དམུ་དགེ་བཀྲ་ཤིས་འཁོར་ལོའི་དགོན་གྱི་བྱུང་བ་བཤེས་གཉེན་དམ་པའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ།།

དམུ་དགེ་བཀྲ་ཤིས་འཁོར་ལོའི་དགོན་གྱི་བྱུང་བ་བཤེས་གཉེན་དམ་པའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །

རྒྱལ་ཀུན་བསྐྱེད་མཛད་རྗེ་བཙུན་མཁྱེན་པའི་གཏེར། །ཐུབ་བསྟན་པདྨོའི་ཚལ་ཆེར་རྒྱས་མཛད་པ། མི་ཡི་གར་རོལ་བློ་བཟང་སྣང་བའི་དཔྱིད། །གྲགས་པའི་དཔལ་གྱུར་དབྱེར་མེད་བླ་མར་འདུད། རླབས་ཆེན་སྤྱོད་པ་མཐུ་ནུས་བྱེ་བའི་གཟིས། ། ལྟ་ངན་མུན་བཅོམས་བློ་བཟང་རིང་ལུགས་ཆེ། ། ཀུ་མུད་ཕྱོགས་བརྒྱར་བཞད་པའི་དཔལ་ཡོན་ཅན། ། སྨྲ་བའི་ཟླ་བ་ངག་དབང་གྲགས་པར་འདུད། ། ལྟ་ལོག་གཉིས་འཐུང་ཕྱོགས་ཀྱི་ཀླད་པ་འགེམས་པའི་གྲོང་འཇུག་བདག་པོ་མཆོག ། ཡོན་ཏན་རྒྱ་མཚོ་རལ་བའི་ཁུར་བརྗིད་རྒྱལ་བ་རྒྱ་མཚོ་གངས་རིའི་སྤོར། ། ལེགས་འགྱིང་མདོ་རྒྱུད་རྒྱ་མཚོ་ས་གསུམ་ཀུན་ནས་གཡོ་བའི་སྤར་ཁྱིམ་ཅན། ། དཔལ་ལྡན་གདོང་ལྔའི་དབང་བོ་མཉྫུ་ཤྲཱི་བསོད་ནམས་རྒྱ་མཚོར་འདུད། ། བཅུ་གཉིས་བདག་པོ་འཇམ་དཔལ་དབྱངས་དངོས་ངག་གི་དབང་ཕྱུག་འཆད་རྩོད་རྩོམ་གསུམ་ལེགས་བརྩོན་བརྩོན་འགྲུས་འཕགས། ། བཅུ་ཕྲག་རིག་པའི་སྦྲང་རྩི་དཀོན་པའི་མཆོག་འགྱེད་ཟླ་བྲལ་འཇིགས་པ་མེད་པ་སྨྲ་དབང་དབང་བོའི་ཞབས། ། བློ་བཟང་ཐུབ་བསྟན་འཛིན་མར་འཇིགས་པ་མེད་པར་རྒྱ་མཚོའི་གོས་ཅན་སྣང་བའི་དཔལ་སྟེར་སྟེར་མཁས་མཆོག ། བསྐལ་བཟང་ཀུན་བཟོད་ཡངས་པོར་ཐུབ་བསྟན་པད་ཚལ་རྒྱས་བྱེད་འོད་སྟོང་དབང་ཕྱུག་སོགས་ལ་སུ་མི་གུས། ། ཐུབ་བསྟན་པད་ཚལ་རབ་རྒྱས་མགོན། ། བསོད་ནམས་བཀྲ་ཤིས་འོད་སྟོང་གཟིས། ། བློ་བཟང་རིང་ལུགས་དགེ་ལེགས་བཅུད། ། འགྱེད་མཛད་རྣམ་གཉིས་གུས་ཕྱག་འཚལ། ། སྐལ་ལྡན་གདུལ་བྱ་བཟང་བོ་ནོར་འཛིན་གཞིར། ། མདོ་སྔགས་རིན་ཆེན་ལོ་ཏོག་དཔལ་ཡོན་སྤེལ། ། ལེགས་འབྱོར་བཅུ་ཕྲག་པཟང་བོའི་སྤྲིན་འཁྲིགས་པས། ། ཐུབ་རྒྱས་གྲུ་ཆར་འབེབ་མཁས་གུས་ཕྱག་འཚལ། ། སྙིགས་དུས་ལས་རླུང་དྲག་པོས་གློ་བུར་དུ། ། ལུས་ཅན་ཡོངས་ལ་རྨོངས་མུན་ལྷོ་སྤྲིན་བཞིན། ། འཐིབ་པ་བསལ་བྱེད་རྒྱལ་བསྟན་འོད་པོ་ཆེ། ། སླར་ཡང་སྤྲོམཛད་བཅུ་གཉིས་བདག་པོ་མཆོག ། འགྲོ་བའི་མགོན་དེར་སླར་ཡང་ཕྱག་བགྱི་འོ། ། བར་ཆད་ཀུན་སེལ་མྱུར་མཛད་ཡེ་ཤེས་མགོན། ། ཁྲིམས་ལྡན་བུ་བཞིན་སྐྱོང་བའི་རྣམ་ཐོས་སྲས། ། དགེ་སྡིག་ཤན་འབྱེད་ཆོས་རྒྱལ་ཕྱི་ནང་གསང་། ། རེ་མ་ཏཱི་སོགས་སྲུང་མས་རྟག་ཏུ་སྲུངས། ། བཀྲ་ཤིས་འཁོར་ལོའི་ཆོས་སྡེ་ཆེའི། ། སྔོན་བྱུང་མཁས་པའི་བྱ་བ་ཟབ། ། བདག་མགྲིན་ཕྲ་བས་མི་ཤོང་ཡང་། ། མདོར་འསྡུས་ཙམ་ཞིག་གླེང་བར་བྱ། །

དམུ་དགེ་དགོན་པ་ཕྱག་འདེབས་མཛད་པ་བོའི་སྐོར།

དེ་ཡང་དམུ་དགེ་བཀྲ་ཤིས་འཁོར་ལོའི་དགོན་གྱི་བྱུང་བ་མདོར་བསྡུས་ཅུང་ཟད་འབྲི་བ་ལ། ཐོག་མར་དགོན་སྡེ་འདི་ཉིད་ཕྱག་འདེབས་མཛད་པ་བོ་ནི། བློ་གྲོས་ཀྱི་པད་ཚལ་རབ་ཏུ་རྒྱས་ཤིང་མདོ་སྔགས་རིག་གནས་ཀྱི་སྦྲང་རྩིས་ཐུགས་རྒྱུད་ཕྱུར་བུར་གཏམས་པ། གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པ། ༧ རྗེ་ཚ་ཁོ་བ་མཁན་ཆེན་ངག་དབང་གྲགས་པ་ཡིན་ལ། ཁོང་གི་རྣམ་ཐར་གསལ་བོ་འཁྲུངས་ལོ་སོགས་ཀྱི་དཔེ་མི་འབྱོར་ཡང་། ༧ རྗེ་མཉམ་མེད་ཙོང་ཁ་བ་ཆེན་པོའི་སྲས་ཀྱི་ཐུ་བོ་སྔ་ཚར་བཞི་དང་། འཕྲིན་ལས་ནམ་མཁའ་དང་མཉམ་པའི་སྲས་ཆེན་བདུན་གྱི་གྲས་ཡིན་པ་རྣམ་ཐར་ལོ་རྒྱུས་ཆོས་འབྱུང་སོགས་སུ་མགྲིན་གཅིག་ཡིན་ཏེ། ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པས་མཛད་པའི་འཇིགས་བྱེད་ཆོས་འབྱུང་ལས། ཚ་ཁོ་དཔོན་པོ་ངག་དབང་གྲག་པ། མདོ་སྨད་པ་གྲགས་པ་བློ་གྲོས། ལྡོང་སྟོན་ཛྙཱ་ན་ཤྲཱི། དགེ་བཤེས་ཤ་སྟོན་ཏེ། བྱ་བྲལ་ལ་མ་ཐེགས་གོང་གི་སྲས་སྔ་ཚར་བཞི། ཞེས་དང་། འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན། མཚུངས་མེད་ཆོས་རྗེ་རྒྱལ་མཚན་བཟང་བོ། རྗེ་བཙུན་ཤེས་རབ་སེང་གེ། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ། ཚ་ཁོ་དཔོན་པོ་ངག་དབང་གྲགས་པ། སྟོད་ཤེར་སེང་། སྨད་ཤེར་སེང་དང་བདུན་ནི་འཕྲིན་ལས་ནམ་མཁའ་དང་མཉམ་པའི་སྲས་ཆེན་བདུན། ཞེས་གསུངས། རབ་བྱུང་དྲུག་པའི་ནང་། སྤྱི་ལོའི་དུས་རབས་བཅུ་བཞི་བར་ཁུ་འཇོའི་རིགས་སུ་བཙན་ལྷའི་སུམ་མདོར་འཁྲུངས། ཁུ་འཇོ་དང་སྦྲ་དོན་གཅིག ཡང་འཇིགས་བྱེད་ཆོས་འབྱུང་ལས། ཚ་ཁོའི་དཔོན་པོ་ངག་དབང་གྲགས་པ་ནི། ཚ་ཁོའི་རྒྱལ་བོའི་རིགས་སུ་འཁྲུངས་ཤིང་། དབུས་གཙང་དུ་གསུང་རབ་ལ་སྦྱངས་པས་མཁས་གྲགས་ཤིན་ཏུ་ཆེ། བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་བརྟན་པོ་མངའ། ཞེས་དང་།


མདོ་སྨད་ཀྱི་ཕྱོགས་ན་གྲགས་ཆེ་བའི་དགོན་སྡེ་མང་དུ་བཙུགས་ཏེ་ཇ་ཕུ་སྟོད་དུ་ད་ཚང་ལྷུན་གྲུབ་གླིང་ཟེར་བའི་དགོན་པ་དང་། ཇ་ཕུའི་སྐེད་ན་བ་མགོ་དགོན་པ་དང་གཉིས་ད་ལྟའང་རྒྱས་ཤིང་། ཇ་ཕུའི་སྨད་ན་སུམ་མདོ་དགོན་བཏབ་པ་དེང་སང་མི་སྣང༌། དམུ་དགེའི་ཁོག་ན་དམུ་དགེ་དགོན་ཡང་བཏབ་པར་གྲགས་ལ་ཆུང་ངུ་མང་སྐད། དེ་ལྟར་བསྟན་པ་རྒྱས་པར་མཛད་པས་གདམས་ངག་གི་རྒྱུན་དབུས་གཙང་ཀུན་ན་བཞུགས་ཤིང་། བདག་གིས་ཀྱང་ཅི་རིགས་ཐོབ་པོ། །དགོན་སྡེ་རྣམས་ཀྱང་ད་ལྟའི་བར་དུ་རྒྱས་སོ། །ཞེས་གསུངས། རྔ་སྟོད་དུ་ཨ་འདུས་དགོན་ནམ་མཚེ་དགོན་གསང་ཆེན་བཀྲ་ཤིས་གླིང་ནི། དགོན་པ་བརྒྱ་རྩ་བརྒྱད་ཕྱག་འདེབས་མཛད་པའི་ཐོག་མར་དགོན་སྡེ་འདི་ཉིད་བཏབ་པས་ཡག་མགོ་དགོན་དུ་གྲགས། མཆོད་རྟེན་ལྕོགས་དང་། གདོང་རི་དགེ་ལྡན་དམ་ཆོས་གླིང༌། ཟུང་ཆུའི་མཁར་ལུང་ཕྱོགས་སུ་མཁར་ཡག་རི་ཁྲོད་དང༌། ཞང་ངུར་ཕུ་ཏོའི་བོན་དང་། རོང་ཆུ་ནག་ཏུ་ཙས་རུར་ས་དམར་དགོན། ཁྲོ་ཆུའི་ཕྱོགས་སུ་ཀླུ་བཟོའི་དགོན། ཟངས་དཀར་ལ་ཁང་དམར་དགོན།


རྒྱལ་རོང་ཕྱོགས་སུ་སྐུ་གདུང་རིན་པོ་ཆེ་བཞུགས་ཡུལ་ཚ་ཁོ་དགོན་དགའ་ལྡན་དར་རྒྱས་གླིང༌། བ་མགོ་དགོན། ས་མགོ་དགོན། ཏམ་མགོ་དགོན། བཙན་ལྷར་སུམ་མདོ་དགོན། འདི་རྗེས་སུ་སྤོས་ནས་བསོད་ནམས་ཡག་དགོན་པ་ཡིན་པར་བཤད། མིས་ཐཱོ་དགོན། དམ་པ་དང་ཐག་ཉེ་སར་མཆོད་རྟེན་ས་དགོན་དང་། གྲུབ་མནོས་དགོན། ཚོ་བདུན་དགོན་པའི་ཐག་ཉེ་སར་མཆོད་རྟེན་ཆེ་བ་ཞབས་ལྷ་ཁང་ཅན་དང་། དེ་སོགས་དགོན་སྡེ་བརྒྱ་རྩ་བརྒྱད་བཏབ་པའི་དམ་བཅའ་གྲུབ་པས་ད་ཚང་ལྷུན་གྲུབ་གླིང་ཕྱག་འདེབས་མཛད། དེ་ལྟར་ཡུལ་ཕྱོགས་མང་བོར་ཕེབས་ནས་དགོན་སྡེ་བརྒྱ་རྩ་བརྒྱད་བཏབ་པོ། །


རྗེ་འདི་དབུས་གཙང་ལ་ཕེབས་ཏེ་གསུང་རབ་ལ་སྦྱང་བ་ནི། རྗེ་བདག་ཉིད་ཆེན་པོ་འོན་གྱི་ལྷ་ཁང་ཀེ་རུར་བཞུགས་སྐབས། ཚ་ཁོ་དཔོན་པོ་སོགས་སྡེ་སྣོད་འཛིན་པ་མང་བོ་ཞིག་ལ་ཕར་ཚད་དབུ་མ་སོགས་ཀྱི་ཆོས་མང་དུ་གསུངས། དེ་དུས་ཆུ་ཕག་(1383)ལོ་ཡིན། རྣམ་ཐར་དད་པའི་འཇུག་ངོགས་ལས། སྐབས་ཤིག་ཏུ། ཚ་ཁོ་དཔོན་པོ་མཁན་ཆེན་ངག་དབང་གྲགས་པ་ཕྱག་ཕྱི་ལ་ཁྲིད་ནས། ལྷ་སར་ཇོ་བོ་ཐུགས་རྗེ་ཆེན་པོ་རང་བྱོན་ལྔ་ལྡན་གྱི་དྲུང་ནས་བསྙུང་གནས་མང་དུ་མཛད། དེ་དུས་ནུབ་གཅིག་གི་ཚེ་དཔོན་སློབ་གཉིས་ཀས་གསོལ་བ་དྲག་ཏུ་བཏབ་ནས་མནལ་ལམ་གྱི་ལྟས་བརྟགས་པས། ཚ་ཁོ་བ་ལ་དུང་དཀར་ཆེནཔོ་གཉིས་ནམ་མཁའ་ལས་བབ་ནས་ཁོང་གི་ཐུ་བར་ལྷུང་བྱུང་བ། དེ་མ་ཁད་དེ་གཉིས་འདྲེས་ནས་གཅིག་ཏུ་སོང་འདུག དེ་ལག་ཏུ་བླངས་ནས་བུས་པས། སྒྲ་ཆེན་པོ་དཔག་ཏུ་མེད་པ་གྲག་པ་ཞིག་རྨིས་འདུག་སྟེ། ཕྱིས་ཁོང་གིས་རྒྱལ་མོ་རོང་གི་སྨད་དུ་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་དེ་ཕྲིན་ལས་རྒྱ་ཆེན་པོ་བྱུང་འདུག་པ་དེའི་ལྟས་ཡིན་འདྲ། ཞེས་གསུངས་སོ། །འདི་སྐབས་རྗེ་ཙོང་ཁ་བ་དགུང་ལོ་ཉེར་བརྒྱད་པ་ཤིང་བྱི་(1384)ལོ་ཡིན།


མཉམ་མེད་ཙོང་ཁ་བ་ཆེན་པོས། བྱང་ཆུབ་སེམས་དཔའ་རྟག་ངུའི་རྟོགས་བརྗོད་མཛད་དུས་དྲུང་ཡིག་གནང་བ་ནི། རྟོགས་བརྗོད་དེའི་མཛད་བྱང་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུའི་རྟོགས་པ་བརྗོད་པ་སྙན་དངགས་དཔག་བསམ་གྱི་ལྗོན་པ་ཞེས་བྱ་བ་འདི་ནི། དལ་འབྱོར་གྱི་ལྷུན་པོ་བསླབ་གསུམ་ནོར་བུའི་ཡོན་ཏན་དུ་མས་བརྗིད་ཅིང་ལུང་དང་རིགས་པ་བསྟན་པ་རྒྱ་མཚོའི་དཔལ་ལས་འཁྲུངས་པ། དགེ་བའི་བཤེས་གཉེན་བྱང་ཆུབ་བླ་མས་བསྐུལ་ནས། མཐོ་རིས་ཀྱི་ཡོན་ཏན་དུ་མ་དང་ལྡན་ཞིང༌། ཚུལ་ཁྲིམས་དང་ཐོས་པའི་རྒྱན་གྱིས་མཛེས་པ་དགེ་བའི་བཤེས་གཉེན་འཇམ་དཔལ་གྱིས་མཐུན་རྐྱེན་ཉེ་བར་སྦྱར་ཏེ། མི་འཕྲོག་པའི་ཁྱེན་རབ་དང་ཐུགས་རྗེ་ཕུན་སུམ་ཚོགས་པའི་བདག་ཉིད་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། ཆོས་ཀྱི་རྗེ་དོན་གྲུབ་རིན་ཆེན་གྱི་ཞབས་རྡུལ་སྤྱི་བས་ལེན་ཅིང་། སྐད་གཉིས་སྨྲ་བའི་དབང་བོ་ནམ་མཁའ་བཟང་བོ་དང༌། ཐམས་ཅད་མཁྱེན་པ་དཔལ་ལྡན་ས་སྐྱ་བ་གཞོན་ནུ་བློ་གྲོས་ཀྱི་དྲིན་ལས་སྙན་དངགས་དང་ཚིག་རྒྱན་གྱི་བསྟན་བཅོས་ལ་བློའི་སྣང་བ་ཐོབ་པ། ཤར་ཙོང་ཁ་བ་བློ་བཟང་གྲགས་པའི་དཔལ་གྱིས་ཆོས་གྲྭ་ཆེན་པོ་བདེ་བ་ཅན་དུ་སྦྱར་བའི་ཡི་གེ་བ་ནི་བློ་གྲོས་ཀྱི་བང་མཛོད་སྔགས་དང་མཚན་ཉིད་དུ་མའི་ནོར་བུས་གཏམས་པའི་སྙན་ངག་མཁན་ཚ་ཁོ་བ་ངག་དབང་གྲགས་པའོ། །ཞེས་གསུངས་སོ། །རོང་བོ་ལྕེ་ནག་པ་རབ་ཏུ་བྱུང་བའི་ལས་གྲྭ་བ་མཛད་དེ། རོང་བོའི་རྣམ་ཐར་དཔག་བསམ་ཡོངས་འདུའི་ལྗོན་པར། རབ་ཏུ་མ་བྱུང་བ་རྗེ་ཉིད་ལ་ཞུས་པས། ཚ་ཁོ་དཔོན་པོ་ངག་དབང་གྲགས་པ་དང༌། རྟོགས་ལྡན་འཇམ་དཔལ་རྒྱ་མཚོ། འཇམ་དཀར་བ་དཔལ་ལྡན་བཟང་བོ། གནས་བརྟན་རིན་ཆེན་རྒྱལ་མཚན་པ་སོགས་ཀྱི་སྤྱན་སྔར་རབ་ཏུ་བྱུང༌། ཞེས་གསུངས། ལྗགས་ནག་པ་རབ་ཏུ་བྱུང་དུས་ཆུ་སྤྲེལ་(1592)ལོ་ཡིན།


རོང་བོའི་རྣམ་ཐར་དཔག་བསམ་ཡོངས་འདུས་ལྗོན་པར། དེ་ནས་ཚ་ཁོའི་དཔོན་ནི་སྟག་ལོའི་ལོ་འགོར་རང་ཡུལ་དུ་བྱོན། རོང་བོ་ལྕེ་ནག་པ་ནི་ཡོས་ཀྱི་དབྱར་ཟླ་ར་བ་ལ་མར་ཕེབས་པ་ཡིན་ནོ། །ཞེས་དང་། མདོ་སྨད་ཆོས་འབྱུང་དུའང་འདི་བ་ལྕགས་སྟག་(0410)ལོ་མགོར་མདོ་སྨད་དུ་བྱོན། ཕྱི་ལོ་ཡོས(1411)ཀྱི་དབྱར་ཟླ་ར་བ་ལ་ལྕེ་ནག་པ་ཡང་བྱོན། ཞེས་པ་རྣམ་ཐར་ཡོངས་འདུས་ལྗོན་པར་བསྟུན་པ་ཡིན་གསུངས་མོད། ལྕགས་སྟག་(1410ལོ་ནི་རྗེས་དགའ་ལྡན་བཏབ་པའི་ཕྱི་ལོ་ཡིན་ལ། དེའི་སྔོན་ས་སྟག་(1398)ལོར་རྗེས་རྟེན་འབྲེལ་བསྟོད་པ་བརྩམས། དེ་ནས་སྟོན་འོལ་ཁའི་འགར་ཕུག་ཏུ་བྱོན། འོལ་ཁའི་དགེ་འདུན་རྣམས་ལ་ཆོས་གསུངས། དེ་ནས་གཡེའི་ཏེའུ་རར་བྱོན། དབྱར་བཞུགས་མཛད། གཡེའི་དགེ་འདུན་རྣམས་ལ་ཆོས་མང་དུ་གསུངས། རྗེ་གཡེའི་ཏེའུ་རར་བཞུགས་དུས་རྗེ་དགུང་ལོ་ཞེ་གསུམ་པ་ས་ཡོས་(1399)ལོ་ཡིན་པར་གསལ། ངག་དབང་གྲགས་པས་དགོན་སྡེ་རྣམས་འདིའི་སྔོན་ནས་བཏབ་པ་ཡིན་ཏེ། རྗེ་ཏེའུ་རར་བཞུགས་སྐབས་ངག་དབང་གྲགས་པས་རྒྱལ་མོ་ཚ་བ་རོང་ནས་དགོན་སྡེ་གྲངས་བཅད་ཅིག་འཛུགས་རྒྱའི་དམ་བཅའ་ཕུལ་པ་ལྟར་གྲུབ་པའི་གནས་ཚུལ་ཞུ་ཡིག་ཕུལ་བའི་ལན་དུ། འཕྲིནཡིག་གནང་བ་ལས། བློ་ལྡན་ཁྱོད་ཀྱིས་ཐུབ་བསྟན་ཉི་མའི་འོད། །གང་དང་བྲལ་བའི་མཐའ་འཁོབ་མུན་གླིང་དུ། །ཐུབ་པའི་བརྟུལ་ཞུགས་དྲི་མེད་འཛིན་པ་ཡི། །ཤཱཀྱའི་སྲས་ཀྱིས་གང་བར་བྱས་ཞེས་གྲགས། །ཞེས་དང༌། ཨེའི་ས་ཕྱོགས་དབེན་གནས་ཏེའུ་ར་ནས་སྤྲིངས་པ་དགེ་ལེགས་སུ་གྱུར་ཅིག །ཅེས་གསུངས་པ་ལྟར། དེ་དུས་ངག་དབང་གྲགས་པས་དགོན་པ་རྣམས་བཏབ་ཚར་བ་ཤིན་ཏུ་གསལ་ལོ། །

དེའི་རྗེས་སུ་ཡང་མཉམ་མེད་ཙོང་ཁ་བ་ཆེན་པོས། ཆུ་རྟ(1402)ལོར་ལམ་རིམ་ཆེན་མོ་མཛད། དེ་དུས་ངག་དབང་གྲགས་པ་མར་ཕེབས་ཟིན་པས་ལམ་རིམ་གྱི་དཔེ་ཚ་ཁོ་བ་ལ་མར་གནང་བ་སྤྱི་བོར་སྨིན་པའི་ལན་ཏུ་འཕྲིན་ཡིག་དང་། གོས་དམར་སྨུག་དང༌། མཆིལ་ལྷམ་ཟུང་བཅས་ཡར་ཚ་ཁོ་བའི་སྐུ་དྲིན་གྱིས་རབ་ཏུ་བྱུང་བ་འགའི་ཕྱག་ཏུ་ཕུལ་བའི་ཕྲིན་ལན་ཡང༌། རྗེ་རང་ཉིད་ཀྱིས་གསུངས་པ་གསུང་ཐོར་བུར་བཞུགས་པ་ལྟར་རོ། །


ཚ་ཁོ་བ་ངག་དབང་གྲགས་པའི་རྣམ་ཐར་ནི། རྗེ་མཉམ་མེད་ཙོང་ཁ་བ་ཆེན་པོའི་མཛད་པ་རྣམས་དང་གུང་བསྒྲིགས་ནས་ཤེས་དགོས། རྗེ་ཚ་ཁོ་བ་མཁན་ཆེན་ངག་དབང་གྲགས་པ་ནི། རྗེ་མཉམ་མེད་ཙོང་ཁ་བ་ཆེན་པོའི་སྲས་ཀྱི་ཐུ་བོ་ཡིན་ཀྱང༌། རྫིང་ཕྱིའི་ཇོ་བོ་བྱམས་པར་ཞིག་གསོས་མཛད་སྐབས་དང་། གཉལ་གྱི་ཕྱོགས་སུ་ཆོས་གསུངས་སྐབས་དང་། ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཚུགས་སྐབས་དང་། གདན་ས་ཆེན་པོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ཕྱག་འདེབས་མཛད་སྐབས་སོགས་སུ་དབུས་གཙང་དུ་བཞུགས་ཡོད་པ་རྗེ་ཡབ་སྲས་ཀྱི་རྣམ་ཐར་གང་དུ་ཡང་མི་སྣང་ཡང་ཐ་ན་གསུང་སྒྲོས་ཙམ་ཡང་མ་མཆིས་སོ། །བྱ་བྲལ་ལ་མ་ཐེགས་གོང་ཞེས་པའི་ཚིག་ཟུར་ལས་ཀྱང་ཆུ་སྤྲེལ་(1392)ལོ་ཡས་མས་སུ་ཨ་མདོར་ཕེབས་པར་མངོན། ད་ལྟ་འགའ་ཞིག་གིས། རྗེ་ཚ་ཁོ་བ་ངག་དབང་གྲགས་པ་བྱོན་ནས་ལོ་ཉིས་སྟོང་དྲུག་བརྒྱ་ལྷག་སོང་བ་དང་། རྒྱལ་རོང་ཞེས་པའི་རྒྱའི་རྗེས་འཇུག་གི་ལ་བཅད་དེ་རྒྱ་རོང་ཞེས་རྒྱུ་མཚན་ལྟར་སྣང་བཀོད་པ་དང་། ཡུལ་འདིར་ཞྭ་སེར་གྱི་བསྟན་པ་དར་ནས་ལོ་བཞི་བཅུ་ལྷག་སོང་བ་སོགས་འབར་ཁམས་རྫོང་གི་ཡིག་ཚགས་ཅུས་ཀྱི་རྒྱ་ཡིག་ཞིག་ཏུ་དེ་ལྟར་བྲིས་པ་ནི་ཁུངས་མེད་བྱུང་རྒྱལ་དུ་བྲིས་པ་སྟེ། སངས་རྒྱས་ཤཱཀྱ་ཐུབ་པ་མྱ་ངན་ལས་འདས་ནས་ཡོངས་གྲགས་ལ། སྤྱི་ལོ་1956ཡན་ལ་ལོ་ཉིས་སྟོང་ལྔ་བརྒྱ་ཡིན་ལ། རྗེ་ཙོང་ཁ་བ་རབ་བྱུང་དྲུག་པའི་མེ་བྱ་(1357)ལོར་འཁྲུངས་ནས། རབ་གནས་མེ་ཡོས་(1987)ལོའི་བར་ལོ་དྲུག་བརྒྱ་དང་སུམ་ཅུ་ལས་མ་སོང་བས་ལོ་ཉིས་སྟོང་ཙམ་ལྷག་པ་དང་། ཡུལ་འདིར་རྗེ་ཚ་ཁོ་བ་མཁན་ཆེན་ངག་དབང་གྲགས་པས་ད་ཚང་ལྷུན་གྲུབ་གླིང་སོགས་མེ་གླང(1397)ལོའི་སྔོན་ལ་བཏབ་པ་ཡིན་པས། ལོ་བཞི་བཅུ་ལྔ་བཅུ་ལས་མ་སོང་བ་ག་ལ་ཡིན། རྒྱ་རོང་ཞེས་པ་ཡང་རྗེ་ཡབ་སྲས་དང་། ཀུན་མཁྱེན་ཡབ་སྲས་སོགས་ཡིག་ཆ་ཚད་ལྡན་རྣམས་སུ་རྗེས་འཇུག་ལ་མེད་པ་ཞིག་གཏན་ནས་མེད་པའོ། །དེ་ལྟར་དམུ་དགེའི་དགོན་པ་ལའང་སོག་པོ་དགོན་པ་ཞེས་རྔ་བའི་གསར་འགྱུར་དུ་བཀོད་པ་ཕྲན་ལའང་སོག་པོ་དགོན་པ་ཞེས་པ་གང་ཡིན་ཞེས་འདྲི་མཁན་མང་དུ་བྱུང་། དེ་ལྟར་རྒྱུས་མེད་ཀྱི་རྒྱུས་གཏམ་མི་སྨྲ་བར་ཞུ། རྗེ་ཚ་ཁོ་ངག་དབང་གྲགས་པའི་འཁྲུངས་རབས་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པ་ཡོད། བསྟོད་པ་མཁས་གྲུབ་ཐམས་ཅད་མཁྱེན་པས་མཛད་པ་ལས། མཐའ་ཡས་པའི་ཡོན་ཏན་རིན་པོ་ཆེ་དུ་མས་ཉེ་བར་མཛེས་པའི་མཁན་ཆེན་ཚ་ཁོ་བ་ངག་དབང་གྲགས་པ་ལ་བསྟོད་པའི་ཚིགས་སུ་བཅད་པ་འདི་ནི་དེ་ཉིད་ཀྱི་དབོན་པོ་ལུང་དང་རྟོགས་པའི་རྒྱན་དང་ལྡན་པ། བླ་མ་དཔལ་ལྡན་ཆོས་ཀྱི་གྲགས་པའི་གསུང་གིས་བསྐུལ་ནས། མང་དུ་ཐོས་པའི་བཙུན་པ་དགེ་ལེགས་དཔལ་བཟང་བོས་སྦྱར་བའོ།། །།ཞེས་དང༌།


ཡང་གུང་ཐང་བསྟན་པའི་སྒྲོན་མེས་མཛད་པའི་བསྟོད་པའི་མཇུག་བྱང་ལས། ཅེས་མཐའ་འཁོབ་འདལ་བའི་མཆོག་འཕགས་པ་ཀ་ཏ་ཡ་ན་དང་ཆོས་མཚུངས་པ་རྗེ་བླ་མའི་ནང་ཐུགས་ཀྱི་སྲས་པོ་མཁན་ཆེན་ངག་དབང་གྲགས་པ་ལ་བསྟོད་པའི་རབ་ཏུ་བྱེདཔ་འདི་ནི། སྔར་དོན་གཉེར་ཅན་དུ་མས་རྣམ་ཐར་གསོལ་འདེབས་ཤིག་དགོས་ཞེས་བསྐུལ་ཡང་། ས་བོན་མེད་སྟབས་རིམ་འགྱངས་སུ་སོང་བ་ལས། ཉེ་ཆར་མཁན་ཆེན་སྐུ་གདུང་ལ་མཇལ་སྐབས་རང་རྒྱུད་དད་པས་ཉེ་བར་བསྐུལ་ཞིང༌། རྣམ་ཐར་ཡང་ཞིབ་ཏུ་བརྟག་ཚེ་རྗེ་བླ་མས་དགྱེས་པའི་ཞལ་བཞེས་དང་། ཐུན་མོང་བ་ལམ་གཙོ་རྣམ་གསུམ་ཐུན་མོང་མ་ཡིན་པ་འཇིགས་བྱེད་ཀྱི་རིམ་གཉིས་གདམས་པའི་ཡིག་ཆུང་དུ་མ་བཅས་སྩལ་བ་རྣམས་གུང་བསྒྲིག་ན། དེང་དུས་བླ་མས་བཤད་ལོ་དང་། སློབ་མས་ཐོས་ལོའི་རྣམ་གྲངས་གང་ཁོམ་དུ་བྱས་པ་ལྟ་བུ་མ་ཡིན་པར། རྒྱ་གར་གྲུབ་ཆེན་རྣམས་ལ་ལྷ་དང་བླ་མས་ཉམས་རྟོགས་ཀྱི་རིམ་པ་དང་བསྟུན་ནས་གདམས་ངག་འབོག་པའི་རིམ་པ་ཇི་ལྟ་བ་བཞིན་ཡིན་འདུག་པས་དེ་ཉིད་གཞིར་བྱས་ཏེ། བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་མཆོད་སྡོང་རིན་པོ་ཆེའི་མདུན་ནས་འཕྲལ་དུ་སུག་བྲིས་བགྱིས་པ་འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །གསུངས་པ་ལྟར་རྗེ་ཚ་ཁོ་བ་མཁན་ཆེན་ངག་དབང་གྲགས་པའི་ཡོན་ཏན་དེ་ལྟར་ལ། མཆོད་སྡོང་རིན་པོ་ཆེ་བཞུགས་ཡུལ་ནི་ད་ལྟ་འབར་ཁམས་རྫོང་དུ་གཏོགས་ལ། འབར་ཁམས་ནས་ཡར་ཅོག་ཙེརྒྱལ་སའི་བར་སྤྱི་ལེ་བརྒྱད་དང་། དེ་ནས་བཙན་ལྷ་རྫོང་ལ་འགྲོ་བའི་གཞུང་ལམ་བརྒྱུད་སྤྱི་ལེ་བཅུ་དྲུག་ཡས་མས་ནས་ཡར་ལ་བརྒྱབ་ན་ཚ་ཁོ་དགོན་དགའ་ལྡན་དར་རྒྱས་གླིང་དུ་གཡོན་ལ་རྗེ་ངག་དབང་གྲགས་པའི་སྐུ་གདུང་དང་། གཡས་སུ་ཁོང་གི་དངོན་པོ་ཆོས་ཀྱི་གྲགས་པའི་སྐུ་གདུང་བཞུགས། དམར་དམག་རྒྱང་བསྐྱོད་སྐབས་མེ་བཞེས། དེའི་རྗེས་སུ་ཅོག་རྒྱལ་བསོད་ནམས་ཚེ་རིང་གིས་ཞིག་གསོས་བྱས་ཏེ་ས་རྡོའི་མཆོད་རྟེན་ལེགས་པ་ཞིག་བཞེངས་ནས་གདུང་རུས་རྣམས་ཤུག་པའི་ཟོ་བར་བླུགས་ཏེ་མཆོད་རྟེན་གྱི་བུམ་པར་བཞུགས་སུ་གསོལ། དེའི་སྒོ་ཁྱིམ་དུ་རྗེ་སྐུ་བཅས་བཞུགས་པ་རིག་གནས་གསར་བརྗེའི་བར་གནས། མཆོད་རྟེན་ཅུང་ཟད་ཞིག ཆུ་ཁྱི(1982)ལོའི་སྤྱི་ཟླ་11 པའི་ཚེས་11ཉིན་སྣང་བ་མཐའ་ཡས་མི་ཡི་གར་རོལ་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བས་སྒོར་ལྔ་སྟོང་གནང༌།


ཆུ་ཕག་(1983)ལོར་ཡང་ལྔ་བརྒྱ་གནང་བ་བཅས་ཁྱོན་ལྔ་སྟོང་ལྔ་བརྒྱས་ལོ་དེར་ཁུལ་ནང་བསྟན་མཐུན་ཚོགས་ཀྱིས་མཆོད་རྟེན་ཞིག་གསོས་བྱས། གདུང་རུས་རྣམས་དཀར་ཡོལ་གྱི་ཟ་མ་ཏོག་ཏུ་བཞུགས་སུ་གསོལ། དབུ་ཐོད་ཀྱི་དུམ་བུ་ཞིག་གི་ངོས་སུ་ཤིན་ཏུ་གསལ་བའི་ༀ་ཡིག་དང་། གཞན་ཡང་ཡིག་འབྲུའི་རྣམ་པ་མང་བ་དང་། རབ་གནས་ཀྱི་དུས་འཇའ་འོད་སོགས་ངོ་མཚར་བའི་ལྟས་བཅས་འགྲོ་བ་དུ་མའི་མཐུན་སྣང་དུ་བྱུང་། དེའི་ལུང་བར་རྒྱ་མི་ནགས་གཅོད་མཁན་ཅུས་ཤིག་ཡོད་པ་དེ་རྣམས་ཀྱིས། གསེར་སྡོང་རིན་པོ་ཆེ་ཡོད་སར་འོད་སྣང་ཆེན་པོ་ཤར་ཟེར་བས་རྒྱ་མི་རྣམས་མཇལ་མཁན་མང་། དེར་རྡོ་ལེབ་ཆེན་པོ་ཞིག་གི་ངོས་ལ། ༄༅། །ༀ་སྭསྟི། གང་གི་ཐུགསརྗེའི་ཞགས་པས་མཁའ་ཁྱབ་འགྲོ། །དམ་དུ་འཆིང་བའི་སྙིང་སྟོབས་ཕུལ་བྱུང་བས། །རྒྱལ་བསྟན་མཛད་པའི་ཁུར་ཆེན་ཁྱེར་བ་ལ། །འགྲན་བྲལ་སྤྱན་རས་གཟིགས་ལ་གསོལ་བ་འདེབས། །གཤིན་རྗེ་གཤེད་སྒྲུབ་ཆོས་སྐྱོང་བྲན་དུ་ཁོལ། །ལྟ་ལོག་ཚར་བཅད་ཐུབ་བསྟན་ཕྱོགས་མཐར་སྤེལ། །བློ་བཟང་རྒྱལ་བའི་ཐུགས་ཀྱི་སྲས་སུ་གྱུར། །ངག་དབང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །ཞེས་སོགས་རྡོ་ལེབ་ངོས་གང་བོར་ཡི་གེ་ཡོད། དེར་མ་ཎི་རྡོ་རྐོས་ཡོད་པ་རྣམས་པདུ་མེ་མཚམས་སྦྱར་མེད་ཀྱང་དུ་རྣམས་ལ་སྲོགམེད་ཀྱི་རྟགས་ཡོད་པས་ཤིན་ཏུ་གྲ་དག



རྗེ་ཚ་ཁོ་བ་ངག་དབང་གྲགས་པའི་འཁྲུངས་རབས་ནི། སྔོན་བྱང་ཆུབ་སེམས་དཔའ་དགའ་བའི་འོག་ཏུ་འཁྲུངས་ཏེ་ཀླུའི་རྒྱལ་པོ་ལས་བྱུང་བའི་ཡིད་བཞིན་གྱི་ནོར་བུ་སེམས་བསྐྱེད་པའི་རྫས་སུ་ཕུལ་ནས་ཐུགས་བསྐྱེད། འཕགས་པ་མ་འགགས་པ། དཔལ་འབྲས་རྡོ་རྗེ། ཅོག་རོ་ཀླུའི་རྒྱལ་མཚན། སློབ་དཔོན་དྷརྨཔཱ་ལ། སློབ་དཔོན་ཟླ་བ་གཞོན་ནུ། བྱང་སེམས་ཟླ་བ་རྒྱལ་མཚན། དཔལ་ལྡན་དགོན་པ་བ། སྐྱེར་སྒང་བ། ཀེའུ་ཡེ་ཤེས་འབྱུང་གནས། མཁས་བཙུན་གཞོན་ནུ་དོན་གྲུབ། ཚ་ཁོ་ངག་དབང་གྲགས་པ་སོགས་ཐུགས་རྒྱུད་གཅིག་ཅིང་། སྐུའི་སྐྱེ་བ་ཕྱི་མ་ལ་ཀུན་མཁྱེན་ལེགས་པ་དོན་གྲུབ་དང་། ཧོར་སྨིན་གྲོལ་ཆོས་ཀྱི་རྒྱལ་བོ་འཕྲིན་ལས་ལྷུན་གྲུབ་ཀྱི་སྐྱེ་བ་བཞེས་ནས་གདུལ་བྱ་མང་བོ་སྨིན་གྲོལ་ལ་བཀོད། དེ་ནི་རྗེ་ཚ་ཁོ་བ་མཁན་ཆེན་ངག་དབང་གྲགས་པའི་རྣམ་ཐར་མདོར་བསྡུས་ལགས།

རྩོམ་ཁུངས།

“དམུ་དགེ་བཀྲ་ཤིས་འཁོར་ལོའི་དགོན་གྱི་བྱུང་བ་བཤེས་གཉེན་དམ་པའི་ཞལ་ལུང་།” ནས་ཁོལ་འདོན་བྱས། རྩོམ་པ་བོ། དམུ་དགེ་ཤེས་རབ་རྒྱ་མཚོའམ་མིང་གཞན་དབྱངས་ལྡན་གྲུབ་པའི་གོ་ཆ།

References

དཔྱད་གཞིའི་དཀར་ཆག:

Tags:

🔥 Trending searches on Wiki བོད་སྐད:

འཛམ་གླིང་དཔེ་ཀློག་ཉིན་མོ་༼མ་ཧ་བ་ར་ཏ།༽དུས་ཆེན།ནམ་དུས།དེ་སྒྲ་ཐང་གཟླ་༧ཚེས་༡ཉིན་ལེགས་རྩོམ་སྙིང་བསྡུས།སྨན།ཆབ་མདོ།རྡོ་རྗེ་བྲག་དགོན།སྙན་ངགའགྲོ་བ་མི།རྒྱལ་བ་དགེ་འདུན་རྒྱ་མཚོ།སྐྱེ་དངོས་རིག་པ།རྒྱལ་བ་ཐུབ་བསྟན་རྒྱ་མཚོ།༠ (གྲངས་ཀ།)དངོས་ཁམས་རིག་པ་བཀའ་སྡེ་སྣོད་གསུམ་གྱི་ངོ་སྤྲོད་རག་བསྡུས།༡༩༩༥ལོ།དཀོན་མཆོག་གསུམ།བར་དོ་དྲུག་གི་རྩ་ཚིག་འབྲོང་པ་རྫོང་།འདོད་པའི་དབང་ཕྱུགཨུ་ཟ་བེ་ཀི་སྟན།ཨན་ཌོར་ར།ཨུ་རུ་སུའི་སྐད།དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ་ཨོཾ་མ་ཎི་པ་དྨེ་ཧཱུྃ།ཐང་སྟོང་རྒྱལ་པོ།པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས།་ལྷ་མོ་དབྱངས་ཅན་མ་ལ་བསྟོད་པ།༢༠ (གྲངས་ཀ།)བོད་ཀྱི་སྐད་ཡིག།ཧྥི་ཇི།འཇམ་དབྱངས་སྐྱིད།༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་མཛད་པའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ།ཆགས་སྤྱོད་ཀྱི་རྒྱུ་རྩལ་གྱི་ལོ་རྒྱུས།༢༠༡༤ལོའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་མགྲན་སྡུར།སྐྱབས་འགྲོ་༡༩༨༩སེ་པན་སྐད།༣༧ (གྲངས་ཀ།)ཟླ་༦ཚེས་༢༠ཉིན་བརྡ་སྤྲོད་ཀྱི་གཞུང་།སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ།མེ་ཏོགཟླ་༡ཚེས་༣ཉིན་རྒྱལ་དབང་སྐུ་འཕྲེང་རིམ་བྱོན།རྟགས་འཇུག་ལས་དངོས་པོའི་དབང་གིས་བདག་གཞན་གཉིས་སུ་དབྱེ་ཚུལ་ཕྱོགས་ཀྱི་གླང་པོ།འཇམ་དཔལ་མཚན་བརྗོད་༢༠༣༧ལོ།ཧུའུ་ནན་ཞིང་ཆེན།གངས་རིན་པོ་ཆེ།ཚད་མེད་བཞི་ཨོ་ཧེའོ།ཆོས་ལུགས།བྷཧ་རཡིན།C+ཐོ་ཁེ་ཡོ།གདོང་ཤོགམེར་ཁུ་རི།མངར་ཟས།ཞོན་ཙང་། (ནུབ་ཕྱོགས་སུ་བསྐྱོད་པའི་རྣམ་ཐར།)ཨ་ཧྲི་ག་བཏ།🡆 More