རྗེ་ཙོང་ཁ་པའི་རྣམ་ཐར།

•ནང་འཛུལ། •དེབ་སྐྱེལ། •མདུན་ཤོག •ཟིན་བྲིས། •ང་ཚོའི་སྐོར། •འབྲེལ་གཏུགས། •པར་མཛོད། •གསལ་བསྒྲགས། འཚོལ་བ། བོད་དང་བོད་མི། ཤེས་བྱའི་ཁོར་ཡུག དྲ་ཐོག་འདུག རྗེ་རིན་པོ་ཆེའི་རྣམ་ཐར་ལོ་ཚིགས་སུ་བསྒྲིགས་པ། མཐའ་མའི་བསྐྱར་བཅོས། (༠༧༢༠༡༡༢༣༢༡) འབྲི་མཁན། མཁར་སྒང་བསོད་ནམས་དབང་ལྡན། ༠༦༢༠༡༡༢༣༠༨

༄༅། །རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་དད་པའི་འཇུག་ངོགས་ལ་ལོ་ཚིགས་བསྒྲིགས་ཏེ་ རེའུ་མིག་ཏུ་བཀོད་པ་མཁས་པའི་རྣ་རྒྱན།

ལོ་ཚིགས།མཛད་པ་འཕྲིན་ལས། མེ་བྱ། ༡༣༥༧རྗེ་བཙུན་འཇམ་དཔལ་དབྱངས་མིའི་གར་གྱི་རྣམ་པར་རོལ་པ་འཇམ་མགོན་བླ་མ་ཙོང་ཁ་ པ་ཆེན་པོ་མཆོག་ཡབ་ད་ར་ཁ་ཆེ་ཀླུ་འབུམ་དགེ་དང་། ཡུམ་ཤིང་མོ་ཨ་ཆོས་གཉིས་ཀྱི་སྲས་སུ་སྐུ་བལྟམས། ལོ་ཚིགས་དད་པའི་འཇུག་ངོགས་སུ་མི་གསལ་ཡང་། འཇུག་ངོགས་(སེར་བྱེས་པར་མ་ཤོག་གྲངས་༡༠༧)རང་ལས། ཡོས་བུའི་ལོ་ལྔ་བཅུ་རྩ་ལྔ་པའི་དགུན་སྟོད་ནས། ཞེས་པ་དང་། (༦༧) སྤྲེའུ་ལོ་ཟླ་བ་བཅུ་པ་ལ་བབ་པ། དགུང་ལོ་སུམ་ཅུ་རྩ་དྲུག་པ། ཞེས་འབྱུང་བས། ལུགས་ལྡོག་ཏུ་བརྩིས་ན། འདི་ལ་བབ་བོ། །༼འཇུག་ངོགས་(༤)ལས། དེ་ཡང་འདི་སྐད་ཅེས་རྗེས་སུ་ཐོས་ཏེ། ཞེས་པ་ནས། (༧) ཇི་ལྟ་བ་དེ་བཞིན་དུ་གྱུར་ཏོ། །ཞེས་པའི་བར། ༽ དགུང་ལོ་ ༣ ས་ཕག ༡༣༥༩ཀརྨ་པ་རོལ་པའི་རྡོ་རྗེ་མཆོག་མཚོ་སྔོན་དུ་ཕེབས་པའི་དྲུང་ནས་དགུང་ལོ་གསུམ་ སྐབས་ཡོངས་རྫོགས་དགེ་བསྙེན་བསྒྲུབས་ཏེ། མཚན་ཀུན་དགའ་སྙིང་པོར་གསོལ། འདིར་ངེས་པར་བྱ་བ་ནི། དུང་དཀར་རིན་པོ་ཆེ་སོགས་མང་པོས་རྒྱ་རྩིས་ལྟར་འཁྲུངས་ལོ་མ་བརྩིས་པས། ལོ་ཚིགས་འཁྲུགས་པ་མང་དུ་བྱུང་འདུག་ཀྱང་། རང་རེ་བོད་ལུགས་ཀྱི་རྩིས་སྲོལ་ནི་འཁྲུངས་ལོ་དེ་ཉིད་ལོ་གཅིག་བརྩི་དགོས་པས། ས་ཕག་འདི་རྗེའི་དགུང་ལོ་གསུམ་པར་བབ་ཡོད་པས། ཕྱེད་གསུམ་ཞེས་གསུང་མི་དགོས་པ་སོགས་མཁྱེན་དགོས། ༼འཇུག་ངོགས་(༧)ལས། དེ་ཡང་སངས་རྒྱས། ཞེས་པ་ནས། (༧) སྤྲོ་དགའ་དང་བཅས་པས་ཕུལ། ཞེས་པའི་བར། ༽ དགུང་ལོ་ ༧ ཆུ་ཡོས། ༡༣༦༣ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་དྲུང་ནས་རབ་བྱུང་གི་སྡོམ་པ་བཞེས་ཏེ་མཚན་ བློ་བཟང་གྲགས་པར་གསོལ། རྗེ་དེ་ཉིད་ཀྱིས་རྡོ་རྗེ་ཐེག་པའི་སྒོར་སྨིན་པར་མཛད། དགུང་ལོ་བདུན་ཙམ་ནས་བདེ་མཆོག་སོགས་ཀྱི་དཀྱིལ་ཆོག་མང་པོ་ཐུགས་ལ་བཟུང་། བདེ་མཆོག་དྲིལ་བུ་བའི་བདག་འཇུག་ཀྱང་ལན་མང་མཛད། ཡང་ཆོས་རྗེ་དོན་རིན་པས་མཁན་པོ་དང་། གཞོན་ནུ་བྱང་ཆུབ་ཀྱིས་སློབ་དཔོན་མཛད་དེ་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས་ ཤིང་། མཚན་ཡང་བློ་བཟང་གྲགས་པའི་དཔལ་ཞེས་གསོལ། འོན་ཀྱང་དགེ་ཚུལ་བཞེས་ལོ་མི་གསལ། ༼འཇུག་ངོགས་(༧)ལས། དེ་ནས་དགུང་ལོ་བདུན་པ་ལ་བབ་པ། ཞེས་པ་ནས། (༡༤) རིམ་པར་ཕྱེ་བ་སྟེ་གཉིས་པའོ།། །།ཞེས་པའི་བར། ༽ དགུང་ལོ་ ༡༦ ཆུ་བྱི། ༡༣༧༢དབུས་སུ་ཕེབས་ཐོན་གནང་། ༼འཇུག་ངོགས་(༡༤)ལས། དེ་ལྟར་རབ་ཏུ་བྱུང་ནས། ཞེས་པ་ནས། (༡༨) ལྷག་མ་རྣམས་བརྗེད་འདུག་གསུང་ངོ་། །ཞེས་པའི་བར། ༽ དགུང་ལོ་ ༡༧ ཆུ་གླང་། ༡༣༧༣སྟོན་ཀར་དབུས་སུ་ཕེབས་འབྱོར་བྱུང་སྟེ། སྤྱན་སྔ་རིན་པོ་ཆེ་ལས་སེམས་བསྐྱེད། ཕྱག་ཆེན་ལྔ་ལྡན་སོགས་གསན། ཚལ་པའི་སྨན་པ་དཔོན་དཀོན་མཆོག་སྐྱབས་གམ་ནས་གསོ་དཔྱད་ལ་སྦྱངས། ཡན་ལག་བརྒྱད་པ་བཟུང་། བདེ་བ་ཅན་དུ་སྙེ་ཐང་བཀྲ་ཤིས་སེངྒེ་དང་། གདན་ས་པ་དགེ་བསྐོངས་གཉིས་ལ་ཆོས་འབྲེལ་གསན། དགུན་གྱི་རིང་སྙེ་ཐང་བདེ་བ་ཅན་དུ་སློབ་དཔོན་ཡོན་ཏན་རྒྱ་མཚོ་དང་། སློབ་དཔོན་ཨུ་རྒྱན་པ་གཉིས་ལས་ཕར་ཕྱིན་དང་། བླ་མ་འཇམ་རིན་པ་ལས་བྱམས་ཆོས་དང་། བླ་མ་བསོད་ནམས་རྒྱལ་མཚན་ལ་རྗེས་གནང་མང་པོ་གསན། དགུང་ལོ་ ༡༧ པའི་སྟོན་ཀ་ནས་ ༡༩ པའི་སྟོན་ཀ་ཡས་མས་བར་ལོ་གཉིས་ཙམ་ལ་ཕར་ཕྱིན་ཐུགས་སུ་ཆུད་ཅིང་མཁས་པར་གྱུར། ༼འཇུག་ངོགས་(༡༨)ལས། དེ་ནས་འབྲི་ཁུང་། ཞེས་པ་ནས། (༡༩) ཚིག་དོན་ལ་ཤིན་ཏུ་མཁས་པར་གྱུར་ནས། ཞེས་པའི་བར། ༽ དགུང་ལོ་ ༡༩ ཤིང་ཡོས། ༡༣༧༥ཞ་ལུར། ལོ་ཙྪ་པ་མཁས་ཆེན་རིན་ཆེན་རྣམ་རྒྱལ་ལས་བདེ་མཆོག་མཻ་ཏྲི་བཅུ་གསུམ་མའི་དབང་། ས་བཟང་དུ། ས་བཟང་མ་ཏི་པཎ་ཆེན་ལས་སྒྲ་རིག་སོགས་ཆོས་འབྲེལ་གསན་ཞིང་། ས་སྐྱ་དང་། ངམ་རིང་། འགའ་རོང་། འདར་བཟང་ལྡན། བོ་དོང་བཅས་སུ་ཕར་ཕྱིན་གྱི་གྲྭ་སྐོར་མཛད་སྐབས་སྟོན་ཀ་ཡས་མས་ཡིན་པར་འདུག་ ཅིང་། དེ་ནས་ས་ཆ་མང་པོར་ཕེབས་པ་དང་། ཆོས་མང་དུ་གསན་ཅིང་སློབ་གཉེར་མཛད་པ་དང་། གནས་རྙིང་དུའང་ཆོས་ཐོག་ཙམ་བཞུགས་པ་སོགས་ཀྱིས་དགུང་ལོ་བཅུ་དགུའི་སྨད་དང་། ཉི་ཤུའི་དཔྱིད་རྫོགས་པར་མངོན། ༼འཇུག་ངོགས་(༢༠)ལས། དགུང་ལོ་བཅུ་དགུའི་སྟེང་། ནས། (༢༡) གཟུགས་སྒྲུབ་ཀྱི་སྟེང་དུ་ཕར་ཕྱིན་གྱི་གྲྭ་སྐོར་མཛད། ཅེས་པའི་བར། ༽ དགུང་ལོ་ ༢༠ མེ་འབྲུག ༡༣༧༦དབྱར་ཆོས་ས་སྐྱ་རྩེ་ཆེན་དུ་མཁས་པའི་དབང་པོ་ཉ་དཔོན་ཀུན་དགའ་དཔལ་ལས་ཕར་ ཕྱིན་གྱི་གཟབ་བཤད་དང་། རྗེ་བཙུན་རེད་མདའ་བ་ལས་མངོན་པ་མཛོད་དང་། སྟོན་བསམ་གླིང་དུ་རྗེ་དེ་ཉིད་ལས་འཇུག་པ་ཚར་གཅིག་གསན། པོ་ཏ་ལར་ལོ་ཙྪ་པ་བྱང་ཆུབ་རྩེ་མོ་ལ་ཆོས་འབྲེལ་ཞུས། དགུན་ཆོས་བདེ་བ་ཅན་དུ་བཞུགས། ཁ་ཏི་ཁའི་ཚོང་དཔོན་ནོར་བུ་བཟང་པོའི་གདོང་རང་གི་མ་ཡུམ་ལ་ཕྱག་བྲིས་དང་། འདྲ་ཐང་གསུང་བྱོན་མ་ཞིག་བསྐུར་གནང་ཚུལ་དུང་དཀར་གྱིས་གསུངས། ༼འཇུག་ངོགས་(༢༢)ལས། དབྱར་ཆོས་རྩེ་ཆེན་དུ་ཕེབས། ཞེས་པ་ནས། (༢༧) དེའི་དགུན་ཆོས་བདེ་བ་ཅན་དུ་བྱོན་ནས་བཞུགས། ཞེས་པའི་བར། ༽ དགུང་ལོ་ ༢༡ མེ་སྦྲུལ། ༡༣༧༧སྐྱོར་མོ་ལུང་དུ་སྐྱོར་ལུང་མཁན་པོ་དཀའ་བཞི་པ་བློ་གསལ་བའི་དྲུང་ནས་མདོ་ རྩ་བ་འགྲེལ་པ་ཆ་ལག་དང་བཅས་པ་རྫོགས་པར་གསན། རྒྱ་ཆེར་འགྲེལ་བམ་པོ་བཞི་བཅུ་ལྷག་བཟུང་ནས་བསྙུང་། དགུན་གནས་རྙིང་དུ་མངོན་པ་ཀུན་བཏུས་ཚར་གཅིག་རྩལ་བཤད་མཛད། ༼འཇུག་ངོགས་(༢༧)ལས། དེ་རྗེས་སྐྱོར་མོ་ལུང་པའི་མཁན་པོ། ནས། (༢༩) རྩལ་བཤད་མཛད་དོ། །ཞེས་པའི་བར། ༽ དགུང་ལོ་ ༢༢ ས་རྟ། ༡༣༧༨དཔྱིད་ས་སྐྱར་རྗེ་རེད་མདའ་བའི་དྲུང་ནས་མངོན་པ་ཀུན་བཏུས་གཟབས་བཤད་གསན། རྣམ་འགྲེལ་ལ་གཙོ་བོར་སྦྱངས། འཇུག་པའི་བཤད་པ་དང་། འདུལ་བ་ལུང་ལ་སོགས་པ་བཀའ་བསྟན་བཅོས་མང་པོའི་ལུང་ཡང་གསན། ༼འཇུག་ངོགས་(༢༩)ལས། དེའི་དཔྱིད་ཀ་སྣང་ཐང་། ཞེས་པ་ནས། (༣༠) བསྙུང་གཞི་དེ་ལྷག་མ་མེད་པར་ཐོན། ཞེས་པའི་བར། ༽ དགུང་ལོ་ ༢༣ ས་ལུག ༡༣༧༩དཔྱིད་དབྱར་གཉིས་ངམ་རིང་དུ་བཞུགས་ཤིང་། རྗེ་རེད་མདའ་པ་ལས་མངོན་པ་དང་རྣམ་འགྲེལ་གསན། སྟོན་ཀར་མལ་གྲོ་ལྷ་ལུང་དུ་བྱོན་ཀྱང་། མདོ་སྨད་དུ་ཕེབས་པའི་ཐུགས་མདུན་བཟློག དགུན་ཆོས་བདེ་བ་ཅན་དུ་བཞུགས། སྐབས་དེར་《བློ་གསལ་བགྲོད་པའི་ཐེམ་སྐས་》མཛད་པ་ཡིན་ཏེ། དེའི་མཇུག་བྱང་དུ་གསལ་བ་ལྟར། དེ་བདེ་བ་ཅན་དུ་བརྩམས་པ་དང་། དེའི་ཚེ་མངོན་པ་གོང་འོག མདོ་སྡེ། འདུལ་བ། གཏན་ཚིགས་རིག་པ་བཅས་ལ་ཐོས་བསམ་མཛད་ཟིན་ཅིང་། སྤྱིར་བདེ་བ་ཅན་དུ་སྔར་ནས་ཕེབས་མྱོང་ཡང་། ཐས་བསམ་དེ་ལྟར་མཛད་ནས་བདེ་ཅན་དུ་ཕེབས་པའི་དུས་དང་པོ་ནི་དགུང་ལོ་ ༢༣ པའི་དགུན་དང་། ཐེངས་གཉིས་པ་དགུང་ལོ་ ༢༩ པའི་དགུན་ཁ་སྟེ། དེ་གཉིས་གང་རུང་ཞིག་ཏུ་བརྩམས་པ་གང་ཞིག ཕྱི་མའི་དུས་སུ་མིན་ཏེ། དེ་དུས་《གསེར་ཕྲེང་》རྩོམ་བཞིན་པའི་སྐབས་ཡིན་ལ། གསེར་ཕྲེང་གི་དགེ་འདུན་ཉི་ཤུ་(སེར་བྱེས་པར་མ་ཤོག་༢༣༢)ལས། དགེ་འདུན་འདི་དག་ནི་ཆེ་ལོང་ཙམ་སྟེ། རྒྱས་པར་ནི་ཡི་གེ་ལོགས་ཤིག་ཏུ་བྲིས་ཡོད་པས་དེར་ལྟའོ། །ཞེས་ཐེམ་སྐས་འདི་བརྩམས་ཟིན་པ་ལ་ཞལ་འཕངས་མཛད་པའི་ཕྱིར་རོ། ། ༼འཇུག་ངོགས་(༣༠)ལས། དཔྱིད་དང་དབྱར་གཉིས་ཀ་ངམ་རིང་། ཞེས་པ་ནས། (༣༤) བདེ་བ་ཅན་དུ་བཞུགས། ཞེས་པའི་བར། ༽ དགུང་ལོ་ ༢༤ ལྕགས་སྤྲེལ། ༡༣༨༠དཔྱིད་ཆོས་སྣར་ཐང་དུ་ཕེབས། བླ་མ་ལོ་ཙྪ་པ་དོན་བཟང་བ་ལ་ཁོང་གི་ཚད་མའི་ཊཱི་ཀྐ་དེ་གསན། དེར་དབྱར་ཆོས་སྐབས་རྣམ་འགྲེལ་མངོན་པ་གོང་འོག་མདོ་རྩ་དང་བཅས་པའི་གྲྭ་སྐོར་ མཛད། སྟོན་ཀར་ཨེར་བྱོན། ལོ་ཙྪ་པ་ནམ་བཟང་ལ་མེ་ལོང་མའི་བཤད་པ་སོགས་དང་། རྗེ་རེད་མདའ་པ་ལ་དབུ་ཚད་མངོན་པ་ཕར་ཕྱིན་འདུལ་བ་བཅས་གསན། ༼འཇུག་ངོགས་(༣༤)ལས། དཔྱིད་ཆོས་སྔོན་མ་ལ། ཞེས་པ་ནས། (༣༦) གྲྭ་སྐོར་བྱེད་པའི་ལུགས་མ་དར་འདུག་པས་མ་བྱས་གསུང་ངོ་། །ཞེས་པའི་བར། ༽ དགུང་ལོ་ ༢༥ ལྕགས་བྱ། ༡༣༨༡སོས་ཀར་རྩེད་ཐང་སོགས་ལ་གྲྭ་སྐོར་དང་། ཡར་ལུང་རྣམ་རྒྱལ་ལྷ་ཁང་དུ་དཀའ་བཞི་པ་ཚུལ་ཁྲིམས་རིན་ཆེན་པས་མཁན་པོ་དང་། ཤེར་མགོན་པས་ལས་སློབ། བྱི་རྫིང་པའི་དབུ་མཛད་བསོད་ནམས་རྡོ་རྗེས་གསང་སྟེ་སྟོན་པ་མཛད་ནས་བསྙེན་ རྫོགས་ཀྱི་སྡོམ་པ་བཞེས། གདན་ས་ཐེལ་དུ་སྤྱན་སྔ་གྲགས་པ་བྱང་ཆུབ་ལས་ལམ་འབྲས་མན་ངག ནཱ་རོ་ཆོས་དྲུག རྗེ་ཕག་མོ་གྲུ་པ་དང་། ཆོས་རྗེ་འཇིག་རྟེན་མགོན་པོའི་བཀའ་འབུམ་སོགས་གསན། བཀའ་འབུམ་གསན་པ་དང་། ཕར་ཚད་དབུ་མ་སོགས་འཆད་ཉན་རྒྱ་ཆེར་མཛད་པས་ཟླ་བ་མང་པོ་ཐོགས་པ་གདོན་མི་ཟ་བའི་ ཕྱིར། དགུང་ལོ་ཉེར་ལྔ་པ་དེ་དེ་ཙམ་གྱིས་རྫོགས་སམ་སྙམ། ༼འཇུག་ངོགས་(༣༦)ལས། སོས་གུང་ཐང་ཚེས་བཅུའི། ཞེས་པ་ནས། (༤༠) དབུ་མ་སོགས་ཀྱི་ཆོས་མང་དུ་གསུངས། ཞེས་པའི་བར། ༽ དགུང་ལོ་ ༢༦ ནས་ ༢༩ ཆུ་ཁྱི། ༡༣༨༢ཚལ་དུ་བཀའ་བསྟན་འགྱུར་རོ་ཅོག་ལ་གཟིགས་རྟོག་ཞིབ་པར་མཛད་གསུངས་པ་ཙམ་ལས་ གསལ་བ་མ་བྱུང་བ་དང་། འདི་དང་འོག་མ་རྣམས་སུ་དགུང་གྲངས་ཇི་ཡིན་དེ་ཙམ་མི་གསལ་བས། ལོ་རྒྱུས་སྨྲ་བ་རྣམས་ཀྱིས་མི་མཐུན་པ་མང་དུ་གསུངས་ཀྱང་། བརྟག་ན་འདི་ལྟར། (ཤོག་གྲངས་༤༦) དེ་ནས་དེའི་དཔྱིད་རྟའི་ལོ་ལ། ཞེས་གསལ་བས་སྐབས་དེར་རྗེའི་དགུང་གྲངས་༣༤ཡིན་པར་མཐུན་སྣང་དུ་གྲུབ་སྟེ། (༡༠༧) ཡོས་བུའི་ལོ་ལྔ་བཅུ་རྩ་ལྔ་པའི་དགུན་སྟོད་ནས། ཞེས་གསུངས་པས། དེ་ནས་བརྩིས་ན་དེ་ལྟར་བབ་པའི་ཕྱིར་རོ། ། དེས་ན་དད་པའི་འཇུག་ངོགས་རང་ལ་ལོ་རེའི་དུས་བཞི་པོར་གང་དུ་ཕེབས་པ་སོགས་ཕལ་ ཆེ་བ་གསལ་བས། དགུང་གྲངས་སོ་བཞི་ལ་བབ་པའི་རྟ་ལོ་དེ་ནས་འཇུག་ངོགས་ནང་ལུགས་ལྡོག་ཏུ་བརྩི་ན། (༤༢) སླར་ཡང་དེའི་ཕྱི་དེ། དབྱར་ཆོས་བདེ་བ་ཅན་དུ་བཞུགས། ཞེས་པའི་ལོ་དེ་ནི་དགུང་ལོ་ ༣༡ རབ་བྱུང་བདུན་པའི་མེ་ཡོས་ཕྱི་ལོ་ ༡༣༨༧ རེད་འདུག དེ་ལྟར་ན་དེ་ཉིད་(༤༢)ལས། དཔྱིད་ཆོས་དབུ་སྟོད་བྱ་ཡུལ་དུ་ཕེབས། ཞེས་པའང་དགུང་ལོ་ ༣༠ ཕྱི་ལོ་ ༡༣༨༦ ཡིན་ཞིང་། གོང་དུ་(༤༠) ཚལ་དུ་བཞུགས་ནས་བཀའ་དང་བསྟན་བཅོས། ཞེས་སོགས་ནི་དགུང་གྲངས་ ༢༦ ཙམ་ལ་ཡིན་པར་སྣང་བས། དེ་ལྟར་ན་རྗེ་རིན་པོ་ཆེ་ཚལ་དུ་བཀའ་བསྟན་ལ་ཞིབ་གཟིགས་དང་འབྲེལ་ལོ་བཞི་ཙམ་ བཞུགས་པ་དང་། དགུང་གྲངས་ ༢༧ ནས་ ༢༩ ལ་ཕེབས་པའི་བར་སྐབས་དེ་ཤེད་དུ་《གསེར་ཕྲེང་》བརྩམས་པའི་དབུ་མཛད་པར་སྣང་ངོ་། ། དགུང་ལོ་ ༣༠ མེ་སྟག ༡༣༨༦དཔྱིད་ཀར་དབུ་སྟོད་བྱ་ཡུལ་དུ་ཕེབས། ཕར་ཚད་འཇུག་པ་མངོན་པ་ཀུན་བཏུས་བཅས་གསུངས། སླར་ཡང་ཚལ་དུ་བྱོན་ནས་གསེར་ཕྲེང་འཕྲོ་བསྐྱངས། སྐྱོར་མོ་ལུང་དུ་ཚལ་པ་བླ་མ་རྟོགས་ལྡན་ཡེ་ཤེས་རྒྱལ་མཚན་ལ་དུས་འཁོར་འགྲེལ་ ཆེན་དྲི་མེད་འོད་ཀྱི་བཤད་པ་གསན། རྒྱུ་མཚན་རྩིས་དང་ལག་ལེན་རྣམས་ལའང་མཁས་པར་སྦྱངས། དེར་ཆོས་མང་དུ་གསུངས། ༼འཇུག་ངོགས་(༤༢)ལས། དཔྱིད་ཆོས་དབུ་སྟོད། ཅེས་པ་ནས། (༤༢) ཆེ་ཆུང་མང་པོའི་བཤད་པ་ཡང་གསུངས་ནས། ཞེས་པའི་བར། ༽ དགུང་ལོ་ ༣༡ རབ་བྱུང་བདུན་པ། མེ་ཡོས། ༡༣༨༧དབྱར་ཆོས་བདེ་བ་ཅན་དུ་བཞུགས་ནས་བློ་གསལ་འདུས་པ་རྒྱ་མཚོའི་ཚོགས་ལ་སྡེ་ སྣོད་ཀྱི་བཤད་པ་མང་དུ་གནང་ཞིང་། ཟླ་བ་ལྔ་པར་《གསེར་ཕྲེང་》མཇུག་རྫོགས་པར་མཛད་པ་ཡིན་ཏེ། འཇུག་ངོགས་ལས། བདེ་བ་ཅན་དུ་མཇུག་རྫོགས་པར་མཛད། ཅེས་པ་དང་། གསེར་ཕྲེང་གི་མཇུག་བྱང་ལས། ཆོས་གྲྭ་ཆེན་པོ་བདེ་བ་ཅན་དུ་རབ་བྱུང་གི་ལོ་སྣྲོན་གྱི་ཟླ་བ་ལ་མཇུག་ཡོངས་སུ་ རྫོགས་པར་སྦྱར། ཞེས་གསུངས་པས། རབ་བྱུང་བདུན་པའི་རབ་བྱུང་གི་ལོ་ནི། ༡༣༨༧ ཡིན་པའི་ཕྱིར་རོ། །《སྤྱན་སྔ་གྲགས་པ་བྱང་ཆུབ་ཀྱི་རྟོགས་བརྗོད》བརྩམས་པར་མཛད་ཚུལ་དུང་དཀར་གྱིས་ གསུངས། འོན་ཀྱང་དུང་དཀར་རིན་པོ་ཆེས་གསེར་ཕྲེང་ ༡༣༨༨ ལོར་མཛད་པར་གསུངས་པ་སོགས་དུས་ཚིགས་ནོར་བ་མང་ཙམ་བྱུང་འདུག་མོད། མང་དུ་མི་སྤྲོ། དགུན་ཁ་སྟོད་ལུང་དུ་དུས་འཁོར་ལ་ཐུགས་སྦྱོང་མཛད། ༼འཇུག་ངོགས་(༤༢)ལས། སླར་ཡང་དེའི་ཕྱི་དེ། ཞེས་སོགས་ཡིག་ཕྲེང་ལྔ་ཙམ་གསུངས་པའི་དོན་ནོ། ། ༽ དགུང་ལོ་ ༣༢ ས་འབྲུག ༡༣༨༨དཔྱིད་རིགས་ལྔ་ལྷ་ཁང་དུ་ཆོས་མང་དུ་གསུངས། དགུན་མོན་མཁར་བཀྲ་ཤིས་གདོང་དུ་བཞུགས་ཏེ་གསུང་ཆོས་གནང་རྒྱུའི་ཆེད་གནམ་གང་བར་ ཉིན་ཉི་ཤུ་རིང་སྐུ་མཚམས་བཅད་ནས་ཕྱག་དཔེ་གཟིགས་རྟོག་གནང་། ༼འཇུག་ངོགས་(༤༢)ལས། དེ་ནས་རྫོང་ཇི་གྲགས་པ་རིན་ཆེན་པ། ཞེས་པ་ནས། (༤༤) ཕྱག་དཔེ་ཐམས་ཅད་ཀྱི་སྐུ་རགས་བཅིངས། ཞེས་པའི་བར། ༽ དགུང་ལོ་ ༣༣ ས་སྦྲུལ། ༡༣༨༩བོད་ཟླ་དང་པོའི་ཚེས་ ༥ ཉིན་རྒྱ་གར་སྐད་བཅོ་ལྔའི་དབུ་དུས་གཅིག་ཏུ་བཙུགས་ནས་ཟླ་བ་གསུམ་རིང་ཉིན་རེར་ ཆོས་ཐུན་བཅོ་ལྔ་རེ་མ་ཆག་པར་གསུངས་ཏེ། བསྟན་བཅོས་བཅུ་བདུན་གྱི་མཇུག་མཉམ་དུ་རྫོགས་པར་མཛད་པ་སོགས་སོ། །དབྱར་ཡར་ལུང་ཨོ་ཀར་བྲག་ཏུ་འཁོར་ལོ་བདེ་མཆོག་གི་སྒོམ་བཟླས་སོགས་སྐུ་མཚམས་ དམ་པོ་མཛད། སྟོན་སྐྱི་ཤོད་དུ་ཕེབས། དགུན་སྐྱོར་མོ་ལུང་དུ་ཆོས་མང་དུ་གསུངས། ༼འཇུག་ངོགས་(༤༤)ལས། ཚེས་གཅིག་ནས་ཆོས་འཛུགས་པར་བཞེད་པ་ལ། ཞེས་པ་ནས། (༤༦) མངོན་པ་སོགས་མང་དུ་གསུངས་སོ། །ཞེས་པའི་བར། ༽ དགུང་ལོ་ ༣༤ ལྕགས་རྟ། ༡༣༩༠དཔྱིད་གཙང་ལ་བྱོན། རོང་གི་སྣུབས་ཆོས་ལུང་དུ་བཞུགས་ནས་ཚོགས་པའི་མཁན་རིན་པོ་ཆེ་གྲགས་པ་བཤེས་ གཉེན་པ་ལ་བཀའ་ལུང་ཅི་རིགས་གསན། བླ་མ་དབུ་མ་པ་དང་མཇལ་ཏེ་རྗེ་རིན་པོ་ཆེ་ལས་ཁོང་གིས་དབྱངས་ཅན་མའི་རྗེས་གནང་ ཞུས། སྟག་ཚང་རྫོང་ཁར་བྱོན་སྐབས་དབྱར་བཞུགས་པ་འདྲ། འབའ་འུ་འབའ་གཉེར་དུ་རྗེ་རེད་མདའ་པ་ལས་གསང་འདུས་རྩ་རྒྱུད་ཀྱི་བཤད་པ་གསན། རོང་ཆོས་ལུང་དུ་བླ་མ་དབུ་མ་ལས་འཇམ་དབྱངས་ཆོས་སྐོར་མང་དུ་གསན་ཅིང་། སྒྲུབ་པ་ལ་འབྱོན་རྒྱུའི་ཐུགས་ཐག་བཅད། སྟོན་མཇུག་ཉང་སྟོད་ཀྱི་གོང་གསུམ་བདེ་ཆེན་དུ་བླ་མ་ཆོས་ཀྱི་དཔལ་བ་ལས་དུས་ འཁོར་འགྲེལ་ཆེན་ཆ་ལག་དང་བཅས་པ་སོགས་ཞུས། ༼འཇུག་ངོགས་(༤༦)ལས། དེ་ནས་དེའི་དཔྱིད་རྟའི་ལོ་ལ། ཞེས་པ་ནས། (༥༣) མགོ་ནས་བསྐྱར་ཏེ་གསུངས། ཞེས་པའི་བར།༽ དགུང་ལོ་ ༣༥ ལྕགས་ལུག ༡༣༩༡དཔྱིིད་ཆོས་སྔ་མའི་བར་གོང་གསུམ་བདེ་ཆེན་དུ་བཞུགས་ནས། ཞ་ལུར་ཡོ་གའི་ཕྱག་ལེན་སྦྱངས། སླར་ཡང་དཔྱིད་སྨད་དང་དབྱར་དང་སྟོན་མགོ་མའི་བར་སྡེ་ཆེན་དུ་ཆོས་ཀྱི་དཔལ་བའི་ དྲུང་ནས་ཕྲེང་བ་སྐོར་གསུམ་སོགས་ལ་མཁས་པར་སྦྱངས། སྟོན་ཕྱི་མ་དང་དགུན་གཉིས་ཞ་ལུར་བཞུགས། ༼འཇུག་ངོགས་(༥༣)ལས། སྟོན་མཇུག་དེ་ནས་དཔྱིད་ཆོས་སྔ་མ། ཞེས་པ་ནས། (༥༥) བྱུང་བ་དེ་ཉིད་རང་དུ་འདུག་གསུང་ངོ་། །དེ་ནས་སྟོན་ཕྱི་མ་དགུན། ཞེས་པའི་བར།༽ དགུང་ལོ་ ༣༦ ཆུ་སྤྲེལ། ༡༣༩༢ལོ་སྔ་མའི་སྟོན་ཕྱི་མ་ནས་འདིའི་དབྱར་བར་ཞ་ལུར་རིན་པོ་ཆེ་ཁྱུང་པོ་ལྷས་ པའི་དྲུང་ནས་རྒྱུད་སྡེ་གོང་འོག་དཔག་ཏུ་མེད་པ་དགྱེས་བཞིན་གནང་བ་རྣམས་རྫོགས་ པར་གསན། པ་ནམ་གྱི་ཕག་པ་རི་ན། བླ་མ་ཆོས་ཀྱི་དཔལ་བའི་དྲུང་ནས་རྡོ་རྗེ་སྙིང་འགྲེལ་སོགས་དུས་འཁོར་གྱི་ཆ་ལག་ མང་པོ་གསན། སྟོན་དགའ་བ་གདོང་དུ་བླ་མ་དབུ་མ་པ་དང་ལྷན་དུ་སྐུ་མཚམས་བཞུགས་ཤིང་། འཇམ་དབྱངས་ཆོས་སྐོར་སོགས་དང་། ལོ་ཙྪ་བཅོལ་ནས་ལྟ་བའི་སྐོར་སོགས་ཆོས་མང་དུ་གསན། བླ་མ་དེ་ཁམས་སུ་བྱོན་པའི་སྐྱེལ་མ་མཛད། དགུན་ལ་ཉེ་བ་ཟླ་བ་བཅུ་པར་འཁོར་དག་པ་རྣམ་བརྒྱད་དང་ལྷན་དུ་འོལ་ཁའི་ཕྱོགས་སུ་ བྱ་བྲལ་ལམ། སྒྲུབ་པ་མཛད་པར་ཕེབས། དེའི་དགུན་དང་ལོ་རྗེས་མའི་དཔྱིད་བཅས་འོལ་ཁར་བཞུགས། ༼འཇུག་ངོགས་(༥༥)ལས། དེ་ནས་སྟོན་ཕྱི་མ་དགུན་དཔྱིད་དབྱར་རྣམས་སྦྲེལ་ནས་ཞ་ལུར་བཞུགས། ཞེས་པ་ནས། (༦༧) བྱ་བྲལ་ལ་བྱོན། འོལ་ཁར་ཕེབས། ཞེས་པའི་བར། ༽ དགུང་ལོ་ ༣༧ ཆུ་བྱ། ༡༣༩༣དཔྱིད་འོལ་ཁར་བཞུགས་ཏེ། བསགས་སྦྱངས་རླབས་པོ་ཆེ་མཛད་པས། གསང་བའི་རྣམ་ཐར་ཡང་མང་པོ་བྱུང་། དབྱར་རྫིང་ཕྱིའི་བྱམས་པ་མཇལ། དགུན་དྭགས་པོ་སྨན་ལུང་རྒྱ་སོག་ཕུར་བྱོན་ནས་ཐུགས་དམ་འཕེལ། དེ་ནས་བཟུང་འཇིགས་བྱེད་བཅུ་གསུམ་མའི་བདག་འཇུག་མ་ཆག་པར་མཛད། ༼འཇུག་ངོགས་(༦༧)ལས། དེའི་དགུན་དཔྱིད་རྣམས་འོལ་ཁ་ཆོས་ལུང་དུ་བཞུགས་ཤིང་། ཞེས་པ་ནས། (༦༩) མ་ཆག་པར་མཛད་དོ་ཞེས་གསུངས་སོ། །ཞེས་པའི་བར།༽ དགུང་ལོ་ ༣༨ ཤིང་ཁྱི། ༡༣༩༤དཔྱིད་འོལ་ཁར་བྱོན། རྫིང་ཕྱིའི་གཙུག་ལག་ཁང་ཉམས་གསོ་མཛད། རབ་གནས་སོགས་ཀྱི་སྐབས་སུ་སངས་རྒྱས་རབས་བདུན་སོགས་དངོས་སུ་ཕེབས་པའི་སྣང་བ་ བྱུང་བ་སོགས་བྱིན་རླབས་ཀྱི་ཚན་ཁ་ཤིན་ཏུ་འབར་བས། མཛད་ཆེན་བཞིའི་གཅིག་ཏུ་བགྲངས་པའོ། །ལྷོ་བྲག་ཏུ་དབྱར་སྟོན་དགུན་སྟོད་བར་ཟླ་བ་བདུན་ཙམ་བཞུགས་ནས་མཁན་ཆེན་ལྷོ་ བྲག་པ་དང་ཕན་ཚུན་ལམ་རིམ་སོགས་ཀྱི་ཆོས་འབྲེལ་གསན། རྒྱ་གར་དུ་འབྱོན་བཞེད་ཀྱང་མཁན་ཆེན་པས་བཤོལ་བཏབ། དགུན་སྨད་ལོ་རོ་སྟོད་ལྟག་ཏུ་བཞུགས། ༼འཇུག་ངོགས་(༦༩ )ལས། དཔྱིད་འོལ་ཁར་བྱོན། ཞེས་པ་ནས། (༧༣) ལོ་རོ་སྟོད་ལྟག་ཏུ་ཟླ་བ་ལྔ་ཙམ་བཞུགས། ཞེས་པའི་བར།༽ དགུང་ལོ་ ༣༩ ཤིང་ཕག ༡༣༩༥ལོ་སྔ་མའི་དགུན་སྨད་ནས་དཔྱིད་ཀ་བར་གཉལ་ལོ་རོ་སྟོད་ལྟག་ཏུ་ཟླ་བ་ལྔ་ཙམ་ བཞུགས་ནས་བསྟན་རིམ་གསུངས། གཉལ་སྨད་དུ་དབྱར་གནས། གཉལ་སྨད་སེང་གེ་རྫོང་དུ་འདུལ་བའི་བསྟན་པ་རྒྱས་པར་མཛད། ༼འཇུག་ངོགས་(༧༣)ལས། ལོ་རོ་སྟོད་ལྟག་ཏུ་ཟླ་བ་ལྔ་ཙམ་བཞུགས། ཞེས་པ་ནས། (༧༧) མཚུངས་པར་བཀའ་དྲིན་ཆེ་བ་ཡིན་ནོ། །ཞེས་པའི་བར།༽ དགུང་ལོ་ ༤༠ མེ་བྱི། ༡༣༩༦དཔྱིད་གཉལ་གྱི་སྒང་ཆུང་དུ་བཞུགས། ཚ་ཚ་འབུམ་ཐེར་མང་པོ་བཏབ་པའི་སྲོལ་བཏོད། གཉལ་སྟོད་རྭ་གྲོང་དུ་དབྱར་བཞུགས། རྒྱལ་ཚབ་དར་མ་རིན་ཆེན་དང་མཇལ་འཕྲད་གནང་ཞིང་། གཉལ་གྱི་ལུང་ར་ཆེན་མོ་བཙུགས་ཏེ། རྩོད་པ་ཞི་བར་མཛད་པའི་སྒོ་ནས་བསྟན་འགྲོའི་དོན་རླབས་ཆེ་བས། མཛད་ཆེན་གཉིས་པར་བགྲངས་པའོ། །༼འཇུག་ངོགས་(༧༧)ལས། དེ་ནས་དཔྱིད་གཉལ་གྱི། ཞེས་པ་ནས། (༧༩) སླར་ཡང་འོལ་ཁར་ཕེབས། ཞེས་པའི་བར།༽ དགུང་ལོ་ ༤༡ མེ་གླང་། ༡༣༩༧མེ་བྱི་ལོའི་སྟོན་དགུན་གཉིས་དང་། མེ་གླང་ལོའི་དཔྱིད་དབྱར་གཉིས་བཅས་ལོ་གཅིག་རིང་འོ་དེ་གུང་རྒྱལ་གྱི་ལྷ་ཞོལ་ དབེན་གནས་ལྷ་སྡིངས་སུ་བཞུགས། ལྟ་བའི་དཔྱད་པ་རྫོགས་པའི་ཚུལ་མཛད་དེ། 《རྟེན་འབྲེལ་བསྟོད་པའམ་ལེགས་བཤད་སྙིང་པོ་ཆུང་བ་》མཛད། ༼འཇུག་ངོགས་(༧༩) ལས། དེ་ནས་འོ་དེ་གུང་རྒྱལ་གྱི། ཞེས་པ་ནས། (༨༡) དེ་ནས་སྟོན་འོལ་ཁར་བྱོན། ཞེས་པའི་བར།༽ དགུང་ལོ་ ༤༢ ས་སྟག ༡༣༩༨རྫིང་ཕྱི་བྱམས་པའི་དྲུང་དུ་ཆོ་འཕྲུལ་ཆེན་པོའི་དུས་མཆོད་ལ་ཞག་བཅོ་ལྔར་ མཆོད་པ་རྒྱ་ཆེན་མཛད། མེ་གླང་གི་དགུན་དང་། ལོ་འདིའི་དཔྱིད་གཉིས་མགར་ཕུག་ལ་སོགས་པར་ཆོས་མང་དུ་གསུངས་ཤིང་། དབྱེའི་སྟེའུ་རང་དུ་དབྱར་བཞུགས། འོལ་ཁའི་བྲག་གདོང་དུ་དགུན་བཞུགས་མཛད། ༼འཇུག་ངོགས་(༨༡)ལས། དགུན་དཔྱིད་མགར་ཕུག་ཏུ། ཞེས་པ་ནས། (༨༢) རླབས་ཆེ་བ་མཛད་དོ། །ཞེས་པའི་བར།༽ དགུང་ལོ་ ༤༣ ས་ཡོས། ༡༣༩༩དཔྱིད་རྫིང་ཕྱིར་ཆོས་མང་དུ་གསུངས། ཉང་པོ་མདངས་མདོའི་དགོན་པར་དབྱར་བཞུགས། སྟོན་པོ་ཏ་ལར་ཆོས་མང་དུ་གསུངས། འདི་དག་གི་ཚེ་གསང་བའི་རྣམ་ཐར་མང་དུ་ཡོད་པ་རྒྱལ་དབང་ཆོས་རྗེས་མཛད་པའི་རྗེའི་ རྣམ་ཐར་དུ་གསལ། ༼འཇུག་ངོགས་(༨༢)ལས། དེ་ནས་དེར་དཔྱིད། ཅེས་པ་ནས། (༨༣) ཆོས་མང་དུ་གསུངས། ཞེས་པའི་བར།༽ དགུང་ལོ་ ༤༤ ལྕགས་འབྲུག ༡༤༠༠དཔྱིད་དགའ་གདོང་དུ་བྱང་སའི་ཚུལ་ཁྲིམས་ལེའུ་སོགས་སྔགས་སྡོམ་སྐོར་གྱི་ཆོས་ མང་དུ་གསུངས། དབྱར་གནས་སྟག་ཚང་དང་། དགུན་བཞུགས་རྭ་སྒྲེང་དུ་མཛད། ༼འཇུག་ངོགས་(༨༣)ལས། དེའི་ཕྱི་རེས་སོ་ག ཞེས་པ་ནས། (༨༥) བཀའ་མཆིད་ཤིན་ཏུ་ཞིབ་པར་མཛད། ཅེས་པའི་བར།༽ དགུང་ལོ་ ༤༥ དང་ ༤༦ ལྕགས་སྦྲུལ། ༡༤༠༡དཔྱིད་འབྲི་ཁུང་དུ་སྤྱན་སྔ་རིན་པོ་ཆེ་ལས་ནཱ་རོ་ཆོས་དྲུག་སོགས་གསན། གནམ་རྩེད་ལྡིང་དུ་དབྱར་བཞུགས། སྟོན་རྭ་སྒྲེང་དུ་《ལམ་རིམ་ཆེན་མོ་》མཛད། དེར་དགུང་ལོ་ ༤༥ པའི་དགུན་དང་། ༤༦ པའི་དབྱར་དགུན་བཅས་ལོ་གཅིག་ལྷག་བཞུགས་ཤིང་། 《བྱང་སའི་ཚུལ་ཁྲིམས་ལེའུའི་རྣམ་བཤད་》《རྩ་ལྟུང་རྣམ་བཤད་》《བླ་མ་ལྔ་བཅུ་པའི་ རྣམ་བཤད་》བཅས་མཛད། དུང་དཀར་རིན་པོ་ཆེས་དགུང་ལོ་ ༤༦ ལ་《ལམ་རིམ་ཆེན་མོ་》དང་། གཞན་པ་གསུམ་དགུང་ལོ་ ༤༧ སྟེང་མཛད་པར་གསུངས་ཀྱང་། འཇུག་ངོགས་གཞིར་བཞག་གིས་ཞིབ་ཏུ་བརྩིས་ན་གོང་ལྟར་ཡིན། ༼འཇུག་ངོགས་(༨༥)ལས། དེ་ནས་ཆོས་རྗེ་ལོ་ཙྪ་པ་དང་། ཞེས་པ་ནས། (༨༨) ལམ་རིམ་ལ་སོགས་པ་ཆོས་མང་དུ་གསུངས།༽ དགུང་ལོ་ ༤༧ ༤༨། ༤༩ ཆུ་ལུག ༡༤༠༣ཆོ་འཕྲུལ་ཆེན་པོའི་དུས་མཆོད་དང་། དཔྱིད་ལྷས་ཕུ་དགོན་གསར་དུ་བྱོན། འོན་སྡེ་ཆེན་སྟེང་དུ་དབྱར་བཞུགས། སྟོན་འོལ་ཁ་བྱམས་པ་གླིང་དུ་ཕེབས་ནས། 《རྣམ་གཞག་རིམ་པའི་རྣམ་བཤད་》《སྔགས་རིམ་ཆེན་མོ་》《སྒྲུབ་ཐབས་བདུད་ལས་རྣམ་ རྒྱལ་》 《སྦྱིན་སྲེག་གི་ཆོ་ག་རྒྱས་པ་》བཅས་མཛད། དད་པའི་འཇུག་ངོགས་སུ་ལོ་དུས་མི་གསལ་ཡང་། འོ་དེ་གུང་རྒྱལ་དུ་དགུང་ལོ་ ༤༧ པའི་སྟོན་ཀ་ནས་ ༤༩ པའི་སྟོན་ཀ་བར་ལོ་གཉིས་བཞུགས་རིང་བསྟན་བཅོས་ཆེན་མོ་འདི་རྣམས་དང་། སྐུ་མཚམས་དང་གསུང་ཆོས་གནང་བ་སོགས་མཛད་པ་རྒྱ་ཆེར་མཛད། བྱང་ཆུབ་ལུང་དུ་དགུན་བཞུགས་མཛད། ཡང་འགའ་ཞིག་གིས་《རྣམ་གཞག་རིམ་པའི་རྣམ་བཤད་》འདི་དགུང་ལོ་ ༤༨ དང་།《སྔགས་རིམ་》དགུང་ལོ་ ༤༩ ལ་མཛད་གསུངས་པ་ཕལ་ཆེར་བདེན་པ་འདྲ། ༼འཇུག་ངོགས་(༨༨)ལས། ཆོ་འཕྲུལ་ཆེན་པོའི་དུས་མཆོད། ཅེས་པ་ནས། (༩༡) གསང་སྔགས་ལམ་རིམ་གསུངས། ཞེས་པའི་བར།༽ དགུང་ལོ་ ༥༠ ༥༡། ༥༢ མེ་ཁྱི། ༡༤༠༦

དཔྱིད་ཀ་སྐྱི་ཤོད་དང་། དབྱར་གནས་སེ་ར་ཆོས་སྡིངས་སུ་བཞུགས། མདོ་ཕྱོགས་གསུང་རབ་ཀྱི་དཔྱད་པ་རྫོགས་ཏེ།《ལེགས་བཤད་སྙིང་པོ་》དང་།《རྩ་ཤེའི་ ཊཱིཀ་ཆེན་》མཛད་ཅིང་། མཁས་གྲུབ་རིན་པོ་ཆེ་རྗེ་ཙོང་ཁ་པ་དང་ཐོག་མར་མཇལ། དེའང་དུང་དཀར་རིན་པོ་ཆེས། རྩ་ཤེའི་ཊཱིཀ་ཆེན་དགུང་ལོ་ང་གཅིག་པ་དང་། ལེགས་བཤད་སྙིང་པོ་དགུང་ལོ་ང་གཉིས་པར་མཛད་པར་གསུངས་འདུག་ཀྱང་། དྲང་ངེས་རྣམ་འབྱེད་ནི་རྩ་ཤེའི་ཊཱིཀ་ཆེན་གྱི་སྔོན་དུ་བརྩམས་པ་ཡིན་ཏེ། ལེགས་སྙིང་རང་དུ། རྩ་ཤེའི་རྣམ་བཤད་དུ་འཆད་པར་འགྱུར་རོ། །ཞེས་པ་དང་། རྩ་བ་ཤེས་རབ་ཀྱི་རྣམ་འགྲེལ་ཡང་བྱེད་པར་འདོད་པས། ཞེས་པ་དང་། རྩ་ཤེའི་ཊཱིཀ་ཆེན་དུ། དེ་གཉིས་ཀྱི་དོན་རྒྱས་པར་ནི་ཤིང་རྟའི་སྲོལ་འབྱེད་གཉིས་ཀྱིས་དྲང་ངེས་ཕྱེ་བ་ ལེགས་པར་བཤད་པའི་སྙིང་པོར་གཏན་ལ་ཕབ་ཟིན་པ་ལས་ཤེས་པར་བྱའོ། །ཞེས་སོགས་གསུངས་པས་སོ། །རྒྱ་ནག་ཏ་མིང་རྒྱལ་པོས་གདན་དྲངས་ཀྱང་། མ་ཕེབས་པར་སྐུ་ཚབ་ཏུ་བྱམས་ཆེན་ཆོས་རྗེ་གཏོང་གནང་མཛད། ཆོས་མང་དུ་གསུངས་ཏེ། དགུང་ལོ་ ༥༠ པའི་དབྱར་ནས་ ༥༢ པའི་དགག་དབྱེ་བར་ལོ་གཉིས་བཞུགས། སྐྱི་སྨད་གྲུམ་བུ་ལུང་དུ་དགུན་བཞུགས་མཛད། ལྷ་ལྡན་སྨོན་ལམ་ཆེན་མོ་འཛུགས་པའི་ཉེར་བསྡོགས་དང་། ལྷ་ས་གཙུག་ལག་ཁང་ལ་ཉམས་གསོ་རྒྱ་ཆེན་མཛད། བྱི་བ་ལོའི་(༡༤༠༨)ཟླ་བ་བཅུ་གཉིས་པའི་སྨད་ལ་ལྷ་སར་ཕྱག་ཕེབས། ༼འཇུག་ངོགས་(༩༡)ལས། སོ་ག་སྐྱི་ཤོད་དུ་བྱོན། ཞེས་པ་ནས། (༩༥) མང་ཇ་དང་བཅས་པའི་ཚུགས་སྟོན་དྲངས། ༽ 

དགུང་ལོ་ ༥༣ ས་གླང་། ༡༤༠༩ཟླ་བ་དང་པོའི་ཚེས་གཅིག་ནས་བཅུ་དྲུག་བར་ཆོ་འཕྲུལ་དུས་མཆོད་དམ། ལྷ་ལྡན་སྨོན་ལམ་ཆེན་མོ་གསར་འཛུགས་གནང་། ཇོ་བོ་ལ་དབུ་རྒྱན་བསྒྲོན་པ་སོགས་དང་། དགེ་འདུན་ཁྲི་ཚོ་དང་། སྐྱ་བོ་ཁྲི་ཕྲག་ལྷག་གིས་དགེ་ཚོགས་རླབས་ཆེན་བསགས་པ་སོགས་བསམ་གྱིས་མི་ཁྱབ་པས། མཛད་ཆེན་གསུམ་པའོ། །དཔྱིད་སེ་ར་ཆོས་སྡིངས་སོགས་སུ་བཞུགས། སློབ་དཔོན་དཀའ་བཅུ་པ་སོགས་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་བཞེངས་པར་ཕེབས། འོལ་ཁ་བསམ་གཏན་གླིང་དུ་དབྱར་བཞུགས། ༼འཇུག་ངོགས་(༩༥)ལས། གླང་གི་ལོ་ཟླ་བ་དང་པོ། ཞེས་པ་ནས། (༡༠༧) སྟོན་ཀའང་ཕྱོགས་དེར་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛད། ཅེས་པའི་བར།༽ དགུང་ལོ་ ༥༤ ལྕགས་སྟག ༡༤༡༠ཟླ་བ་ ༢ ཚེས་ ༥ ཉིན་དགའ་ལྡན་དུ་ཕེབས།《བཤད་རྒྱུད་ལྷ་མོ་བཞི་ཞུས་》《ཡེ་ཤེས་རྡོ་རྗེ་ཀུན་ལས་ བཏུས་ཀྱི་རྣམ་བཤད་》གཉིས་མཛད། ཆོས་མང་དུ་གསུངས། ༼འཇུག་ངོགས་(༡༠༧)ལས། སྟག་གི་ལོ་ཟླ་བ་གཉིས་པ། ཞེས་པ་ནས། (༡༠༧) གཉིས་ཀྱི་རྣམ་བཤད་རྒྱས་པའི་རྩོམ་པའང་མཛད། ཅེས་པའི་བར།༽ དགུང་ལོ་ ༥༥ ལྕགས་ཡོས། ༡༤༡༡《རིམ་ལྔ་གསལ་སྒྲོན་》《རིམ་ལྔ་གདན་རྫོགས་ཀྱི་ཁྲིད་ཡིག་》གཉིས་མཛད་ཅིང་། དགུན་སྟོད་ནས་དགུང་ལོ་ ༥༦ དབྱར་བར་སྐུ་ཚེའི་བར་ཆད་བཟློག་ཐབས་སུ་སྐུ་མཚམས་དམ་པར་བཞུགས། ༼འཇུག་ངོགས་(༡༠༧)ལས། དེའི་ཕྱི་ལོ་དེ། ཞེས་པ་ནས། (༡༠༨) བར་ཆད་བཟློག་པའི་མཚན་མ་གསལ་བ་རང་ནི་མ་བྱུང་། ཞེས་པའི་བར། ༽ དགུང་ལོ་ ༥༦ ཆུ་འབྲུག ༡༤༡༢སྟོན་ཀར་རྗེའི་ཞལ་ནས་མི་རྟག་པའི་གསུང་བྱོན་པས། ཟླ་ ༨ ཚེས་ ༥ ནས་དཔོན་སློབ་མང་པོས་སྐུ་མཚམས་དམ་པར་བཅད་ཅིང་། རྒྱལ་ཚབ་རིན་པོ་ཆེས་དབུས་པའི་སློབ་འཁོར་རྣམས་ཀྱིས་བླ་མའི་ཞབས་རིམ་བསམ་གྱིས་ མི་ཁྱབ་པ་བསྒྲུབས་ཏེ་སྐུ་ཁམས་ལེགས་པར་དྭངས། དེའང་དྭངས་པའི་དུས་ནི་རྗེ་བློ་གྲོས་ལེགས་བཟང་གིས། རྟ་ལོ་ཟླ་བ་དྲུག་པའི་ཚེས་ལྔ་ནས་བསྙེལ་སངས་སོ། །ཞེས་པ་ལྟར་ན། ལོ་གཅིག་དང་ཟླ་བ་བརྒྱད་ཙམ་རིང་བསྙུང་བར་འདོད་དགོས་པས། དཔྱད་དགོས། ༼འཇུག་ངོགས་(༡༠༨)ལས། འབྲུག་ལོའི་སྟོན། ནས། (༡༡༠) དབུགས་ཕྱིན་པ་ཐོབ་པར་གྱུར་ཏེ། ཞེས་པའི་བར།༽ དགུང་ལོ་༥༧།༥༨ ཆུ་སྦྲུལ། ༡༤༡༣འོན་གྱི་བཀྲ་ཤིས་དོ་ཁར་དབྱར་བཞུགས། དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་《བདེ་མཆོག་ལཱུ་ཨི་པའི་ཊཱིཀ་ཆེན་》《རྫོགས་ རིམ་རྣལ་འབྱོར་བཞི་ལྡན་གྱི་ཁྲིད་ཡིག་ཆེ་ཆུང་》《སྒྲུབ་ཐབས་》གསང་འདུས་རྩ་ རྒྱུད་ལ་དེའི་འགྲེལ་པ་ ༡《སྒྲོན་གསལ་》༢《མཆན་》༣《མཐའ་དཔྱོད་མྱུ་གུ་》༤《བསྡུས་དོན་》ཏེ་《མཆན་བཞི་སྦྲགས་ སམ་འགྲེལ་པ་བཞི་སྦྲགས་》ཞེས་གྲགས་པ་འབར་བ་དེ་ལ་སོགས་པ་མཛད་ཅིང་། རྒྱུད་སྡེ་བཞིའི་བཤད་པ་མཐའ་དག་རྒྱུན་མ་ཆད་པར་གསུངས་ནས་ལོ་གཉིས་བཞུགས་པར་ མངོན་ནོ། །འདི་ལ་རྒྱལ་དབང་ཆོས་རྗེས། རྟ་ལོའི་དབྱར་གནས་ལ་མི་དབང་གྲགས་རྒྱན་པས་གདན་དྲངས་པར་བཤད་ཀྱང་། འཇུག་ངོགས་ལས། དེའི་ཕྱི་ལོ་དེ་ཞེས་འབྱུང་བས། སྦྲུལ་ལོ་ལ་གོ་དགོས་སྙམ། ཤིང་རྟའི་ལོ་འདིར་རྗེ་དགེ་འདུན་གྲུབ་ཀྱིས་རྗེ་རིན་པོ་ཆེ་ལས་ཆོས་འབྲེལ་ཐོག་ མར་ཞུས། ༼འཇུག་ངོགས་(༡༡༠)ལས། དེའི་ཕྱི་ལོ་དེ་དབྱར་གནས། ཞེས་པ་ནས། (༡༡༡) བཀའ་དྲིན་ཆེ་བར་གྱུར་པ་ཡིན་ནོ། །ཞེས་པའི་བར། ༽ དགུང་ལོ་ ༥༩ ཤིང་ལུག ༡༤༡༥དབྱར་ཁར་དགའ་ལྡན་ཡངས་པ་ཅན་གྱི་རྨང་བཏིང་ནས་ཕྱག་བཏབ། 《ལམ་རིམ་འབྲིང་པོ་》《བདེ་མཆོག་བསྐྱེད་རིམ་འདོད་འཇོ་》མཛད་པར་གསུང་རྒྱུན་ལས་ བྱུང་ཚུལ་རྒྱལ་དབང་ཆོས་རྗེ་དང་དུང་དཀར་གཉིས་བཞེད། ༼འཇུག་ངོགས་(༡༡༡)ལས། ལུག་ལོའི་དབྱར། ཞེས་པ་ནས། (༡༡༡) མཐའ་ཡས་པ་བྱུང་བས། ཞེས་པའི་བར། ༽ ༡༤༡༦འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་གྱིས་དཔལ་ལྡན་འབྲས་སྤུངས་ཕྱག་བཏབ། དགུང་ལོ་ ༦༡ མེ་བྱ། ༡༤༡༧དགའ་ལྡན་ཡངས་པ་ཅན་གྱི་སྐུ་རྟེན་རྣམས་བཞེངས་པར་མཛད། ༼འཇུག་ངོགས་(༡༡༡)ལས། བྱ་ལོ་ཟླ་བ་གསུམ་པ། ཞེས་པ་ནས། (༡༡༥) ངོ་མཚར་དང་ལྡན་པར་གྱུར་ཏོ། ། ༽ དགུང་ལོ་ ༦༢ ས་ཁྱི། ༡༤༡༨དགེ་ལྡན་དུ་མདོ་སྔགས་ཀྱི་ཆོས་དཔག་ཏུ་མེད་པ་གསུངས་ཤིང་།《དགོངས་པ་རབ་གསལ་》 མཇུག་ལེགས་པར་རྫོགས་པར་མཛད། ལོ་དེའི་མཇུག་ནས་《གསང་འདུས་རྩ་རྒྱུད་འགྲེལ་པ་སྒྲོན་གསལ་》དང་བཅས་པ་པར་དུ་ བརྐོ་བའི་སྦྱོར་བ་བརྩམས་ཏེ་ལོ་རྗེས་མར་གྲུབ། དུང་དཀར་གྱིས་པར་དུ་བརྐོ་རྒྱུ་འདི་རྩ་འགྲེལ་ཙམ་མིན་པར་《འགྲེལ་པ་བཞི་སྦྲགས་》 ཡིན་པ་དང་། ལོ་དེར་《དགོངས་པ་རབ་གསལ་》ཡང་པར་དུ་བརྐོ་བར་བཞེད་ཀྱང་འཇུག་ངོགས་སུ་མིགསལ། 《དགེ་ལྡན་ཆོས་འབྱུང་》དུ་སེ་ར་ཐེག་ཆེན་གླིང་ཕྱག་བཏབ་པར་གསུངས། ༼འཇུག་ངོགས་(༡༡༥)ལས། ཁྱི་ལོ་ལ་སྡེ་སྣོད་འཛིན་པ། ཞེས་པ་ནས། (༡༡༦) ལེགས་པར་མཐར་ཕྱིན་པར་མཛད་ལ། ཞེས་སོ།།༽ དགུང་ལོ་ ༦༣ ས་ཕག ༡༤༡༩དཔྱིད་དང་དབྱར་གྱི་རིང་ལ་དཔལ་འཁོར་ལོ་བདེ་མཆོག་གི་རྩ་རྒྱུད་ལ་སོགས་པའི་ ཆོས་མང་དུ་གསུངས་ཤིང་།《བདེ་མཆོག་རྩ་རྒྱུད་ཀྱི་ཊཱིཀྐ་》མཛད། སྟོན་ཀར་སྟོད་ལུང་གི་ཆུ་ཚན་ལ་བྱོན་ནས། ཡུལ་དེ་དང་འབྲས་སྤུངས་སོགས་སུ་ཆོས་མང་དུ་གསུངས། བདེ་ཆེན་གསང་སྔགས་མཁར་གྱི་དགོན་པ་ཕྱག་བཏབ། བོད་ཟླ་ ༡༠ ཚེས་ ༢༥ ཉིན་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན། བྱམས་ཆེན་ཆོས་རྗེས་སེ་ར་ཐེག་ཆེན་གླིང་ཕྱག་བཏབ་པར་དུང་དཀར་གྱིས་བཞེད། རྒྱལ་ཚབ་རིན་པོ་ཆེ་དགའ་ལྡན་གྱི་ཁྲིར་ཕེབས། ༼འཇུག་ངོགས་(༡༡༦)ལས། ཕག་ལོ་ལ་སྡེ་སྣོད་འཛིན་པ་མཐའ་ཡས་པ་ལ། ཞེས་པ་ནས། (༡༤༦) མངོན་པར་མཆོད་པ་ཇི་ལྟ་བ་དེ་ལྟར་གྱུར་ཏོ། །ཞེས་པའི་བར། ༽

འདིར་གསལ་བཤད་དང་འབྲེལ་ནས་ཅུང་ཟད་དཔྱད་ན། རྒྱལ་དབང་ཆོས་རྗེ་དང་དུང་དཀར་རིན་པོ་ཆེ་སོགས་མཁས་པའི་དབང་པོ་མང་པོས་《ལམ་ རིམ་ཆེན་མོ་》མཛད་དུས་རྗེ་བདག་ཉིད་ཆེན་པོ་དགུང་ལོ་ ༤༦ བཞེས་པར་གསུངས་ཀྱང་། 《དད་པའི་འཇུག་ངོགས་》གོང་འོག་ཀུན་ལེགས་པར་བསྒྲིགས་ན་དགུང་ལོ་ ༤༥ ཡིན་པ་སོགས་རེའུ་མིག་ཏུ་བཀོད་པ་ལྟར་རོ། །ཁོ་བོས་འདི་ལྟར་དཔྱད་དེ། 《འཇུག་ངོགས་》(སེར་བྱེས་པར་མ་ཤོག་གྲངས་༦༧)ལས། དགུན་ལ་ཉེ་བ་སྤྲེའུ་ལོ་ཟླ་བ་བཅུ་པ་ལ་བབ་པ། དགུང་ལོ་སུམ་ཅུ་རྩ་དྲུག་པ་ལ། ཞེས་པ་དང་། (འདི་མན་ཆད་གོར་ཤད་ནང་ཤོག་གྲངས་ཙམ་ལས་མི་འགོད།) (༩༥) བྱི་བ་ལོ་ཟླ་བ་བཅུ་གཉིས་པའི་སྨད་ལ་ལྷ་སར་ཕྱག་ཕེབས། ཞེས་གསལ་བ་གཉིས་ཡ་མཐའ་དང་མ་མཐའ་བྱས་ཏེ་ལུགས་འབྱུང་ལུགས་ལྡོག་གི་ཚུལ་དུ་དུས་ བཞི་དང་ཟླ་གྲངས་སོགས་ཞིབ་ཏུ་བརྩིས་པ་སྟེ། དེའང་འཇུག་ངོགས་སུ་དཔྱིད་དུས་གསུངས་ས་རེ་ལ་དགུང་ལོ་རེའི་མགོ་བརྩིས་པས། (༦༧) དེའི་དགུན་དཔྱིད་རྣམས། ཞེས་པས་དགུང་ལོ་སོ་བདུན་༣༧དང་། (༦༩) དཔྱིད་འོལ་ཁར་བྱོན། ཞེས་པས་དགུང་ལོ་སོ་བརྒྱད༣༨། (༧༣) གནས་དེར་ཟླ་བ་དགུ་ཙམ་བཞུགས། ཞེས་པས་དགུང་ལོ་སོ་བརྒྱད་ལོའི་དབྱར་སྟོན་དགུན་སྟོད་དང་། (༧༣) ལོ་རོ་སྟོད་ལྟག་ཏུ་ཟླ་བ་ལྔ་ཙམ་བཞུགས། ཞེས་པས་དགུན་སྨད་དང་དགུང་ལོ་སོ་དགུ་༣༩པའི་དཔྱིད་བཅས་བཞུགས་པར་བསྟན། (༧༧) དེ་ནས་དཔྱིད་གཉལ་གྱི་སྒང་། ཞེས་པས་དགུང་ལོ་བཞི་བཅུ་༤༠པ་དང་། (༧༩) ལྷ་སྡིངས་སུ་ལོ་གཅིག་བཞུགས། ཞེས་པས་དགུང་ལོ་བཞི་བཅུ་༤༠པའི་སྟོན་ནས་ཞེ་གཅིག་༤༡པའི་དབྱར་མཇུག་བར་བཞུགས་ པར་བསྟན། (༨༡) དགུན་དཔྱིད་མགར་ཕུག་ཏུ། ཞེས་པས་དགུང་ལོ་ཞེ་གཉིས་༤༢དང་། (༨༢) དེ་ནས་དེར་དཔྱིད། ཅེས་པས་དགུང་ལོ་ཞེ་གསུམ་༤༣དང་། (༨༣) དེའི་ཕྱི་རེས་སོ་ག ཞེས་པས་དགུང་ལོ་ཞེ་བཞི་༤༤དང་། (༨༥) དཔྱིད་མགོ་འབྲི་ཁུང་དུ་བྱོན། ཞེས་པས་དགུང་ལོ་ཞེ་ལྔ་༤༥དང་། (༨༨) རྗེ་འདིས་དབྱར་དགུན་གཉིས་ཙམ་དེ་ཉིད་དུ་བཞུགས། ཞེས་པས་དགུང་ལོ་ཞེ་ལྔ་༤༥པའི་དགུན་ནས་ཞེ་དྲུག་༤༦པའི་དབྱར་དང་དགུན་ཁའི་བར་ བཅས་བཞུགས་པར་བསྟན་ཏེ། དེ་ལྟར་མིན་ན། ཤོག་གྲངས་(༨༧) ལ་གསལ་བ་ལྟར། དགུང་ལོ་ཞེ་ལྔ་༤༥པར་གནམ་རྩེ་ལྡེང་ནས་དགག་དབྱེ་ཐོན་ཏེ་རྭ་སྒྲེང་དུ་ཕེབས་ སྐབས་སྟོན་ཀ་ཡིན་པའི་ཕྱིར། དེར་ལོ་དེའི་དབྱར་ཇི་ལྟར་གནས། དེ་བཞིན་དབྱར་ཐོག་དང་དགུན་ཐོག་གཉིས་ཙམ་དེར་བཞུགས་ཟེར་བའང་མི་འཐད་དེ། དེ་ལྟར་ན་སྟོན་ཀ་སོགས་གང་དུ་བཞུགས་བསྟན་རྒྱུ་མེད་པ་དང་། འོག་མ་དང་ཡང་སྦྲེལ་མི་ནུས་པ་སོགས་ཀྱི་སྐྱོན་མང་ངོ་། ། (༨༨) ཆོ་འཕྲུལ་ཆེན་མོའི་དུས་མཆོད། ཅེས་པས་དགུང་ལོ་ཞེ་བདུན་༤༧དང་། (༩༡) ལོ་གཉིས་བཞུགས་ནས། ཞེས་པས་དགུང་ལོ་ཞེ་བདུན་༤༧པའི་སྟོན་ཀ་ནས་ཞེ་དགུ་༤༩པའི་སྟོན་ཀ་བར་བསྟན། (༩༡) སོ་ག་སྐྱི་ཤོད་དུ་བྱོན། ཞེས་པས་དགུང་ལོ་ལྔ་བཅུ་༥༠པ་དང་། (༩༣) དེ་ལྟར་སེ་ར་ཆོས་སྡིངས་སུ་ལོ་གཉིས་ཙམ་བཞུགས་ནས། ཞེས་པས་དགུང་ལོ་ལྔ་བཅུ་༥༠པའི་དབྱར་གནས་མཛད་པ་ནས་ང་གཉིས་༥༢པའི་དགག་དབྱེ་བར་ བཞུགས་པར་བསྟན་པས། ཤིན་ཏུ་འགྲིག་པར་འགྱུར་རོ། ། འདིར་སྨྲས་པ། མང་ཐོས་རལ་པའི་ལྗིད་ཀྱིས་ནོན་གྱུར་ཅིང་། །གྲགས་སྙན་ང་རོས་ས་གསུམ་གཡོ་རྣམས་ཀྱང་། །ལོ་ཟླའི་ས་རིས་གཤོངས་སུ་སྦས་པ་དག །མ་གཟིགས་ནམ་མཁའི་དབྱིངས་ནས་མཆོངས་འདུག་པས། །གཞོན་ནུས་དབྱར་འབུ་བརྐོ་བའི་ངང་ཚུལ་བཞིན། །སྦས་དོན་ལོ་ཟླའི་ས་རིས་བཤང་བའི་ཚེ། །སྨྲ་བའི་གཙུག་རྒྱན་མཁས་གྲུབ་ཆོས་རྗེ་ཡང་། །དགྱེས་པའི་འཛུམ་ཞལ་ཕྱོགས་འདིར་གཡོ་བར་ངེས། །འདིར་འབད་ལེགས་བྱས་ཁ་བ་དུང་ཟླ་བཞིན། །བསགས་པའི་ཟེར་གྱིས་རང་གཞན་རྨོངས་མུན་རྣམས། །བསལ་ཏེ་རྣམ་ཀུན་མཁྱེན་པའི་རྒྱལ་ས་ཆེ། །མྱུར་དུ་ཟིན་པའི་རྒྱུ་རུ་འགྱུར་བར་སྨོན། །ཞེས་པ་འདིའང་སེར་བྱེས་ཏྲེ་ཧོར་མཁར་སྒང་བསོད་ནམས་དབང་ལྡན་ནམ་རིགས་པའི་སྨྱུ་ གུས་རྒྱུགས་སྤྲོད་ཀྱི་ཉེར་བསྡོགས་སུ་དམིགས་ཏེ་རྗེ་རིན་པོ་ཆེའི་རྣམ་ཐར་ལ་ རྟོག་ཞིབ་བྱེད་པ་ན་མི་མཐུན་པ་མང་དུ་མཐོང་ནས་ཉིན་ཤས་རིང་དཔྱད་གཞིའི་ཡིག་ཆ་ གང་མང་ལྟ་ཀློག་དང་འབྲེལ་འདི་ལྟར་བསྒྲིགས་པའི་ངལ་བ་དང་དུ་བླངས་ཏེ། ༢༠༡༡།༩།༦ ཉིན་རྫོགས་པར་བྱས།

Tags:

🔥 Trending searches on Wiki བོད་སྐད:

རྗེ་རིན་པོ་ཆེའི་ལོ་ཚིགས་ཁྱིམ་ཐབ་མེད་པར་གནས་པའི་མི་ཚེ།ཁྲི་སྲོང་ལྡེ་བཙན།ལྷ་བསང་།རྒྱུ་སྐར།ཁོ་ལོམ་བི་ཡ།གངས་རིན་པོ་ཆེ།དབང་པོ་ལག་པའཛམ་གླིང་སྤྱི་བསངས།བྷེ་ལ་རསུ།མར་མེ་འབུལ་ཚུལ་ལས་ཀྱི་འབྲས་བུ་གསུམ་ཀྲུང་གོའི་རྒྱལ་རབས།ཤུག་གསེབ་དགོནགྲངས་གནས་ཀྱི་ཀློག་སྟངས་བོད་ཀྱི་འདྲ་གཟུགས་ཡི་གེ་བྱིས་པའི་བཤལ་ནད་རྩམ་པ།ཨིན་ཌི་ཡཱ་ན།དཔལ་ལྡན་ལྷ་མོ།༢༠༠༡ལོ།དོམ་ཁྲ༡༩༨༩ཀུན་གཞིའི་རྣམ་ཤེས་ཁཱར​་ལ་མར་ཁེ་སི་ལག་ཆ།རྒྱ་གར་ཆོས་འབྱུང་གསལ་བྱེད་ཀྱི་རྒྱན་བཅུ་གཉིས་བཀའ་བརྒྱུད་པ།ཨམ་ཕེར།ཙོང་རིལ།འདི་ན་ཡང་དྲག་ཏུ་མཆོང་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་ཞིག་འདུགགཏེར་ཆུ།རིག་པ་ངོ་སྤྲོད་ཅེར་མཐོང་རང་གྲོལ་མི་ལ་རས་པ་སྒྲིབ་གཉིས་་ཀརྨ་པ་མི་བསྐྱོད་རྡོ་རྗེ་མོ་སི་ཁོ།ཀླ་ཀློ་ཁ་༢༠༡༩ལོ།ཆོས་ཀྱི་ཕུང་པོ་ཕ་སི་ཁལ།ཀི་རྒི་ཟ་སྟན།ཟླ་༨ཚེས་༢༥ཉིན་རྡོ་རྗེ་འཇིགས་བྱེད།དགེ་བ་བཅུ་ཏཱ་ལའི་བླ་མ་ཡ་ཧུ་དྷ་པའི་སློབ་གསོ།གནུབས་སངས་རྒྱས་ཡེ་ཤེས་བཻ་རོ་ཙ་ན་སྤྱན་རས་གཟིགས་བཅུ་གཅིག་ཞལ།འཇམ་དཔལ་མཚན་བརྗོད་ཨརྱ་དེ་བ་བོད་དུ་བཀའ་གདམས་པའི་གྲུབ་མཐའ་བྱུང་ཚུལ་མཐུན་གསུམདབྱིན་ཇི་མཉམ་འབྲེལ།རྒྱལ་སྲས་ལག་ལེན་སོ་བདུན་མ་ལི་སོ་ཐོ།ཀླུ་སྒྲུབ་དགོངས་རྒྱན།ཟླ་༨ཚེས་༥ཉིན་དམྱལ་ཁམས་བཅོ་བརྒྱད།བཀའ་བརྒྱུད་ཆོས་འབྱུང་མདོར་བསྡུས་ལམ་གྱི་གཙོ་བོ་རྣམ་གསུམ་གྱི་སྙིང་འགྲེལ་སྐལ་བཟང་རྣ་བའི་དགའ་སྟོན།།ཝ་ཐི།བྱིས་སྒྲུང་༡༩༩༦ལོ།🡆 More