རྫ་དཔལ་སྤྲུལ་

རྫ་དཔལ་སྤྲུལ། ཡོངས་གྲགས་སུ་རྫ་དཔལ་སྤྲུལ་རིན་པོ་ཆེ་ཞུ་བ་མཆོག་ནི་རབ་བྱུང་བཅུ་བཞི་པའི་ས་འབྲུག(སྤྱི་ལོ1808)ལོར་ཁམས་བྱང་འབྲོག་དགེ་རྩེ་རྫ་ཆུ་ཁའི་སྡེར་གཏོགས་རྒྱལ་ཐོག་ཅེས་པའི་གདུང་ལས་སྐུ་འཁྲུངས། རྡོ་གྲུབ་ཆེན་འཇིགས་མེད་འཕྲིན་ལས་འོད་ཟེར་གྱིས་དཔལ་དགེ་བསམ་གཏན་ཕུན་ཚོགས་ཀྱི་སྤྲུལ་སྐུར་ངོར་བཟུང་། ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་ཞེས་མཚན་གསོལ། སྐུ་ན་ཆུང་ངུའི་དུས་ནས་ཡི་གེ་འབྲི་ཀློག་རྣམས་ཚེགས་མེད་དུ་མཁྱེན། རྗེ་འདི་ཉིད་སྐུ་ཚེ་ཧྲིལ་པོར་གནས་ངེས་མེད་དུ་ཕེབས་ཤིང་ཀུན་སྤངས་བྱ་བཏང་གི་མཛད་པ་སྤེལ་ཐོག ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་གྱི་རྣམ་ཐར་བསྐྱངས་ཏེ་ཁམས་སྟོད་སྨད་བར་གསུམ་དུ《སྤྱོད་འཇུག》དང་། 《བྱམས་ཆོས》 《སྡོམ་གསུམ》 《ཡོན་ཏན་མཛོད》 སོགས་ཀྱི་འཆད་ཉན་ས་དར་རྡོ་དར་དུ་གྱུར་པ་དང་། ལྷག་པར་དུ 《རྒྱུད་གསང་བ་སྙིང་པོའི་བཤད་རྒྱུན》 དང་། 《ཀློང་ཆེན་སྙིང་ཐིག་གི་རྩ་རླུང་དང་ཁྲིད》 སོགས་ཀྱི་ཆོས་རྒྱུན་རྗེ་འདི་ཉིད་ཀྱིས་ཉམས་པ་སོར་ཆུད་ཀྱིས་ཆེས་ཆེར་དར་བར་མཛད། གསུངས་རྩོམ་དེ་དག་ནང《བྱམས་ཆོས》 དང་། 《སྤྱོད་འཇུག་ཡོད་ཏན་མཛོད》 སོགས་ཀྱི་གཞུང་འགྲེལ་ས་བཅད་དང་། 《གཏམ་པད་མའི་ཚལ་གྱི་ཟློས་གར》སོགས་གཏམ་ཚོགས་དང་། ཞལ་གདམས། བསྟོད་ཚོགས་སོགས་པོད་བདུན་ཙམ་མཆིས་སོ། །རབ་བྱུང་བཅོ་ལྔ་པའི་མེ་ཕག(སྤྱི་ལོ1887)ལོའི་ས་ག་ཟླ་བའི་ཚེས་བཅོ་བརྒྱན་ཉིན་སྐུ་གཤེགས།


སེམས་དཔལ་ཆེན་པོ་རྫ་དཔལ་སྤྲུལ་རིན་པོ་ཆེ་མཆོག་ནི། དཔལ་སྤྲུལ་ཨྱོན་འཇིགས་མེད་ཆོས་ཀྱི་དབང་པོ་ནི། སྨུག་པོ་གདོང་གི་རིགས་དགེ་རྩེ་གོང་མར་རྒྱལ་ཐོག་ཅེས་བྱ་བའི་རུས་སུ་ས་འབྲུག་ལོར་འཁྲུངས། རྡོ་བླ་འཇིགས་མེས་སྐལ་བཟང་གིས་དཔལ་དགེ་བསམ་གཏན་ཕུན་ཚོགས་ཀྱི་སྤྲུལ་སྐུར་ངོས་འཛིན་མཛད། རྡོ་གྲུབ་རིན་པོ་ཆེ་ཕྲིན་ལས་འོད་ཟེར་གྱིས་མཚན་ཨྱོན་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོར་གསོལ་ཏེ་སྙིང་ཐིག་བསྟན་པའི་བདག་པོ་འགྱུར་བར་ལུང་བསྟན་ཞིང་གཏད་རྒྱ་སྨོན་ལམ་མཛད་དེ་སྤྲུལ་སྐུར་མངའ་གསོལ། འཕགས་མཆོག་སྤྱན་རས་གཟིགས་དངོས་འཇིགས་མེད་རྒྱལ་བའི་མྱུ་གུ་ལས་ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་ཁྲིད་ཁོ་ན་ཚར་ཉེར་ལྔ་གནས། ཁྲིད་སྦྱངས་ཀྱང་དེ་མཚུངས་མཛད། དམ་པ་འདིའི་ཚེ་རབས་ལས་ཀྱི་བླ་མར་ངེས་པས་ཞབས་པད་ཡུན་རིང་དུ་བསྙེན་ནས་འོད་གསལ་རྡོ་རྗེ་སྙིང་པོའི་སྐོར་རྣམས་གདམས་པའི་གཏད་རྒྱ་དང་བཅས་ལྷག་མེད་བུམ་པ་གང་བྱོས་རྫོགས་པར་གནང་ནས་སྙིང་པོ་དོན་གྱི་བརྒྱུད་འཛིན་དུ་དབང་བསྐུར། འཇམ་དབྱངས་མཁྱེན་བརྩེ་འདི་གཉིས་ལ་དཔལ་མཁྱེན་ཉི་ཟླ་ཟུང་འབྲེལ་ཞེས་ནང་ཐུགས་ཀྱི་སྲས་གཅིག་ཏུ་གྱུར་ནས་བརྒྱུད་པའི་རྐང་ཚུགས། འོད་གསལ་སྙིང་པོའི་རིང་ལུགས་ཀྱིས་ཤར་ནུབ་རྒྱ་མཚོའི་མཐའི་བར་ཁྱབ་པ་འདི་བྱུང་། དམ་པ་འགའ་ཞིག་གིས་ཀུན་མཁྱེན་འཇིགས་གླིང་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྤྲུལ་སྐུ་ལྔ་བྱོན་པའི་ནང་ནས་གསུང་གི་སྤྲུལ་པ་ཡིན་ཞེས་གསུངས། རྡོ་བླ་འཇིགས་མེད་སྐལ་བཟང་། ཀཱི་ལུང་འཇིགས་མེད་ངོ་མཚར། རྒྱལ་སྲས་གཞན་ཕན་མཐའ་ཡས། ཞེ་ཆེན་དབོན་སྤྲུལ་མཐུ་སྟོབས་རྣམ་རྒྱལ་རྣམས་ལས་མདོ་སྔགས་རིག་གནས་དང་བཅས་པའི་གསན་སྦྱངས་རྒྱ་ཆེར་མཛད། རྫོགས་ཆེན་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་སོགས་ལས་དབང་ཆོས་མང་པོ་གསན། དཔལ་དགེའི་དབོན་པོ་དཀོན་མཆོག་འདས་ནས་གོང་མའི་བླ་བྲང་དགོངས་རྫོགས་སུ་བཏང་སྟེ་རུ་དམ་རྫོགས་ཆེན་གྱི་ཕུ་གཤིན་རྗེ་སྒྲུབ་ཕུག་དང་ཚེ་རིང་ཕུག །རྫ་རྒྱུད་དྲེལ་དཀར་ཕུགཔ། འདན་པདྨ་རི་མཐོ་སོགས་གནས་ངེས་མེད་དུ་སྒྲུབ་པ་ནན་ཏན་མཛད། རོག་བཟའ་བསོད་ནམས་དཔལ་དགེ་དང་ལྷན་ཅིག་ཀློང་སྙིང་རྩ་རླུང་གི་ཁྲིད་སྦྱངས་ཡུན་རིང་པོར་བསྐྱངས། ཨ་མདོ་ཞབས་དཀར་མཇལ་དུ་ཕེབས་པ་སྐུ་གཤེགས་པར་གསན་ནས་ལོག་སྟེ་ཡར་ཕེབས་ལམ་དུ་འགོ་ལོག་གསེར་ཐལ་ཡར་ཀླུང་པདྨ་བཀོད་དུ་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་གསང་སྙིང་རྒྱུད་བཤད་རྒྱས་པ་གནང་བའི་ཁྲིད་དཔོན་མཛད་ཅིང་དེར་བཞུགས། ཕྱིས་ལོ་གཉིས་ལ་རྗེ་འདིས་ཞག་ཞེ་ལྔ་རེར་རྒྱུད་བཤད་རྒྱས་པར་གནང་བས། ཡུལ་གསེར་སྟོད་དུ་སྙིང་པོའི་བསྟན་པ་དར། ཞེས་པའི་ལུང་བསྟན་ཇི་བཞིན་བྱུང་། གཙང་པ་དགེ་སློང་ངག་དབང་ཆོས་འབྱོར་ལས་དུས་འཁོར་སྦྱོར་དྲུག་གི་ཁྲིད་གསན། རྡོ་གྲུབ་སློབ་མ་རྡོ་རྗེའི་གདུང་བཞིའི་ནང་། མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པས་ཐུགས་དམ་བོགས་འབྱིན་ཁྱད་པར་ཅན་དང་། ཡང་ཁོང་གི་སྒར་གཉན་པོ་གཡུ་རྩེའི་གནས་མདུན་ཕེབས་པ་དེར་ཆེད་དུ་བྱོན་ནས། མཁའ་འགྲོ་བདེ་ཆེན་རྒྱལ་མོའི་ཟབ་དབང་དང་ཐུན་མིན་རིག་པའི་རྩལ་དབང་བསྐུར། དགུང་ལོ་བརྒྱད་ཅུར་འཚོ་བ་སོགས་ཕྱི་ནང་གསང་བའི་བཀའ་ལུང་མང་པོ་གནང་། སྔར་འཇིགས་མེད་རྒྱལ་བའི་མྱུ་གུས་ནམ་ལངས་པ་ལྟ་བུའི་རྫོགས་ཆེན་ངོ་སྤྲོད་ལ། འདིར་ཉི་མ་ཤར་བ་ལྟར་བྱུང་སོང་ཞེས་དེ་ཚུན་ཐུན་མིན་གྱི་རིགས་བདག་ཏུ་མཛད། བརྒྱུད་ཡིད་འགའ་རེར་དཔལ་སྤྲུལ་མཁྱེན་བརྩེ་ཡེ་ཤེས་རྗེ་རྗེའི་སློབ་མར་འཇོག་པ་ཡང་འདི་ཡིན་པས་དོན་ལ་གནས། རྫོགས་ཆེན་སེང་ཕྲུག་པདྨ་བཀྲ་ཤིས་སམ་ཤེས་རབ་བཟང་པོ་ལས་རབ་ཏུ་བྱུང་། མཚན་འཇིགས་མེད་དགེ་བའི་འབྱུང་གནས་གསོལ། རྫོགས་ཆེན་དགོན། ཤྲི་སེང་། པདྨ་ཐང་། ནགས་ཆུང་རི་ཁྲིད་སོགས་དང་། ཕྱིས་སྐུ་ཚེའི་སྨད་དུ་འཇིགས་མེད་རྒྱལ་བའི་མྱུ་གུའི་གདན་ས་རྫ་རྒྱལ་དགོན་གྱི་ཉེ་སྐོར་དུ་བཞུགས་ནས། སྤྱོད་འཇུག །མངོན་རྟོགས་རྒྱན། རྩ་ཤེར། མདོ་སྡེ་རྒྱན། མངོན་མཛོད། གསང་སྙིང་། སྡོམ་གསུམ། ཡོན་ཏན་མཛོད་སོགས་ཀྱི་བཤད་པ་རྟག་ཏུ་མཛད། ཕྱོགས་མཐའ་ཀུན་ཏུ་མ་ཎི་བཀའ་འབུམ་ཀྱི་ལུང་ཁྲིད། ཛཾ་ཐང་དུ་རྒྱུད་བླ་དོལ་པོའི་འགྲེལ་བའི་སྟེང་གསུངས་ཞིང་བསྡུས་དོན་མཛད། བདེ་ཆེན་ཞིང་སྒྲུབ་སོགས་རྒྱུན་ཆད་པ་མེད་པ་སྩལ་བས་བྱང་འབྲོག་རྫ་ཆུ་ཁ་དང་། འགོ་ལོག་སྟོད་སྨད་བར་གསུམ་སོགས་སུ་ཕྲིན་ལས་ཀུན་ཏུ་ཁྱབ། སྲོག་གཅོད་ཀྱི་སྡིག་རྒྱུན་བཅད་པ། ཡིག་དྲུག་དུང་ཕྱུར་བཟླ་བ་བརྒྱ་ཕྲག་བྱུང་བ་སོགས་ཕྲིན་ལས་མཐའ་ཡས། དཔལ་དགེ་གོང་མའི་ཡིག་དྲུག་རྡོ་མཁར་ཁ་གསོ་གནང་སྟེ། །དད་སྦྱིན་གྱི་དངོས་རྫས་ཐམས་ཅད་རྡོ་ཡོན་དུ་སྩལ་བས་རྡོ་འབུམ་ཤིན་ཏུ་རྒྱ་ཆེར་བཞེངས་པ་དཔལ་སྤྲུལ་རྡོ་རིང་མ་ཞེས་གྲགས་ཤིང་། མཁྱེན་བརྩེ་རིན་པོ་ཆེའི་རྫུ་འཕྲུལ་གྱིས་རབ་གནས་ཟང་ཐལ་མ་མཛད་པར་གྲགས། །རྫ་ཁྲ་མ་ལུང་དུ་དགེ་མང་དབོན་རིན་པོ་ཆེ་ཨྱོན་བསྟན་འཛིན་ནོར་བུ་དང་། གནས་གཞན་དུ་ཐུགས་སྲས་བླ་མ་རིན་པོ་ཆེ་ལུང་རྟོགས་བསྟན་པའི་ཉི་མ་གཙོར་གྱུར་ལ་ཀློང་ཆེན་སྙིང་ཐིག་གི་ཁྲིད་བཤད་ལུང་དང་བཅས་པ་སྩལ། གཤིན་རྗེ་སྒྲུབ་ཕུག་ནས་སྐུ་ལ་མཛེ་ནད་ཅིག་སྙུང་པར་རཏ་གླིང་རྟ་ནག་གི་བསྙེན་པ་མཛད་པས་གཞི་མེད་དུ་དྭངས་པ་དང་། གཏེར་ཆེན་མཆོག་གླིང་གིས་རྫོགས་ཆེན་གངས་ཁྲོད་ནས་ཡང་དག་སངས་རྒྱས་མཉམ་སྦྱོར་གཏེར་བཞེས་སྐབས་རིགས་གསུམ་སྙིང་ཐིག་གི་ཆོས་བདག་ཏུ་བསྔགས་པས་དབང་ཁྲིད་ལུང་བཅས་དྭངས་བས་བཞེས་ཤིང་། དེའི་འཇམ་དཔལ་རྫོགས་ཆེན་ལ་བསྙེན་སྒྲུབ་མཛད་པས་གཞུང་ནས་བཤད་པའི་རྟགས་ཐམས་ཅད་གསལ་པོ་བྱུང་གསུངས། མཆོག་གླིང་གིས་རྫོགས་ཆེན་གྲྭ་མང་ལ་བླ་མ་དགོངས་འདུས་ཀྱི་སྒྲུབ་ཐབས་ལུང་བཅས་གསུང་དགོས་པ་དཔལ་སྤྲུལ་རིན་པོ་ཆེའི་གསུང་གིས་བསྐུལ་ཏེ། ལུང་རྫོགས་འཕྲལ་དེ་རིང་རང་རེ་རྣམས་གཏེར་སྟོན་སངས་རྒྱས་གླིང་པའི་མདུན་ནས་བླ་མ་དགོངས་འདུས་ཀྱི་དབང་ཐོབ་པའི་སྐལ་བཟང་བྱུང་བ་རེད། ཀུན་གྱིས་བསྙེན་སྒྲུབ་རེ་གྱིས་ཞེས་གསུངས། མཁྱེན་བརྩེའི་ལྕེ་བཙུན་སྙིང་ཐིག་གཟིགས་པས་རྒྱ་གར་གྱི་གྲུབ་ཆེན་ལྟ་བུའི་ཚོད་དུ་འདུག །ཁོང་ཀུན་མཁྱེན་ཀློང་ཆེན་དངོས་ཡིན་ཚོད་རེད་སོགས་བསྔགས་བརྗོད་སྩལ། སྐྱེ་བ་བརྒྱད་ཅུའི་གོང་དུ་རྒྱ་གར་གྱི་གྲུབ་ཆེན་ནག་པོ་སྤྱོད་པ་ལ་རིན་པོ་ཆེ་གསེར་གྱི་སོར་གདུབ་ཕུལ་བས་དེ་ཚུན་གནས་ངན་ལེན་དུ་སྐྱེས་མ་མྱོང་གསུངས་པ་སོགས་སྔོན་གྱི་སྐྱེས་རབས་མང་པོ་རྗེས་སུ་དྲན་པ་དང་། མངོན་ཤེས་ཐོགས་མེད་དུ་གཟིགས་པ། འཇམ་དཔལ་དབྱངས་ཀྱིས་རྗེས་སུ་བཟུང་བ་སོགས་གསུང་གི་དངོས་ཤུགས་ལས་ཐོན་པ་ཤིན་ཏུ་མང་། དགེ་མང་དགོན་དུ་ཕེབས་ནས་མཁན་ཡོན་ཏན་རྒྱ་མཚོའི་གྲྭ་ཤག་ཏུ་བཀའ་མ་ཞོ་ཁྲོ་ན་རཀ་དོང་སྤྲུགས་ཀྱི་བསྙེན་མཚམས་ལོ་གཅིག་བཞུགས་ཏེ་ཐུན་བར་དུ་རྒྱུད་རྒྱལ་གསང་བ་སྙིང་པོ་དང་ཡོན་ཏན་མཛོད་ཀྱི་བཤད་ཁྲིད་མཐའ་དག་ཞིབ་རྒྱས་སུ་སྩལ། མཁན་ཆེན་ཡོན་ཏན་རྒྱ་མཚོས་ཀྱང་ཐོས་བསམ་སྒོམ་གསུམ་མཐིལ་ཕྱིན་པར་མཛད། ཁོང་གིས་ཡོན་ཏན་མཛོད་ཀྱི་འགྲེལ་བ་ཉི་ཟླ་རྣམ་གཉིས་སོགས་བསྟན་བཅོས་མང་དུ་བརྩམས་པས་ཕྱི་རབས་ལ་ཕན་པའི་མིག་གཅིག་པུར་གྱུར། ཀུན་མཁྱེན་ཀློང་ཆེན་པའི་གསང་འགྲེལ་ཕྱོགས་བཅུའི་མུན་སེལ་ཐུགས་ལ་བཟུང་ཞིང་དཔལ་སྤྲུལ་གསུང་རྒྱུན་ཅན་གྱི་བཤད་ཁྲིད་ལོ་རྟག་པར་ཞིབ་རྒྱས་སུ་སྩལ་བས་ཁོང་ཉིད་ཀྱི་སློབ་མ་སངས་རྒྱས་མཉན་པ་གོང་མ་དང་། ཀླུ་ཤུལ་སྤྲུལ་སྐུ། ལྕང་མ་མཁན་ཐུབ་བསྟན་ཆོས་འཕེལ་སོགས་མཁས་གྲུབ་མང་པོ་བྱོན། ལྕང་མ་མཁན་པོ་ལས་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེས་གསན་ནས་ཁོ་བོ་ཅག་ལ་བཀའ་དྲིན་དུ་ཐོབ་པ་སོགས་ད་ལྟའི་བར་བཤད་རྒྱུན་རྒྱ་ཆེ་འཕེལ་བར་བྱུང་། ཡང་ལྕང་མཁན་པོ་ལས་གསེར་རྟ་མཁན་ཆེན་འཇིགས་མེད་ཕུན་ཚོགས་ཀྱིས་གསན་ནས་མདོ་ཁམས་ཀྱི་ཕྱོགས་སུ་བཤད་པ་རྒྱ་ཆེར་འཕེལ་བཞིན་པའོ། མདོར་ན་སྔ་འགྱུར་ཕྱོགས་སུ་མདོ་སྔགས་ཀྱི་གཞུང་བཟང་པོའི་བཤད་རྒྱུན་བར་མ་ཆད་པ་བཞུགས་པ་ནི། རྒྱལ་སྲས་གཞན་ཕན་མཐའ་ཡས། དཔལ་སྤྲུལ་རིན་པོ་ཆེ་རྣམ་གཉིས། སློབ་བརྒྱུད་ཞལ་སློབ་ཡང་སློབ་དང་བཅས་པའི་བཀའ་དྲིན་ལས་བྱུང་བ་དེང་སོང་ཀུན་གྱི་མངོན་སུམ་གྱུར་པ་འདི་བཞིན་ཡིན། ཀཿཐོག་གི་གཙུགས་ལག་ཁང་ཏུ་སི་ཏུ་ཆོས་ཀྱི་བློ་གྲོས་ཀྱིས་ཞུས་པ་ལྟར་སྤྱོད་འཇུག་རྒྱས་པར་གསུངས་པས། དྲི་མེད་ཞིང་སྐྱོང་རིན་པོ་ཆེས་ཀྱང་ཆོས་འབྲེལ་གསན། གྲུབ་དབང་རྫོགས་ཆེན་ལྔ་པ། སྐུ་ཞབས་དགེ་མང་གཉིས་པ། རྒྱ་རོང་ནམ་སྤྲུལ་ཀུན་བཟང་ཐེག་མཆོག་རྡོ་རྗེ། གླིང་སྤྲུལ་ཐུབ་བསྟན་རྒྱལ་མཚན། མཁན་ཆེན་པདྨ་བཛྲ། མཁན་དཀོན་མཆོག་འོད་ཟེར། མཁན་ཀུན་བཟང་དཔལ་ལྡན་ཆོས་གྲགས། ཞེ་ཆེན་རབ་འབྱམས་ལྔ་པ། རྒྱལ་ཚབ་གསུམ་པ། གཞིས་ཆེན་སྤྲུལ་སྐུ་སོགས་མཁས་གྲུབ་རྣམས་དང་། བཀའ་བརྒྱུད་དཔའ་བོ་རིན་པོ་ཆེ། ཀརྨའི་མཁན་ཆེན་རིན་ཆེན་དར་རྒྱས། མཁན་ཆེན་བཀྲ་ཤིས་འོད་ཟེར་སོགས་བཀའ་བརྒྱུད། དགའ་ལྡན་ཧོར་ཁང་སར་སྐྱབས་མགོན། རྫ་བརྒྱུད་སེ་ཤུལ་དགོན་གྱི་ཁྲི་བཞུགས་དགེ་བཤེས་ལྷ་རམ་པ་ཐུབ་བསྟན་སོགས་དགེ་བཤེས་ཆེ་ཕྲ་ཐམས་ཅད་ཀྱིས་མཚོན་མདོ་ཁམས་ན་ཡོངས་སུ་གྲགས་པའི་བླ་མ་ཐམས་ཅད་ཀྱིས་དངོས་བརྒྱུད་ནས་ཞབས་ལ་མ་གཏུགས་པ་མེད་པ་དང་། ཁྱད་པར་དུ་རང་མཁས་ཀྱི་སློབ་མ་བཞི་ཞེས་རྒྱ་གར་གྱི་སློབ་དཔོན་དབྱིག་གཉེན་བཞིན། ལྟ་བ་རང་ལས་ལྷག་པ་སྨྱོ་ཤུལ་ལུང་རྟོགས་བསྟན་པའི་ཉི་མ། བཤད་པ་རང་ལས་ལྷག་པ་ཨྱོན་བསྟན་འཛིན་ནོར་བུ། ཚད་མ་རང་ལས་ལྷག་པ་རྒྱ་རོང་བསྟན་འཛིན་གྲགས་པ། སྤྱོད་པ་རང་ལས་ལྷག་པ་མི་ཉག་ཀུན་བཟང་བསོད་ནམས། གཞན་ཡང་འཇམ་མགོན་མི་ཕམ་རིན་པོ་ཆེ། མུ་ར་པདྨ་བདེ་ཆེན་བཟང་པོ། མཁན་ཆེན་ཡོན་ཏན་རྒྱ་མཚོ། རྡོ་གྲུབ་འཇིགས་མེད་ཕུན་ཚོགས་འབྱུང་གནས། དྲི་མེད་གྲགས་པ། མཁྱེན་བརྩེའི་སྲས་རིག་པའི་རལ་གྲི། མཆོག་སྤྲུལ་ཀུན་བཟང་བདེ་ཆེན་རྡོ་རྗེ། ཨ་འཛོམས་འབྲུག་པ་རིན་པོ་ཆེ་སོགས་སྔ་འགྱུར་གྱི་བསྟན་སྲོག་འཛིན་པའི་ཐུགས་སྲས་ཁྱད་པར་ཅན་རྣམས་དང་། སྡེ་དགེ་ས་སྐྱོང་དཔལ་ལྡན་མཆི་མེད་རྟག་པའི་རྡོ་རྗེ་སྐུ་མཆེད་ཡུམ་སྲས། བོད་སྡེ་པ་གཞུང་གི་དམག་དཔོན་ཆེན་པོ་མདོ་སྤྱི་ཕུ་ལུང་པ་སོགས་ཆོས་ཀྱི་འབྲེལ་བས་བསྡུས་པའི་མི་དང་མི་མ་ཡིན་པ་ནི་བགྲངས་ལས་འདས་པས། འཇིག་རྟེན་མི་ནག་གི་སྐྱེ་བོས་ཀྱང་སྤྱོད་འཇུག་གི་ཆོས་གྲྭར་ཚུད་པས་བྱང་ཆུབ་སེམས་ལ་བསྔགས་པའི་ཆེ་བ་དང་། བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་མི་ཤེས་པ་མེད་པ་ལྟ་བུ་བྱུང་བ་སོགས་མདོ་ཁམས་ཀྱི་ཡུལ་ཐམས་ཅད་དཀར་འབྱམས་ཡུག་གཅིག་ཏུ་ཤར། མདོར་ན་ཆོས་དང་ཞུས་དག་ཕེར་ཞིང་ཆོས་བརྒྱད་དང་མ་འདྲེས་པའི་བྱ་བཏང་གི་རྣམ་ཐར་བསྐྱངས་པ་ལ་རྒྱལ་སྲས་ཞི་བ་ལྷ་དངོས་དང་མི་གཉིས་པ་ཀུན་ལ་གྲགས་ཤིང་ཚད་མས་གྲུབ། གསུང་རྩོམ་སྙན་འཇེབས་ཀྱི་ཉམས་དང་ལྡན་ཞིང་། ཟབ་མོའི་དོན་ཀྱང་གོ་སླར་བཀྲལ་བ་སོགས་ངག་གི་དབང་ཕྱུག་ཆེན་པོའི་གོ་འཕང་བརྙེས་པ་ཡིན་ཞེས་ཐམས་ཅད་མཁྱེན་གཟིགས་མཁྱེན་བརྩེའི་དབང་པོ་དང་། འཇམ་མགོན་མི་ཕམ་སོགས་ཀྱིས་བསྔགས། རྗེ་འདིའི་མདོ་སྔགས་ཀྱི་བཤད་པ་ཐམས་ཅད་ནང་ཉམས་ལེན་གྱི་སྟེང་དུ་བསྐོར་ནས་བཤད་པ་ཡིན་པས་ཐོས་བསམ་སྒོམ་པའི་ཉམས་མྱོང་གི་སྟེང་དུ་སོན་པ་འདི་འདྲ་བ་གཞན་ལ་མེད་ཅེས་དགེ་ལྡན་གྱི་བཤེས་གཉེན་རབ་འབྱམས་པ་མང་པོས་ཀྱང་བསྔགས་བརྗོད་ཡང་ཡང་སྩལ། སྔ་འགྱུར་གྱི་ལྟ་སྒོམ་ཟབ་མོའི་སྲོག་རྩ་འཛིན་པའི་ལེགས་བཤད་ཀྱི་རྩ་བ། ཐམས་ཅད་མཁྱེན་གཟིགས་མི་ཕམ་རིན་པོ་ཆེའི་སྤྱོད་འཇུག་ཤེར་ལེའི་འགྲེལ་པ་ཀེ་ཏ་ཀ་ཡང་དཔལ་སྤྲུལ་རིན་པོ་ཆེའི་ཞལ་ལུང་ཡིན་པ་འགྲེལ་བའི་མཛད་བྱང་དུ་གསལ། ཕྱིས་སུ་བསྟན་པ་རིས་མེད་ལ་ཕྲིན་ལས་རྒྱས་པའི་སྐབས་དགའ་ལྡན་ལ་དར་ཊཱིཀ །ས་སྐྱ་ལ་རྗེ་བཙུན་བསོད་ནམས་རྩེ་མོ། བཀའ་བརྒྱུད་ལ་དཔའ་བོ་གཙུག་ཕྲེང་གི་འགྲེལ་པ། ས་བཟང་སྤྱོད་ཊཱིཀ་སོགས་གདུལ་བྱ་སོ་སོའི་མོས་པ་དང་མཐུན་པའི་སྤྱོད་འཇུག་ཆོས་འཁོར་གཙོ་བོར་བྱས་པའི་བར་མ་ཆད་པའི་ཆོས་འཁོར་བསྐོར། ཐུགས་སྲས་གཙོབོ་སྨྱོ་ཤུལ་ལུང་རྟོགས་བསྟན་པའི་ཉི་མ་ལ་རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོའི་སྨིན་ཁྲིད་རྒྱས་པ་ལ་ལོ་གསུམ་ལྷག་སྩལ་བ་སོགས་སྙིང་ཐིག་གོང་འོང་གི་སྨིན་གྲོལ་ཐམས་ཅས་ཚང་སྤྲུགས་སུ་སྩལ་ནས་དོན་བརྒྱུད་ཀྱི་རྒྱལ་ཐབས་ལ་མངའ་གསོལ། དགེ་མང་དབོན་རིན་པོ་ཆེ་ཨྱོན་བསྟན་འཛིན་ནོར་བུ་ལ་ཁྲ་མ་ལུང་དུ་ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོ་དངོས་གཞིའི་མྱོང་ཁྲིད་ཡུན་རིང་གསུང་ཞིང་ཁྲིད་སྦྱང་མཛད་པས་རྫོགས་པ་ཆེན་པོའི་དོན་ལ་གོ་རྟོགས་མཐིལ་ཕྱིན་པ་བྱུང་གསུངས་པ་དང་། བླ་མ་ཡང་ཏིག་ཡིན་བཞིན་ནོར་བུའི་སྨིན་ཁྲིད་སྙན་བརྒྱུད་ཆུང་ངུའི་ཁྲིད་སྦྱང་གི་སྟེང་ནས་རྟོགས་པ་ནམ་མཁའ་དང་མཉམ་པར་བྱུང་བ་ཡིན་གསུངས། དམ་པ་དེ་གཉིས་ཀྱི་སློབ་བརྒྱུད་ལས་ཀློང་ཆེན་སྙིང་ཐིག་གི་མྱོང་ཁྲིད་ཀྱི་རྒྱུན་ད་ལྟའི་བར་བྱུང་བའི་ཕྲིན་ལས་བསམ་གྱིས་མི་ཁྱབ། ཕྱིས་སུ་འཇིགས་མེད་རྒྱལ་བའི་མྱུ་གུའི་སྐུ་གདུང་རིན་པོ་ཆེའི་མདུན། བཀའ་མ་དོང་སྤྲུགས་ཀྱི་སྒྲུབ་མཆོད་ལོ་ལྔའི་བར་རྒྱུན་ཆགས་སུ་མཛད། དེ་ལྟར་བསྟན་འགྲོ་ཡོངས་ཀྱི་དཔལ་མགོན་དུ་དགུང་གྲངས་བརྒྱད་ཅུའི་བར་བཞུགས་ནས་མཛད་ཕྲིན་ཐམས་ཅད་མཐར་ཕྱིན་ཏེ། སྤྲེལ་ལོ་སྤྲེལ་ཟླའི་ཚོགས་རྒྱས་པ་གནང་། རེ་ཞིག་ནས་སྐུ་ཅུང་ཟད་བསྙུན་ཚུལ་བསྟན་ནས་ཤར་ཕྱོགས་མངོན་དགའི་ཞིང་གི་ཆེ་བརྗོད་ཀྱང་མཛད། ཁྱེད་ཀྱི་གདུལ་བྱ་ཤར་ཕྱོགས་སུ་ཡོད་ཅེས་ཐོས་གསུངས་པ་དང་། རེས་སྤྲུལ་བ་གཅིག་སླར་ཡང་ཞིང་འདིར་འོང་དགོས་པ་འདྲ་སོགས་སྣ་ཚོགས་གསུངས་ནས་ས་ཕག་ས་ཟླའི་ཚེས་བཅོ་བརྒྱད་ལ་སྐུ་གཤེགས། དགོངས་རྫོགས་དང་སྐུ་གདུང་བཞེངས་པ་སོགས་རྗེ་དབོན་བསྟན་འཛིན་ནོར་བུ་དང་། བསོད་ནམས་ཚེ་རིང་གཉིས་ནས་མཛད་ཅིང་བཀའ་འབུམ་རིན་པོ་ཆེ་ཡོངས་རྫོགས་རུ་དམ་རྫོགས་ཆེན་དགོན་དུ་རྗེ་དབོན་རིན་པོ་ཆེས་སྤར་གྱི་གླེགས་བམ་བསྐྲུན། རྫོགས་ཆེན་གྱི་དགོན་རྩ་ལག་ཀུན་ཏུ་སྐུ་མཆོད་དོང་སྤྲུགས་ཀྱི་ཆོ་ག་བཙུགས་པ་སོགས་ཕྲིན་ལས་མཐར་རྒྱས་སུ་བྱུང་བ་དང་། རྗེ་འདིའི་མཆོག་གི་སྤྲུལ་སྐུ་གྲུབ་དབང་རྫོགས་ཆེན་ལྔ་བས། ལྕང་མ་མཁན་རིན་པོ་ཆེ་ཐུབ་བསྟན་ཆོས་འཕེལ་ཡིན་པར་གསུངས་བ་ངེས་ཤིང་། གཞན་ཡང་རེབ་ཀོང་གཙོས་དཔལ་སྤྲུལ་དང་། བདུད་འཇོམས་གོང་མའི་སྲས་མཁས་གྲུབ་ནམ་མཁའ་འཇིགས་མེད། འཚམས་སྤྲུལ་གཉིས་པའི་སྲས་འཇིགས་མེད་དབང་པོ་སོགས་དམ་པའི་སྐྱེས་ཆེན་ཁྱད་པར་ཅན་མང་དུ་བྱོན་པའོ། དེ་དག་ཕྱིའི་རྣམ་ཐར་གཙོ་བོར་མཛད་པའི་སྐབས་དང་། ནང་དང་གསང་བའི་རྣམ་ཐར་ནི། ཐུགས་ཤིན་ཏུ་སྒམ་ཞིང་སུ་ལའང་མི་གནང་བས་འགོད་རྒྱུ་ཆེར་མེད་ལ། ཐུགས་སྲས་གཙོ་བོ་ལུང་རྟོགས་བསྟན་པའི་ཉི་མ་ལ་གསུང་འཕྲོས་ཕེབས་པ་འདི་ལྟར། ལུང་བཅེས། ངས་ད་ཙམ་ན་ངན་སོང་གསུམ་གྱི་སྡུག་བསྔལ་གཏན་ནས་བསམ་མི་ཕོད་པར་འདུག །བློ་སྦྱོང་དུས་མཐོ་རིས་ཀྱི་སྡུག་བསྔལ་ཙམ་བསམ་པ་ཡིན་ཞེས། དོན་དུ་ངེས་འབྱུང་གིས་བློ་འབྱོངས་པའི་ཚད་དུ་གསུངས། ཡང་རྟ་བབ་གཞོན་གྱི་ཡུན་ཙམ་ལ་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ལྷ་བདུན་བརྒྱ་ཉེར་ལྔ་སྐད་ཅིག་དྲན་རྫོགས་སུ་གསལ་ནུས་ཀྱང་། དེ་བསྐྱེད་རིམ་ཡིན་སྙམ་ཡིད་ལ་མེད་གསུངས། རླུང་ཁུག་རེའི་ཡུན་ལ་རིག་འཛིན་འཁྲུལ་འཁོར་སོགས་ཀློང་སྙིང་འཁྲུལ་འཁོར་རྣམས་ཆ་ཚང་རེ་རྫོགས་པར་བྱེད་ནུས་ཀྱང་། དེ་རླུང་གི་ཚད་ཡིན་སྙམ་མེད་གསུངས། ཤར་ཛཾ་ཐང་ནས་དུས་འཁོར་སྦྱོར་དྲུག་སྒོམ་སྐབས། རྟགས་བཅུའི་སྟོང་གཟུགས་ཚད་དུ་འཁྱོལ། སྟོང་གཟུགས་ཀྱི་ལྷ་མོ་རྣམས་སྣ་བུག་ནས་དྲངས་ཆོག་པ་རེ་བྱུང་ཡང་འདི་རྫོགས་རིམ་ཡིན་སྙམ་ཡིད་ལ་མེད། ཁྱེད་རྣམས་བསྐྱེད་རྫོགས་གང་ལའང་མཐར་ཕྱིན་པ་རེ་གྱིས་གསུངས། ཡང་ངས་མི་ཉག་ལའུ་ཐང་སོགས་གཉན་ས་འགྲིམས་སྐབས་ཆོ་འཕྲུལ་སྣ་ཚོགས་ཀྱི་འཚུབ་ལྷོངས་ཚད་མེད་པ་རེ་བྱུང་། དེ་དུས་འོད་གསལ་སྙིང་ཐིག་གི་རིག་འཛིན་བརྒྱུད་པ་སྤྱི་དང་། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ལ་གསོལ་བ་བཏབ་པས། འཚུབ་ལྷོངས་རང་མལ་དུ་ཞི་ནས། བྱིན་རླབས་ཀྱི་རྟོགས་པ་ཞིག་རྙེད་པ་ཡིན། དེ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་ལ་ཞུས་པས། ཁྱེད་ཀྱིས་བདུད་བཞི་གཅིག་ཆར་དུ་ཆོད་ནས་མཆོག་གི་དངོས་གྲུབ་བརྙེས་པ་རེད་གསུངས། དེ་ཚུན་ང་ལ་དགེ་མི་དགེའི་རྟོག་པ་ཆེར་སྐྱེས་མ་མྱོང་༷ཞེས། དོན་དུ་ཐུན་མོང་དང་ཐུན་མིན་གྱི་ལམ་རིན་མཐའ་དག་གིས་བརྒྱུད་སྦྱངས་ནས་བྱང་ཆུབ་སེམས་ལ་བློ་འབྱོངས། གསང་སྔགས་རྡོ་རྗེ་ཐེག་པའི་བསྐྱེད་རྫོགས་ཀྱི་གདིང་ཚད་མཐར་ཕྱིན། རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པ་མངོན་དུ་གྱུར་ནས་ཆོས་ཟད་གདོན་མའི་སར་ཕྱིན་པའི་གསུང་བྱོན་པ་ཡིན། ཁྱད་པར་དུ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རྒྱལ་བ་ཀློང་ཆེན་པ་ཞལ་དངོས་སུ་གཟིགས་ཏེ་དོན་བརྒྱུད་ཀྱི་དགོངས་པ་ཐོབ། རྫོགས་པ་ཆེན་པོ་ཆོས་དབྱིངས་རིན་པོ་ཆེའི་མཛོད་ཐུགས་དམ་གྱི་ཉིང་ཁུར་མཛད། ཐུགས་སྲས་ཀྱི་གཙོ་བོ་ལུང་རྟོགས། རྒྱ་རོང་ནམ་སྤྲུལ་སོགས་ལ་དེའི་བཤད་པ་ཐུན་མིན་དུ་གནང་ཞིང་། མཛོད་ཆེན་བདུན་སོགས་གསུང་རབ་རྣམས་འཆད་ཉན་གྱི་སྙིང་པོར་མཛད་དེ་ལམ་སྲོལ་གསར་དུ་ཕྱེས། དེ་དག་བལྟ་བསྐུལ་ཡང་མཛད་པར་བཅས་སོ། སྨྱོ་ཤུལ་མཁན་པོའི་ཆོས་འབྱུང་ལས་བཤུས།

Tags:

🔥 Trending searches on Wiki བོད་སྐད:

སེམས་ཁམས་རིག་པ།སྔོན་པོ།༡༧༡༩ལོ།ཀ་པི་ལའི་ཡུལ་ནང་པ་སངས་རྒྱངས་ཀྱི་ལྷ་གཞུང་བཀའ་པོད་ལྔ།ཡི་ཊི་རིམ།ཚྭ་རྒྱུ།ཟི་ལིང་།ཆབ་མདོ།ཆོས་འཁོར་གྱི་སྐོར།ར་ལུང་དགོན།ཟླ་༥ཚེས་༨ཉིན་ཟློས་གར།དམིགས་བརྩེ་མ།ཐེ་བོ།བཀའ་བརྒྱུད་པ།སྨན་རྩིས་ཁང་།རྒུནའབྲུམ།སློབ་དཔོན་ཆེན་པོ་ལེགས་ལྡན་འབྱེད་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་རྐང་རྩེད་སྤོ་ལོ།སྐྲ་སྐར་བརྒྱན་དྲུག་མཆོག་གཉིས་སྟོད་པ།ཕོ་ལན།གསང་སྔགསདེ་ཤོ་ལེགས།འུ་དུམ་བཙན་པོ།ཁ་ཆེ་པཎ་ཆེན་སངས་རྒྱས་ཀྱི་བསྙུན་གཞི་དང་ཞལ་ཆེམས་ཁ་ཐོག་གི་ཆགས་སྦྱོར།བྱང་གཏེར་ངོ་མཚར་བླ་བརྒྱུད།༡༨༠༢ལོ།ལྡེ་སྣོལ་ནམ།ཁྲི་ལྡེ་གཙུག་བརྟན།སློབ་དཔོན་དབྱིག་གཉེན་དངུལ་ལོར།ཁྲི་རལ་པ་ཅན།ཚངས་དབྱངས་རྒྱ་མཚོའི་མགུར་གླུ།སྐྲ་ཕབ།ཕྱོགས་ཀྱི་གླང་པོ།བོད་ཀྱི་སྐད་ཡིག།ལྕགས་རིགས་བསྟན་བཅོས།ཟླ་སྒྲོན།སད་ཀྱིས་བཅོམ་པའི་མེ་ཏོགཧི་མ་ལ་ཡ།ས་སྐྱ་ལེགས་བཤད།ཚུལ་ཁྲིམས་གསུམ་ཡུན་སེངརྒྱལ་ཆེན་བཞི་ཡི་ཆ་ལུགས་ཀྱི་སྐོར་༸རྒྱལ་བ་རིན་པོ་ཆེ་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན།གླང་མདུན་དཔལ་འབྱོར་ཆོས་བཀའ་འགྱུར།ཛཾ་དཀར་འབྲུག་བཞོན་ལྷ་ལྔའི་སྒོ་ནས་ནོར་སྒྲུབ་བྱ་ཚུལ་རྒྱ་གར་ཆོས་འབྱུང་རྒྱུད་བཞི་ཁྲི་སྒྲ་དཔུང་བཙན།དོམ་ཁྲཟླ་༡༡ཚེས་༦ཉིན་བློ་སྦྱོང་ཚིག་རྐང་བརྒྱད་མ་ཐང་གསྲོང་བཙན་སྒམ་པོ་🡆 More