ཆོས་འཁོར་གྱི་སྐོར།

༼ཆོས་འཁོར་གྱི་སྐོར།༽ འགྲོ་བ་ལྷ་དང་བཅས་པའི་འདྲེན་མཆོག་བདེན་བཞི་བླང་དོར་གྱི་གནས་ལ་ཚད་མ་གྱུར་པའི་སྟོན་པ་ཤཱཀྱ་ཐུབ་པས་སྐལ་ལྡན་གྱི་འགྲོ་བ་གྲངས་ལས་འདས་པ་སྡུག་བསྔལ་རྒྱུ་དང་བཅས་པ་ལས་སྒྲོལ་བའི་ཆེད་དུ་མཛད་པ་མཐའ་ཡས་པ་ཞིག་བསྟན་གནང་པ་དེ་དག་གི་ནང་ནས་མཆོག་ཏུ་གྱུར་པ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ་སྟེ། དེ་ཡང་རྗེ་ཙོང་ཁ་པ་ཆེན་པོའི་གསུངས་ལས། མཛད་པ་ཀུན་ལས་གསུང་གི་ནི། །མཛད་པ་མཆོག་ཡིན་དེ་ཡང་ནི། །འདི་ཉིད་ཡིན་ཞེས་མཁས་པ་ཡིས། །འདི་ལས་སངས་རྒྱས་རྗེས་དྲན་བྱོས། །ཤེས་གསུངས་པ་ལྟར་རོ། ཆོས་འཁོར་ངོ་བོ་ནི། འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་གསུང་ཤེས་བྱ་ཀུན་ཁྱབ་མཛོད་རྩ་བ་ལས། ངོ་བོ་སྒྲིབ་པའི་གཉེན་པོ་རྣམ་དཀར་ཕྱོགས། །ཤེས་པ་ལྟར་འགྲོ་བ་སེམས་ཅན་རྣམས་ཀྱིས་གནས་སྐབས་དང་། མཐར་ཐུག་གི་བདེ་བ་ཐོབ་པ་ལ་བར་དུ་གཅོད་པའི་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པའི་གཉེན་པོ་གྱུར་པའི་བཀའ་བསྟན་དང་ལམ་ཞུགས་ཀྱི་མངོན་པར་རྟོགས་པ་གང་རུང་གིས་བསྡུས་པའི་རྣམ་དཀར་གྱི་ཡོན་ཏན་ནོ།

སེར་བྱེས་དགེ་བཤེས་བྱམས་པ་སྐལ་བཟང་ནས།།

ངེས་ཚིག་ནི། ཆོས་སམ་དྷརྨ་ཞེས་པ་དེ་ངེས་ཚིག་གི་དབང་དུ་བྱས་ན་དོན་བཅུ་ལ་འཇུག་པ་ཡིན། རྣམ་བཤད་རིགས་པ་ལས། ཆོས་ནི་ཤེས་བྱ་ལམ་དང་ནི། །མྱ་ངན་འདས་དང་ཡིད་ཀྱི་ཡུལ། །བསོད་ནམས་ཚེ་དང་གསུང་རབ་དང་། །འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ། །ཞེས་གསུངས་པ་ལྟར། ༡༽ ཤེས་བྱ་ལ་འཇུག་པ་ནི། ཆོས་ཐམས་ཅད་ཅེས་པ་ལྟ་བུ། ༢༽ ལམ་ལ་འཇུག་པ་ནི། སྡིག་པའི་ལས་ནི་ཆོས་མ་ཡིན་དགེ་བའི་ལས་ནི་ཆོས་ཡིན་ལྟ་བུ། ༣༽ མྱང་འདས་ལ་འཇུག་པ་ནི། ཆོས་ལ་སྐྱབས་སུ་མཆིའོ་ལྟ་བུ། ༤༽ ཡིད་ཀྱི་ཡུལ་ལ་འཇུག་པ་ནི། ཆོས་ཀྱི་སྐྱེ་མཆེད་ཅེས་པ་ལྟ་བུ། ༥༽ བསོད་ནམས་ལ་འཇུག་པ་ནི། རྒྱུ་ནོར་ལོངས་སྤྱོད་སོགས་འཇིག་རྟེན་པའི་ཆོས་ལ་སྤྱོད་ལྟ་བུ། ༦༽ ཚེ་ལ་འཇུག་པ་ནི། འཇིག་རྟེན་པ་རྣམས་ནི་མཐོང་བའི་ཆོས་ཏེ་ཚེ་འདི་ལ་མངོན་པར་ཆགས་པ་ལྟ་བུ། ༧༽ གསུང་རབ་ལ་འཇུག་པ་ནི། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་དང་། ཆོས་པོ་ཏི་གཅིག་ལྟ་བུ། ༨༽ འབྱུང་གྱུར་ལ་འཇུག་པ་ནི། མི་ཐམས་ཅད་མཐར་འཆི་བའི་ཆོས་ཉིད་ལས་མ་འདས་སོ་ལྟ་བུ། ༩༽ ངེས་པ་ལ་འཇུག་པ་ནི། དགེ་སློང་གི་རྩ་བའི་སྡོམ་པ་བཞི་ལ་དགེ་སློང་གི་ཆོས་བཞི་ཞེས་པ་ལྟ་བུ། ༡༠༽ ལུགས་སྲོལ་ལ་འཇུག་པ་ནི། ལོ་རེ་བཞིན་མཆོད་འབུལ་རྒྱ་ཆེར་བྱེད་པ་ནི་ཡུལ་ཆོས་རེད་ཅེས་པ་ལྟ་བུའོ།

ནུབ་ཕྱོགས་པའི་སློབ་མ་Nerea ནས།།

ཆོས་འཁོར་གྱི་དབྱེ་བ། དེའི་ནང་ནས་འགོག་ལམ་གྱི་བདེན་པ་ཡིན་པའི་ཆོས་ནི་དམ་པའི་ཆོས་ཡིན་ལ། མཚན་དེ་ལྟར་བརྟགས་པའི་རྒྱུ་མཚན་ཡང་། ཆོས་ཐམས་ཅད་ལས་མཆོག་ཏུ་འགྱུར་པའི་ཆོས་ཡིན་པས་སམ། རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའི་ཆོས་ཡིན་པས་སམ། སྐྱེས་བུ་དམ་པ་རྣམས་ཀྱིས་སྤྱད་པར་བྱ་བའི་ཆོས་ཡིན་པའི་ཕྱིར་དམ་པའོ། དམ་པའི་ཆོས་ལ་དབྱེ་ན། བརྗོད་བྱ་རྟོགས་པའི་ཆོས་དང་། རྗོད་བྱེད་ལུང་གི་ཆོས་གཉིས་ཡོད། དང་པོ། བརྗོད་བྱ་རྟོགས་པའི་ཆོས་ལ་འགོག་པའི་བདེན་པ་དང་། ལམ་གྱི་བདེན་པ་གཉིས་ལས༏ འགོག་བདེན་གྱི་མཚན་ཉིད་གསུམ་ནི། རྣམ་པར་རྟོག་པ་དང་བརྗོད་པའི་ཡུལ་ལས་འདས་པས་བསམ་དུ་མེད་པ་དང་། རང་བཞིན་གྱིས་ཞི་བའི་ཕྱིར་གཉིས་སུ་མེད་པ་དང༌། གཟུང་འཛིན་གྱི་སྤྲོས་པས་དབེན་པས་རྟོག་པ་མེད་པ་ཡིན་ནོ། ལམ་བདེན་གྱི་མཚན་ཉིད་གསུམ་ནི། ཉེས་པའི་དྲི་མ་དག་ཅིང་ཡོན་ཏན་གྱི་འོད་གསལ་བ་དང་། སྒྲིབ་པའི་གཉེན་པོར་གྱུར་པའོ། དེ་ཡང་རྒྱུད་བླ་མ་ལས། བསམ་མེད་གཉིས་མེད་རྟོག་མེད་པ། །དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱིས། །གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཤེས་པ་ལྟར་ཉན་ཐོས་འཕགས་པ་དང་། རང་རྒྱལ་འཕགས་པ་དང་། བྱང་སེམས་འཕགས་པ་དང་། སངས་རྒྱས་འཕགས་པ་བཞིའི་ཐུགས་རྒྱུད་དུ་མངའ་བའི་མཚན་ཉིད་གསུམ་དང་ལྡན་པའི་འགོག་པའི་བདེན་པ་ནི། རང་རང་གི་སྤང་བྱ་ཆ་ཚང་སྤངས་པས་ཆགས་པ་དང་བྲལ་བ་དོན་དམ་པའི་བདེན་པ་དངོས་ཡིན་ནོ། ཉན་ཐོས་དང་། རང་རྒྱལ། བྱང་སེམས་གསུམ་གྱི་ཐུགས་རྒྱུད་དུ་ཡོད་པའི་ལམ་གྱི་བདེན་པ་ནི། རང་རང་གི་སྒྲིབ་པ་དང་འབྲལ་བྱེད་དམ། རང་རང་གི་སྒྲིབ་པའི་གཉེན་པོ་ཡིན་པས་གཉེན་པོའི་རང་བཞིན་ཡིན་ལ། སངས་རྒྱས་འཕགས་པའི་ཐུགས་རྒྱུད་དུ་ཡོད་པའི་ལམ་གྱི་བདེན་པ་ནི། སྒྲིབ་པ་ཐམས་ཅད་དང་བྲལ་བའི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡིན་ནོ།

ནུབ་ཕྱོགས་པའི་སློབ་མSibele ནས།།

ལུང་གི་ཆོས་འཁོར། ལུང་གི་ཆོས་འཁོར་ནི་རྣམ་པའམ་ཁྱད་ཆོས་བཅུ་དང་ལྡན་པའི་སངས་རྒྱས་ཀྱི་བཀའ་དང་། དེའི་དགོངས་པ་འགྲེལ་བའི་བསྟན་བཅོས་གཉིས་སུ་ཡོད། ཁྱད་ཆོས་བཅུ་ནི་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱིས་གསུངས་པ་ལྟར། ༡༽ཡང་དག་པར་མངོན་པར་རྫོགས་པར་སངས་རྒྱས་ནས་གསུངས་པའི་ཕྱིར་དང༌། ༢༽སེམས་ཅན་ཐམས་ཅད་ཀྱི་དབང་དུ་མཛད་པའི་ཕྱིར་དང༌། ༣༽རེས་འགའ་བ་མ་ཡིན་པར་རྒྱུན་དུ་གསུངས་པའི་ཕྱིར་དང༌། ༤༽སློབ་དཔོན་གྱི་དཔེ་མཁྱུད་མི་མངའ་བའི་ཕྱིར་དང༌། ༥༽སེམས་ཅན་གྱི་བསམ་པ་ཇི་ལྟ་བ་བཞིན་དུ་གསུངས་པའི་ཕྱིར་དང༌། ༦༽དབྱངས་ཀྱི་ཡན་ལག་ལྔ་དང་ལྡན་པར་གསུངས་པའི་ཕྱིར་དང༌། ༧༽དབྱངས་གཅིག་གིས་འཇིག་རྟེན་མཐའ་ཡས་ཁྱབ་པར་མཛད་པའི་ཕྱིར་རམ། འཁོར་གྱི་དཀྱིལ་འཁོར་ཇི་སྙེད་པས་གོ་བར་མཛད་དེ་གསུངས་པའི་ཕྱིར་དང༌། ༨༽མཐའ་གཉིས་སྤངས་པའི་ལམ་གསུངས་པའི་ཕྱིར་དང༌། ༩༽གདུལ་བྱ་ཡོངས་སུ་སྨིན་པ་རྣམས་ལ་གསུངས་པའི་ཕྱིར་དང༌། ༡༠༽ཡོན་ཏན་དྲུག་ཅུ་དང་ལྡན་པར་གསུངས་པའི་ཕྱིར་རོ། དེ་ཡང་བཀའ་ལ་བརྗོད་བྱའི་དབང་དུ་བྱས་ན། ཚུལ་ཁྲིམས། ཏིང་ངེ་འཛིན་དང། ཤེས་རབ་ཀྱི་བསླབ་པ་གསུམ་བརྗོད་པའི་སྡེ་སྣོད་གསུམ་དང་། རྗོད་བྱེད་ཀྱི་དབང་དུ་བྱས་ན། མངོན་སུམ་ཚད་མ་དང་། རྗེས་དཔག་ཚད་མ། ལུང་ཚད་མ་བཅས་གསུམ་གྱིས་གནོད་པ་མེད་ཅིང་། འབྲས་བུའི་དབང་དུ་བྱས་ན་ཐོག་མཐའ་བར་གསུམ་དུ་དགེ་བའོ། དེའང་སློབ་དཔོན་ཐོགས་མེད་ཀྱིས། ཐོག་མར་དགེ་བ་ནི་ཉན་པ་རྣམས་རབ་ཏུ་དགའ་བ་བསྐྱེད་པའོ། །བར་དུ་དགེ་བ་ནི་རབ་ཏུ་སྦྱོར་བ་རྣམས་ཚེགས་ཆུང་ངུས་མཐའ་གཉིས་རྣམ་པར་སྤངས་པ་དབུ་མའི་ལམ་ལ་ཡང་དག་པར་བརྟེན་པའོ། །ཐ་མར་དགེ་བ་ནི་ཤིན་ཏུ་དྲི་མ་མེད་པ་དང༌། ཤིན་ཏུ་མཐར་ཕྱིན་པའི་ཕྱིར་དང༌། ཐམས་ཅད་ལ་འདོད་ཆགས་དང་བྲལ་བ་དང༌། ཤིན་ཏུ་འདོད་ཆགས་བྲལ་བའི་མཐར་གྱུར་པའི་ཕྱིར་རོ།

ནུབ་ཕྱོགས་པའི་སློབ་མ Angelica ནས།།

བཀའ་ལ་བདག་རྐྱེན་གྱི་སྒོ་ནས་དབྱེ་ན། ཞལ་ནས་གསུངས་པའི་བཀའ་དང་། བྱིན་གྱིས་རླབས་པའི་བཀའ། རྗེས་སུ་གནང་བའི་བཀའ་དང་གསུམ་ལས། དང་པོ་ཞལ་ནས་གསུངས་པའི་བཀའ་ནི་སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱི་ཞལ་ནས་གསུངས་པའི་མདོ་སྡུད་པ་ལྟ་བུ་དང་། གཉིས་པ་ལ་སྐུ་གསུང་ཐུགས་གསུམ་གྱི་སྒོ་ནས་བྱིན་གྱིས་རླབས་པ་གསུམ་ལས། དང་པོ་སྐུའི་སྒོ་ནས་བྱིན་གྱིས་རླབས་པ་ནི། སངས་རྒྱས་ཀྱིས་སློབ་མའི་མགོ་ལ་ཕྱག་བཞག་ནས་བྱིན་གྱིས་རླབས་པས་སློབ་མས་དམ་པའི་ཆོས་གསུང་གནང་བ་དང་། གཉིས་པ། གསུང་གི་སྒོ་ནས་བྱིན་གྱིས་རླབས་པ་ནི། སངས་རྒྱས་ཀྱི་གསུང་གི་བྱིན་རླབས་ཀྱི་མཐུས་འཇམ་པའི་དབྱངས་ཀྱིས་ཆོས་གསུངས་པ་དང། གསུམ་པ། ཐུགས་ཀྱི་སྒོ་ནས་བྱིན་གྱིས་རླབས་པ་ནི། སངས་རྒྱས་བཅོམ་ལྡན་འདས་ཏིང་ངེ་འཛིན་ལ་བཞུགས་པའི་སྐབས་སུ། ཏིང་ངེ་འཛིན་གྱི་མཐུས་ཤ་རི་བུ་དང་། སྤྱན་རས་གཟིགས་གཉིས་ཀྱིས་དྲི་བ་དྲི་ལན་གྱི་ལམ་ནས། ཤེར་རབ་སྙིང་པོའི་མདོ་གསུངས་པ་དེ་ཡིན། གསུམ་པ་རྗེས་སུ་གནང་བའི་བཀའ་ནི། སངས་རྒྱས་ཀྱིས་ཁོང་མྱ་ངན་ལས་འདས་པའི་རྗེས་སུ་དགྲ་བཅོམ་པ་རྣམས་ལ་སངས་རྒྱས་ཀྱི་བཀའ་དང་མཐུན་པའི་ཆོས་གསུང་ཆོག་ཅེས་བཀའ་གནང་བ་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཅེས་པ་ལྟ་བུའོ། །

བསྟན་འཛིན་སྒྲོལ་དཀར་ནས།།

Tags:

🔥 Trending searches on Wiki བོད་སྐད:

མི་ཁོམ་པའི་གནས་བརྒྱད།གསོ་བ་རིག་པ་དམིགས་བརྩེ་མ།འཛམ་གླིང་སྤྱི་བསངས།གངས་རིན་པོ་ཆེ།སྨན་རྩིས་ཁང་།ནང་།ཚར་ཆེན་བློ་གསལ་རྒྱ་མཚོ།བརྟན་སྐར།ཆུ།རྣམ་དབྱེ་བདུན་པ་གནས་གཞི་མི་ཅི་གྷན།སངས་རྒྱས་ཀྱི་བསྙུན་གཞི་དང་ཞལ་ཆེམས་ལྷ་མོ་དབྱངས་ཅན་མ་ལ་བསྟོད་པ།རྣམ་བདུན་གྱི་དཔྱད་པ་ཟག་བཅས་དང་ཟག་མེད་ཀྱི་བདེ་བ་ཕྱོགས་ཀྱི་གླང་པོ།སེང་ག་གླིང་།བོད་ཁམས་སིལ་བུར་འཐོར་བའི་དུས་སྐབས།མོ་སི་ཁོ།གཅེར་བུ་བའི་ཆོས་ལུགས།ཁྲི་ལྡེ་གཙུག་བརྟན།ལོ་ཆེན་དྷརྨ་ཤྲཱི་པེར་ཅིན།༄༅། ཞོ་སྟོན།གློཏྟལརྨ་ལྷོ་བོད་རིགས་རང་སྐྱོང་ཁུལ།མྱང་ཏིང་ངེ་འཛིན།རིགས་ལྡན་ཉེར་ལྔ།ཞིབ་འཇུག།དཔེ་རྒྱན་སུམ་ཅུ་སོ་གཉིས་ཨིན་རྡུ་ནི་ཤིས་ཡ།རྣམ་དབྱེ་བཞི་བ་དགོས་ཆེད་ལྷ་ལུང་དཔལ་གྱི་རྡོ་རྗེའི་སྐུ་ཚེའི་ལོ་རྒྱུས་ཚོགས་གཉིས་ཀ་མ་ལ་ཤཱི་ལཀྲོའུ་རྒྱལ་རབས།འུ་དུམ་བཙན་པོ།ན་ལེནྡྲ་དུང་དཀར་བློ་བཟང་འཕྲིན་ལས།རྡོ་སྦིས་ཤེས་རབ་རྒྱ་མཚོ་ཧྥི་ལི་པིན།དབུ་མ་རྒྱན་གྱི་ཚིག་ལེའུར་བྱས་པ་ཐོན་མི་སམ་བྷོ་ཊ་ན་སྒྲ་འཇུག་ཡུལ་བཅུ་བཞི་བརྩེ་དུང་།གླང་དར་མ།གོང་ས་མཆོགཀྲུང་གོའི་རྒྱལ་རབས།ཟློས་གར།ཀོ་ཀིའི་གླུ་དབྱངས། (Google)༢༠༢༩ལོ།རྫ་དཔལ་སྤྲུལ་སྡེ་སྲིད་སངས་རྒྱས་རྒྱ་མཚོ།ཟ་ཧོར་གྱི་ཡུལ་དེ་སྒྲ་རྒྱལ་སྲིད་སྣ་བདུན་ཡང་འཇུག་གཉིས་ཌེ་སི་མོན་ཌི་ཏུ་ཏུ།སྣང་ས་འོད་འབུམ་བོད་ཀྱི་ལྷ་མོའི་སྐོར།དཔའ་ཤོད་རྫོང་།ཚེ་མདོཟླ་༡༡ཚེས་༢༧ཉིན་གནམ་བསྐོས་དགའ་ལྡན་ཕོ་བྲང་༢༠༣༨ལོ།🡆 More