོན་ཏན་མེད་པའི་སྐྱེ་བོ་དེ།།  ང་རྒྱལ་མགོ་འཕང་ཅི་ལས་མཐོ།།  འབྲས་བུའི་བཅུད་ཀྱིས་མ་བཟུང་བའི།།   ལྗོན་པ་ རེངས་པ་ཆོས་ཉིད་ཡིན་།།       སློབ་སྦྱོང་དུས་ན་གཡེལ་བ་དེས།།  མཁས་འདོད་རེ་བ་འབྲས་མེད་ཡིན།།  མེ་ཏོག་སད་ཀྱིས་ཁྱེར་བ་ཡི།།  ཤིང་ལ་འབྲས་བུའི་རེ་བ་མེད།།       ལོངས་སྤྱོད་མངའ་ཐང་མཉམ་ན་ཡང།། བཟང་ངན་ལས་འབྲས་ལ་སྦྱར་ན་ཤེས།།  ཕྲ་སྦོམ་མཉམ་ཡང་ཆུར་འཕངས་ན།།  ཤིང་གི་མགོ་མཇུག་ཤེས་པར་ནུས།།       སྐྱོན་གྱིས་གོས་པར་ཆེས་སླ་སྟེ།།  ཡོན་ཏན་སློབ་པ་དེ་ལྟ་མིན།།  ཤིང་ལ་མེ་ལྕེ་མཆེད་སླ་ཡང།།  ཆུ་བོ་སོ་སོར་འགྱེས་པ་དཀའ།།       འབྲས་ལྡན་ཤིང་གཉིས་སྦྱར་བ་ལས།།  འབྲས་བུ་ཕུང་གསུམ་འབྱུང་བ་ལྟར།།  བློ་དང་ལྡན་པ་གཉིས་འགྲོགས་ན།། སྔོན་མེད་ལེགས་པའི་བློ་གྲོས་སྐྱེ།།       བུར་ཤིང་གཅོད་པ་རོ་ཡི་ཕྱིར།།  ཝ་སྐྱེས་གསོད་པ་པགས་པའི་སླད།།  དོན་མཐུན་འཛོམས་པ་ནོར་གྱི་དོན།།  རྒྱལ་པོར་རྒོལ་བ་འབངས་ཀྱི་ཆེད།།       ཤིང་ལ་ཐོག་མར་ཐིག་འདེབས་ཀྱི།།  དྲས་ཤིང་བཏབས་ནས་བསྒྱུར་དུ་མེད།།  བྱ་བའི་ཐོག་མར་བསམ་དགོས་ཀྱི།། རྗེས་ནས་འགྱོད་བརྡལ་བླུན་པོའི་རྟགས།།       དཀའ་སྤྱད་ཁུར་དུ་འཁྱེར་ནུས་ན།།  བྱ་བ་གང་ཡང་དཀའ་བ་མེད།།  ཆུ་ཡི་ནང་དུ་ཞུགས་པ་དེར།།  ཆར་གྱིས་ལྷག་པར་གནོད་མི་འགྱུར།།       བྱ་བ་ཆེན་པོ་ཡུན་གྱིས་བསྒྲུབ།།  ངང་ཐུང་འབད་པས་མཐར་མི་ཕྱིན།།  ཀླུང་ཆེན་དལ་ཡང་རིང་འགྲོ་ལ།།  རྦ་རླབས་དྲག་ཀྱང་ཆེར་མི་འགྲོ།།       རྒྱལ་ངན་འབངས་ཀྱི་ཟས་ནོར་ཀུན།།  འཕྲོགས་ཀྱང་ད་དུང་ལྟོགས་ཤིང་བཀྲེན།།  རྒོད་མ་ཁ་ཡིས་རྒྱ་མཚོའི་ཆུ།།  འཐུངས་ཀྱིན་རྟག་དུ་འབར་དང་མཚུངས།།        ཁེངས་དྲེགས་གདུག་རྩུབ་ཆེ་བ་ཡི།།  དཔོན་ལ་སུ་ཡང་བརྟེན་མི་སྤྲོ།།  ཤིན་དུ་འཁྲུག་པའི་རྦ་ཀློང་དུ།།  ཉ་ལ་སོགས་ཀྱང་སྡོད་མི་བྱེད།། 
    ཡངས་པའི་རྒྱལ་ཁམས་མ་མཐོང་བ།།  ས་མཐོའི་བློན་པོ་རང་མཐོང་ཆེ།།  ཁྲོན་པའི་ཆུ་ལ་འགྱིངས་པའི་ཡི།།  རུས་པའི་རྒྱ་མཚོའི་གཏམ་གྱི་ཤི།།    ལུས་ཅན་ནང་གི་སྐྱོན་ཡོན་རྣམས།།  ཕྱི་རོལ་སྤྱོད་པས་མཚོན་ནུས་ཏེ།།  ཆུ་སྐྱར་ལྡིང་བས་ཆུ་བོ་དང།།  དུ་བ་ལས་ནི་མེར་ཤེས་བཞིན།།    གཞན་གྱི་སྐྱོན་ཡོན་མཐོང་སླ་ཡང།།  རང་གི་སྤྱོད་ཚུལ་མཐོང་བར་དཀའ།།  མཚོ་ནང་ནམ་མཁའི་སྒྱུ་སྐར་ཀུན།། གསལ་ཡང་རང་གི་གཏིང་མ་མཐོང།།    བསམ་ངན་གཡོ་སྒྱུའི་བྱ་བ་ནི།།  ལམ་རྒྱུག་འདྲ་ཡང་ཕུགས་སུ་འཕུང།།  ཆུ་ཀླུང་གྱ་གྱུར་བགྲོད་པ་ཡང་།།  བབས་ཀྱིས་ཐུར་ནས་ཐུར་དུ་འགྲོ།།    དེ་བས་དགྲ་ལས་རྒྱལ་འདོད་ན།།  ཡོན་ཏན་སྒྲུབ་ལ་འབད་པར་བྱ།། ཆ་བོ་ཆེ་ལ་བརྒལ་བའི་ཐབས།།  ཐང་ནས་གྲུ་གཟིངས་འཆོས་པ་ཡིན།།    བློ་དང་མི་ལྡན་སྐྱེ་བོ་ཡིས།།  འབྱོར་པ་རྙེད་ཀྱང་སྤྱོད་མི་ཤེས།།  ཁྱི་ནི་སྐོམ་ཡང་ཆུ་ཀླུང་ལ།།  ཧུབ་ཀྱིས་མི་འཐུང་ལྡག་པར་བྱེད།།    ཁ་བཤད་མང་ངམ་ཉུང་ཡང་རུང།།  དགོས་དོན་ལག་དུ་བླངས་ན་གོ།།  ཆུ་ཞེང་ཆེ་ཆུང་ཅི་འདྲ་ཡང།།  ཟབ་དང་མི་ཟབ་བརྒལ་ན་ཤེས།།    རྟག་རྒུས་བརྩོན་པ་མ་བཏང་ན།།  མི་འགྲུབ་བྱ་བ་གང་ཡང་མེད།།  ཆུ་ཐིགས་རྟག་ཏུ་འབབ་པ་ཡི།།  བྲག་གི་རི་བོ་འབིགས་ལ་ལྟོས།། 

🔥 Trending searches on Wiki བོད་སྐད:

འཚོ་བ།བྱང་ཀོ་རི་ཡ།སྐྱེ་བོ་གསོ་ཐིགས།འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།ཇོ་ནང་ཆོས་འབྱུང་།ནཱ་ལེཎྜའི་པཎ་ཆེན་བཅུ་བདུན་དབུས་གཙང་༡༩༩༣ལོ།རུ་ཝན་ཌ།སྐུ་མཁར་མ་རུ།སྐར་མ།ཀརྨ་པ་རང་འབྱུང་རིག་པའི་རྡོ་རྗེ་སྤྲུལ་པ་དམྱལ་ཁམས་བཅོ་བརྒྱད།༢༠ (གྲངས་ཀ།)གནམ་གཤིས་རིག་པ།རྣམ་པར་ཐར་པའི་སྒོ་གསུམ་བོད་ཡིགཧོ་ལན།ནོའོ་བྷེལ་བྱ་དགའ་རགས་མཁན་གྱི་མིང་ཐོ།ཧྥ་རན་སི།ཟག་བཅས་ཐམས་ཅད་སྡུག་བསྔལ་བ་གླང་དར་མ།སྟོན་པ་གཤེན་རབ།རིན་ཆེན་མང་སྦྱོར་ཆེན་མོ་ལྡེ་རྒྱལ་པོ།པཎ་ཆེན་སྐུ་ཕྲེང་བརྒྱད་པ་བསྟན་པའི་དབང་ཕྱུག་མུ་ནེ་བཙན་པོ།ཀོ་རི་ཡ།བླ་མ།ཀླུ་སྦྱིན་དགེ་བཤེས་རིན་པོ་ཆེའི་རྣམ་ཐར་བཞུགས་སོ།། རླབས་ཕྲེང་དང་པོ།སྨན་རི་དགོན།ཡེ་ཤུའི་ཆོས་ལུགས།ལམ་གཙོ་རྣམ་གསུམ་པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས།་༢༠༡༢ལོ།གཉུག་སེམས་བསྐོར་གསུམ་ཟག་མེད་སིད་ནེ།ཏོ་རི་ལུང་བཙན​།༢༠༠༢ལོ།Wikipediaཚད་མ་སྡེ་བདུན་ནང་ཆེན་རྒྱལ་རབསརྒྱལ་བ་བསྟན་འཛིན་རྒྱ་མཚོ་གཙོ་ངོས།ཀླུ་སྒྲུབ་དགོངས་རྒྱན།འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས།སངས་རྒྱས་ཀྱི་མཛད་རྣམ་མདོར་བསྡུས་ལྦེ་ཁེ་རིག་མཛོདའབྲུག་གི་རྒྱལ་དར།༢༠༡༣ལོ།རྟེན་འབྲེལ་ཡན་ལག་བཅུ་གཉིས།༢༠༣༥ལོ།སྙན་ངག་ལེའུ་གསུམ་པའི་ས་བཅད་དང་དཔེར་བརྗོད་བཞུགས་སོ།།ས་སྐྱ་ལེགས་བཤད།བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ།བཙན་པོ་རིམ་བྱོན་གྱི་མཚན་བྱང་།གཉགས་ལོ་ཡེ་ཤེས་གཞོན་ནུ་སེན་གོའི་དུས་མཚམས་རྒྱལ་ཆེན་བཞི་ཡི་ཆ་ལུགས་ཀྱི་སྐོར་༢༠༣༡ལོ།🡆 More