དག་ཡིག་མཁས་པ་དགའ་སྐྱེད།
༄༅། །ངག་གི་དབང་ཕྱུག་ལྷ་མོ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །འདྲེན་མཆོག་ཤཱཀྱ་སེངྒེ་ཡིས། །ལེགས་གསུངས་ཆོས་ཀྱི་འཁོར་ལོའི་དོན། །ཚུལ་བཞིན་དཔྱོད་པའི་ཤེས་རབ་མིག །སྩོལ་མཛད་ལྷ་དང་བླ་མར་འདུད། །གང་དེའི་བསྟན་པའི་ཉིན་བྱེད་འབུམ། །གངས་ཅན་དགུང་དུ་འདྲེན་པའི་མཆོག །ཐོན་མིའི་གཞུང་ལས་ཉེར་མཁོའི་ཆ། །འགའ་ཞིག་བཏུས་ནས་འདིར་གཅིག་བྱ། །འཇམ་དབྱངས་ཐོན་མིས་འཕགས་ཡུལ་དུ། །ཡིག་རིགས་ཀུན་བསླབས་གངས་ཅན་བརྡར། །མཁོ་བའི་གསལ་བྱེད་སུམ་ཅུ་དང༌། །དབྱངས་བཞི་དང་བཅས་གཏན་ལ་ཕབ། །གསལ་བྱེད་རྣམས་ལས་ཡ་བཏགས་བདུན། །ར་བཏགས་བཅུ་དང་ལ་བཏགས་དྲུག །ཝ་བཏགས་བཅུ་གཉིས་མགོ་ཅན་གསུམ། །འཕུལ་དང་མཐའ་རྟེན་སོགས་སུ་དབྱེ། །ཡ་བཏགས་བདུན་ནི་ཀ་ཁ་དང༌། །ག་དང་པ་ཕ་བ་མའོ། །ར་བཏགས་ཀ་ཁ་ག་དང་ད། །པ་ཕ་བ་མ་ས་ཧའོ། །ལ་བཏགས་དྲུག་ནི་ཀ་དང་ག །བ་ཟ་ར་དང་ས་ཡིན་ནོ། །ཝ་བཏགས་ཀྭ་ཡེ་འདབ་ཆགས་ཁྭ། །བཅྭོ་བརྒྱད་ཉྭ་བཞི་དྭ་ཕྲུག་བུ། །རྩྭ་སྔོན་ལན་ཚྭ་ཕྲུག་ཞྭ་གྱོན། །རྭ་ཅོ་ཤྭ་དྲག་ལྭ་བའི་ཧྭ། །ར་ལ་ས་ཡི་མགོ་ཅན་ནི། །ར་མགོ་ལྡན་པ་ཀ་ག་ང༌། །ཇ་ཉ་ཏ་ད་ན་དང་ནི། །བ་མ་ཙ་དང་ཛ་ལ་འོ། །ལ་མགོ་བཅུ་ནི་ཀ་ག་ང༌། །ཅ་ཇ་ཏ་ད་པ་བ་ཧ། །ས་མགོ་ཀ་ག་ང་ཉ་ཏ། །ད་ན་པ་བ་མ་ཙ་ལའོ། །ག་ད་བ་མ་འ་དང་ལྔ། །འཕུལ་ཡིག་ཡིན་ལ་གས་འཕུལ་ནི། །ཅ་ཉ་ཏ་ད་ན་ཙ་ཞ། །ཟ་ཡ་ཤ་ས་བཅུ་གཅིག་གོ །དས་འཕུལ་དྲུག་ནི་ཀ་ག་ང༌། །པ་བ་དང་ནི་མ་ཡིན་ནོ། །བས་འཕུལ་བཅུ་ནི་ཀ་ག་ཅ། །ཏ་ད་ཙ་ཞ་ཟ་ཤ་ས་འོ། །མས་འཕུལ་ཁ་ག་ང་ཆ་ཇ། །ཉ་ཐ་ད་ན་ཚ་ཛའོ། །འས་འཕུལ་ཁ་ག་ཆ་ཇ་ཐ། །ད་ཕ་བ་ཚ་ཛ་དང་བཅུ། །རྗེས་འཇུག་བཅུ་ནི་ག་ང་ད། །ན་བ་མ་འ་ར་ལ་ས། །སྔོན་རྗེས་གཉིས་པོ་ལས་གཞན་པའི། །ཡེ་གེ་རྣམས་ནི་མིང་གཞིའོ། །ད་ནི་སྔ་མའི་ཚིག་ཤུགས་ཀྱིས། །ཕྱི་མ་ཇི་ལྟར་འཐོབ་ཚུལ་བཤད། །ཐོག་མར་རྣམ་དབྱེ་དྲུག་པ་ཡི། །ཀྱི་གི་གྱི་འི་ཡི་རྣམས་ནི། །ད་བ་ས་དང་ད་དྲག་དག །ཐོབ་མཐར་ཀྱི་(ཁྱོད་ཀྱི་རྒྱབ་ཀྱི་གཡས་ཀྱི་གྱུརད་ཀྱི་ལྟ་བུའོ)དང་ག་ང་གི(བདག་གི་གསུང་གི་ལྟ་བུའོ)། །ན་མ་ར་ལ་བཞི་པོ་གྱི(གཞན་གྱི་ལམ་གྱི་བར་གྱི་དཔལ་གྱི་ལྟ་བུའོ)། །མཐའ་རྟེན་མེད་མཐར་འི་འཐོབ་(སེམས་པའི་ལྟ་བུ)ཅིང༌། །རྐང་པ་སྐོང་ཚེ་ཡི་ཞེས་(ཚིགས་བཅད་ཀྱི་ཚིག་མ་ཚང་ཚེ་ཡི་བྲིའོ)འཐོབ། །འོ་འུ་འམ་གྱི་ཚེག་ཁྱིམ་ཡང༌། །ཁ་སྐོང་ཁ་སྐོང་མིན་པས་དབྱེ། །དེ་ཡང་དགའ་འོ་བདེ་འོ་སོགས། །རྫོགས་ཚིག་ལ་ནི་འོ་ཉིད་དེ། མཛེས་དགའ་བོ་དང་ཀུན་དགའ་བོ། །མཛའ་བོ་དཔའ་བོ་ངོ་བོ་དང༌། །སྤྱི་བོ་ལ་སོགས་མིང་གི་ཆ། །ཝ་ཕྱེད་ཉིད་དུ་འབྲི་ཞིང་བཀླག །གུག་བསྐྱེད་ཅན་དང་བརྩེགས་པ་དང༌། །མཐའ་རྟེན་ཅན་མཐར་འ་མཐའ་སྤང༌། །རྣམ་དབྱེ་བདུན་པ་ལ་དོན་གྱི། །ཏུ་དུ་སུ་རུའི་ཞབས་ཀྱུ་ནི། །ག་བ་ད་དྲག་ཅན་མཐར་ཏུ(དཔེར་ན་རྟག་ཏུ་རབ་ཏུ་ཤིན་ཏུ་ཕྱི་རོལ་ཏུ་ལྟ་བུའོ)། །ང་ད་ན་མ་ར་ལ་དུ(གང་དུ་བཤད་དུ་རྒྱན་དུ་བསམ་དུ་བར་དུ་དཔལ་དུ་ལྟ་བུའོ)། །ས་སུ་(གནས་སུ)མཐའ་རྟེན་མེད་པ་དང༌། །འ་མཐར་རུ་ཞེས་(བདེ་རུ་དགའ་རུ་ལྟ་བུའོ)བརྗོད་པ་ཡིན། །ཚིག་ཕྲད་ག་བ་ད་རྗེས་སུ། །ཅིང་ཅེས་ཅེའོ་ཅེ་ན་ཅིག(དཔེར་ན་རྟག་ཅིང་རྟག་ཅེས་རྟག་ཅེ་ན་རྟག་ཅིག་ལྟ་བུ་ནི་ད་དང་བ་གཉིས་ལའང་འགྲེའོ)། །ང་འ་ན་མ་ར་ལ་དང༌། །མཐའ་རྟེན་མེད་པའི་རྗེས་དག་ཏུ། །ཞིང་ཞེས་ཞེའོ་ཞེ་ན་ཞིག(བཟང་ཞིང་དཔའ་ཞེས་སྲ་ཞིང་དང་གང་ཞེ་ན་གང་ཞིག་ལྟ་བུ་ནི་གཞན་རྣམས་ལ་རིགས་འགྲེའོ)། །ས་མཐར་ཤིང་ཤེས་ཤེ་ན་ཤིག(མཁས་ཤིང་ཤེ་ན་གྱིས་ཤིག་ལྟ་བུའོ། །ས་མཐར་ཤེས་ཟེར་བ་མི་ལེགས་པས་ཞེས་དམིགས་བསལ་གྱིས་འཐོབ)། །ད་དྲག་ཐོབ་ངེས་ན་ར་ལའི། །རྗེས་སུ་ཅིང་སོགས་ལྔ་པོ་སྦྱོར(དཔེར་ན་བྱོན་ཅིག་གྱུར་ཅིག་རོལ་ཅིག་ལྟ་བུའོ)། །ན་ར་ལ་ས་ད་དྲག་གི །རྗེས་སུ་ཏེ་རྐྱང་ད་མཐར་དེ(མིན་ཏེ་འཁོར་ཏེ་མཇལ་ཏེ་བྱས་ཏེ་སྩལད་ཏེ་ལྟ་བུ་དང༌། བཤད་དེ་མོད་དེ་སོགས་ལྟ་བུའོ)། །ག་ང་བ་མ་འ་དང་ནི། །མཐའ་རྟེན་མེད་རྗེས་སྟེ་ཞེས་འཐོབ(རྟག་སྟེ་བཟང་སྟེ་བབ་སྟེ་བསམ་སྟེ་མངའ་སྟེ། ལྷ་སྟེ་མི་སྟེ་བུམ་པ་སྟེ་ཀ་བ་སྟེ་ལྟ་བུའོ)། །ག་ད་བ་ས་ཉིད་དང་ནི། །ད་དྲག་ཐོབ་པའི་རྗེས་སུ་ཀྱང༌(བདག་ཀྱང་མཆོད་ཀྱང་བབ་ཀྱང་ཤེས་ཀྱང་ལྟ་བུའོ། །གྱུར་ཀྱང་ཕྱིན་ཆད་ཀྱང་རོལ་ཀྱང་ཞེས་པ་ལྟ་བུའོ)། །ང་འ་ན་མ་ར་ལ་ཡང༌། །མཐའ་རྟེན་མེད་མཐར་འང་དང་ནི(གང་ཡང་མདའ་ཡང་ཡིན་ཡང་བསམ་ཡང་འབར་ཡང་དཔལ་ཡང་ལྟ་བུ་དང༌། དེ་ལའང་ལྷའང་མིའང་ལྟ་བུའོ)། །རྐང་པ་སྐོང་ཚེ་ཡང་ཞེས་བྱ(དཔེར་ན་ཕུན་ཚོགས་ལྡན་པ་བདེ་ལ་ཡང་ལྟ་བུའོ)། །དྲི་དང་རྫོགས་ཚིག་སྐབས་སུ་ནི། །མཐའ་རྟེན་མེད་མཐར་འམ་དང་འོ(གཏམ་འདྲི་བ་སོགས་བདེའམ་བདེའོ་ལྷའམ་ལྷའོ་ལྟ་བུའོ)། །མཐའ་རྟེན་ཅན་རྣམས་རང་རང་དང༌(དཔེར་ན་བདག་གམ་བདག་གོ་བཟང་ངམ་བཟང་ངོ་ལྟ་བུའོ)། །ད་དྲག་ཅན་མཐར་ཏ་ཡིག་ལ། །རིམ་བཞིན་མ་དང་ན་རོ་གཉིས། །(ད་དྲག་ཅན་རྣམས་ལ་འདྲའོ། །དཔེར་ན་བསྒྱུརད་ཏམ་བསྒྱུརད་ཏོ་བྱོནད་ཏམ་བྱོནད་ཏོ་རོལད་ཏམ་རོལད་ཏོ་ལྟ་བུའོ)མཁས་པས་ཡང་དག་སྦྱར་བར་བྱ། །མིང་མཐའི་པ་བའི་ཁྱད་པར་ནི། །ག་ད་ན་བ་མ་ས་དང༌། །ད་དྲག་ཅན་མཐར་པ་དང་ནི(དཔེར་ན་ཟག་པ་མེད་པ་ལྡན་པ་སྲབ་པ་བསམ་པ་སངས་རྒྱས་པ་ལྟ་བུའོ། །གྱུརད་པ་བྱོནད་པ་རོལད་པ་ལྟ་བུའོ)། །ང་འ་ར་ལ་མཐའ་མེད་མཐའི། །བ་ཕྱེད་ཝར་འབོད་རྣམས་ལ་བ(དཔེར་ན་འཕྲེང་བ་དགའ་བ་འབར་བ་རྒྱལ་བ་བདེ་བ་སྤྲོ་བ་ལྟ་བུའོ)། །གཞན་ལ་པ་ཉིད་སྦྱར་ཏེ་བཀླག(བདག་སྒྲ་ཐོབ་པའི་ཚེ་དཔེར་ན། ཕུ་པ། མདའ་པ། ཤར་པ། ལྷོ་པ། རྟ་པ་ལྟ་བུའོ) །གཅོད་མཚམས་མཐའ་རྟེན་ག་ཡིག་མཐར། །གཅིག་ཤད་ང་ཡིག་མ་གཏོགས་པའི། །ཤད་གོང་རྣམས་སུ་ཕྱི་ཚེག་སྤང༌། །ཚིགས་སུ་བཅད་པའི་རྐང་མཐའ་དང༌། །ལྷུག་པའི་སྡེ་ཚན་རྫོགས་མཚམས་ཀྱི། །ན་རོ་ཅན་མཐར་ཉིས་ཤད་བྱ། །སྡེ་ཚན་ཆེན་པོ་རྫོགས་མཚམས་དང༌། །ལེའུ་མཚམས་ལྟ་བུར་བཞི་ཤད་འཐོབ། །ཚེག་ཤད་དང་ནི་རྐྱང་ཤད་གཉིས། །འཐོབ་ཚུལ་རང་རང་སྐབས་དང་སྦྱོར། ། ད་ནི་འཕུལ་དང་མཐའ་རྟེན་མགོ །མེད་ལ་སྦྱོར་དང་ཡོད་ལ་སྤོང༌། །གདམ་ང་ཅན་ལ་མཐའ་གཅིག་ཏུ། །འཛིན་པའི་འཁྲུལ་སྤོང་ཅུང་ཟད་བཤད། །རྔ་ཡབ་གེ་སར་སིལ་སྙན་དང༌། །མངོན་སུམ་ཕུན་སུམ་ཚོགས་སོགས་ལ། །གས་འཕུལ་ནོར་རོ་གཤའ་མ་དང༌། །གཤགས་འགྱེད་སོགས་ལ་མེད་ལ་ནོར། །སར་བ་ལྟ་བུར་གང་ཡང་རུང༌། །སྐྱིལ་ཀྲུང་སོགས་ལ་དས་འཕུལ་མེད། །དགུང་ལོ་མཚན་དགུང་ལོང་ཁྲིད་ཀྱི། །དམིགས་བུ་སོགས་ལ་མེད་ན་ནོར། །སྙན་དངགས་སོགས་ལ་གང་ཡང་རུང༌། །ཕྱག་དར་ལག་དར་གད་མོ་དང༌། །སྐྲ་ཤད་སོགས་ལ་བས་འཕུལ་སྤང༌། །བསེར་བུ་སྐྱོ་བསངས་རྒྱ་མོ་བཟའ། །བྱི་བདར་སོགས་ལ་མེད་ན་ནོར། །སྔོ་སངས་ལྟ་བུ་གང་ཡང་རུང༌། །ཐ་གྲུ་ཐ་མ་ཚར་དུ་དངར། །ཚོན་རྩི་སོགས་ལ་མས་འཕུལ་སྤང༌། །མཐེ་བོ་མཚེ་མ་སྔོ་སྨན་མཚེ། །ཁྱིམ་མཚེས་སོགས་ལ་མེད་ན་ནོར། །ཐུན་མོང་ལ་སོགས་གང་ཡང་རུང༌། །ཚོང་འདུས་ཁམས་དང་ཚོགས་པ་ཚོམས། །ཕྲ་མ་ཁོན་འཛིན་ཁྲོ་བ་ཁྲོས། །རིམ་གྲོ་ཕྲ་མོ་ཕོངས་པ་དང༌། །ཕྱུག་པོ་སོགས་ལ་འས་འཕུལ་སྤང༌། །མཐའ་འཁོབ་འཁྲི་ཤིང་འཁུར་བ་དང༌། །ཚུལ་འཆོས་སོགས་ལ་མེད་ན་ནོར། །ཕྲིན་ལས་ཕྲེང་སོགས་གང་ཡང་རུང༌། །ཡི་གེ་མྱུ་གུ་ལུ་གུ་རྒྱུད། །ཤཱཀྱ་སོགས་ལ་ག་མཐའ་སྤང༌། །ཕྲག་དོག་ཕྲུག་གུར་མེད་ན་ནོར། །པུས་མོའི་ལྷ་ང་སྒོ་ང་དང༌། །སླ་ང་སོགས་ལ་ང་མཐའ་ནོར། །ཡི་དམ་ཡི་རང་ཡི་དྭགས་སོགས། །སྲི་ཞུ་སོགས་ལ་ད་མཐའ་ནོར། །སྐད་ཅིག་ལྟ་བུར་གང་ཡང་རུང༌། །སེ་མོ་དོ་ལ་ན་མཐའ་སྤངས། །བྱན་མོ་ལྟ་བུར་མེད་ན་ནོར། །ལྷ་བཙུན་བཟའ་བཏུང་གདུ་བུ་དང༌། །ལེ་བརྒན་སོགས་ལ་བ་མཐའ་ནོར། །རྒྱ་འདྲེ་ཁ་མཆུ་ར་མདའ་དང༌། །ར་མཉེ་ན་བཟའ་རྩྭ་མཆོག་གྲོང༌། །རྒྱ་མཚོ་སོགས་ལ་མ་མཐའ་ནོར། །ལྷ་རྗེ་མདོ་རྒྱུད་ང་རྒྱལ་ཅན། །བྱ་རྒོད་རྡོ་རྗེ་མཐའ་རྟེན་དང༌། །ལྷ་རྟེན་སོགས་ལ་ར་མཐའ་ནོར། །དུར་ཁྲོད་མདོར་བསྡུས་མེད་ན་ནོར། །བདེ་གཤེགས་སོགས་ལ་གང་ཡང་རུང༌། །སྙུན་གྱི་གསོ་སྨན་ཁ་དྲོ་དང༌། །གྲྭ་ལྔ་སོགས་ལ་འ་མཐའ་ནོར། །རིག་སྔགས་གསུང་རབ་མཁྱེན་རབ་དང༌། །ནམ་མཁའ་གོ་འཕང་ཁྲི་འཕང་མཆོག །བསྐྱེད་རིམ་རྫོགས་རིམ་འདུ་ཤེས་དང༌། །མཁའ་སྤྱོད་ས་སྤྱོད་དོ་ཤལ་འཕྲེང༌། །ཉམ་ཆུང་ཉམ་ཐག་ཉམ་ང་བ། །ལོག་རྟོག་སོམ་ཉི་ཆོམ་རྐུན་དང༌། །ཆོ་ག་སོགས་ལ་ས་མཐའ་ནོར། །ལྷས་བྱིན་ཀླུས་བྱིན་གདམས་ངག་སོགས། །མང་པོ་ཞིག་ལ་མེད་ན་ནོར། །དྲི་བཟང་རྒྱུད་མངས་གོ་རིམ་དང༌། །འཁོར་ལོས་བསྒྱུར་སོགས་གང་ཡང་རུང༌། །ཀླད་ཀོར་སྟོད་ཀོར་གདུབ་ཀོར་དང༌། །པད་ཀོར་ཐན་ཀོར་འོད་ཀོར་འཕྲེང༌། །ཨ་མྲ་སོགས་ལ་ས་མགོ་མེད། །ངུར་སྨྲིག་སྨིག་རྒྱུར་མེད་ན་ནོར། །ཡི་གེ་ཞལ་ཏ་ད་ལྟ་དང༌། །ལ་སོགས་ཐ་དད་ཅེས་རྣམས་ལ། །བར་ཚེག་མི་བྱེད་བླུན་པོའི་ལུགས། །འཁྲུལ་སྤོང་འདི་ནི་ཆེས་ཆེར་དུ། །མཁོ་ཕྱིར་ལོ་ཙཱའི་གསུང་དངོས་བྲིས། ། རྗེས་འཇུག་ག་སོགས་ཕལ་ཆེར་ལ། །ཡང་འཇུག་ས་མཐའ་ཡོད་མེད་ཀྱི། །དོན་གྱི་ཁྱད་པར་ཐ་དད་དུ། །འབྱེད་པའི་ཚུལ་དེ་ཅུང་ཞིག་སྨྲ། །རྒྱུན་དུ་རྟག་དང་རྟགས་མཚན་དང༌། །མི་རྟག་འཇིག་དང་སྐྲག་ནས་འཇིགས། །གཡང་སའི་གྲོག་དང་མཛའ་བའི་གྲོགས། །ཉིན་མཚན་ཞག་དང་ཐག་པའི་ཞགས། །གཅན་གཟན་གཟིག་དང་སྤྱན་གྱིས་གཟིགས། །མི་དགེ་སྡིག་དང་གཤེ་བའི་བསྡིགས། །གནོད་པའི་གདུག་དང་འབུབ་པའི་གདུགས། །རུས་ཀྱི་གདུང་དང་ཉི་མས་གདུངས། །ཞལ་གྱི་གདོང་དང་ཁ་མིག་གདོངས། །དུད་འགྲོའི་ལུག་དང་དཔེ་ཡི་ལུགས། །ནོར་གྱི་ཕྱུག་དང་དུད་འགྲོའི་ཕྱུགས། །ལུས་ཀྱི་ལག་དང་ཞེ་སའི་ལགས། །བློ་ཡི་རིག་དང་རྒྱུད་ཀྱི་རིགས། །སྨྲ་བའི་ཚིག་དང་མཚམས་ཀྱི་ཚིགས། །རི་མོའི་ཐིག་དང་ཟག་པའི་ཐིགས། །ཁ་དོག་ནག་དང་ཤིང་གི་ནགས། །དུམ་བུར་ཆག་དང་ཡུལ་དེར་ཆགས། །རྡུལ་གྱི་དྲེག་དང་སྟོབས་ཀྱི་དྲེགས། །མིག་འབྲས་ལོང་དང་འཛོམ་པའི་ལོངས། །ཕྱིན་ཅི་ལོག་དང་ཟུར་གྱི་ལོགས། །ཆུང་བའི་དོག་དང་དགྲ་ལ་དོགས། །སྟེང་གི་ཐོག་དང་གཞན་གྱིས་ཐོགས། །གྱེན་དུ་བསླང་དང་སློང་མོ་བསླངས། །གསོར་གྱིས་དབུག་དང་ཁ་ཡི་དབུགས། །མིག་གིས་མཐོང་དང་ནམ་མཁའི་མཐོངས། །ཐམས་ཅད་ཚང་དང་གཙང་བའི་ཚངས། །རེག་བྱའི་གྲང་དང་རྩིས་ཀྱི་གྲངས། །གྲངས་ཀྱི་སྟོང་དང་ཟད་ནས་སྟོངས། །བུ་གའི་ཁུང་དང་ཕུགས་ཀྱི་ཁུངས། །དྲི་བའི་གང་དང་ཁ་བའི་གངས། །མཚན་མོའི་མདང་དང་ཚོན་གྱི་མདངས། །མཚམས་ཀྱི་དང་དང་གསལ་བའི་དྭངས། །ཡོ་མེད་དྲང་དང་གནས་ནས་དྲངས། །ནུབ་པའི་བྱིང་དང་ཕལ་ཆེའི་བྱིངས། །དུད་ཚོའི་གྲོང་དང་གུམ་པའི་གྲོངས། །བཏེགས་པའི་ཡང་དང་རྒྱ་ཆེའི་ཡངས། །ནང་པར་སང་དང་རིག་པ་སངས། །སྒྱེད་པུའི་ཐབ་དང་བློ་ཡི་ཐབས། །བཟང་པོའི་རབ་དང་རིམ་པའི་རབས། །ཟས་སོགས་སྟོབ་དང་ཤེད་མོང་སྟོབས། །སྔ་གཞུག་རིམ་དང་ཡམས་ཀྱི་རིམས། །ཟ་བའི་ཁམ་དང་འབྱུང་བའི་ཁམས། །བརྗིད་པའི་རྔམ་དང་འཐུག་པའི་རྔམས། །མདུན་གྱི་དྲུང་དང་དྲུངས་ནས་འབྱིན། །ཆ་ལང་སོགས་དང་གྱེན་ལ་ལངས། །ཁ་བསྐང་བ་དང་ཐུགས་དམ་བསྐངས། །རྩྭ་ཡི་འཇག་མ་འཐས་པའི་འཇགས། །རྐང་པ་འཁུམ་དང་ཤེས་པ་འཁུམས། །འཁྱག་ནས་འཁོབ་དང་ཆུམ་པའི་འཁོབས། །ཟིན་པའི་གྲུབ་དང་ཆགས་འབྱོར་གྲུབས། །ཐག་རིང་རྒྱང་དང་མངོན་པའི་རྒྱངས། །རྐང་པའི་རྒྱུག་དང་ཇ་སོགས་རྒྱུགས། །བྲབ་པའི་ལྕག་དང་མགར་བའི་ལྕགས། །འདབ་ཆགས་གླག་དང་བསླུ་ཐབས་གླགས། །རྡོ་སོགས་བཅག་དང་ཞབས་ཀྱིས་བཅགས། །ཁང་པའི་ལྕོག་དང་བློ་ཡིས་ལྕོགས། །བཏུང་བའི་ཆབ་དང་ལྷན་ཅིག་ཆབས། །བཅག་པའི་ཆོགས་དང་རུང་བའི་ཆོག། །ཉམ་ང་བ་དང་ཉམས་རྟོགས་བཟང༌། །སྙོམ་འཇུག་སོགས་དང་ཀུན་ལ་སྙོམས། །སྨྲ་བའི་གཏམ་དང་མཛོད་ཀྱི་གཏམས། །ཐ་གས་བཏག་དང་དེ་ལ་བཏགས། །རྣམ་རྟོག་སོགས་དང་བློ་ཡིས་རྟོགས། །ནགས་ཀྱི་སྟག་དང་ཡས་སྟགས་དང༌། །སྐས་ཀྱི་གདང་དང་སྐད་ཀྱི་གདངས། །གདེང་ཐོབ་པ་དང་ཞལ་སྒོ་གདེངས། །རྣམ་གྲངས་སོགས་དང་མང་པོའི་རྣམས། །བདེན་རྫུན་དཔང་དང་མཐོན་པོའི་དཔངས། །ས་གཞིའི་སྤང་དང་ཉེས་པ་སྤངས། །དད་པའི་ཕྱག་དང་ས་རྡུལ་ཕྱགས། །ལྷ་མིའི་གོ་འཕང་རྒྱང་དུ་འཕངས། །སྐྱེན་པོའི་འཕོང་དང་ལུས་ཀྱི་འཕོངས། །གཡོ་འགུལ་འཕག་དང་མཐོ་བའི་འཕགས། །ལྷག་པའི་ལྷག་དང་བྱོན་པའི་ལྷགས། །ཤ་གཟུག་དང་ནི་དབྱིབས་ཀྱི་གཟུགས། །དྲི་མ་དག་དང་རི་དྭགས་སོགས། །བྲན་གྱི་གཡོག་དང་ཐུམ་གྱིས་གཡོགས། །ལག་པའི་འདོམ་དང་གསང་གནས་འདོམས། །ཤུབ་བུར་སྨྲ་དང་མཚོན་ཆའི་ཤུབས། །སྤུན་གྱི་སྲིང་དང་ཕྱོགས་སུ་སྲིངས། །འཕྲད་པའི་ཐུག་དང་ལྷ་ཡི་ཐུགས། །ནོར་རྫས་སོགས་དང་མང་སྡུད་སོགས། །འདི་འདྲ་ཚིག་གི་གདངས་མཐུན་ཀྱང༌། །དོན་ཁྱད་ས་མཐའ་ཁོ་ན་ཡིས། །འབྱེད་དགོས་ཕྱིར་ན་མཁས་རྣམས་ཀྱིས། །ས་མཐའ་ཡོད་མེད་ཤེས་གལ་ཆེ། །འོན་ཀྱང་འདས་དང་སྐུལ་ཚིག་འགར། །ཡང་འཇུག་ཐོབ་ངེས་སྐབས་ཤེས་དགོས། ། ཚིག་ཙམ་མཐུན་པ་ལ་འཁྲུལ་ནས། །ཡི་གེ་ལོག་པར་བྲིས་པ་དེའི། །སེམས་ཀྱི་རྨོངས་པ་བསལ་བའི་ཕྱིར། །ཁྱད་པར་ཅུང་ཟད་ཕྱེ་སྟེ་བཤད། །རྒྱལ་བའི་བསྟན་པ་ས་བསྟན་ལ། །མི་འགྱུར་བརྟན་པ་ར་བརྟན་ཡིན། །རང་གིས་བསྟེན་པ་ས་བསྟེན་ལ། །གཞན་ལ་བརྟེན་པ་ར་བརྟེན་ཡིན། །གནོད་པའི་དགྲ་ནི་ད་དགྲ་ལ། །སྙན་པའི་སྒྲ་ནི་ས་སྒྲ་ཡིན། །ལུས་ཀྱི་མགོ་ནི་མ་མགོ་ལ། །ནད་སོགས་འགོ་བ་འ་འགོ་ཡིན། །རིན་ཆེན་དངུལ་ནི་ད་དངུལ་ལ། །ལུས་ཀྱི་རྔུལ་ནི་ང་རྔུལ་ཡིན། །མགྲིན་པའི་མགུལ་ནི་མ་མགུལ་ལ། །གཡོ་བའི་འགུལ་ནི་འ་འགུལ་ཡིན། །ཕན་པའི་དྲིན་ནི་ད་དྲིན་ལ། །ཉོ་ཚོང་བྲིན་པ་བ་བྲིན་ཡིན། །སྟོབས་ཀྱི་དྲེགས་པ་ད་དྲེགས་ལ། །ཕྱོགས་སུ་གྲགས་པ་ག་གྲགས་ཡིན། །གཞན་ལ་སྩལ་བ་ས་སྩལ་ལ། །ལུས་ཀྱི་རྩལ་ནི་ར་རྩལ་ཡིན། །སྲན་ཐུབ་བཟོད་ནི་བ་བཟོད་ལ། །རྗེས་ཀྱི་གཟོད་ནི་ག་གཟོད་ཡིན། །ཐུང་ངུར་བསྟུངས་པ་ས་བསྟུངས་ལ། །ཉེས་པའི་ལྟུང་བ་ལ་ལྟུང་ཡིན། །མཛའ་བའི་གྲོགས་ནི་ག་གྲོགས་ལ། །ཁུར་པའི་དྲོགས་ནི་ད་དྲོགས་ཡིན། །ལྷན་ཅིག་འགྲོགས་པ་ག་འགྲོགས་ལ། །བྲེད་ནས་འདྲོགས་པ་ད་འདྲོགས་ཡིན། །འགུགས་པའི་དགུག་ནི་ད་དགུག་ལ། །གྲོགས་པོས་སྒུག་པ་ས་སྒུག་ཡིན། །ཡི་གེ་ཀློག་པ་ཀ་ཀློག་ལ། །ཕྱི་ནང་སློག་པ་ས་སློག་ཡིན། །མཚུངས་པའི་འགྲེ་བ་ག་འགྲེ་ལ། །གནོད་པའི་འདྲེ་ནི་ད་འདྲེ་ཡིན། །མཐོ་བའི་སྒང་ནི་ས་སྒང་ལ། །ཆུ་སྣོད་ལྒང་ནི་ལ་ལྒང་ཡིན། །བློ་རིག་གྲུང་བ་ག་གྲུང་ལ། །མདུན་གྱི་དྲུང་ནི་ད་དྲུང་ཡིན། །མི་གཙང་རྟུག་ནི་ར་རྟུག་ལ། །འཐུག་པའི་སྟུག་ནི་ས་སྟུག་ཡིན། །རི་དྭགས་གླ་བ་ག་གླ་ལ། །ཚེགས་ཆུང་སླ་བ་ས་སླ་ཡིན། །སྟེང་གི་བླ་ནི་བ་བླ་ལ། །ལུས་ཀྱི་བརླ་ནི་ར་བརླ་ཡིན། །གཅོད་པའི་སྟེ་འུ་ས་སྟེའུ་ལ། །རྒོད་མའི་རྟེ་འུ་ར་རྟེའུ་ཡིན། །ནང་རོལ་རྒྱུ་མ་ར་རྒྱུ་ལ། །མི་བདེན་སྒྱུ་མ་ས་སྒྱུ་ཡིན། །འཕོང་གི་སྐྱེན་ནི་ས་སྐྱེན་ལ། །མཐུན་པའི་རྐྱེན་ནི་ར་རྐྱེན་ཡིན། །གནས་སོགས་སྐོར་བ་ས་སྐོར་ལ། །དཀོན་མཆོག་དཀོར་ནི་ད་དཀོར་ཡིན། །ཆུ་ལ་བརྒལ་བ་ར་བརྒལ་ལ། །ལུས་ཀྱི་སྒལ་བ་ས་སྒལ་ཡིན། །ས་བདག་ཀླུ་ནི་ཀ་ཀླུ་ལ། །སྙན་པའི་གླུ་ནི་ག་གླུ་ཡིན། །རེག་བྱ་འཇམ་པ་ཇ་འཇམ་ལ། །ཁྱབ་པའི་འབྱམས་པ་བ་འབྱམས་ཡིན། །སྲ་བའི་རྡོ་ནི་ར་རྡོ་ལ། །བསླུ་བའི་བསྡོ་ནི་ས་བསྡོ་ཡིན། །དུས་ཀྱི་དབྱར་ནི་ད་དབྱར་ལ། །ནོམ་པ་གཡར་བ་ག་གཡར་ཡིན། །རྣམ་ཤེས་གཡེང་བ་འགྲེང་ཅན་ལ། །གད་པའི་གཡང་ནི་འགྲེང་མེད་གཡང༌། །གུག་ཅན་དབྱིངས་ནི་ཆོས་དབྱིངས་ལ། །གུག་མེད་དབྱངས་ནི་སྐད་དབྱངས་ཡིན། །གནམ་གྱི་སྐར་མ་ས་སྐར་ལ། །ཁ་དོག་དཀར་བ་ད་དཀར་རོ། །ར་རྟག་ས་སྟག་ལ་ལྟག་རྣམས། །མི་འགྱུར་གཅན་གཟན་མགོ་བོའི་རྒྱབ། །ར་རྡང་ས་སྡང་ལ་ལྡང་རྣམས། །འདོགས་ཐག་གཤེ་དང་སྟན་ལས་ལངས། །ར་རྐུ་ས་སྐུ་ད་དཀུ་རྣམས། །གསང་ལེན་ཞེ་ས་ལུས་ཀྱི་ཟུར། །ར་རྒ་ས་སྒ་ད་དགའ་རྣམས། །ན་ཚོད་བཞོན་ཆས་སེམས་ཡིད་སྤྲོ། །ར་རྔ་ས་སྔ་ལ་ལྔ་རྣམས། །བརྡུང་བྱ་དུས་དང་རྩིས་ཀྱི་གྲངས། །ར་རྦ་ས་སྦ་ལ་ལྦ་རྣམས། །ཆུ་དྲག་མི་མངོན་མགུལ་བའི་རྒྱན། །ར་རྒོ་ས་སྒོ་བ་བགོ་རྣམས། །རི་དྭགས་ཁང་སྒོ་གོས་རྣམས་གྱོན། །ར་རྐ་ད་དཀའ་ས་སྐ་རྣམས། །ཆུ་ལམ་མི་ནུས་ལྕེ་ཡི་ཡུལ། །ལ་ལྐལ་ས་སྐལ་བ་བསྐལ་རྣམས། །མེད་དང་ཐོབ་དང་དུས་ཡིན་ནོ། །ག་གྲལ་ད་དྲལ་བ་བྲལ་རྣམས། །བསྒྲིགས་དང་རལ་བ་གྱེས་པའོ། །ག་གྲ་ད་དྲ་བ་བྲ་རྣམས། །ཚོགས་པ་གོས་བཟོས་སེམས་སྟོར་རོ། །ག་གྲི་ད་དྲི་བ་བྲི་རྣམས། །མཚོན་དང་སྣ་ཡི་ཡུལ་ཉམས་པའོ། །ག་གྲེད་ད་དྲེད་བ་བྲེད་རྣམས། །འགྱེད་དང་དུད་འགྲོ་སྐྱེངས་པའོ། །ག་གྲོད་ད་དྲོད་བ་བྲོད་རྣམས། །ཟས་སྣོད་ཚ་བ་ཡིད་དགའོ། །འདི་འདྲའི་ཚིག་མཐུན་ལ་འཁྲུལ་ནས། །ཡི་གེ་གང་བྱུང་བྲིས་གྱུར་ན། །དོན་རྣམས་ལོག་པར་འགྱུར་བའི་ཕྱིར། །རྟག་ཏུ་མཁས་པའི་གཞུང་རྣམས་བསྟེན། ། རྣམ་དབྱེ་བརྒྱད་ལས་དྲུག་པ་དང༌། །གསུམ་པའི་ཁྱད་པར་ཅུང་ཟད་དབྱེ། །ཆ་ཅན་དང་ནི་ཆ་ཤས་ཀྱི། །བར་གྱི་ཀྱི་སོགས་དྲུག་པའི་སྒྲ། །ཡིན་ཚེ་ས་མཐའ་མི་ཐོབ་དཔེར། །ཁྱོད་ཀྱི་སྐུ་དང་བདག་གི་ལུས། །སྨན་གྱི་བཅུད་དང་མཁས་པའི་བློ། །ལྷ་ཡི་སྤྱན་སོགས་ལྟ་བུའོ། །རྣམ་དབྱེ་གསུམ་པ་བྱེད་ཅན་དང༌། །བྱ་བའི་བར་གྱི་ཀྱི་སོགས་ཀྱིས། །ས་མཐའ་ངེས་པར་འཐོབ་དགོས་དཔེར། །ཁྱོད་ཀྱིས་ཆོས་བྱེད་རང་གིས་མཐོང༌། །སྨན་གྱིས་ནད་གསོས་མང་པོས་བཀུར། །ལྷ་ཡིས་ཆར་ཕབ་མཁས་པས་མཆོད། །ཉི་ཟླས་མུན་སེལ་ལྟ་བུ་སོགས། །རྣམ་དབྱེ་ས་མཐའ་ཡོད་མེད་ཀྱི། །དོན་ལ་ཁྱད་པར་ཆེ་བའི་ཕྱིར། །མཁས་པས་འདི་ལ་ནན་ཏན་མཛོད། །ལེགས་པའི་ཡོན་ཏན་ཀུན་གྱི་གཞི། །ཡི་གེའི་གཙུག་ལག་ཡིན་པའི་ཕྱིར། །བློ་ལྡན་སྐྱེ་བོ་གང་གིས་ཀྱང༌། །རྒྱ་ཆེན་གཞུང་ལ་བརྟུན་པ་སྐྱེད། །མཁས་མཆོག་གསུང་གིས་བསྐུལ་བའི་ངོར། །མདོར་བསྡུས་ཙམ་ཞིག་བརྗོད་པ་འདིས། །དགེ་བའི་དཔག་བསམ་འབྲས་བུ་ལ། །ལུས་ཅན་ཡོངས་ཀྱིས་སྤྱོད་གྱུར་ཅིག །ཅེས་དག་ཡིག་མཁས་པ་དགའ་སྐྱེད་ཅེས་བྱ་བ་འདི་ནི་གསོ་བ་རིག་པའི་གཞུང་ལུགས་མཐའ་དག་ལ་བློ་གྲོས་ཀྱི་སྤོབས་པ་མཆོག་ཏུ་ཡངས་པ་དགེ་སློང་བསོད་ནམས་བསྟན་པའི་གསུང་གིས་བསྐུལ་བ་ལྟར། ཡི་གེ་སྡེབ་སྦྱོར་ལ་སྨྲ་བའི་ལྗགས་ཅུང་ཟད་རིང་བ་དབྱངས་ཅན་རོལ་པའི་འོ་མཚོར་འབོད་པས། འཛམ་གླིང་ཡོངས་ལ་གྲགས་པའི་མཁས་པ་ཆེན་པོ་ཐོན་མི་སམྦྷོཊ། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ། རྗེ་བྱམས་པ་གླིང་པ། ཞ་ལུ་ལོ་ཙཱ་བ་ཆེན་པོ། དཔལ་ཁང་ལོ་ཙཱ་བ་སོགས་ཀྱི་གསུང་རབ་རྒྱ་མཚོ་ལྟ་བུ་ལས་ཉེར་མཁོའི་ཆ་རྣམས་བསྡུས་ཏེ་རབ་བྱུང་བཅུ་གཉིས་པའི་མོས་ལྡན་ཞེས་པ་ས་མོ་ཡོས་ཀྱི་དབོ་ཟླ་བའི་དམར་ཕྱོགས་ཀྱི་བཟང་པོ་གཉིས་པར་སྦྱར་བ་ཛ་ཡནྟུ།། །།
This article uses material from the Wikipedia བོད་སྐད article དག་ཡིག་མཁས་པ་དགའ་སྐྱེད་, which is released under the Creative Commons Attribution-ShareAlike 3.0 license ("CC BY-SA 3.0"); additional terms may apply (view authors). དེ་མིན་གྱི་མཆན་འགྲེལ་ཡོད་ན་མ་གཏོགས། དྲ་བའི་ནང་དོན་ CC BY-SA 4.0 སྟེང་དུ་ཡོད། Images, videos and audio are available under their respective licenses.
®Wikipedia is a registered trademark of the Wiki Foundation, Inc. Wiki བོད་སྐད (DUHOCTRUNGQUOC.VN) is an independent company and has no affiliation with Wiki Foundation.