སི་ཏུའི་འགྲེལ་ཆེན་

ཡུལ་གངས་ཅན་པའི་བརྡ་ཡང་དག་པར་སྦྱོར་བའི་བསྟན་བཅོས་ཀྱི་བྱེ་བྲག་སུམ་ཅུ་པའི་གཞུང་གི་རྣམ་པར་བཤད་པ་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ། ། གངས་རིའི་ཁྲོད་ཀྱི་མཁས་པ་རྣམས། །སྨྲ་བའི་ངག་སྦྱོར་ལ་བརྟེན་ནས། །དོན་གྱི་མཚན་ཉིད་རབ་གསལ་སླད། །བརྡའ་སྤྲོད་གཞུང་འདི་དགྲོལ་བར་བྱ། །དེའང་འདི་སྐད་ཐོས་ཏེ། བདག་ཅག་གི་སྟོན་པས་འཇམ་དཔལ་རྩ་བའི་རྒྱུད་སོགས་སུ་ཇི་ལྟར་ལུང་བསྟན་པ་བཞིན་ཁ་བ་ཅན་གྱི་ཡུལ་དབུས་སུ་གྱུར་པ་ལྷ་ལྡན་ཉིད་དུ་ལི་ཙ་བཱིའི་རིགས་ལས་ཆོས་སྐྱོང་བའི་རྒྱལ་པོ་ཚར་དུ་དངར་བ་རིམ་པར་བྱོན་པ་ལས་ཉི་མ་ལྟ་བུར་གྲགས་པ་རྣམ་པར་གསལ་བ།རྒྱལ་པོ་ཆེན་པོ་མིའི་ལྷའམ་ཡང་ན་སྐྱེ་བོ་མི་སྲུན་པ་གདུལ་དཀའ་བ་རྣམས་ལུགས་གཉིས་ཀྱི་སྲོལ་བཟང་པོའ་ིལམ་དུ་ནན་གྱིས་སྲོང་ཞིང་། མཛའ་བ་དང་མི་མཛའ་བ་དང་བར་མ་རྣམས་ལ་ཐུགས་རབ་ཏུ་སྙོམས་པའི་ཕྱོགས་སུ་མ་ལྷུང་བའི་ཕྱིར་ཤིན་ཏུ་དྲང་བའི་བཀའ་ཁྲིམས་བཙན་པོའ་ིགནས་ལས་མངའ་འོག་པ་རྣམས་འདའ་བའི་སྐབས་མེད་པ་དང་། ཕྱི་དང་ནང་གི་བྱ་བའི་གནས་ཐམས་ཅད་མ་འཆོལ་ཞིང་འཁྲུགས་པ་མེད་པར་དཔྱད་པ་གསུམ་གྱིས་གཏན་ལ་འབེབས་ཤིང་མཛངས་པར་གྲགས་པ་རྣམས་ཀྱིས་ཀྱང་དགོངས་པའི་གཏིང་དཔོག་པ་མེད་པའི་ཕྱིར་སྒམ་པོ་སྟེ་སྲོང་བཙན་སྒམ་པོ་ཞེས་མཚན་སྙན་པར་གྲགས་པ་ཉིད་སྐྱེ་དགུའི་དཔལ་དུ་ཤར་ཏོ། །དེའི་ཚེ་དེའི་མདུན་ན་འདོན་མཁས་པར་གྲགས་པ་མང་པོའ་ིདབུས་སུ་མིང་གི་ཡི་གེ་རབ་ཏུ་བརྗིད་པ་ཐུ་མི་སཾ་བྷོ་ཊས། ཆོས་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔའི་བཀའ་དང་རང་ཉིད་བྱང་ཆུབ་མཆོག་གི་སྨོན་ལམ་ཁྱད་པར་ཅན་གྱི་མཐུས་འཕགས་པའི་ཡུལ་དུ་བརྟོལ་ཏེ། པཎྚི་ཏ་ལྷ་རིག་སེངྒེ་དང་། བྲམ་ཟེ་ལི་བི་ཀ་ར་སོགས་བསྟེན་ནས་ཕྱི་ནང་གི་རིག་པ་མང་པོར་སྦྱངས་ཤིང་བསྟན་བཅོས་མང་པོས་མགུལ་བ་བརྒྱན་ནས་སླར་ལྡོག་པའི་ཚེ། སྐུ་མཁར་མ་རུར་ནཱ་ག་རའི་ཡི་གེར་དཔེ་བྱས་ཏེ་བོད་ཡིག་གི་གཟུགས་བརྩམས་ཏེ་ཡིག་ཕུད་དུ། རྒྱལ་པོར་བྱ་དཀའི་ལམ་ནས་དྲངས་པའི་བསྟོད་པས་ཆེད་དུ་བརྗོད་པས་དགེས་ཤིང།རིམ་པར་བསྟན་བཅོས་འདི་ལ་སོགས་པ་བོད་ཀྱི་བརྡ་ཡང་དག་པར་སྦྱར་བའི་བསྟན་བཅོས་བརྒྱད་ལ་སོགས་པ་མཛད་པས་སྨག་ལ་སྒྲོན་མེ་བཏེག་པ་བཞིན་དུ་ཤཱཀྱའི་བསྟན་པ་བྱང་ཕྱོགས་སུ་རྒྱས་པའི་ལམ་གྱི་ཐོག་མ་སྣང་བར་གྱུར་ཏོ། །ཞེས་གྲགས་སོ། །དེ་ལས་སུམ་ཅུ་བ་དང་རྟགས་ཀྱི་འཇུག་པ་གཉིས་ཁོ་ན་དེང་སང་གི་བར་དུ་ཡོད་ཅིང་། མཁས་བླུན་མང་པོས་འགྲེལ་བཤད་ཀྱི་ཁུར་བླངས་པས་དོན་གཞན་དང་གཞན་དུ་འདོན་པའི་གླེགས་བམ་གྱི་ཕྲེང་བར་གྱུར་མོད། འོན་ཏང་རྣམ་དཔྱོད་དང་ལྡན་པ་ཁ་ཅིག་གིས་རིགས་པའི་མདའ་རྣོན་གྱིས་ཕུག་པས་གཞུང་དོན་མང་པོ་ཞིག་དཔྱིས་ཕྱིན་པར་གྱུར་ཅིང་། ཕལ་ཆེར་ནི་བྱང་ཕྱོགས་འདིར་གཙུག་ལག་གཉིས་ཀ་བར་དུ་ཉམས་པའི་དབང་ལས་བཤད་རྒྱུན་དང་བསྟན་བཅོས་ཀྱི་ཡན་ལག་གཞན་མ་ཚང་བའི་ཕྱིར་མི་གསལ་བ་རྣམས་ཁ་ཁྲལ་འཇལ་བ་ཙམ་ལས་དོན་དུ་གནས་པར་མ་མངོན་པས། བདག་ལྟ་བུས་མཐའ་གཅིག་ཏུ་བཤད་པར་སླ་བ་མ་ཡིན་ཀྱང་བློ་གྲོས་ཀྱི་ནོར་དང་ལྡན་པ་གཞན་དག་གིས་ཀྱང་ཆེད་དུ་བསྐུལ་བ་དང་། རང་ཉིད་གཞུང་ཁྱད་པར་དུ་འཕགས་པ་འདི་དག་ལ་འཇུག་པར་འདོད་པའི་སྤྲོ་བ་བརྟས་པས་རྗེས་དཔག་གསུམ་གྱིས་ཇི་ལྟར་དཔག་པ་དགྲོལ་བར་བྱའོ། །དེ་ལས་ཐོག་མར་སུམ་ཅུ་པའི་གཞུང་འཆད་པ་ལ། བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག་དང་། བསྟན་བཅོས་དངོས་སོ། །དང་པོ་ལ། མཚན་སྨོས་པ་དང་འགྱུར་ཕྱག་གོ །དང་པོ་ལ་དངོས་དང་། མཚན་དོན་བཤད་པ། དོགས་གནས་དཔྱད་པ་གསུམ་ལས། དང་པོ་ནི།མཚན་སྨོས་པ་དང་། མཚནབཤད་པ།རྒྱ་གར་སྐད་དུ། བྱཱ་ཀ་ར་ཎ་མཱུ་ལ་ཏྲིཾ་ཤད་ནཱ་མ།བོད་སྐད་དུ། ལུང་སྟོན་པ་རྩ་བ་སུམ་ཅུ་བ་ཞེས་བྱ་བ།ཞེས་འབྱུང་བ་སྟེ། བྱཱ་ཀ་ར་ཎ་ལུང་སྟོན་པ། མཱུ་ལ་རྩ་བ། ཏྲིཾ་ཤད་སུམ་ཅུ་པ། ནཱ་མ་ཞེས་བྱ་བའོ། ། གཉིས་པ་ནི།སྒྲའི་མཚན་ཉིད་ལུང་དུ་སྟོན་ཅིང་ལེའུ་ཕྱི་མ་རྣམས་ཀྱི་རྟེན་གཞིར་གྱུར་པ་གང་ཞིག་གཞུང་ཚད་ཤླཽ་ཀ་སུམ་ཅུར་གནས་པས་དེ་སྐད་ཅེས་བྱའོ། །གསུམ་པ་ནི།དོགས་གནས་དཔྱད་པ།འགའ་ཞིག་འདི་སྐད་དུ། འདི་ལྟར་ལེགས་པར་སྦྱར་བའི་བརྡའི་མིང་བསྟན་པ་ན་རྒྱ་གར་སྐད་དུ་ཞེས་སྨོས་རིགས་པ་མ་ཡིན་ཏེ། དེ་ལྟ་ན་ལེགས་པར་སྦྱར་བ་དང་བྲལ་བའི་རྒྱ་གར་གྱི་སྐད་ཡུལ་འཁོར་ཆེན་པོ་ལ་བརྟེན་པ་རྣམས་སུ་འཁྲུལ་བས་འདི་ལྷའི་སྐད་དུ་རྟོགས་མི་ནུས་པའི་སྐྱོན་འཇུག་གོ། ཞེ་ན་ཞིབ་མོར་དཔྱད་པའི་ལུགས་སུ་དོགས་པ་སྐྱེ་བ་བདེན་མོད། འོན་ཀྱང་ལེགས་པར་སྦྱར་བ་ཉིད་འཕགས་ཡུལ་གྱི་མཁས་པ་རྣམས་ལ་རབ་ཏུ་གསལ་ཞིང་གཞན་དང་གཞན་དུ་དེ་ལྟར་མིན་པས་སྐྱེ་བོ་ཕལ་མོ་ཆེའི་ངོར་གྲགས་པ་ཙམ་གཙོ་བོར་བྱས་པ་དང་། བྱང་ཕྱོགས་འདིར་སངས་རྒྱས་ཀྱི་བསྟན་པ་ཇི་སྙེད་ཅིག་སྣང་བ་ཕལ་ཆེར་འཕགས་པའི་ཡུལ་ནས་འོངས་པ་ཤས་ཆེ་བས་ཡུལ་ཁུངས་སུ་བྱས་ཏེ། མཁན་པོ་ཉིད་དང་ཕྱི་ནས་ལོ་ཙཱ་བ་རྣམས་ཀྱིས་ཀྱང་བརྗོད་པ་ཡིན་ཞིང་། མཁན་པོས་འདིར་ནི་ཡི་གེ་དང་སྡེབ་ཏུ་སྦྱོར་བ་རྣམས་འཕགས་ཡུལ་བ་དཔེར་མཛད་པ་ཉིད་ཀྱི་ཁུངས་སྟོན་པའི་ཆེད་དུའང་ཡིན་པས་སྐྱོན་མེད་དོ། །ཡང་རྩ་བ་སུམ་ཅུ་བ་ཞེས་པའི་སྐབས་སུ། ཕལ་ཆེར་གྱིས་ཀཱ་ལི་སུམ་ཅུ་བརྗོད་བྱའི་གཙོ་བོར་སྟོན་པའི་དོན་དུ་བཀྲལ་ཅིང་། འགའ་ཞིག་གིས་ན་ཡམ་དུ་ཤླཽ་ཀ་སུམ་ཅུ་ཙམ་ཞིག་ཡོད་པའི་དོན་དུའང་བཀོད་དེ། སྔ་མ་ལྟར་ན་རྟགས་འཇུག་ལའང་སུམ་ཅུ་པའི་མིང་འཇུག་པར་ཐལ་ཏེ་སུམ་ཅུ་པར་ཀཱ་ལི་སུམ་ཅུའི་ཚིག་ཕྲད་རྣམ་དབྱེ་སོགས་བསྟན་ལ། རྟགས་འཇུག་ཏུ་དེའི་རྟགས་ཀྱི་དབྱེ་བ་སོགས་བསྟན་པས་གཉིས་ཀར་ཀཱ་ལི་སུམ་ཅུའི་བྱ་བ་སྟོན་པར་མཉམ་པའི་ཕྱིར། གཞན་ཡང་བོད་ཀྱི་བརྡ་སྦྱོར་བའི་བསྟན་བཅོས་རྩོམ་ན་ཀཱ་ལི་སུམ་ཅུ་བརྗོད་བྱའི་གཙོ་བོར་མེད་པ་ནི་ཆེས་མི་རིགས་པས་རྩ་བ་བརྒྱད་པོ་ཐམས་ཅད་ཀྱང་མིང་དེས་ཁྱབ་པར་བཞེད་ན་ནི་འདིར་དམིགས་ཀྱིས་གདགས་པ་དོན་མེད་དོ། ། ཕྱི་མས་ཕྱོགས་ཙམ་མངོན་པར་སྣང་ཡང།འདིར་མཆོད་བརྗོད་སོགས་ཐམས་ཅད་བགྲངས་པའི་གཞུང་ཚད་ཤླཽ་ཀ་སུམ་ཅུ་སོ་གསུམ་འབྱུང་བའི་སུམ་ཅུ་ཁོ་ནར་མ་འགྲིག་སྟེ་སུམ་ཅུ་ཙམ་ཞེས་ལམ་སྟོར་བའི་འགྲོན་པོ་ལྟར་ཚམ་ཚོམ་བྱེད་དགོས་པ་མ་ཡིན་ཏེ། མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ་ནི། སྐབས་གཞན་གྱི་ཐུན་མོང་བ་ཡིན་པ་རྟགས་འཇུག་ལ་དེ་མེད་པས་གསལ་ཞིང་། སུམ་ཅུ་བ་ནི། ཡི་གེ་ཨཱ་ལི་ཀཱ་ལི་གཉིས། ། སོགས་སྐབས་དང་པོ་ཉིད་ཀྱི་ཐུན་མོང་མིན་པའི་བརྗོད་བྱ་ཚིགས་བཅད་སུམ་ཅུ་ཉིད་ཀྱིས་རྫོགས་པས་གྲངས་ངེས་པའི་སྒོ་ནས་བཏགས་པའི་ཕྱིར་རོ། ། དེ་ལྟ་བས་ན་སྔོན་ཆད་འགྲེལ་བྱེད་རྣམས་ཀྱི་བློ་གྲོས་སུ་མ་ཆུད་པའི་ལེགས་བཤད་གསར་པ་འདིས་དཔྱོད་ལྡན་རྣམས་བག་ཡངས་སུ་རྩེན་པར་མཛོད་ཅིག།གཉིས་པ་འགྱུར་ཕྱག་ལ་དངོས་དང་། མཐའ་དཔྱད་དོ། ། དང་པོ་ནི།འགྱུར་ཕྱག་དངོས།ངག་གི་དབང་ཕྱུག་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཞེས་སྨོས་ཏེ་བསྟན་བཅོས་འདི་དཔྱད་པ་གསུམ་གྱིས་རྣམ་པར་དག་པས་རྗེས་འཇུག་རྣམས་ཀྱིས་འཕགས་ཡུལ་ནས་བསྒྱུར་པའི་བསྟན་བཅོས་ཁྱད་པར་འཕགས་པ་རྣམས་དང་མཚུངས་པར་ལྟ་ཞིང་དོན་དུ་གཉེར་རིགས་སོ་ཞེས་འདོམས་པའི་དོན་དུ་ཐུ་མི་ཉིད་ཀྱིས་བསྒྱུར་བའི་མདོ་རྒྱུད་རྣམས་ཀྱི་འགྱུར་ཕྱག་དང་མཐུན་པར་འཕགས་པ་འཇམ་དཔལ་ལ་ཕྱག་མཛད་པའོ། །གཉིས་པ་ནི།མཐའ་དཔྱད་པ།འདིར་ལ་ལ་ཞིག་གིས་བསྟན་བཅོས་བསྒྱུར་བ་སོགས་ལ་བར་ཆད་མི་འབྱུང་བའི་ཆེད་དུ་ལོ་ཙཱ་བ་རྣམས་ཀྱིས་ཕྱག་མཛད་པ་དང་རྗེས་སུ་མཐུན་པར་ཞེས་སྦྲེལ་མོད། བློ་རྣལ་དུ་གནས་པས་སྨྲས་པ་མ་ཡིན་ཏེ། དེ་ལྟ་ན་བསྟན་བཅོས་འདི་རྩོམ་པ་དེའི་ཚེའམ་དེ་ལས་སྔོན་ནུ་དཔེར་བྱ་འོས་པའི་ལོ་ཙཱ་བ་དུ་མ་ཞིག་ཡོད་པར་འདོད་དགོས་ཤིང་། དེ་འདོད་ན་བོད་ཡིག་སྡེབ་སྦྱོར་དང་བཅས་པའང་ཐུ་མིས་བརྩམས་པ་ལས་གཞན་དུ་ཡོད་པར་ཤུགས་ཀྱིས་ཁས་བླངས་པར་སོང་བས་བོད་ཀྱི་དེབ་ཐེར་རྙིང་མ་རྣམས་དང་། ཁྱེད་རང་གིས་དྲིན་ཆེན་གྱི་བློན་པོ་ཐུ་མི་ང་། །སོགས་དྲངས་པའི་རྣམ་གཞག་ཐམས་ཅད་བཤིག་པར་ཐལ་ལོ། །རྒྱུ་མཚན་འདིས། མཁན་པོས་ཐོག་མར་ཡི་གེ་བརྩམས་པའི་རྗེས་སུ་བརྡ་སྤྲོད་པའི་གཞུང་ལུགས་རྣམས་བརྩམས་པ་དང་། མདོ་ལ་སོགས་པ་བསྒྱུར་ཅིང་སློབ་མར་བཤད་པས་ལོ་ཙཱ་བ་རྣམས་བྱུང་བའི་གོ་རིམ་འདི་བྱང་བར་གྱིས་ཤིག།བསྟན་བཅོས་དངོས་བཤད་པ།གཉིས་པ་བསྟན་བཅོས་དངོས་ལ། གཞུང་སྤྱིའི་ཡན་ལག་ཏུ་མཆོད་པར་བརྗོད་ཅིང་བཤད་པར་དམ་བཅའ་བ། སྐབས་དོན་དངོས་སུམ་ཅུ་བ་ཉིད་རྒྱས་པར་བསྟན་པའོ། ། དང་པོ་ལ་མཆོད་བརྗོད་དང་། བཤད་པར་དམ་བཅའ་བ་གཉིས། དང་པོ་ལའང་།དཀོན་མཆོག་གསུམ་ལ་སྤྱིར་ཕྱག་འཚལ་བ། བྱེ་བྲག་ཏུ་འཇམ་པའི་དབྱངས་ལ་ཕྱག་འཚལ་བ། དགོས་པའི་དབང་གིས་རྟག་ཞི་བ་ལ་ཕྱག་འཚལ་བ། དྲིན་གཟོ་བའི་ཕྱིར་མཁས་པ་སྤྱི་དང་བྱེ་བྲག་ལ་ཕྱག་འཚལ་བའོ།དང་པོ་ལ་དངོས་དང་མཐའ་དཔྱད་གཉིས་ལས།དཀོན་མཆོག་གསུམ་ལ་སྤྱིར་ཕྱག་འཚལ་བ།དང་པོ་ནི།གང་ལ་ཡོན་ཏན་མཆོག་མངའ་བའི། །དཀོན་ཅོག་དེ་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ། གང་ཞིག་གང་ལ་ནོར་བུ་རིན་པོ་ཆེ་དང་ཆོས་མཚུངས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་མངའ་བ་ནི་དཀོན་ཅོག་ཅེས་བྱ་ཞིང།མཚུངས་ཆོས་ཀྱི་ཡོན་ཏན་ཡང་བསོད་ནམས་མ་བསགས་པ་ལ་སྣང་བ་མིན་པས་འབྱུང་བ་དཀོན་པ་དང་། རང་བཞིན་གྱིས་རྙོག་པའི་ཆོས་ཅན་མ་ཡིན་པས་དྲི་མ་བྲལ་བ་དང་། རང་བཞིན་གྱི་དོན་སྒྲུབ་པའི་མཐུ་དང་ལྡན་པ་དང།འགྲོ་བ་རྣམས་ཀྱི་བསམ་པ་དགེ་བའི་རྒྱུ་ཡིན་པས་འཇིག་རྟེན་གྱི་རྒྱན་དང།འཇིག་རྟེན་ལས་མཆོག་ཏུ་གྱུར་པ་དང་། རྣམ་པར་འགྱུར་བའི་རང་བཞིན་ཅན་མ་ཡིན་པ་རྣམས་ཏེ།འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི། །རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར། །འགྱུར་བ་མེད་ཕྱིར་དཀོན་ཅོག་ཉིད། །ཅེས་འབྱུང་བས་སོ། །དེ་ལ་དབྱེ་ན་སངས་རྒྱས་དང་ཆོས་དང་དགེ་འདུན་ཏེ་དཀོན་ཅོག་རྣམ་པ་གསུམ་ཡིན་ཞིང་། དེའང་སྐྱབས་ཡུལ་དངོས་ཀྱི་དབང་དུ་བྱས་ན་མཐར་ཐུག་གི་སྐྱབས་རྫོགས་པའི་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་ཅན་དང།གནས་སྐབས་ཀྱི་སྐྱབས་འགོག་ལམ་གྱིས་བསྡུས་པའི་ཆོས་དང་། སློབ་པ་འཕགས་པའི་དགེ་འདུན་རྣམས་དང་། དེར་མ་ཟད་གང་ལ་བརྟེན་ནས་དཀོན་ཅོག་དངོས་ལ་གུས་པ་འཕེལ་ཞིང་མོས་པས་འཇུག་པར་འགྱུར་བའི་རྐྱེན་ཁྱད་པར་དུ་འཕགས་པ་སངས་རྒྱས་ཀྱི་སྐུ་བརྙན་སོགས་དང་མིང་ཚིག་ཡི་གེའི་ཚོགས་སུ་སྣང་བའི་ལུང་གི་ཆོས་དང་སོ་སོ་སྐྱེ་བོའ་ིདགེ་འདུན་རྣམས་ལའང་མཁན་པོས་གཞུང་དགོད་པའི་ཐོག་མ་ཉིད་དུ་ལུས་ངག་ཡིད་གསུམ་འདུད་པའི་ཕྱག་མཛད་པ་ཡིན་ནོ། །དེ་ལྟར་ཐོག་མ་ཁོ་ནར་དཀོན་ཅོག་གསུམ་ལ་བསྟོད་ཕྱག་མཛད་པ་འདིས་དེའི་ཚེ་བོད་ཡུལ་དུ་བོན་ལས་གཞན་པའི་གྲུབ་མཐའ་སྨྲ་བ་ཕལ་གྱིས་ཡོད་པར་མ་འཚལ་ཅིང་། འཕགས་ཡུལ་དུའང་ཕྱི་ནང་གཉིས་ཀ་ཡོད་པས་རྗེས་འཇུག་གི་སྐྱེ་བོ་རྣམས་རྗེས་སུ་གཟུང་བའི་སླད་དུ་གང་ཞིག་དཀོན་ཅོག་གསུམ་ལ་འདུད་ཅིང་སྐྱབས་སུ་འགྲོ་བར་བྱེད་པའི་ལམ་དེ་ནི་ནོར་བ་མེད་ཅིང་ཡང་དག་པའོ་ཞེས་འདོམས་པའང་ཡིན་ནོ། །གཉིས་པ་ནི།དེའི་མཐའ་དཔྱད་པ།ཁ་ཅིག་གིས། སྐབས་འདིར་གང་ལ་ཞེས་པའི་ལ་ཡིག་ལོགས་སུ་བཀར་ནས་ངོས་གཟུང་བའི་དོན་དང་དེ་ལ་ཞེས་པའི་ལ་ཡིག་ཆེད་དུ་བྱ་བའི་དོན་དུ་བཤད་མོད། སྔ་མ་ནི་གཞུང་འདིའི་ལ་དོན་འཆད་པའི་སྐབས་སུ་དེ་འདྲ་ལ་འཇུག་པར་མ་བཤད་པར་མ་ཟད་དོན་གྱིས་ཀྱང་དེ་འདྲར་འཇུག་མི་སྲིད་པས་མི་འཐད་ཅིང་། གང་ཞིག་ལ་ཡོན་ཏན་མཆོག་མངའ་བའམ་ལྡན་པ་ཞེས་སྦྲེལ་དགོས་པས་རྣམ་དབྱེ་བདུན་པ་གནས་གཞིའི་དོན་ཉིད་དོ། །ཕྱི་མ་ནི་ལེགས་སྦྱར་ཤེས་རློམ་གྱིས་ཞྭ་དཔེ་ལྷམ་ལ་བཀབ་པར་ཟད་དེ། ཅིའི་ཕྱིར་ན། ཀ་ལཱ་པར། ན་མསྲ། སྭསྟི། སྭ་ཧཱ། སྭ་དྷཱ། ཨ་ལཾ། བ་ཥ་ཊ། སྦྱོར་བ་ལ་བཞི་བའོ་ཞེས་འབྱུང་བར་ན་མསྲ་ཀྱི་ཡུལ་ལ་སྤྱིར་བཏང་དོན་འཐོབ་ཀྱི་སྒོ་ནས་གཉིས་པ་འཇུག་ཀྱང་གྲགས་པ་དམིགས་བསལ་གྱི་སྒོ་ནས་བཞི་བ་སྦྱོར་བར་མཁས་པ་རྣམས་ཀྱིས་བཀྲལ་མོད་ཀྱི། དེ་འདྲའི་བྱེ་བྲག་མ་ཕྱེད་པར། ན་མསྲ་ཀྱི་ཡུལ་ལ་བཞི་བ་འཇུག་པར་བཤད་དོ་སྙམ་ནས་ཕྱག་འཚལ་བའི་དོན་ཅན་གྱི་སྒྲའི་ཡུལ་ཐམས་ཅད་ལ་བཞི་བ་འཇུག་པར་བསམ་ཞིང་སྨྲ་བའི་ཕྱིར་རོ། །དེས་ན་སྤྱིར་བཏང་གི་སྒྲུབ་པའི་དབང་གིས། པྲ་ཎ་མྱཾ་སོགས་ཀྲྀཏྲ་རྐྱེན་གཞན་གྱིས་བསྒྲུབས་པ་དང་། ན་མཱ་མི་སོགས་ཏིང་མཐའ་རྣམས་དང་།བྱིངས་གཞན་ལས་བྱུང་བའི་བནྡེ། བནྡ་ནཾ་ལྟ་བུ་རྣམས་ཀྱང་འདུད་ཅིང་ཕྱག་འཚལ་བའི་དོན་ཅན་དུ་མཚུངས་ཀྱང་དེ་དག་གི་ཡུལ་ལ་ནམ་དུའང་གཉིས་པ་ལས་གཞན་པའི་རྣམ་དབྱེ་འཇུག་པ་མ་ཡིན་པ་འདི་ཀུན་གྱིས་ཤེས་བར་བྱའོ། །རྒྱུ་མཚན་དེས་ན་བོད་དུ་དེ་ལྟའི་གྲགས་པ་དམིགས་བསལ་མེད་པའི་ཕྱིར་དོན་ཐོབ་གཙོ་བས། བཞི་བའི་སྤྱིར་བཏང་གི་དོན་སྦྱིན་པའི་སྣོད་ལ་སོགས་པ་བྱ་བ་གང་ཡིན་ཡང་བྱ་ཡུལ་དེའམ་དེ་དང་འབྲེལ་བའི་དོན་དུ་སོང་བ་ཞིག་དགོས་པ་ལས། ཡུལ་ཁྱད་པར་ཅན་ལ་ཕྱག་བྱེད་པ་ནི་ཕྱག་བྱེད་པོ་ཉིད་དམ་དེ་དང་འབྲེལ་བའི་དོན་ལས་ཕྱལ་ཡུལ་དེའི་ཆེད་དུ་མིན་པ་ནི་གནག་རྫིས་ཀྱང་རྟོགས་པར་སླ་བའི་ཕྱིར་ཕྱག་གི་ཡུལ་ལ་རྣམ་དབྱེ་གཉིས་པ་འཇུག་པ་ལས་འོས་མེད་དོ། །འོ་ན་གནས་བརྒྱད་འགྲེལ་བ་ལས། བཞི་བ་སྦྱིན་པ་དང་ཕྱག་འཚལ་བ་ཞེས་བྱ་བ། ཤིང་གི་ཕྱིར་ཆུ་འདྲེན་པའང་ཤིང་ཉིད་རྒྱས་པ་དང་། སྨིན་པའི་ཕྱིར་སྦྱོར་ཡང་། དོན་གྱིས་ཆུ་འདྲེན་པའི་བྱེད་པ་པོའ་ིཆེད་ཡིན་པར་འགྱུར་བ་དང་། མཆོད་རྟེན་ལ་ཕྱག་འཚལ་བའང་། མཆོད་རྟེན་ཉིད་ཕྱག་གི་ཡུལ་ལམ་གནས་སུ་སྦྱར་ཡང་དོན་གྱིས་ཕྱག་འཚལ་བའི་ཆེད་ཡིན་པར་འགྱུར་བས་བཞི་བ་བྱ་བའི་ཆེད་ཀྱི་དོན་དུ་དྲང་ངོ་། །ཞེས་བསྟན་པ་མ་ཡིན་ནམ་ཞེ་ན། གནས་བརྒྱད་རྩ་འགྲེལ་གྱི་དོན་འགའ་ཞིག་བསྒྲུབ་བྱ་ལས་སྒྲུབ་བྱེད་དུ་མི་འགྲོ་བ་ཡོད་ཅིང་རྣམ་དབྱེ་བཞི་བ་འཇུག་ཚུལ་འདིའང་བརྟག་དགོས་ཏེ། ཆུ་འདྲེན་པའི་བྱེད་པ་པོའ་ིཆེད་ཡིན་པའི་རྒྱུ་མཚན་གྱིས་ཤིང་ལ་བཞི་བ་འཇུག་པ་དང་། ཕྱག་འཚལ་བའི་བྱ་བའི་ཆེད་ཡིན་པའི་རྒྱུ་མཚན་གྱིས་མཆོད་རྟེན་ལ་བཞི་བ་འཇུག་པར་འདོད་པ་དེ་ལྟ་ན། ཤན་པས་ཕྱུགས་གསོད།ཚོང་བས་ནོར་སྒྲུབ། ཁ་ཟས་ལ་ལོངས་སྤྱོད། ལྟ་བུ་རྣམས་ལའང་རིམ་པར་གསོད་པ་པོ་དང་སྒྲུབ་པ་པོའ་ིཆོད་ཡིན་པས་ཕྱུགས་དང་ནོར་ལ་བཞི་བ་འཇུག་པར་ཐལ་བ་དང་། ལོངས་སྤྱོད་པའི་བྱ་བའི་ཆེད་ཡིན་པས་ཁ་ཟས་ལ་བཞི་པ་འཇུག་པར་ཐལ་བ་སོགས་དང་། སྤྲང་པོ་ལ་ཟན་སྦྱིན་ལྟ་བུར་སྦྱིན་བྱའམ་སྦྱིན་བྱེད་ཀྱི་ཆེད་དུ་མ་ཡིན་པས་སྦྱིན་ཡུལ་ལ་བཞི་པ་མི་འཇུག་པར་ཐལ་བ་སོགས་སྐྱོན་མཐའ་ཡས་ཤིང་། བརྡ་སྤྲོད་པའི་བསྟན་བཅོས་ཚད་ལྡན་གང་དུའང་དེ་འདྲའི་རྣམ་གཞག་བཤད་པ་མ་མཐོང་བས་སོ། །ཡང་གང་ལ་དང་དེ་ལ་ཞེས་པའི་ལ་དོན་གཉིས་མཐའ་གཅིག་ཏུ་མི་མཚུངས་པར་འཆད་དགོས་པའང་མ་ཡིན་ཏེ། ལེགས་སྦྱར་གྱི་རྣམ་དབྱེ་སྦྱོར་ཚུལ་དང་བསྟུན་ན། གང་ཞེས་པ་སྤྱིའི་སྒྲ། དེ་ཞེས་པ་བྱེ་བྲག་ངེས་གཟུང་གི་སྒྲ་ཡིན་པས།སྤྱིའི་བྱ་བ་བྱེ་བྲག་ལ་ངེས་གཟུང་གིས་སྦྱོར་བ་འདི་འདྲའི་རིགས་ལ་གཉིས་ཀར་རྣམ་དབྱེ་མཚུངས་པར་སྦྱོར་བ་ཡིན་པའི་ཕྱིར་དེ་གཉིས་ཀ་རྣམ་དབྱེ་གཉིས་པའི་དོན་དུ་བྱས་ནའང་རུང་སྟེ། ཕྱག་འཚལ་ལོ། །གང་ལ་ན་ཡོན་ཏན་མཆོག་མངའ་བའི་དཀོན་ཅོག་དེ་ལའོ། །ཞེས་འཆད་པའི་ལུགས་སོ། །བྱེ་བྲག་ཏུ་འཇམ་པའི་དབྱངས་ལ་ཕྱག་འཚལ་བ།གཉིས་པ་ལ་དངོས་དང་ལོག་རྟོག་སེལ་བ་གཉིས། དང་པོ་ནི།གང་གིས་སྒྲ་དབྱངས་ཀུན་གསུངས་པའི། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ། གང་ཞིག་གང་གིས་སྒྲ་དབྱངས་བརྗོད་པ་ཐམས་ཅད་མ་ལུས་པར་སྟོན་ཅིང་གསུངས་པས་གསུང་གི་དབང་ཕྱུག་ཆེན་པོར་གྱུར་པ།ཉེས་པའི་རྩུབ་རེག་ཐམས་ཅད་ཡོངས་སུ་སྤངས་པས་འཇམ་པའི་ཡོན་ཏན་དང་ལྡན་པའི་ཕྱིར་འགྲོ་བ་ཐམས་ཅད་ཀྱི་ཁམས་དབང་བསམ་པ་རྣམས་དང་མཐུན་པར་རྗེས་སུ་འཇུག་པའི་དབྱངས་ཀྱི་བདག་ཉིད་དེ་ལ་ཕྱག་འཚལ་ལོ། །ཞེས་པའོ། །སྒྲ་དབྱངས་ཇི་ལྟར་གསུངས་པའི་ཚུལ་ཡང། འཇམ་པའི་དབྱངས་ཞེས་བྱ་བ་ནི་བསྐལ་པ་དཔག་ཏུ་མེད་པའི་གོང་ནས་མངོན་པར་རྫོགས་པའི་བྱང་ཆུབ་བརྙེས་སུ་ཟིན་ཀྱང་། ས་བཅུའི་བྱང་ཆུབ་སེམས་དཔའ་ལ་སོགས་པའི་ཚུལ་གྱི་སྒྱུ་འཕྲུལ་ཆེན་པོས་འཁོར་བ་སྲིད་དུ་སངས་རྒྱས་ཀྱི་འཕྲིན་ལས་མཛད་པ་ཞིག་སྟེ། དོན་དམ་པར་ན་སངས་རྒྱས་ཐམས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་འཇམ་དཔལ་ཡེ་ཤེས་སེམས་དཔའོ། །དེ་ཉིད་བདེ་བར་གཤེགས་པ་ཐམས་ཅད་ཀྱི་གསུང་མི་ཟད་པ་རྒྱན་གྱི་འཁོར་ལོའ་ིརྒྱུར་གྱུར་པ་དང་། དེའི་མཐུས་འཇིག་རྟེན་ཐམས་ཅད་ཀྱི་སྒྲ་དབྱངས་བརྗོད་མ་ལུས་པ་གསལ་བར་བྱེད་པའང་ཡིན་ནོ། །རྒྱུ་མཚན་དེས་འཇམ་པའི་དབྱངས་ཀྱིས་སྒྲ་དབྱངས་གསུངས་པར་བསྟན་པ་སྟེ། མཚན་ཡང་དག་པར་བརྗོད་པ་ལས། བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ། །གཙུག་ཏོར་ཆེན་པོ་ཚིག་གི་བདག། །ཡེ་ཤེས་སྐུ་སྟེ་རང་བྱུང་བ། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི། །ཞེས་གསུངས་ཤིང་དེའི་ཚིག་རྐང་ཐ་མའི་དོན་སྒེག་པའི་རྡོ་རྗེའི་འགྲེལ་བར། འཇམ་པ་ནི་མཉེན་པ་དང་དཔལ་དང་ལྡན་པ་གང་ཡིན་པ་དེ་ནི་འཇམ་དཔལ་ལོ། །ཡེ་ཤེས་སེམས་དཔའ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ན་གནས་པའི་ཕྱིར་རོ། །འཇམ་དཔལ་ཡང་དེ་ཡིན་ལ་ཡེ་ཤེས་སེམས་དཔའང་དེ་ཉིད་ཡིན་པས་འཇམ་དཔལ་ཡེ་ཤེས་སེམས་དཔའ་སྟེ། དེ་ས་བཅུའི་དབང་ཕྱུག་གི་བྱང་ཆུབ་སེམས་དཔའ་ནི་མ་ཡིན་ནོ། །དེ་ལྟ་ན་དེ་སུ་ཞིག་ཡིན་ཞེ་ན་གཉིས་སུ་མེད་པའི་ཡེ་ཤེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཉིད་འཇམ་དཔལ་ཡེ་ཤེས་སེམས་དཔའ་སྟེ། ཞེས་དང་། རྫོགས་པའི་སངས་རྒྱས་ཨ་ལས་བྱུང་། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག། དོན་ཆེན་ཡི་གེ་དམ་པ་སྟེ། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག། ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་དང་། འགྲེལ་བར། དེས་ན་འདི་སྐད་སྟོན་པར་འགྱུར་ཏེ་ཡི་གེ་ཨ་ནི་མ་སྐྱེས་པའི་རྣམ་པས་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་རྣམས་ཀྱི་གནས་བྱང་ཆུབ་སེམས་སྔོན་དུ་འགྲོ་བ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་འཇམ་དཔལ་གྱི་རང་བཞིན་བསྐྱེད་པས་ན་ཆོས་ཀྱི་འཁོར་ལོ་སྐོར་བར་བྱེད་ཅིང་ཚིག་ཐམས་ཅད་རབ་ཏུ་གསལ་བར་བྱེད་པའི་གསུང་གི་འཁོར་ལོའ་ིརྒྱུར་གྱུར་པའི་ཕྱིར་བརྗོད་པ་ཐམས་ཅད་རྒྱུའི་མཆོག་ཡིན་ནོ། །ཞེས་སོགས་རྒྱས་པར་གསུངས་པ་བཞིན་ནོ། །གཉིས་པ་ནི།དེ་ལ་ལོག་རྟོག་སེལ་བ།སྐབས་འདིར་འགྲེལ་བྱེད་སྔ་མ་རྣམས་ཀྱིས་སྒྲ་དབྱངས་ཞེས་པ་ཨཱ་ལི་བཅུ་དྲུག་ཁོ་ནར་ངོས་བཟུང་སྟེ་དེ་འཇམ་དཔལ་གྱིས་གསུངས་སོ་ཞེས་བབ་ཅོལ་དུ་སྨྲ་བར་བྱེད་མོད། དེ་དག་གིས་བརྗོད་པ་ཙམ་ལ་བསམས་ན་ནི་སྨྲ་པོ་མཐའ་ཡས་པའི་ཕྱིར་མ་ངེས་ལ། སྔོན་དུ་ཨཱ་ལི་བཅུ་དྲུག་ཁོ་ན་གསུངས་པའི་ལོ་རྒྱུས་གཏན་ཚིགས་ཡོད་ནའང་བཀོད་རིགས་པ་ལས་མི་སྣང་ཞིང།འཇམ་དཔལ་ཤེས་རབ་ཀྱི་ལྷ་ཡིན་པས་ཨཱ་ལི་ཁོ་ན་གསུངས་པ་འཐད་དོ་སྙམ་ནའང་རང་བཟོར་རྟོགས་སླ་བར་མ་ཟད། མདོ་རྒྱུད་རྒྱ་མཚོ་རྣམས་ནས་སྒྲ་དབྱངས་བརྗོད་པ་ཐམས་ཅད་ཀྱི་དབང་ཕྱུག་ཏུ་གསུངས་པ་དང་འགལ་ལོ།།དགོས་པའི་དབང་གིས་རྟག་ཞི་བ་ལ་ཕྱག་འཚལ་བ།གསུམ་པ་ལ་དངོས་དང་ལོག་རྟོག་སེལ་བ་གཉིས། དང་པོ་ནི།གང་གིས་མིང་གཞི་སྔོན་གསུངས་པ། །རྟག་ཞི་བ་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ། གང་གིས་མིང་ཚིག་བརྗོད་པ་ཀུན་གྱི་གཞི་ཡིན་པས་མིང་གཞི་སྟེ་ཡི་གེ་སྔོན་དུ་གསུང་བ་པོར་འཇིག་རྟེན་ན་གྲགས་པ་ལྷའི་དབང་པོ་རྟག་ཏུ་ཞི་བ་ལ་ཕྱག་འཚལ་ལོ། །ཞེས་སོ། །དེའང་འཇིག་རྟེན་གྱི་གྲགས་པ་ཙམ་གྱི་རྗེས་སུ་འབྲངས་ནས། བརྡ་ཡང་དག་པར་སྦྱོར་བའི་ཚུལ་འདི་དག་འོག་ནས། བསླབ་པ་ཀུན་གྱི་གཞི་འཛིན་ཅིང་། །སོགས་འཆད་འགྱུར་ལྟར་གྲུབ་མཐར་ཞུགས་མ་ཞུགས་ཕྱི་ནང་ཐམས་ཅད་ཀྱི་བསླབ་བྱར་ཤེས་པའི་ཆེད་དུའམ། སྤྱི་རོལ་བ་རྗེས་སུ་གཟུང་བའི་སླད་དུ་ལྷ་ཆེན་པོ་དབང་ཕྱུག་ལ་བསྟོད་ཕྱག་མཛད་པ་ཡིན་ཞིང་། དབང་ཕྱུག་གི་མཚན་དུ་རྟག་ཞི་བ་ཞེས་པ་ནི་ས་དཱ་ཤི་བ་སྟེ་འཕགས་པའི་ཡུལ་དུ་རླུང་ལྟར་གྲགས་པ་ཡིན་ནོ། །གཉིས་པ་ནི།དེ་ལ་ལོག་རྟོག་སེལ་བ།དེ་ལྟ་ན་ལྷ་ཆེན་པོས་ཡི་གེ་ཐོག་མར་བཀོད་པའམ་གསུངས་པའི་ལོ་རྒྱུས་བསྙད་དུ་མེད་ཅིང་། སྤྱིར་དཀོན་ཅོག་གསུམ་ལ་སྐྱབས་སུ་སོང་ནས་འཇིག་རྟེན་པའི་ལྷ་ལ་ཕྱག་བྱེད་པའང་མི་འབྲེལ་བས་མི་འཐད་དོ། །ཞེ་ན་ལྷ་ཆེན་པོས་ཡི་གེ་ཐོག་མར་བཀོད་པའི་ལོ་རྒྱུས་དེང་སང་བོད་ཡུལ་འདིར་ཡོངས་གྲགས་སུ་མེད་ཀྱང་སྔོན་དུས་མེད་པར་མ་ངེས་ལ། འཕགས་ཡུལ་དུ་ནི་ཕྱི་རོལ་བ་དག་གིས་དབང་ཕྱུག་འཇིག་རྟེན་གྱི་བྱེད་པོར་ཡང་འདོད་ཅིང་བྲམ་ཟེ་རྣམས་ཀྱི་གཞུང་དུ་བྱེད་པོ་ཉི་ཤུ་རྩ་བཞི་བཤད་པ་ལས་ཡི་གེའི་བྱེད་པོ་དབང་ཕྱུག་ཏུ་གསལ་བར་བསྟན་པ་ཡོད་པར་མ་ཟད། མ་མཐོང་ཕྱིར་ན་མེད་པ་མིན། །ཞེས་པ་ལྟར་ཁྱེད་རང་གིས་མ་མཐོང་བའི་རྟགས་ཀྱིས་མེད་པར་བསྒྲུབ་མི་ནུས་པའི་ཕྱིར་དང་། མཆོག་གསུམ་ལ་སྐྱབས་སུ་སོང་ནས་འཇིག་རྟེན་པའི་ལྷར་ཕྱག་བྱེད་པ་སྤྱིར་མི་འོས་ཀྱང་འདི་དགོས་པ་དང་བཅས་ཤིང་ལྷ་ཆེན་པོ་དེ་འཇིག་རྟེན་དབང་ཕྱུག་གི་རྣམ་རོལ་དུའང་ཟ་མ་ཏོག་ལ་སོགས་པའི་མདོ་སྡེ་རྣམས་སུ་བསྟན་པའི་ཚུལ་ཇི་ལྟ་བར་ཐུགས་སུ་ཆུད་ནས་ཕྱག་མཛད་ཀྱི། འཇིག་རྟེན་རང་རྒྱུད་པར་བཟུང་བའམ། འཇིག་རྟེན་གྱི་བྱེད་པོ་སོགས་སུ་ཞེན་པས་ཕྱག་མ་མཛད་པའི་ཕྱིར་སྐྱོན་མེད་དོ། །དེས་ན་མཁན་པོ་འདིས་ཡི་གེ་དབང་ཕྱུག་གིས་བཀོད་པ་འཕགས་ཡུལ་དུ་བྲམ་ཟེ་རྣམས་ལ་ཡོངས་སུ་གྲགས་པར་དགོངས་ནས་མ་བརྟགས་ཉམས་དགའི་ངོར་འཇིག་རྟེན་གྱི་གྲགས་པ་དང་སྒོ་བསྟུན་ཏེ། དགོས་པའི་དབང་གིས་འདི་ལྟར་བསྟན་པ་ལ་ནི་ཉེས་པའི་ཆ་ཕྲ་མོས་ཀྱང་གོས་པ་མ་ཡིན་ནོ། །འདིར་འགྲེལ་བྱེད་གཞན་དང་གཞན་དག་གིས་རྟག་ཞི་བ་ཞེས་པ་སངས་རྒྱས་དང་། སྤྱན་རས་གཟིགས་དང་། ཚངས་པ་དང་། ཁྱབ་འཇུག་སོགས་སུ་འདོད་པ་ཡོད་ཀྱང་རིམ་བཞིན་འཐད་པར་མ་མཐོང་སྟེ། སངས་རྒྱས་ནི་དཀོན་ཅོག་གསུམ་གྱི་གཙོ་བོ་ཡིན་པའི་ཕྱིར་དེ་ལ་ཐོག་མར་བསྟོད་ཕྱག་མཛད་པས་འདིར་སླར་ཡང་ཁྱད་པར་དུ་བསྟོད་ཕྱག་མཛད་པར་བསྒྲུབ་པ་ལ་དགོས་པ་འཐད་ལྡན་སྨྲ་རྒྱུ་མ་བྱུང་བའི་ཕྱིར་དང་། རྟག་ཞི་བ་སངས་རྒྱས་ཀྱི་མཚན་དུ་གྲགས་ཆུང་བའི་ཕྱིར་དང་། སྤྱན་རས་གཟིགས་དང་ལྷ་ཚངས་པ་དག་གིས་ཀྱང་ཡི་གེ་ཐོག་མར་བཀོད་པའི་ལོ་རྒྱུས་འཐད་ལྡན་སྨྲ་རྒྱུ་མེད་པར་མ་ཟད། དེ་དག་ལའང་རྟག་ཞི་བའི་མིང་ཡོངས་སུ་མ་གྲགས་པའི་ཕྱིར་དང་། ཁྱབ་འཇུག་གིས་ཡི་གེ་བཀོད་པར་བཤད་པའི་གཞུང་དེའང་འཐད་ལྡན་ཡིན་མིན་བརྟག་དགོས་ཤིང་ཁྱབ་འཇུག་ལ་རྟག་ཞི་བར་ཡང་མ་གྲགས་ཏེ་མིང་སྟོང་གིས་ཁྱབ་འཇུག་ལ་བསྟོད་པའི་རྒྱ་དཔེ་ཁོ་བོའ་ིལག་ཏུ་སོན་པས་དེའི་ནང་དུའང་རྟག་ཞི་བ་ཞེས་པ་མ་བྱུང་བའི་ཕྱིར་དང་། སོ་སོར་འབྲང་མའི་སྲུང་བའི་སྐབས་སུ། དམངས་རིགས་ཕྱིར་ན་རྟག་ཞི་བ། །ཁྱབ་འཇུག་ལེགས་པར་བྲི་བར་བྱ། །ཞེས་འབྱུང་བའང་དེ་གཉིས་གཅིག་པར་བསྟན་པ་མ་ཡིན་པའི་ཕྱིར་ཏེ། དམངས་རིགས་ཀྱི་དོན་དུ་དབང་ཕྱུག་གམ་ཁྱབ་འཇུག་གང་རུང་བྲི་བའི་དོན་དུ་མངོན་པའི་ཕྱིར་ཏེ། དེ་མ་ཐག་ཏུ། རྗེའུ་རིགས་ཕྱིར་ནི་རྣམ་ཐོས་བུ། །ལྷ་ཡི་དབང་ཕྱུག་དབང་པོ་བྲི། །ཞེས་འབྱུང་བའམ་རྣམ་ཐོས་བུའམ་དབང་ཕྱུག་གམ་བརྒྱ་བྱིན་གང་རུང་བྲི་བའི་དོན་དུ་གསལ་བའི་ཕྱིར་རོ། །ཡང་འགྲེལ་བྱེད་ཕྱི་མ་ཞིག་གིས་རྟག་ཞི་བ་དབང་ཕྱུག་ཏུ་འདོད་མཁན་ལ་དགག་པ་བྱེད་པར་བསམས་ཏེ། དབང་ཕྱུག་དང་དྲག་པོ་སོགས་སྐབས་འདིར་མཆོད་ཡུལ་དུ་བྱེད་པ་ལ་དགོས་པ་མ་མཆིས་ཤིང་ཞེས་སྨྲས་ནས་རང་ལུགས་བཞག་པའི་སྐབས་སུ། གཞན་སྡེའི་ངོར་ཚངས་པ་དང་ཁྱབ་འཇུག་སོགས་ལ་བསྟོད་ཕྱག་མཛད་པར་འགྲེལ་རིགས་ཚུལ་ཟ་མ་ཏོག་གི་ལུང་རྒྱས་པར་དྲངས་ནས་བསྒྲུབས་འདུག་སྟེ་དེ་དག་དངོས་འགལ་དུ་འགྱུར་རམ་མི་འགྱུར། དབང་ཕྱུག་དང་དྲག་པོ་ཞེས་པའང་མིང་གི་རྣམ་གྲངས་ཡིན་གྱི་ལྷའི་ངོ་བོ་སོ་སོ་བ་མ་ཡིན་ལགས་སོ། །ཡང་འདིར་བསྟན་གྱི་མི་གཞི་ཞེས་པའང་ཁ་ཅིག་གིས་གསལ་བྱེད་ཁོ་ན་ལ་ངོས་བཟུང་བ་ནི། དེ་བས་གང་དུ་སྒྲ་དབྱངས་ཨཱ་ལི་ཁོ་ནར་བཤད་པའི་སྟོབས་ཀྱིས། དེ་དང་འབྲེལ་མཚུངས་པའི་སླད་དུ་དེ་ལྟར་མི་འཆད་ཀ་མེད་བྱུང་བ་ལས་རྒྱུ་མཚན་གཞན་མི་སྣང་ངོ་། །མིང་གཞི་ཡི་གེ་ཙམ་ལ་ངོས་འཛིན་པ་ནི་རྒྱུ་མཚན་དང་བཅས་པ་སྟེ། འོག་ཏུ། མིང་ཚིག་བརྗོད་པ་ཀུན་གྱི་གཞི། །ཡི་གེའི། ཞེས་དང་། ཡི་གེ་ཨཱ་ལི་ཀཱ་ལི་གཉིས། །ཞེས་བཤད་པས་མི་གཞི་ཡི་གེ་ཡིན་པར་གྲུབ་ཅིང་ཡི་གེའང་ཨཱ་ལི་ཀཱ་ལིའི་བདག་ཉིད་དུ་གྲུབ་པའི་ཕྱིར་རོ། །བཞི་པ་ནི།དྲིན་གཟོ་བའི་ཕྱིར་མཁས་པ་སྤྱི་དང་བྱེ་བྲག་ལ་ཕྱག་འཚལ་བ།སྡེབ་སྦྱོར་ལེགས་མཛད་མཁས་རྣམས་དང་། །བླ་མ་ལ་ཡང་ཕྱག་འཚལ་ནས། །ཞེས་པ་སྟེ། སྒྲ་སྐད་ཀྱི་བརྗོད་པ་དང་དོན་སྡེབ་ལེགས་པར་སྦྱོར་བའི་ཚུལ་སྟོན་པའི་སྒོ་ནས་ཚིག་དོན་གཉིས་ལ་མི་རྨོངས་པའི་ཤེས་རབ་སྐྱེད་པར་བྱེད་ནུས་པའི་གཞུང་རྩོམ་ཞིང་འདོམས་པར་མཛད་པའི་མཁས་པ་སྤྱི་དང་། བྱེ་བྲག་ཏུ་མཁན་པོ་ཉིད་ལ་དེ་ལྟའི་བྱ་བ་མཛད་པའི་བྲམ་ཟེ་ལི་བི་ཀ་ར་ལ་སོགས་པའི་བླ་མ་རྣམས་ལའང་ཕྱག་མཛད་པ་སྟེ། ནས་ཀྱི་སྒྲ་ནི་མཆོད་པར་བརྗོད་ཟིན་མ་ཐག་ནས་བཤད་པར་དམ་བཅའ་བའི་ཚིག་འདྲེན་པའི་ཕྱིར་ལྷག་བཅས་ཀྱི་སྒྲའོ། །དེས་ན་སྡེབ་སྦྱོར་ཞེས་པ་སྒྲ་སྐད་ཀྱི་འཇུག་པ་བྱིངས་རྐྱེན་རྣམ་འགྱུར་རྣམས་སྡེབ་ལེགས་པར་སྦྱར་བས་ཚིག་དོན་འཁྲུལ་བ་མེད་པར་སྟོན་པའི་ཕྱིར་སྒྲ་རིག་པ་དང་། དེ་ཉིད་ཉན་པོའ་ིརྣ་བ་དང་ཡིད་དུ་འཇེབས་ཤིང་ངོ་མཚར་བའི་སླད་དུ་ལྕི་ཡང་གི་ཕྲེང་བ་དང་ཚིག་སྦྱོར་ཚུལ་གྱི་ལུས་རྒྱན་མང་པོ་བསྡེབས་ནས་སྦྱོར་བ་སྡེབ་སྦྱོར་དང་སྙན་ངག་སྟེ་བོད་བརྡའི་དབང་དུ་མཛད་པ་ཡིན་གྱི་ཙྪནྡསྲ་བསྒྱུར་བའི་སྡེབ་སྦྱོར་ཏེ་ཚིགས་བཅད་ཁོ་ན་ནི་འདིར་བསྟན་བྱ་མ་ཡིན་ནོ། །རྩོམ་པར་དམ་བཅའ་བ་ལ་དངོས།གཉིས་པ་རྩོམ་པར་དམ་བཅའ་བ་ལ་དངོས་དང་ཞར་བྱུང་གི་དོན་ནོ། །དང་པོ་ནི།བསླབ་པ་ཀུན་གྱི་གཞི་འཛིན་ཅིང་། །རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། །མིང་ཚིག་བརྗོད་པ་ཀུན་གྱི་གཞི། །ཡི་གེའི་སྦྱོར་བ་བཤད་པར་བྱ། །ཞེས་པས་བསྟན་ཏེ། ལྷག་པ་ཚུལ་ཁྲིམས་དང་། སེམས་དང་ཤེས་རབ་ཀྱི་བསླབ་པ་སྟེ་སངས་རྒྱས་པའི་བསླབ་པའི་གཞི་ཐམས་ཅད་ལྟོས་པའི་སྒོ་ནས་འཛིན་པར་བྱེད་ཅིང་། ཕྱི་རོལ་བའི་ངེས་བརྗོད། མཆོད་སྦྱིན། སྙན་ཚིག།སྲིང་སྲུང་སྟེ་རིག་བྱེད་བཞི་ཡན་ལག་དང་བཅས་པ་རྣམས་དང་། བཟོ་གསོ་སྒྲ་ཚད་ལ་སོགས་པ་ཤེས་བྱ་རིག་པའི་གནས་ཀྱི་གཞུང་ལུགས་མཐའ་དག་སྨྲ་བ་རྣམས་ཀྱི་རྒྱུའང་ཡིན་ལ། སྤྱིར་ཡི་གེ་ལས་མིང་མིང་ལས་ཚིག་འབྱུང་བ་ཡིན་པའི་ཕྱིར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མིང་ཚིག་བརྗོད་པ་ཐམས་ཀྱི་གཞིར་གྱུར་པ་ཡི་གེའི་སྦྱོར་བ་བཤད་པར་བྱའོ། །ཞེས་སོ། །གཉིས་པ་ནི།ཞར་བྱུང་དགོས་སོགས་ཆོས་བཞི་བསྟན་ཚུལ།དེ་ལྟར་ཚིགས་སུ་བཅད་པ་འདིས་ཞར་ལ་བསྟན་བཅོས་ཀྱི་དགོས་སོགས་ཆོས་བཞིའང་བསྟན་པ་ཡིན་ཏེ། གངས་ཅན་དུ་བདེ་བར་གཤེགས་པའི་གསུང་རབ་ལ་སོགས་པར་འཇུག་པའི་བརྡ་དང་སྐད་ཀྱི་འཇུག་པ་ཕལ་མོ་ཆེ་གསལ་བར་བྱེད་པའི་ཡི་གེའི་སྦྱོར་བ་གང་ཡིན་པ་ནི་རྩ་བ་བརྒྱད་པའི་བསྟན་བཅོས་འདི་རྣམས་ཀྱི་བརྗོད་བྱའོ། །དེ་ཉིད་འཛིན་ཅིང་ཆུབ་པར་བྱས་པ་ལ་བརྟེན་ནས་མིང་ཚིག་བརྗོད་པ་ཐམས་ཅད་ལ་མི་རྨོངས་པའི་བློ་གྲོས་སྐྱེ་ཞིང་བསླབ་པ་གསུམ་དང་རིག་བྱེད་སོགས་གཙུག་ལག་གཉིས་ཀར་འཇུག་པའི་ལམ་ཡངས་པར་འགྱུར་བ་ནི་དགོས་པའོ། །དེ་ལ་བརྟེན་ནས་བྱང་ཆུབ་ཀྱི་ལམ་ལ་སྤྲོ་བས་འཇུག་ཅིང་མཐར་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་དུ་བྱེད་པ་ནི་དགོས་པའི་དགོས་པའོ། །ཉིང་དགོས་དགོས་པར་འགྲེལ།དགོས་པ་བརྗོད་བྱར་འབྲེལ་ཞིང་། བརྗོད་བྱའང་ཡན་ལག་ཕྱི་མ་ཕྱི་མ་སྔ་མ་སྔ་མར་འབྲེལ་བ་ནི་འབྲེལ་བའོ། །སུམ་ཅུ་བའི་སྐབས་དོན་དངོས་བཤད་པ།གཉིས་པ་སྐབས་དོན་སུམ་ཅུ་བ་དངོས་ལ། ཡི་གེའི་སྦྱོར་བ་རྒྱས་པར་བཤད་པ་དང་། གདམས་ངག་བརྗོད་པས་མཇུག་བསྡུ་བའོ། །དང་པོ་ལ། སྦྱར་བྱ་ཡི་གེའི་རྣམ་གཞག་དང་། སྦྱོར་ཚུལ་ཚིག་འཕྲད་ཀྱི་འཇུག་པ་བཤད་པ་གཉིས། དང་པོ་ལ། བོད་ཡིག་གི་དབྱངས་གསལ་ངོས་གཟུང་བ་དང་། ཁྱད་པར་གྱི་དབྱེ་བ་བསྟན་པ་གཉིས། དང་པོ་ལ་དངོས་དང་མཐའ་དཔྱད་དོ། །དང་པོ་ནི།བོད་ཡིག་གི་དབྱངས་གསལ་ངོས་གཟུང་བ།ཡི་གེ་ཨཱ་ལི་ཀཱ་ལི་གཉིས། །ཨཱ་ལི་གསལ་བྱེད་ཨི་སོགས་བཞི། །ཀཱ་ལི་སུམ་ཅུ་ཐམ་པའོ། །ཞེས་པས་བསྟན་ཏེ། དེའང་ཡི་གེ་ཞེས་བྱ་བ་ལེགས་སྦྱར་གྱི་སྐད་དུ།ཨཀྵ་ར་སྟེ་མིག་ལྟ་བུ་འདྲེན་བྱེད་ལྟ་བྱེད་ལ་སོགས་པ་མིང་དུ་མས་བསྙད་དུ་ཡོད་ལ་ཀ་ལྟ་བུ་ནི་གཞན་གྱིས་མ་ཡིན་པས་འགྱུར་མེད་དང་། བྱཉྫ་ན་སྟེ་མིང་ཚིག་མཐའ་དག་འདིས་གསལ་བས་ན་གསལ་བྱེད་དང་། ཝརྣ་སྟེ་དོན་མཐའ་དག་འདིས་བརྗོད་པའི་ཕྱིར་རྗོད་བྱེད་ཀྱང་ཡིན་ཞིང་དེ་ཉིད་ལྷའི་སྐད་ཀྱི་དབང་གིས་དབྱངས་ཡིག་བཅུ་དྲུག་དང་། གསལ་བྱེད་སུམ་ཅུ་རྩ་གསུམ་དུ་བསྡུ་བ་སོགས་སྐད་ཀྱི་བྱེ་བྲག་དང་སྐབས་ཐོབ་ལས་སྣ་ཚོགས་པར་འགྱུར་ནའང་རིགས་མཐུན་ཚོགས་པར་བྱས་པའི་དབྱངས་གསལ་གཉིས་སུ་དབྱེ་བ་ཙམ་གྱི་སྒོ་ནས་ཡི་གེ་མཐའ་དག་བསྡུས་པའི་ཕྱིར་ཨཱ་ལི་སྟེ་ཨ་ཕྲེང་དང་ཀཱ་ལི་སྟེ་ཀ་ཕྲེང་གཉིས་སུ་དབྱེའོ། །དེ་ལས་གངས་རིའི་ཁྲོད་འདིར་འཇེབས་པར་བརྩི་བའི་སྐད་ལ་ཡོངས་སུ་གྲགས་ཤིང་ཉེ་བར་མཁོ་བ་ནི་ཨཱ་ལིའི་བྱ་བ་གསལ་བར་མཚོན་པར་བྱེད་པའི་ཡི་གེ་ཨི་ཨུ་ཨེ་ཨོ་བཞི་དང་། ཀཱ་ལི་མཚོན་པར་བྱེད་པ། ཀ་ཁ་ག་ང་། ཅ་ཆ་ཇ་ཉ། ཏ་ཐ་ད་ན། པ་ཕ་བ་མ། ཙ་ཚ་ཛ་ཝ། ཞ་ཟ་འ་ཡ། ར་ལ་ཤ་ས། ཧ་ཨ་སྟེ་སུམ་ཅུ་ཐམ་པ་ཡོད་དོ། །དེའི་མཐའ་དཔྱད་པ།གཉིས་པ་མཐའ་དཔྱད་པ་ནི།འདི་སྐབས་འགྲེལ་བྱེད་སྔ་མ་ཁ་ཅིག་གིས། ཨ་ཡིག་ཨཱ་ལིར་བགྲངས་པའི་ཨཱ་ལི་ལྔ་དང་ཀཱ་ལི་ཉེར་དགུར་འདོད་པ་བྱུང་མོད་ཀྱི་མཁན་པོའི་དགོངས་པ་མ་རྟོགས་པར་གཟུ་ལུམ་བྱས་པར་སྣང་སྟེ་རྩ་བ་ལས་དངོས་འགལ་དུ་སྨྲས་པའི་ཕྱིར། འོ་ན་བརྡ་སྤྲོད་པའི་གཙུག་ལག་རྣམས་ལས་འབྱུང་བ་བཞིན་དུ་འདིར་ཡང་ཡི་གེ་ཚོགས་པ་མཚུངས་པ་སོ་སོར་བསྡུ་བར་མཛད་ན་ཨ་ཡིག་ཁོ་ན་ཚོགས་པ་མི་མཚུངས་པར་བསྐྱལ་བའི་དགོས་པ་ཅི་ཞིག་ཅེས་འདྲི་ན་འདི་ལ་སྔོན་ཆད་མཁས་པའི་གོ་སར་བཞུགས་པ་མང་པོས་རོ་འཛིན་གཡོ་བར་མ་མཛད་ཀྱང་བཤད་པར་བྱ་སྟེ། ལེགས་པར་སྦྱར་བའི་སྐད་ལ་གསལ་བྱེད་སྲོག་ཅན་སྲོག་མེད་གཉིས་སུ་དབྱེ་བའི་སྲོག་དེ་ཡིན་ན་དབྱངས་ཡིན་པས་ཁྱབ་པའི་ཕྱིར་ཀ་ལྟ་བུ་སྲོག་མེད་རྐྱང་བ་བརྗོད་མི་གཏུབ་པ་ཡིན་ཞིང་། བོད་དུའང་། ལེགས་ཟེར་བ་ལྟ་བུ་ལ་ཡིག་ཨེ་ཞུགས་ཀྱི་རྗེས་སུ་གྲ་སྲ་སྲོག་མེད་སྦྱར་བ་སོགས་འགའ་ཞིག་ལ་རིགས་འགྲེ་ནུས་ཀྱང།མགོ་ཅན། འཕུལ་ཅན། འདོགས་ཅན་སོགས་ཀྱི་རྣམ་གཞག་མཛད་པས་མཐའ་གཅིག་ཏུ་སྲོག་ཅན་སྲོག་མེད་ཀྱི་དབྱེ་བ་དེ་བདེ་བའང་མ་ཡིན་ཞིང་འཇུག་པར་དཀའ་བ་དང་། དགོས་པ་ལྷག་པོར་མི་ཆེ་བས་དེ་ལྟའི་རྣམ་གཞག་མ་མཛད་དོ། །དེ་བས་ན་བརྗོད་དུ་མེད་པའི་སྲོག་མེད་རྐྱང་བ་འདིར་མི་འདོད་ཅིང་ཨ་ཡིག་དེ་ཀ་ལ་སོགས་པར་ཞུགས་པའི་ཐ་སྙད་བྱར་མེད་པས་དེས་དེ་དག་ལ་ཨཱ་ལིའི་བྱ་བ་གསལ་བར་བྱེད་མ་ནུས་པའི་ཕྱིར་ཀཱ་ལིའི་སྡེ་ཚན་དུ་འདྲེན་པར་མཛད་པ་ཡིན་ནོ། །འོ་ན་མཁན་པོས་ཡི་གེ་སྲོག་མེད་ཀྱི་རྣམ་གཞག་མ་མཛད་ན། འོག་ཏུ་དེ་ལ་ཨཱ་ལི་བཞི་པ་སྦྱར་སོགས་ཇི་ལྟར་འགྲེལ་ཅེ་ན། དེ་ནི་སྲོག་མེད་ལ་ཨཱ་ལི་ཞུགས་པའི་དོན་མ་ཡིན་གྱི་ཀཱ་ལི་དེ་དག་ཉིད་ལ་རྣ་རུ་སོགས་སྦྱར་བའི་དོན་ཡིན་ཏེ། གི་གུ། ཞབས་ཀྱུ། འགྲེང་བུ། རྣ་རུ་བཞི་ལ་ཨི་ཨུ་ཨེ་ཨོ་བཞིར་བཏགས་པའི་ཕྱིར་དང་དེ་དག་གིས་ཀ་ལྟ་བུའི་སྒྲའི་ངོ་བོ་དེར་ཀི་ཀུ་ཀེ་ཀོ་སོགས་སྒྲའི་ཁྱད་པར་སྐྱེད་ནུས་པས་ཨཱ་ལིའི་བྱ་བ་གསལ་བར་མཚོན་ནུས་པ་ཙམ་ལ་དགོངས་ནས་ཨཱ་ལིའི་སྒྲར་ཡང་གསུངས་པའི་ཕྱིར་རོ། །དེས་ན་ཀཱ་ལི་སུམ་ཅུ་བ་ལ་ཨཱ་ལི་དང་པོ་སྦྱར་བས་ཨི་ཡིག་ཏུ་འགྲུབ་པ་སོགས་ཡིན་པས་དེ་དག་གི་ཨ་ཡིག་ནི་བརྗོད་དོན་རྗེས་འབྲེལ་དུ་བྱས་པའི་ཕྱིར་དབྱེ་བར་བྱ་བ་ཉིད་དོ། །འདིར་ཁ་ཅིག་གི་གུ་ལ་སོགས་པ་ཁོ་ན་འདིར་བསྟན་གྱི་ཨཱ་ལི་ཡིན་ན་དེ་དབྱངས་ཡིག་མ་ཡིན་པར་འགྱུར་ཏེ། དབྱངས་ནི་ང་རོའ་ིརྣམ་པ་ཅན་ཡིན་ཞིང་དེ་དག་ནི་གསལ་བྱེད་གཞན་ལ་མ་ལྟོས་པར་འདོན་དུ་མེད་པའི་ཕྱིར་ཞེས་དོགས་པ་སྐྱེ་བ་སྲིད་ཀྱང་སྐྱོན་མེད་དེ། དངོས་སུ་འདིར་ཨཱ་ལི་སྲོག་ཞུགས་ཀྱི་རྣམ་གཞག་མ་མཛད་ཀྱང་མཚོན་བྱེད་འདི་ཙམ་ལ་བརྟེན་ནས་དབྱངས་ཀྱི་བྱ་བ་གསལ་བར་མཚོན་ནུས་པ་ལ་དགོངས་པའི་ཕྱིར་དང། དེ་ལྟ་མ་ཡིན་ན་ལེགས་སྦྱར་ལྟར་ཨ་ཨི་འདུས་པས་ཨེ་སོགས་སུ་འགྱུར་བར་ཁས་ལེན་དགོས་པའི་སྐྱོན་ཡང་ཡོད་པའི་ཕྱིར་རོ། །དེ་ལྟར་གཞུང་འདིའི་སྐབས་སུ་ཡི་གེ་བསྡུ་ཚུལ་ཙམ་དུ་མ་ཟད་གསལ་བྱེད་ཅེས་པ་ལའང་མང་པོས་འབྲུ་གནོན་ལོག་པར་བྱས་འདུག་པས་ཁོ་བོས་ལེགས་པར་བཤད་པ་འདི་ནི་སྣང་བྱེད་ཀྱི་ཉི་མ་ཆེན་པོ་ལྟར་བསྟེན་པར་འོས་སོ། །ཁྱད་པར་གྱི་དབྱེ་བ་མདོར་བསྟན་པ།གཉིས་པ་ཁྱད་པར་གྱི་དབྱེ་བ་བསྟན་པ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་ནི།དེ་ལ་རྗེས་འཇུག་བཅུ་ཡིན་ཏེ། །དེ་ལས་ལྔ་ནི་སྔོན་དུའང་འཇུག། །མི་འཇུག་པ་ནི་ཉི་ཤུ་འོ། །ཞེས་པས་བསྟན་ཏེ། བཤད་མ་ཐག་པའི་ཡི་གེ་ཀཱ་ལི་དེ་དག་ལ་དབྱེ་ན་རྗེས་སུ་འཇུག་པ་བཅུ་དང་། རྗེས་འཇུག་དེ་ཉིད་ལས་ལྔ་ནི་སྔོན་དུའང་འཇུག་པ་ཡིན་པས་སྔོན་འཇུག་ལྔ་དང་། སྔོན་རྗེས་གཉིས་ཀར་མི་འཇུག་པའི་ཡི་གེ་ཉི་ཤུ་སྟེ་ཚན་པ་གསུམ་དུ་དབྱེའོ། །གཉིས་པ་རྒྱས་བཤད་ལ་དབྱེ་སྒོ་སྤྱིར་བསྟན་པ་དང་། བྱེ་བྲག་སོ་སོར་བཤད་པ་གཉིས། དང་པོ་ནི།དབྱེ་སྒོ་སྤྱིར་བསྟན་པ།ཀཱ་ལི་ཕྱེད་དང་བརྒྱད་སྡེ་ནི། །བཞི་བཞི་དག་ཏུ་ཕྱེ་བ་ལས། །ཞེས་པས་བསྟན་ཏེ། རྗེས་འཇུག་ལ་སོགས་པར་དབྱེ་བའི་ཐོག་མར་སྡེ་བ་སོ་སོར་ངེས་པར་བྱ་དགོས་པས། ཀཱ་ལི་དེ་རྣམས་སྡེ་བ་ཕྱེད་དང་བརྒྱད་དུ་བགོས་པའི་སྡེ་བ་རེ་རེ་ལ་ཡི་གེ་བཞི་བཞིར་དབྱེ་བ་ཡིན་ཞིང་། དེའང་ཀ་ཁ་ག་ང་སྡེ་བ་དང་པོ་སོགས་ནས། ཧ་ཨ་སྡེ་བ་ཕྱེད་པའི་བར་དུ་སོ་སོའ་ིཤེས་པར་བྱའོ། །ལས་ཞེས་པ་ནི། དབྱེ་བ་བྱས་པ་འདི་ལས་འོག་ཏུ་དང་པོ་གསུམ་པ་སོགས་ཀྱི་སྐབས་སུ་སོ་སོའ་ིཡི་གེ་རྣམས་དྲན་པར་བྱའོ་ཞེས་པའི་དོན་ཏེ་འབྱུང་ཁུངས་དང་འདྲ་བའི་རྒྱུ་མཚན་གྱི་སྒྲའོ། །བྱེ་བྲག་སོ་སོར་བཤད་པ།གཉིས་པ་བྱེ་བྲག་སོ་སོར་བཤད་པ་ལ། རྗེས་འཇུག་བཤད་པ། སྔོན་འཇུག་བཤད་པ། མི་འཇུག་པ་བཤད་པ་གསུམ། དང་པོ་ནི།རྗེས་འཇུག་བཤད་པ།དང་པོ་གསུམ་པ་བཞི་པ་ལ། །མས་གཉིས་དྲུག་པའི་གསུམ་པ་དང་། །བདུན་པ་ལ་ནི་ཤ་མ་གཏོགས། །རྗེས་འཇུག་ཡི་གེ་བཅུ་རུ་འདོད། །ཅེས་པས་བསྟན་ཏེ། གོང་དུ་རྗེས་འཇུག་བཅུ་ཞེས་བཤད་པ་དེ་གང་ཞེ་ན། སྡེ་བ་དང་པོ་དང་གསུམ་པ་དང་བཞི་པ་རྣམས་ཀྱི་མས་ཀྱི་ཡི་གེ་གཉིས་གཉིས་ཏེ། ག་ང་ད་ན་བ་མ་རྣམས་དང་། སྡེ་བ་དྲུག་པའི་གསུམ་པ་འ་དང།བདུན་པའི་ཤ་མ་གཏོགས་པའི་ལྷག་མ་ར་ལ་ས་གསུམ་མོ། །དེའང་ཡི་གེ་ཐམས་ཅད་ཀྱི་རྗེས་སུ་འདི་དག་འཇུག་པའི་ཕྱིར་རྗེས་འཇུག་ཅེས་བྱ་ཞིང་ཡི་གེའི་གྲངས་བཅུ་ཉིད་དུ་ངེས་པ་ཡིན་ནོ། །སྔོན་འཇུག་བཤད་པ།གཉིས་པ་སྔོན་འཇུག་བཤད་པ་ནི།རྗེས་འཇུག་ཡི་གེ་བཅུ་ཉིད་ལས། །དང་པོ་གསུམ་པ་ལྔ་པ་དྲུག། །བདུན་པ་རྣམས་ནི་སྔོན་དུའང་འཇུག། །ཅེས་པས་བསྟན་ཏེ། གོང་དུ་སྔོན་འཇུག་ཅེས་པ་གང་ཞེ་ན། རྗེས་འཇུག་ཡི་གེ་བཅུ་པོ་དེ་དག་ཉིད་ལས། དང་པོ་ག། གསུམ་པ་ད། ལྔ་པ་བ། དྲུག་པ་མ། བདུན་པ་འ་རྣམས་ཡིན་ཞིང་དེ་དག་རྗེས་སུ་འཇུག་པར་མ་ལད་ཡི་གེ་རྣམས་ཀྱི་སྔོན་དུ་འཇུག་པའང་སྲིད་པས་སྔོན་འཇུག་ཅེས་ཀྱང་བྱ་སྟེ་ཡི་གེའི་གྲངས་ལྔར་ངེས་པ་ཡིན་ནོ། །སྔོན་རྗེས་འདི་དག་གི་འཇུག་ཚུལ་ནི་རྟགས་འཇུག་གིས་རྒྱས་པར་འཆད་པར་འགྱུར་རོ། །མི་འཇུག་པ་བཤད་པ།གསུམ་པ་མི་འཇུག་པ་བཤད་པ་ལ། དངོས་དང་། སྐབས་དོན་གྱི་མིང་གཞི་ཁྱད་པར་དུ་བཤད་པ་གཉིས། དང་པོ་ནི།མིང་གཞི་གཉིས་སམ་གསུམ་སྦྲེལ་ལམ། །དེ་ལ་དབྱངས་ཀྱི་བཞི་ལྡན་ཡང་། །གང་དུའང་འཇུག་མིན་སྦྱར་བའང་མིན། །ཞེས་པས་བསྟན་ཏེ། སྔོན་འཇུག་དང་རྗེས་འཇུག་བསལ་བའི་ལྷག་མ་མིང་གཞི་ཁོ་ན་ཡིན་པ། ཀ་ཁ། ཅ་ཆ་ཇ་ཉ། ཏ་ཐ། པ་ཕ། ཙ་ཚ་ཛ་ཝ། ཞ་ཟ་ཡ།ཤ། ཧ་ཨ་སྟེ་ཡི་གེ་ཉ་ཤུ་ཐམ་པ་དེ་དག་ནི་ཚེག་བར་གཅིག་ཏུ་གཉིས་སམ་གསུམ་སྦྲེལ་བའམ་དེ་ལ་དབྱངས་ཨི་སོགས་གང་རུང་རེ་སྦྱར་བས་བཞི་ལྡན་དུ་བྱས་པ། ཙཀ། ཚཕཁ། ཝཟིཡ། ལྟ་བུ་གངས་ལྗོངས་སུ་གྲགས་པའི་ཐ་སྙད་གང་ལའང་འཇུག་པ་མིན་པས་འདི་བཞིན་སྦྱར་བར་རིགས་པའང་མ་ཡིན་ནོ། །གཉིས་པ་ནི།སྐབས་དོན་གྱི་མིང་གཞི་ཁྱད་པར་དུ་བཤད་པ།སྤྱིར་གཞུང་འདིའི་སྐབས་སུ་སྔོན་རྗེས་མིང་གསུམ་གྱིས་ཟླས་ཕྱེ་བའི་མིང་གཞི་ཞེས་བྱ་བ་ནི་སྔོན་རྗེས་ཀྱི་འཇུག་པའི་ཡི་ག་རྣམས་གང་ལ་འཇུག་པར་འགྱུར་བ་དེ་ལ་དེ་ལྟར་བཏགས་པས་གསལ་བྱེད་སུམ་ཅུ་ཐམས་ཅད་མིང་གཞིར་འགྱུར་མོད་ཀྱི། འོན་ཀྱང་གནས་སྐབས་ཀྱི་དབྱེ་བ་ཡོད་དེ་དཔེར་ན་བསྒྲུབས་ཟེར་བ་ལྟ་བུའི་ཚེ་བརྩེགས་མའི་ས་ག་ར་གསུམ་ནི་སྔོན་འཇུག་བ་དང་། རྗེས་འཇུག་བ་ས་དག་གི་འཇུག་ཡུལ་དུ་གྱུར་པའི་ཕྱིར་མིང་གཞིའི་ཐ་སྙད་ཐོབ་ཅིང་། རབ་ལྟ་བུ་ལ་ར་ཡིག་མིང་གཞི་པ་ཡིག་རྗེས་འཇུག་དང་བར་ལྟ་བུ་དེ་ལས་བཟློག་པའང་ཡིན་པའི་ཕྱིར་རོ། །ཡང་བསྒྲུབས་ཟེར་བ་ལྟ་བུའི་ཨུ་ཡིག་སོགས་ཨཱ་ལི་བཞི་པོ་རྣམས་ནི་མིང་གཞིར་འོས་ཀྱ་འདིར་དབྱངས་སྲོག་ཞུགས་ཀྱི་རྣམ་གཞག་མ་མཛད་པའི་ཕྱིར་དེ་འདྲའི་ཐ་སྙད་བྱར་མེད་པས་ཨུ་ཡིག་སོགས་ཀྱི་སྒྲས་གསུངས་པའི་ཞབས་ཀྱུ་ལ་སོགས་པ་དེ་རྣམས་འཕུལ་རྟེན་འཇུག་ཡུལ་གྱི་མིང་གཞིའི་ཡན་ལག་ལས་དངོས་མིན་ཏེ། འདིར་བསྟན་གྱི་ཨཱ་ལི་རྐྱང་བ་ཡིན་ན་འཕུལ་རྟེན་གྱི་བྱ་བ་མི་འཇུག་པས་ཁྱབ་པའི་ཕྱིར་རོ། །དེས་ན་སྔོན་འཇུག་རྗེས་འཇུག་མིང་གཞི་ཅི་རིགས་པར་འགྱུར་བ་སྔོན་འཇུག་ལྔ། རྗེས་འཇུག་མིང་གཞི་ཅི་རིགས་པར་འགྱུར་བ་རྗེས་འཇུག་བཅུ། མིང་གཞི་ཁོ་ན་ཡིན་པ་ལྷག་མ་མི་འཇུག་པ་ཉི་ཤུ་ཐམ་པ་སྟེ་གསུམ་དུ་དབྱེར་ཡོད་པ་ལས། བྱེ་བྲག་འདིར་ནི་མི་འཇུག་པ་ཁོ་ན་འཆད་པའི་སྐབས་ཡིན་པའི་ཕྱིར་ཐ་མ་འདི་ཉིད་བཟུང་ནས་བཤད་ཟིན་ཏོ། །འདིར་ཁ་ཅིག་གོང་དུ། ཡི་གེ་ཐམས་ཅད་ལ་མིང་གཞིས་ཁྱབ་པར་བསྟན་པ་དང་འགལ་བར་དོགས་པ་སྲིད་ཀྱང་སྐྱོན་མེད་དེ། དེ་དག་ཏུ་ནི་སྤྱིར་ཡི་གེ་ཙམ་ལ་དགོངས་པས་ཡི་གེ་ཡིན་ན། ཡི་གེ་ཨཱ་ལི་ཀཱ་ལི་གཉིས། །ཞེས་པའི་སྐབས་ནས་བསྟན་པས་ཁྱབ་ཅིང་། དེ་ལས་འཇིག་རྟེན་འདི་ཉིད་ཀྱི་ཡི་གེ་ཡིན་ན་མཆོད་བརྗོད་གསུམ་པའི་སྐབས་ཀྱི་མིང་གཞི་ཡིན་པས་ཁྱབ་པ་དང།མིང་གཞི་དེ་ནི་མིང་ཚིག་གི་གཞིར་གྱུར་པ་ལ་དགོངས་ཏེ། དཔེར་ན་བོད་ཡུལ་དུ་ཡི་གེ་རྣམས་ལས་འགྲེང་བུ་ཙམ་མེད་པས་ཀྱང་དེས་བརྗོད་པ་ཇི་སྙེད་ཡོད་པ་ཉམས་པར་འགྱུར་བས་ངེས་པར་ཡི་གེ་ཇི་སྙེད་པ་མིང་ཚིག་གི་གཞིར་དགོས་པ་བཞིན་ནོ། །དེ་ལྟར་སྔོན་འགྲེལ་བྱེད་འགས་སྟབས་ལེགས་ཀྱིས་སྐབས་འདིའི་མི་གཞིའི་ངོས་འཛིན་ཙམ་འགྲིག་ཀྱང་དཔྱིས་ཕྱིན་པའི་ལེགས་བཤད་ནི་རུས་སྦལ་གྱི་སྤུ་ལ་འགྲན་ཟླར་སྣང་བའི་ཕྱིར་རང་སྟོབས་ཀྱིས་བཤད་པ་ཡིན་པས་བློ་ལྡན་རྣམས་དགྱེས་པའི་འཛུམ་ཞལ་ངོམས་པར་མཛོད་ཅིག།རྗེས་འཇུག་ལ་ལྟོས་པའི་ཕྲད་རྣམ་དབྱེ་དང་བཅས་པ་བཤད་པ།གཉིས་པ་སྦྱོར་ཚུལ་ཚིག་ཕྲད་ཀྱི་འཇུག་པ་བཤད་པ་ལ། རྗེས་འཇུག་ལ་ལྟོས་པའི་ཕྲད་རྣམ་དབྱེ་དང་བཅས་པ་དང་། ཕྲད་རང་དབང་ཅན་བཤད་པ་གཉིས། དང་པོ་ལ། སླར་བསྡུ། ལ་དོན། ཨི་ལྡན་གྱི་རྣམ་དབྱེ། རྒྱན་སྡུད། ལྷག་བཅས། འབྱེད་སྡུད། འབྱུང་ཁུངས། བོད་པའི་སྒྲ་བསྟན་པ་སྟེ་བརྒྱད་དོ། །དང་པོ་ལ་དངོས་དང་། ལོག་རྟོག་སེལ་བའོ། །དང་པོ་ནི།སླར་བསྡུ་དངོས་བཤད་པ།རྗེས་འཇུག་ཡི་གེ་བཅུ་པོ་ནི། །མིང་གང་གི་ནི་མཐར་སྦྱར་བ། །དེ་ལ་ཨཱ་ལི་བཞི་པ་སྦྱར། །སླར་བསྡུ་བར་ནི་ཤེས་པར་བྱ། །ཞེས་པས་བསྟན་ཏེ། སྔར་བཤད་པའི་རྗེས་འཇུག་གི་ཡི་གེ་བཅུ་པོ་དེ་རྣམས་ཉིད་མིང་ཚིག་གང་གི་མཐར་སྦྱར་བ་ཡོད་ཀྱང་རུང་། དེ་དག་ལ་ཨཱ་ལི་བཞི་པ་ཨོ་ཡིག་སྟེ་རྣ་རུ་སྦྱར་བ་ནི། སྐབས་བབ་ཀྱི་བརྗོད་བྱའི་དོན་ནམ་ཚིག་དེ་ཉིད་དེ་ཙམ་གྱིས་བསྡུ་བར་སོང་བས་སླར་བསྡུའི་སྒྲ་ཞེས་སམ་རྫོགས་ཚིག་ཅེས་ཀྱང་བྱའོ། །ཞེས་སོ། །དེའང་གཞུང་འདིའི་དངོས་བསྟན་གྱི་དབང་དུ་བྱས་ན། གོ། ངོ་། བོ། མོ། དོ། ནོ། འོ། རོ། ལོ། སོ་སྟེ་བཅུ་པོ་ཉིད་ཡིན་ཡང་། ད་དྲག་གི་མཐར་ཏོ་འཐོབ་པས་བཅུ་གཅིག་ཏུ་འགྱུར་རོ། །འོ་ན་འདིར་ཏོའ་ིསྒྲ་མ་བསྟན་པ་ཅི་ཞེ་ན། གཞུང་འདི་གའི་གཤམ་དུ།རྗེས་འཇུག་བཅུ་ཡི་དོན་ཤེས་ན། །ཞེས་དང་། རྗེས་འཇུག་སྦྱོར་བ་མཁས་པ་ན། །ཞེས་སོགས་ཀྱི་སྐབས་སུ་འཆད་པར་འགྱུར་བ་བཞིན་གཞུང་འདིས་གཙོ་བོར་རྗེས་འཇུག་གི་བྱ་བ་འཆད་པ་ཡིན་པའི་ཕྱིར། མིང་གཞི་རྐྱང་བའི་སྒྲ་གཙོ་བོར་གྱུར་པའི་ཕྲད་བདག་སྒྲ་ཙམ་ལས་གཞན་འདིར་མ་གསུངས་པ་ཡིན་ནོ། །རྒྱུ་མཚན་དེས་སྐབས་འདིའི་ཏོའ་ིསྒྲ་གཅིག་པུར་མ་ཟད། ལྷག་བཅས་ཀྱི་ཏེ་དང་། ཨི་ལྡན་གྱི་ཡི་ཡིས། རྒྱན་སྡུད་ཀྱི་ཡང་། འབྱེད་སྡུད་ཀྱི་ཏམ། ལ་དོན་གྱི་ཏུ། རྣམས་ཀྱང་འདིར་མ་བསྟན་པའི་གནད་ཀ་ཤེས་པར་བྱ་ཞིང་། ཀྱི་ཀྱིས་ཀྱང་སྟེ་རྣམས་ནི་འཇུག་པའི་ཡི་གེ་དང་ལྷན་ཅིག་པའི་སྒྲ་གཙོ་བོར་གྱུར་པའི་ཕྱིར་འདིར་ཡང་གསུངས་པ་ཉིད་དོ། །དེ་ལྟ་ན་ཁྱེད་རང་གིས་སྔར་འཇུག་པའི་ཡི་གེ་རྣམས་ཀྱང་འཕུལ་རྟེན་གྱི་ཡུལ་དུ་སྦྱོར་ཚེ་མིང་གཞི་ཉིད་དུ་ཁས་བླངས་པའི་ཕྱིར་འཕྲད་འདི་རྣམས་ལའང་མཐའ་རྟེན་འཇུག་པའི་རྒྱུ་མཚན་གྱིས་མིང་གཞི་ཉིད་དུ་ཐལ་བས་རྗེས་འཇུག་གི་བྱ་བར་མི་འགྱུར་རོ། །སྙམ་ན་སྐྱོན་མེད་དེ། རྗེས་འཇུག་གི་བྱ་བ་ཞེས་པ་ནི་རྗེས་འཇུག་གི་ཡི་གེ་བཅུ་པོ་དེ་ལ་བྱ་བ་འབྱུང་བ་ཙམ་གྱི་ཆ་ནས་ཡིན་གྱི། ཕྲད་སོགས་སུ་གྲུབ་ཟིན་ནས་མིང་གཞི་དང་རྗེས་འཇུག་གང་ཡིན་དཔྱད་པའི་ཆ་ནས་མ་ཡིན་པའི་ཕྱིར་རོ། །ད་དྲག་ཅན་གྱི་མཐར་ཏོ་ལ་སོགས་པ་འཐོབ་པའི་དོན་ནི།རྟགས་འཇུག་ཏུ། དེ་ཉིད་རང་གི་སྒྲ་མཐུན་པའི། །ཞེས་པའི་སྐབས་སུ་འཆད་པར་འགྱུར་བ་བཞིན་སྤྱིར་བཏང་རྗེས་འཇུག་ལ་ལྟོས་པའི་རྣམ་དབྱེ་དང་ཕྲད་རྣམས་ལ། སྦྱོར་ཡུལ་མིང་ཚིག་གི་མཐའ་དེ་དང་སྦྱར་བས་བརྗོད་པ་བདེ་ཞིང་སྒྲ་མཐུན་པ་ཡོད་ན་རྟགས་མཚུངས་ཉིད་སྦྱར་བར་བྱ་ཞིང་། དེ་ལྟ་བུ་མེད་ནའམ་ཡོད་ཀྱང་བརྗོད་མི་བདེ་ན་བརྗོད་བདེ་བ་གང་ཡིན་སྦྱར་བར་བྱ་བ་ཡིན་པ་དང་། དེ་དག་ཀྱང་འཇིག་རྟེན་གྱི་གྲགས་པའི་རྗེས་སུ་འབྲང་དགོས་པས་རྗེས་འཇུག་གཞན་རྣམས་རང་རང་ལ་རྣ་རུ་སོགས་སྦྱར་བར་རྟགས་མཚུངས་ཡིན་མིན་ཅི་རིགས་ཡོད་ཀྱང་བརྗོད་བདེ་བ་དང་གྲགས་ཤིང་གྲུབ་པའི་ཕྱིར་འོས་པ་ཡིན་ལ། ད་དྲག་ཅན། བསྟནད། གྱུརད། སྩལད། ལྟ་བུ་རྣམས་ལ་ཀློག་དག་པའི་དབང་གིས། རྗེས་འཇུག་གཉིས་ལས་ན་ར་ལ་རྣམས་ཀྱི་སྒྲ་ཤུགས་ཆེ་ཙམ་དང་དའི་སྒྲ་འབྱུང་བར་ཆ་བ་ཙམ་ལས་མི་གསལ་བའི་ཕྱིར།བསྟན་དོ། གྱུར་དོ། སྩལ་དོ། བསྟནད་དམ། སྩལད་དམ། གྱུརད་དམ། ལྟ་བུ་ནི་བརྗོད་བདེ་བའང་མ་ཡིན་ཞིང་ཡོངས་སུ་མ་གྲགས་པས་བརྗོད་བདེ་རྟགས་མཚུངས་གཉིས་ཀའི་སྒོ་ནས་སྒྲ་མཐུན་པ་ནི་ཏོ་དང་ཏམ་སོགས་ཁོ་ནར་ངེས་པའི་ཕྱིར་རོ། །སླར་བསྡུའི་ཕྲད་དེ་རྣམས་ཀྱི་དཔེར་བརྗོད་པའང་། རྟག་གོ།བཟང་ངོ་། །ཡོད་དོ། །ཡིན་ནོ། །སྒྲུབ་བོ། །བསམ་མོ། །བྱའོ། །འགྱུར་རོ། །སེལ་ལོ། །བྱས་སོ། །ཞེས་སོགས་འབྱམས་ཀླས་པ་ནི། གོ་བར་སླ་ཞིང། ད་དྲག་ཅན་གྱི་མཐར་ཡང་། བསྟནད་ཏོ། །གྱུརད་ཏོ། །སྩལད་ཏོ། །ཕྱིནད་ཏོ། །འཛིནད་ཏོ། །ཞེས་སོགས་མང་དུ་འབྱུང་བ་རྣམས་སོ། །གཉིས་པ་ནི།དེ་ལ་ལོག་རྟོག་སེལ་བ།སྐབས་འདིར་འགྲེལ་བྱེད་སྔ་མ་ཁ་ཅིག་གིས་དེར་ཕྱིན་ཏོ་ལྟ་བུ་སླར་བསྡུ་དངོས་ཡིན་ཞིང་རྫོགས་ཚིག་ཀྱང་ཡིན་པ་དང་། རྟག་གོ་ལྟ་བུ་སླར་བསྡུ་ཙམ་པོ་བ་དང་། བྱའོ་སྙམ་ནས་བྱེད་དོ་ལྟ་བུ་ཙམ་པོ་པའི་ཁོངས་སུ་གཏོགས་ཙམ་ལས་དོན་དུ་དེའང་མིན་པར་འདོད་པ་ཞིག་འདུག་པ། དེ་ལ་འདི་འདྲི་བར་བྱ་སྟེ། བྱའོ་ཞེས་པའི་འོ་སྒྲ་བརྗོད་པའི་ཚེ་འོ་སྒྲ་དེས་གང་ཞིག་སྡུད་དགོས་པའི་དོན་དེ་བསྡུས་པར་སོང་ངམ་མ་སོང་། སོང་ན་སླར་བསྡུ་དང་རྫོགས་ཚིག་དངོས་མིན་ཞེས་བསྙད་པའི་རྒྱུ་མཚན་ཅི་ཞིག། དེ་ལ་ལྟོས་ཤིང་འབྲེལ་བའི་ཚིག་དེ་མ་ཐག་ཏུ་འབྱུང་བས་སོ་ཞེ་ན། འོ་ན་ཁྱེད་ཀྱིས་སླར་བསྡུ་དངོས་ཀྱི་མཚན་གཞི་མཐའ་རྟེན་གྱི་རྫོགས་སོ་ལྟ་བུ་ལས་མང་དུ་མི་རྙེད་པར་འགྱུར་ཏེ། ཁྱེད་རང་གིས་རྫོགས་ཚིག་དངོས་སུ་ཁས་བླངས་པའི་དེར་ཕྱིན་ཏོ་ལྟ་བུ་ལའང་ཕྱིན་ནས་ཀྱང་ལྟ་བུའི་ཚིག་གཞན་སྦྲེལ་བའི་ཚེ་དེ་དངོས་མ་ཡིན་པར་འགྱུར་བ་སོགས་གཞུང་འདིར་བསྟན་གྱི་སླར་བསྡུའི་སྒྲའི་འཇུག་པ་ཕལ་མོ་ཆེ་སླར་བསྡུ་དངོས་མ་ཡིན་པར་འགྱུར་བའི་ཕྱིར་རོ། །ཡང་མ་སོང་ཟེར་ན་འོ་སྒྲ་ལ་ནུས་པ་མེད་པར་ཐལ་བའི་སྐྱོན་ཡོད་དོ། །ཁོ་བོ་ནི་གཞུང་འདིར་བསྟན་གྱི་སླར་བསྡུ་སྨྲ་སྒོ་ནས་བཤད་པའི་ཟླ་སྡུད་དེང་སང་རྫོགས་ཚིག་ཏུ་གྲགས་པ་རྣམས་དོན་གཅིག་ཅིང་། བྱའོ་སྙན་ནས་བྱེད་དོ་ལྟ་བུའི་འོ་སྒྲས་ཀྱང་སྙམ་རྒྱུའི་དོན་དེ་བསྡུས་ཤིང་རྫོགས་པར་ག་ནུས་པས་སླར་བསྡུ་དངོས་ཡིན་ཏེ། དཔེར་ན་བརྡ་སྤྲོད་པའི་གཞུང་དུ། གྲངས་ལས་རྫོགས་པ་ལ་ཌ་མ་དག་གོ། ཞེས་པའི་རྐྱེན་གྱི་རྗེས་བིང་ཤ་ཏི་མཿཞེས་པར་ཚིག་གྲོགས་ཨི་ཏི་བཱ་ཙྱཾ་ཞེས་པ་སྦྱར་བས་རྫོགས་ཚིག་དངོས་མིན་པར་མི་འགྱུར་བ་བཞིན་དང་། ཀ་རོ་མཱི་ཏཾཙིནྟེ་ན་ཀྲི་ཡ་ཏེ། ཞེས་པར་ཡང་བྱ་ཚིག་སྔ་ཕྱི་དག་ཏིང་མཐའ་དངོས་ཡིན་པར་མཚུངས་པ་ལྟ་བུའོ། །ཞེས་འཆད་པར་བྱེད་དོ། །ཡང་ཁ་ཅིག་གིས། རྗེས་འཇུག་བ་ཡིག་གི་རྗེས་སུ་པོ་དང་། ད་ས་དག་གི་རྗེས་སུ་ཏོ་སྦྱར་བར་འདོད་པ་དང་། ཁ་ཅིག་གིས། བ་ཡིག་འདས་ཚིག་དངོས་ཡིན་པའི་རྗེས་སུ་པོ་སྦྱར་བར་བཤད་མོད། སྔ་མས་ཞེན་དོན་རྟགས་མཚུངས་སྦྱར་ཁུལ་དུ་འདུག་ཀྱང་གོང་སྨོས་ལྟར་རྟགས་འཇུག་གི་དོན་དཔྱིས་ཕྱིན་པར་མ་རྟོགས་པས་རིགས་འགྲེ་ཐལ་ཆེས་པའི་སྐྱོན་དང་། བྱས་ཏོ་ལྟ་བུ་ཤིན་ཏུ་བརྗོད་མི་བདེ་བ་ཚེགས་ཀྱིས་སྦྱར་བ་དོན་མེད་ཅིང་གྲགས་པ་ལས་ཧ་ཅང་བརྒལ་བའི་སྐྱོན་ཡང་ཡོད་དོ། །འདོད་པ་ཕྱི་མ་དེའང་རིགས་པ་མ་ཡིན་ཏེ། བ་ཡིག་གི་མཐའ་འདས་ཚིག་ཡིན་དུ་ཟིན་ཀྱང་དེ་ཉིད་དང་སྦྱར་བས་བརྗོད་བདེ་ཞིང་སྒྲ་མཐུན་པ་བ་ཡིག་ཨོ་ལྡན་ཉིད་ཡོད་བཞིན་དུ་གཞན་འཚོལ་བ་ལ་དགོས་པ་མེད་པའི་ཕྱིར། འདས་ཚིག་ཡིན་པ་ཤེས་པའི་ཆེད་དུའོ་སྙམ་ནའང་མི་འཐད་དེ། དེ་ལྟ་ན། རྡོ་བཅག་གོ། ལྟ་བུ་ལའང་། བཅག་ཀོ། ཞེས་སྦྱར་དགོས་པར་འགྱུར་བས་ཧ་ཅང་ཐལ་ལོ། །ཡང་འགྲེལ་བྱེད་ཕལ་ཆེར་གྱིས། སླར་བསྡུའི་སྒྲ་འདི་རྣམ་དབྱེ་དང་པོའ་ིདོན་དུ་བཤད་ཀྱང་ཤིན་ཏུ་འཐད་པར་མ་མཐོང་སྟེ། རྣམ་དབྱེ་དང་པོའ་ིགཅིག་ཚིག་གིས་ནི་དོན་གྱི་ངོ་བོ་ཙམ་ལས་གཞན་མི་སྟོན་ལ། འདི་ནི་སྡུད་པའི་སྒྲ་ཡིན་པའི་ཕྱིར་དོན་གྱི་ལྡོག་པ་སྟོན་བྱེད་དུ་འགྱུར་བས་ཀྱང་ཁྱད་པར་ཆེ་ཞིང་། ཁྱོད་ལའོ། །འདི་ཡིས་སོ། །སློང་མོ་བར་རོ། །འབྱུང་ཁུངས་ནས་སོ།།བདག་གིའོ། །ཤིང་ལའོ། །རྟག་ཏུའོ། །ལྟ་བུ་གཉིས་པ་ལ་སོགས་པའི་རྣམ་དབྱེ་ཐམས་ཅད་ཀྱི་མཐར་ཡང་སླར་བསྡུ་སྦྱར་བ་ཡོད་པས། ཁྱེད་ལྟར་ན་དེ་རྣམས་ཀྱང་རྣམ་དབྱེ་དང་པོའ་ིདོན་ཅན་དུ་འདོད་དགོས་པའི་ཕྱིར་རོ། །སྨྲས་པ།ལེགས་ལེགས་ལྟར་སྣང་རྨོངས་བློའ་ིརྣམ་འགྱུར་གྱིས། །བདེན་བདེན་བཅོས་པའི་ཚིག་ཕྲེང་གསེར་འོད་ཅན། །གསལ་གསལ་རིགས་པའི་ཞུགས་ཆེན་འདིས་རེག་ཚེ། །ངེས་ངེས་པིཏྟ་ལ་ཡི་རང་ཚུལ་བཟུང་། །གཞན་ཟེར་མཆིང་བུའི་དུམ་བུ་མང་བསྡུས་ནས། །འགྲིག་འགྲིག་ཚིག་གི་སྲད་བུར་བརྒྱུས་ན་ཡང་། །འཁྲུལ་མེད་རྣམ་དཔྱོད་ཟོང་གིས་ཉེར་བསྒྲུབས་པའི། །ལེགས་བཤད་དོ་ཤལ་འདི་དང་བསྒྲུན་དུ་ཅི། །བློ་ནོར་གྱིས་ཕོངས་བླུན་རྒན་མུ་ཏོ་བའི། །ཚོགས་སུ་གང་ཞིག་བྲིམ་པ་མ་འཚལ་ཀྱང་། །གཟུར་གནས་མཁས་པ་གནས་པའི་མདུན་ས་དེར། །རིགས་པའི་སྲང་གིས་ཡོན་ཏན་ལྕིད་ཤེས་འགྱུར། །ལ་དོན་གྱི་གཞུང་དོན་འགྲོལ་བ།གཉིས་པ་ལ་དོན་བཤད་པ་ལ། དངོས་དང་། མཐའ་དཔྱད་དོ། །དང་པོ་ལ། གཞུང་དོན་འགྲོལ་བ་དང་། སྦྱོར་ཚུལ་བཤད་པའོ། དང་པོ་ནི།རྗེས་འཇུག་ཡི་གེ་བཅུ་རྣམས་ལས། །གང་མིང་མཐའ་ན་བཅུ་པ་གནས། །དེ་ལ་ཨཱ་ལི་གཉིས་པ་སྦྱར། །གང་མིང་མཐའ་ན་བརྒྱད་པ་གནས། །དེ་ལ་གཉིས་པ་ཨུ་ཡང་སྦྱར། །གང་མིང་མཐའ་ན་གསུམ་པ་གནས། །དེ་ལ་ཨཱ་ལི་གཉིས་པ་སྦྱར། །བཞི་པ་དགུ་པ་དངོས་ཀྱང་སྟེ། །ལས་དང་ཆེད་དང་རྟེན་གནས་དང་། །དེ་ཉིད་ཚེ་སྐབས་ལ་སྒྲ་ཡིན། །ཞེས་པ་སྟེ། རྗེས་འཇུག་ཡི་གེ་བཅུ་པོ་དེ་རྣམས་ཉིད་ལས། གང་ཡང་རུང་བའི་མིང་གི་མཐའ་ན་ལ་དོན་གྱི་རྣམ་དབྱེ་སྦྱར་བའི་ཆེད་དུ་བཅུ་པ་ས་ཡིག་གནས་པ་དེ་ལ་ཨཱ་ལི་གཉིས་པ་ཨུ་ཡིག་སྦྱར་བས་སུ་ཞེས་གྲུབ་པ་དང།དེ་བཞིན་དུ་ཚེག་བར་གཅིག་ཉིད་དུ་མིང་མཐར་བརྒྱད་པ་ར་ཡིག་སྦྱར་ཏེ་གནས་པ་ལྷག་པར་ལྟ་བུ་དང་། ཡང་ར་ཡིག་དེ་ཉིད་ཚེག་བར་ཕྱེས་པ་ལ་ཨུ་ཡིག་ཀྱང་སྦྱར་བས་རུ་ཞེས་པ་དང་། རྗེས་འཇུག་གསུམ་པ་ད་ཡིག་གནས་པར་ཨུ་ཡིག་སྦྱར་བས་དུ་དང་། རྗེས་འཇུག་བཞི་པ་ན་དང་དགུ་པ་ལ་གཉིས་ནི་དབྱངས་ཀྱིས་མ་བརྒྱན་པའི་དངོས་པོ་ཉིད་དུ་གནས་པའང་སྟེ་དྲུག་པོ་དེ་དག་དང་། འདི་ནས་མ་གསུངས་ཀྱང་གོང་བཤད་སླར་བསྡུའི་སྐབས་ལྟར་དོན་གྱིས་ཐོབ་པའི་ཏ་ཡིག་ཨུ་ཞུགས་བཅས་ལ་དོན་བདུན་དུ་ངེས་ཤིང་།འདི་དག་ཀྱང་སྐྱབས་སུ་མཆིའོ་ལྟ་བུ་རྣམ་དབྱེ་གཉིས་པ་ལས་སུ་བྱ་བའི་དོན་ཅན་དུ་སྦྱར་ན་ལས་ཀྱི་སྒྲ་དང་། དབུལ་ཕོངས་ལ་སྦྱིན་པ་གཏོང་ལྟ་བུ་ཆེད་དུ་བྱ་བའི་དོན་ཅན་ཡིན་ན། དགོས་ཆེད་ཀྱི་སྒྲ་དང་། ཤར་ཕྱོགས་སུ་ཡོད་ལྟ་བུ་བདུན་པ་གནས་གཞིའི་དོན་ཅན་ཡིན་ན། རྟེན་གནས་ཀྱི་སྒྲ་དང་། འོད་དུ་གསལ་ལྟ་བུ་སྤྱིར་བཏང་ལས་ཀྱི་སྒྲ་ཡིན་པ་ལས། ཁྱད་པར་ལས་དང་བྱ་བ་ཐ་མི་དད་པའི་རང་གི་དེ་ཁོ་ན་ཉིད་སྟོན་པའི་དོན་ཅན་ཡིན་ན་དེ་ཉིད་ཀྱི་སྒྲ་དང་།ཉི་མ་ཤར་བ་ན་ཆོས་སྟོན། ལྟ་བུ་དུས་བརྗོད་པའི་བདུན་པ་ཡིན་ན་ཚེ་སྐབས་ཀྱི་སྒྲར་ཤེས་པར་བྱ་དགོས་ཤིང་། དེ་དག་ཐམས་ཅད་རྣམ་དབྱེར་སྦྱོར་བ་ན་ལ་སྒྲའི་འཇུག་པ་དང་ཕལ་ཆེར་མཐུན་པས་ལ་སྒྲ་ཞེས་ཀྱང་བརྗོད་པར་བྱ་བ་ཉིད་དོ། །ཞེས་སོ། །གཉིས་པ་ལ་སྒྲ་དང་དོན་གྱི་སྦྱོར་ཚུལ་གཉིས། དང་པོ་ནི།སྒྲའི་སྦྱོར་ཚུལ།སྐབས་འདིའི་གཞུང་གི་དངོས་བསྟན་དུ་རྣམ་དབྱེའི་རྐྱེན་གྱི་ངོ་བོ་ཙམ་ལས་དེ་དག་མིང་མཐའི་རྗེས་འཇུག་དང་སྦྱོར་ཚུལ་མི་གསལ་ཡང་ཤུགས་ཀྱིས་རྟོགས་ནུས་པའི་དབང་དུ་མཛད་པས་རྗེས་འཇུག་ག་བ་གཉིས་དང་ད་དྲག་ཅན་གྱི་མཐར་སླར་བསྡུའི་སྐབས་སུ་བཤད་པ་བཞིན་འདིར་མ་བསྟན་ཀྱང་དོན་གྱིས་ཐོབ་པས་ཏ་ཡིག་ཨུ་ལྡན་སྦྱར་བ་དང་། ང་ད་ན་མ་ར་ལ་རྣམས་ཀྱི་རྗེས་སུ་དུ་དང་། ས་མཐར་སུ་དང་། འ་ཡིག་མཐར་ར་ཡིག་རྐྱང་བའམ་རུ་སྦྱར་བར་བྱ་ཞིང་། ལ་ན་དག་ནི་སྐབས་དང་བསྟུན་ཏེ་རྗེས་འཇུག་ཐམས་ཅད་ལ་བྱེ་བྲག་མེད་པར་ཅི་རིགས་སུ་སྦྱར་བར་བྱའོ། །དེ་རྣམས་ཀྱང་རིམ་པ་བཞིན་དཔེར་བརྗོད་ན། རྟག་ཏུ། རབ་ཏུ། ཀུནད་ཏུ། ཕ་རོལད་ཏུ། མཚརད་ཏུ།གང་དུ། ཐམས་ཅད་དུ། གཏན་དུ། ནམ་དུ། ཤར་དུ། དཔལ་དུ། གཡས་སུ།ལྷར། ལྷ་རུ། འོག་ལ། འོག་ན། སྟེང་ལ། སྟེང་ན། ཡོད་ལ། ཡོད་ན། འཛིནད་ལ། འཛིནད་ན། འཛེརད་ལ། འཛེརད་ན། སྩལད་ལ། སྩལད་ན། གྲུབ་ལ། གྲུབ་ན། ཁྱིམ་ལ། ཁྱིམ་ན། མཐའ་ལ། མཐའ་ན། ཤར་ལ། ཤར་ན། རབ་གསལ་ལ།རབ་གསལ་ན། གཡས་ལ། གཡས་ན། ལྟ་བུ་རྣམས་སོ། །དེ་ལ་ཏ་ཡིག་ཨུ་ལྡན་སྦྱོར་བ་རྣམས་ནི་ཕོས་ཕོའ་ིམིང་མཐའ་འདྲེན་པའི་ལུགས་ཏེ་ཀློག་ཚུལ་ཟུར་མི་ཕྱིན་པ་རྣམས་ལ་ཅི་ཆ་ཡོད་ཀྱང་། རྗེས་འཇུག་ཞུགས་པའི་ཀློག་ཚུལ་ཟུར་ཕྱིན་པར་འདོན་པ་རྣམས་ལ་ནི་དེ་ཉིད་བརྗོད་བདེ་བའང་ཡིན་ནོ། །དེ་བཞིན་དུ་ང་མ་འ་ས་རྣམས་ལ་དུ་སོགས་སྦྱོར་བའི་ཚུལ་དེ་ནི་མོས་མི་ཡིག་འདྲེན་པ་དང་། ད་མཐར་ཏུ་སྦྱོར་བ་ནི་རྟགས་མཚུངས་སུ་སྦྱར་ན་བརྗོད་པ་མི་བདེ་བས་བརྗོད་བདེ་འདྲེན་པ་དང་། ལྷག་མ་ན་ར་ལ་རྣམས་ལ་དུ་སྦྱོར་བ་ནི་རྟགས་མཚུངས་དྲང་དུ་མེད་པས་བརྗོད་བདེ་འདྲེན་པའི་ལུགས་སུ་བྱས་ཤིང་། གོ་དོན་ཅུང་ཟད་སླར་བསྡུའི་སྐབས་སུ་སྨོས་པ་བཞིན་ཏེ། འཆད་འགྱུར་རྣམས་ལའང་ཅི་རིགས་སུ་སྦྱར་ཞིང་ཤེས་པར་བྱའོ། །དོན་གྱི་སྦྱོར་ཚུལ་འདིར་བསྟན་བཤད་པ།གཉིས་པ་དོན་གྱི་སྦྱོར་ཚུལ་ལ། འདིར་བསྟན་བཤད་པ་དང་། མ་བཤད་པ་ཁ་སྐོང་བ་གཉིས། དང་པོ་ནི།ལ་ན་གཉིས་དེ་ཉིད་ཀྱི་དོན་དུ་མི་འཇུག་ཅིང་གཞན་ལ་འཇུག་པ་དང།སུ་ར་རུ་དུ་ཏུ་ལྔ་པོ་དེ་རྣམས་ལས་སོགས་དོན་ལྔ་ལ་མཚུངས་པར་འཇུག་པ་ཡིན་པས་དེ་རྣམས་ཇི་ལྟར་སྦྱོར་ན། བྱེད་པ་པོས་བྱ་བ་གང་ལ་བྱེད་པའི་ལས་ཀྱི་དོན་ཅན་དུ་འགྱུར་བ་རྣམ་དབྱེ་གཉིས་པ་ནི། ཤར་ཕྱོགས་སུ་འགྲོ། རྡོ་བར་གཟུགས་བརྙན་བྱེད། མཐའ་རུ་འཁྱོལ། རྒྱ་གར་དུ་འགྲོ། རྒྱབ་ཏུ་ཕྱོགས། ཕ་རོལད་ཏུ་ཕྱིན། གཟུགས་ལ་ལྟ། མདུན་ན་རྒྱུ། ཞེས་སོགས་མཐའ་ཡས་པར་བསྒྲེས་ནས་སྦྱར་བར་བྱའོ། །དེ་བཞིན་དུ་བྱ་བ་གང་ཞིག་གིས་བྱ་བའི་ཡུལ་དེའམ། དེ་དང་འབྲེལ་བའི་ལས་ལ་ཕན་འདོགས་པར་འགྱུར་བའི་དོན་གྱི་ཆེད་དུ་བྱ་བའི་ཡུལ་ལ་འཇུག་པ་རྣམ་དབྱེ་བཞི་པ་ནི། ཆོས་ཕྱོགས་སུ་དཀའ་བ་སྤྱད། དམན་པར་བརྩེ། བདུད་རྩི་རུ་བསྒྲུབ། ཤིང་གཅོད་དུ་སྟ་རེ་དགོས། གྲུབ་ཏུ་རེ། གར་ལྟ་བ་ལ་སྒྲོན་མེ་ཐོགས། ཤིང་ལ་ཆུ་འདྲེན། ཚོགས་ན་ནོར་འགྱེད། ལ་སོགས་པ་རྒྱ་ཆེར་སྦྱར་བར་བྱ་སྟེ། དེའི་ཆེད་དུ། དེའི་ཆེད་ལ། དེའི་དོན་དུ། དེའི་དོན་ལ། དེའི་ཕྱིར་དུ་ལྟ་བུ་དགོས་ཆེད་གསལ་བྱེད་ཀྱི་སྒྲ་དང་ལྡན་པ་རྣམས་ནི་ཆེད་ཀྱི་དོན་ཡིན་པ་སྨོས་མ་དགོས་སོ། །རྟེན་གནས་ཏེ་གང་ཞིག་གང་ལ་བརྟེན་པའམ་ཡོད་པའི་དོན་ཅན་དུ་འཇུག་པ་རྣམ་དབྱེ་བདུན་པ་ནི། ཤར་ཕྱོགས་སུ་འོད་སྣང་། མེར་མེ་ལྷ་གནས།ལྟེ་བ་རུ་རྫིང་བཅས། ལྷ་ཁང་དུ་མཆོད་རྟེན་ཡོད། ས་འོག་ཏུ་སྟོབས་ལྡན་གནས། གཟུགས་ཁམས་ན་ཚངས་པ། ལྕགས་ལ་གསེར་འབྱུག། ལྟ་བུ་སྟེ་གོ་བར་སླའོ། །རྣམ་དབྱེ་གཉིས་པའི་བྱེ་བྲག་ཡུལ་གང་ཞིག་ལ་བྱ་བ་གང་ཞིག་བྱེད་པའི་ཚེ། ལས་དེ་ཁོ་ན་ཉིད་ཀྱི་ངོ་བོར་གྱུར་པས་ལས་དང་བྱ་བ་ངོ་བོ་གཅིག་པ་ཡིན་པ་དེ་ལྟ་བུའི་ལས་ཀྱི་དོན་ལ་འཇུག་པ་ནི། མཆོག་གསུམ་ལ་སྐྱབས་སུ་ཤེས། ལྷར་གསལ། སྲ་བར་བྱེད། བརྟན་པར་གྱུར། སྒྲོལ་མ་ཚེའི་ལྷ་རུ་བསྟེན། འོད་དུ་འཚེར། གཅིག་ཏུ་འགྱུར། སོགས་སུ་ཤེས་པར་བྱ་སྟེ། འདི་ཉིད་རྟོགས་དཀའ་བས་ཅུ་ཟད་བཤད་ན། མཆོག་གསུམ་ལ་སྐྱབས་སུ་ཤེས་ཞེས་པ་ལྟ་བུ་ལ། སྤྱིར་བཏང་། སྐྱབས་སུ་ཤེས་པ་ནི་བྱ་བ། མཆོག་གསུམ་ནི་བྱ་བ་དེའི་ཡུལ་ཡིན་པས་དེ་ལ་ལས་ཀྱི་རྣམ་དབྱེ་སྦྱོར་བ་ཡིན་མོད། བྱེ་བྲག་ཕྱེ་ན་ལས་དང་བྱ་བ་ཐ་དད་མི་དད་ཀྱི་དབང་གིས་ལས་ཀྱི་རྣམ་དབྱེ་འཇུག་པའི་ཡུལ་གཙོ་ཕལ་གཉིས་ལས་གཙོ་བོ་ནི་དེ་ཉིད་དང་། ཕལ་བའམ་འདིར་བསྟན་དེ་ཉིད་ཀྱི་དོན་ཅན་ནི་བྱ་བ་ཉིད་ལ་ལས་དང་བྱ་གཉིས་སུ་དབྱེ་བའི། ཤེས་པ་ནི་བྱ་བ། སྐྱབས་ནི་ཤེས་པར་བྱ་རྒྱུའི་ལས་ཡིན་པས་དེར་ལ་དོན་གྱི་རྣམ་དབྱེ་འཇུག་པ་དེ་ཉིད་དེ། སྐྱབས་དང་ཤེས་པ་གཉིས་སྤྱིར་ཐ་དད་ཡིན་ཡང་བྱ་བ་གཅིག་ལ་སྦྱོར་བ་འདི་འདྲའི་སྐབས་སུ་ཤེས་པ་ཉིད་སྐྱབས་ཡིན་ནོ་སྙམ་པའི་ངོ་བོར་སྐྱེས་པ་བརྗོད་པ་ཡིན་པས། ཤེས་པ་ཡུལ་ཅན་དང་སྐྱབས་ཡུལ་དུ་མི་བཟུང་བར། མཆོག་གསུམ་ཡུལ་དང་། སྐྱབས་དང་ཤེས་པ་བསྡམས་པའི་ཚིག་ནུས་ཡུལ་ཅན་གྱི་ངོ་བོ་གཅིག་སྟོན་པ་ཡིན་ནོ། །དེས་ན་བྱ་ལས་ངོ་བོ་གཅིག་པའི་ཕྱིར་ལ་དོན་འདི་རིགས་ལ་གཞུང་འདིར་དེ་ཉིད་ཀྱི་སྒྲས་བསྟན་ཅིང་། ངོ་བོ་གཅིག་ལ་བྱ་བ་དངོས་མི་འབྱུང་བས། འཕགས་ཡུལ་བའི་བརྡ་སྤྲོད་པ་དག་གིས་ལས་ཀྱི་དོན་གཙོ་བོ་མ་ཡིན་པའམ་ཕལ་བ་ཞེས་ཟེར་རོ། །ལ་ན་དག་ནི་དོན་འདི་འདྲ་ལ་ནམ་ཡང་འཇུག་པ་མ་ཡིན་པས། སྨྲ་སྒོར་ལ་ན་དག་གི་འཇུག་པ་འཆད་པའི་སྐབས་སུ་འདིར་འཇུག་པ་མ་བཤད་པ་དང་། དུ་ལ་སོགས་པ་ལ་དང་མཐུན། །དེ་ཉིད་དག་ནི་ལྷག་པ་ཡིན། །ཞེས་འབྱུང་བ་ནི་ལེགས་པར་བཤད་པའོ། །ཚེ་སྐབས་ཏེ་རྣམ་དབྱེ་བདུན་པ་ཉིད་དུས་བརྗོད་པའི་དོན་ལ་འཇུག་པ་ནི། ཚེས་གཉིས་སུ་ཉི་མ་ཟློག། ཉི་མ་མ་ཤར་བར་ལྡང་། འཆར་ཁ་རུ་དུས་གདབ། རྒྱུན་དུ་ཁ་ཏོན་བྱེད། རྟག་ཏུ་བདེན་པར་སྨྲ། ནམ་ལངས་པ་ན་ཆོས་སྟོན། སྲོད་ལ་བདུད་བཏུལ། སོགས་མང་དུ་ཤེས་པར་བྱའོ། །ཡང་སྐབས་འདིར་ལས་ཀྱི་དོན་སོགས་ལ་དགག་སྒྲ་དང་འབྲེལ་བས་ལས་ལ་སོགས་པ་སོ་སོའ་ིམཚན་ཉིད་དང་མི་ལྡན་པར་གྱུར་པ། གཟུགས་ལ་མི་ལྟ། སློང་བ་པོར་སྦྱིན་པར་མི་བྱ། གཟུགས་ཁམས་ན་དྲི་རོ་མེད། རྟེན་འཇིག་པར་མི་བྱེད། ལྟ་བུ་རྣམས་ཀྱི་ལ་དོན་དེ་དག་ལས་ལ་སོགས་པ་སོ་སོའ་ིརྣམ་དབྱེར་འགྱུར་རམ་སྙམ་ན། རིམ་པ་བཞིན། ལས་དང་། ཆེད་དུ་བྱ་བ་དང་། རྟེན་པ་དང་། དེ་ཉིད་ལས་གཞན་མིན་པའི་ལས་རྣམས་བཀག་པས། དེ་དག་གི་རྒྱུ་མཚན་གྱིས་བཞག་པའི་རྣམ་དབྱེ་དེ་དག་དངོས་སུ་མི་འགྱུར་ཡང་། དགག་བྱའི་ཚིག་དེ་རྣམས་དང་འབྲེལ་བའི་དབང་ལས་རྣམ་དབྱེ་དེ་རྣམས་དང་རྗེས་སུ་མཐུན་པ་ཙམ་དུ་ཤེས་པར་བྱའོ། །འདིར་མ་བཤད་པ་ཁ་སྐོང་བ།གཉིས་པ་གཞུང་འདིར་དངོས་སུ་མ་བསྟན་ཀྱང་། བཤད་མ་ཐག་པའི་ལ་སྒྲ་རྣམས་ཀྱི་ནང་ནས་ན་ལ་གཉིས་པོ་དེ་ལ་དོན་གྱི་འཇུག་ཚུལ་གཞན་ཡང་ཡོད་དེ། ནའི་སྒྲ་དམིགས་ཀྱིས་དབྱེ་བའི་དོན་དུ་སྦྱར་བ། དངོས་སུ་ན། མདོར་བསྡུ་ན། ཡིན་གྲང་ན། སོགས་དང་། རྒྱུ་མཚན་གྱི་དོན་དུ་སྦྱར་བ། འདི་ཡོད་ན་འདི་འབྱུང་། མེ་ཡོད་ན་དུ་བ་འབྱུང་། ལྟ་བུ་དང་། རྒྱུ་མཚན་དོན་གྱིས་བསྟན་པའི་དོན་དུ་སྦྱར་བ། འདིར་ཤིང་ཡང་མེད་ན་ཤིམ་ཤ་པ་ཇི་ལྟར་ཡོད། འདུས་མ་བྱས་ཡིན་ན་མི་རྟག་པར་རུང་ངམ། ལྟ་བུ་དང་། སྔ་མ་དེ་ལས་ཚིག་ཕྱི་མ་འགལ་བའམ་མ་ཡིན་པ་སོགས་སྟོན་པའི་དོན་དུ་སྦྱར་ལ།འདི་སྔོན་དུ་སྡིག་པ་སྤྱོད་པ་ཞིག་ན་ད་ནི་དགེ་བ་ལ་ཡིད་འཇུག་པར་བྱེད་དོ།འདི་སྔོན་ནོར་གྱིས་དབུལ་བ་ཡིན་ན། ད་ནི་དབུལ་པོ་མ་ཡིན་ནོ། །ཞེས་པ་ལྟ་བུ་དང། འོས་པར་དཀའ་བ་སྟེ་མི་འོས་པའི་ཆག་གམ་ཚོད་འཛིན་པའི་སྒོ་ནས་ཚིག་དོན་ཕྱི་མ་ངེས་པར་བྱེད་པའི་དོན་དུ་སྦྱར་བ། ལྷས་བཏུད་ན་མིས་ལྟ་ཅི་སྨོས། རབ་བྱུང་རྣམས་ཁྱིམ་ལ་འཁྲེན་པར་བྱེད་ན་ཁྱིམ་པ་རྣམས་ལྟ་ཅི་སྨོས། ལྟ་བུ་དང་། འོས་པ་ནན་གྱིས་བཟུང་ནས་ཕྱི་ཚིག་ངེས་པར་བྱེད་པའི་དོན་དུ་སྦྱར་བ། ཁྱིམ་པ་ལྟ་འདོད་པ་ལ་སྲེད་ན་རབ་བྱུང་རྣམས་ཀྱང་། འདོད་པ་ལ་སྲེད་པར་བྱེད་དོ། །དུད་འགྲོ་རྣམས་བླུན་པ་ཉིད་ན་མིའང་དེ་ལྟ་བུ་དག་མཐོང་ངོ། །ལྟ་བུ་དང་། སྨོན་པའི་དོན་དུ་སྦྱར་བ། བདག་བྱང་ཆུབ་ཐོབ་ན་ཅི་མ་རུང། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་ན་སྙམ་མོ། །ལྟ་བུ་དང་། ཐེ་ཚོམ་གྱི་གཞིའི་དོན་དུ་སྦྱར་བ། ས་བོན་ནི་བཏབ་ན། འདི་ལས་མྱུ་གུ་འབྱུང་ངམ་མི་འབྱུང་། ཆོས་ནི་བསྟན་ཟིན་ན་གཞན་གྱིས་རྟོགས་སམ་མ་རྟོགས།ལྟ་བུ་མང་དུ་འབྱུང་ཞིང་། ལའི་སྒྲའང་ཚིག་ལྷག་མ་འདྲེན་པ་ལྷག་བཅས་ཀྱི་དོན་དུ་སྦྱར་བ། མཉམ་པར་བཞག་ལ་དེ་ཁོ་ན་ཉིད་སེམས། ལག་པ་བསྙལ་ལ་ཟས་ཟ། ལྟ་བུ་དང་། ཚིག་སྔ་ཕྱི་མཚམས་སྦྱོར་བ་ཙམ་གྱི་དོན་དུ་སྦྱར་བ།བདེ་བ་དང་ལྡན་ལ་གནོད་པ་མི་མངའ་བ། གསལ་ཞིང་དྭངས་ལ་དྲི་མ་མེད་པ། ཞེས་སོགས་རྒྱ་ཆེར་འབྱུང་བ་རྣམས་སོ། །འདིར་སྨྲ་སྒོ་ལས།ན་ཞེས་བྱ་བའི་ཚིག་གི་དོན། །དམིགས་ཀྱིས་འབྱེད་དང་རྒྱུ་མཚན་དང་། །རྒྱུ་མཚན་དོན་གྱིས་བསྟན་པ་དང་། །ལས་དང་ཆེད་དང་རྟེན་གནས་དང་། །ཕྱི་ཚིག་དེ་གཞན་སོགས་སྟོན་དང་། །འོས་པར་དཀའ་བ་ཆག་འཛིན་ལས། །ཕྱི་ཚིག་ངེས་པར་བྱེད་པ་དང་། །དེ་ལས་བཟློག་པ་ཉིད་དང་ནི། །འགལ་བའང་མི་འགལ་སྟོན་པ་དང་། །སྨོན་དང་འདྲི་དང་ཐེ་ཚོམ་གཞི། །ཚེ་སྐབས་རྣམས་ལ་འདི་མཐོང་ངོ་། །ཞེས་དང་།ལ་ནི་གཉིས་པ་བཞི་པ་དང་། །བདུན་པ་སྡུད་དང་སྦྱོར་བ་དང་། །སྨོན་དང་ཚད་འཛིན་གཞི་དང་ནི། །ཚེ་སྐབས་དག་ཏུ་འདོད་པ་ཡིན། །ཞེས་འབྱུང་བའི་དོན་འགྲེལ་བས་བཀྲལ་བ་ལས་འཐད་པའི་ཆར་འདུག་སྙམ་པ་རྣམས་བཀོད་ཀྱི། ན་སྒྲ་འགལ་བའམ་མི་འགལ་བར་སྟོན་པ་ལ་འཇུག་པ་ནི། དོན་དམ་དུ་དབྱེར་མེད་ན་ཀུན་རྫོབ་ཏུ་དབྱེར་ཡོད་ལྟ་བུ་དཔེར་བརྗོད་པས། ཕྱི་ཚིག་དེ་གཞན་སོགས་སྟོན་དང་། །ཞེས་པའི་བསྟན་བྱ་དང་ཟློས་པར་འགྱུར་ཞིང་། འདྲི་བའི་གཞིར་འཇུག་པ་ནི། གཟུགས་གཟུགས་སུ་རུང་བ་ཡིན་ན་འདི་ཅིས་གཟུགས་སུ་རུང་ལྟ་བུ་དཔེར་བརྗོད་པས། དམིགས་ཀྱིས་འབྱེད་པའམ་ཐེ་ཚོམ་གྱི་གཞི་གང་རུང་ལས་བརྩམས་ཏེ་འདྲི་དགོས་པའི་ཕྱིར་དེ་དག་གི་དོན་ལས་ལོགས་སུ་དབྱེ་བ་དགོས་པ་མེད་པ་དང་། ལའི་སྒྲ་སྡུད་པ་དང་སྦྱོར་བ་དང་སྨོན་པ་རྣམས་ལ་འཇུག་པར་བཤད་པ་ནི་སོ་སོའ་ིདཔེར་བརྗོད་དང་སྦྱར་ནས་བརྟགས་ན་ལྷག་བཅས་ཉིད་དུ་གསལ་བས་སོ་སོར་དབྱེ་བ་དོན་མི་ཆེ་བ་དང་། ཚད་འཛིན་ལ་འཇུག་པར་བཤད་པ་དེ་ནི་ཚད་བརྗོད་པའི་དོན་ཅན་དུ་མི་འཇུག་པས་དེ་རྣམས་ནི་འདིར་མ་སྨོས་སོ། །ལ་དོན་གྱི་མཐའ་དཔྱད་པ།གཉིས་པ་མཐའ་དཔྱད་ནི།སྐབས་འདིར་འགྲེལ་བྱེད་སྔ་ཕྱི་རྣམས་ལ་བཞེད་ཚུལ་མི་འདྲ་བ་འགའ་ཞིག་འདུག་པ་དེ་རྣམས་ཀྱི་མཐའ་དཔྱད་པས་འགྲེལ་ཚུལ་འདི་ཉིད་ལའང་ངེས་པ་རྙེད་པའི་རྒྱུར་འགྱུར་བའི་ཕྱིར། གཞན་བཞེད་ཀྱི་སྙིང་པོ་བསྡུས་ནས་ཅུང་ཟད་དཔྱད་ན། གང་མིང་མཐའ་ན་བཅུ་པ་གནས། །སོགས་ཀྱིས་བསྟན་པའི་མིང་མཐར་གནས་པའི་དོན་འགྲེལ་བྱེད་སྔ་མ་ཕལ་ཆེར་གྱིས་རྣམ་དབྱེ་སྦྱར་ཡུལ་མིང་མཐའི་རྗེས་འཇུག་དེ་ཉིད་དུ་འདོད་ཅིང་། རྒྱུ་མཚན་དེས།གང་མིང་མཐའ་ན་བརྒྱད་པ་གནས། །དེ་ལ་གཉིས་པ་ཨུ་ཡང་སྦྱར། །ཞེས་འབྱུང་བས་ར་མཐར་རུ་འཇུག་པ་མི་འདོད་བཞིན་དུ་ཁས་ལེན་པ་དང་།འགའ་ཞིག་གིས། མིང་མཐར་གནས་པའི་དོན་སྔ་མ་བཞིན་དུ་འདོད་ཅིང་ར་མཐར་རུ་འཇུག་པ་མི་འདོད་པས། དེ་ལ་གཉིས་པར་ཨུ་ཡང་སྦྱར། །ཞེས་ར་ཡིག་བསྣན་ནས། གཉིས་ཞེས་པའང་སྔོན་འཇུག་གཉིས་པར་ངོས་བཟུང་སྟེ་ར་མཐར་དུ་སྦྱར་བའི་དོན་དུ་འཆད་པ་དང་། ཁ་ཅིག་གིས་རྟགས་མཚུངས་སྦྱོར་བར་རློམ་ནས་ད་མཐར་དུ་འཇུག་པར་འདོད་པ་དང་། ཕལ་ཆེར་གྱིས་ལ་སྒྲའི་འཇུག་ཡུལ་དེ་ཉིད་ཅེས་པ་དངོས་པོའ་ིདེ་ཁོ་ན་ཉིད་ལ་ངོས་བཟུང་བ་དང་། ཁ་ཅིག་གིས། དེ་ཉིད་ཅེས་པ་ངེས་གཟུང་གི་དོན་དུ་འདོད་པ་དང་། ལ་ལས་ལ་སྒྲ་ཟེར་བའི་རྒྱུ་མཚན་སུ་ལ་སོགས་པ་རྣམས་ལས་སོགས་དོན་ལྔ་ལ་མཚུངས་པར་འཇུག་པས་སོ་ཞེས་འདོད་ཅིང་རྒྱུ་མཚན་དེས། ལ་ན་དག་ཀྱང་དེ་ཉིད་ལ་འཇུག་པར་འདོད་པ་རྣམས་ཏེ། དེ་དག་འགའ་དང་འགས་རྗེས་ཟློས་ཀྱི་ཚུལ་དུ་སྨྲ་བར་བྱེད་ཅིང་། འགའ་དང་འགས་ཁྱད་ཆོས་སུ་ངོམ་པར་བྱེད་དོ། །དེ་ལ་འདོད་པ་སྔ་མ་དེ་ནི་ཤིན་ཏུ་འཁྲུལ་ཏེ། དེ་ལྟ་ན་རྗེས་འཇུག་ས་ར་ད་གསུམ་གྱི་མཐར་སུ་རུ་དུ་རྣམས་འཇུག་ཟེར་བ་ཉི་ཚེ་ཞིག་གཞུང་འདིས་བསྟན་པར་སོང་བས་རུ་དང་དུ་གཉིས་ཀྱི་འཇུག་ཡུལ་ད་དུང་གཞན་ཡང་ཡོད་ན་གཞུང་འདིས་མི་སྟོན་པའི་རྒྱུ་མཚན་འཐད་ལྡན་སྨྲ་དགོས་ཤིང་།རྒྱུ་མཚན་མེད་ན་ནི་གཞུང་གི་བསྟན་བྱ་མ་ཚང་བའི་སྐྱོན་དུ་འགྱུར་བའི་ཕྱིར་དང་། ར་མཐར་རུ་འཇུག་པའང་ཤིན་ཏུ་བརྗོད་མི་བདེ་བས་མིང་མཐས་རྣམ་དབྱེ་འདྲེན་ཚུལ་གཞུང་འདི་དང་འགལ་བར་མ་ཟད། མེས་དཔོན་གྱི་བཀའ་གཙིགས་ཞལ་བཤུས་དག་པ་རྣམས་དང་། ཁྲི་ལྡེ་སྲོང་བཙན་དུས་ཀྱི་ཞལ་བྱང་ཅན་བྲག་ལ་བརྐོས་པའི་ལྷ་དང་ཡི་གེ་དུ་མ་ཁམས་ཕྱོགས་སུ་སྣང་བ་རྣམས་དང་། རྡོ་རིང་གི་ཡི་གེ་དང་། གནའ་བོའ་ིགསུམ་རབ་དག་པ་རྣམས་སོགས་གང་དུའང་མི་འབྱུང་བས་མི་འཐད་པར་ངེས་པའི་ཕྱིར་རོ། །འོ་ན་ལ་དོན་འཆད་པའི་གཞུང་འདིས་སླར་བསྡུ་དང་འབྲེལ་སྒྲ་སོགས་འཆད་པའི་སྐབས་ལྟར་ཕྲད་དང་མིང་མཐའ་སྦྱོར་ཚུལ་ཞིག་སྟོན་རིགས་པ་ལ་མ་བསྟན་པར་ཐལ་བར་འགྱུར་རོ་ཞེ་ན། སྦྱོར་ཚུལ་དེ་ནི་གཞུང་འདི་ཉིད་ཀྱི་གོང་འོག་གཞན་དང་རྟགས་འཇུག་སོགས་ལས་ཀྱང་རྗེས་སུ་དཔག་ནུས་པར་དགོངས་ནས་གཞུང་ཟོར་ཡང་བའི་ཆེད་དུ་དངོས་སུ་མ་བསྟན་པར་མ་ཟད་པས་སྐྱོན་དུ་ཅི་ཞིག་འགྱུར། དེ་བས་ཁྱེད་རང་གིས་གཞུང་འདིས་ཕྲད་དང་མིང་སྦྱོར་ཚུལ་བསྟན་པར་འདོད་པ་ཉིད་སྐྱོན་ཆེ་སྟེ། རྗེས་འཇུག་ས་ར་ད་གསུམ་ཁོ་ན་ལ་སྦྱོར་ཚུལ་བཤད་ཀྱི་གཞན་མ་བཤད་པ་དང་། དེ་གསུམ་བཤད་པས་སྦྱོར་ཚུལ་གཞན་གོ་བར་མི་ནུས་པའི་ཕྱིར་ཉན་པ་པོ་ལ་སླ་ཡང་ཐེ་ཚོམ་སྐྱེད་པར་མ་ཟད། གོང་དུ་སྨོས་པ་ལྟར་མཁས་པ་ལ་མ་གྲགས་ཤིང་།གཞུང་དོན་སྤྱིའི་མིང་མཐའ་འདྲེན་ཚུལ་དང་འགལ་བ་ཁས་ལེན་དགོས་པ་དེའང་ཞེ་འདོད་འདིའི་སྐྱོན་གྱིས་བསྐྱེད་པར་སྣང་བའི་ཕྱིར་རོ། །དེས་ན་མིང་མཐར་ས་ཡིག་སོགས་གནས་ཞེས་པ་དེ་མིང་མཐའ་ལ་སྔ་ནས་གནས་པའི་དོན་མིན་གྱི། དཔེར་ན། གཡས། ལྷ། ཤར་ལྟ་བུའི་མིང་མཐར་རྣམ་དབྱེའི་དོན་དུ་ས་ར་ད་རྣམས་བཀོད་དེ་གནས་པ་ལྟ་བུ་ལ་ཨུ་ཡིག་སྦྱར་རྒྱུའི་དོན་ཏེ།ལེགས་སྦྱར་ལའང་། དེ་བ་ཞེས་པར་སི་བྱིན་ཨི་ཕྱིས་དེ་བསྲ་ཞེས་གནས་པ་ལ་ཟེར་བ་ལྟ་བུར་ཤེས་དགོས་སོ། །དེ་ལྟར་བསྟན་པས་འདོད་པ་གཉིས་པ་དེའི་ལོག་རྟོག་གི་རྩ་བ་སུན་འབྱིན་པར་ནུས་མོད། འོན་ཀྱང་གཞུང་བཅོས་ནས་དོན་མིན་དུ་བཤད་པ་ལ་བརྗོད་པར་བྱ་སྟེ། ཁྱེད་དག་གིས་རྩལ་དུ་བཏོན་པའི་བཤད་པ་དེ་ལ། གཉིས་པ་ཞེས་པ་སྔོན་འཇུག་གཉིས་པར་ངོས་འཛིན་པ་སྐབས་དང་མི་འབྲེལ་བ་དང་། གཉིས་པར་ཞེས་བཅོས་ནས་ད་ཡིག་ལ་ཨུ་སྦྱར་བའི་དོན་དུ་འདོད་པ་དགོས་པ་མེད་པ་དང་། དེ་ལྟར་འདོད་པས་གཞུང་གི་བསྟན་བྱ་གཞན་རྣམས་ཆད་པར་འགྱུར་བ་དང་། ཡང་སྒྲ་བརྗོད་པ་དོན་མེད་དུ་ཐལ་བའི་སྐྱོན་ཡང་ཡོད་དོ། །དང་པོ་གྲུབ་སྟེ། སུམ་ཅུ་པའི་གཞུང་ཚིག་འདི་གྲས་རྣམས་ཀྱིས་རྗེས་འཇུག་དང་ཨཱ་ལིའི་གྲངས་སྟོན་པར་སྣང་བ་ལ། སྔ་ཕྱིའི་འབྲེལ་ཅིའང་མེད་པར་འདིར་བླ་རྡོལ་དུ་སྔོན་འཇུག་གི་གྲངས་སྟོན་པ་མཁས་པའི་བསྟན་བཅོས་ཀྱི་ལུགས་སུ་མི་རིགས་པའི་ཕྱིར། གཉིས་པ་གྲུབ་སྟེ། གང་མིང་མཐའ་ན་གསུམ་པ་གནས། །ཞེས་སོགས་ཁྱེད་རང་ཡང་དུ་སྒྲ་འཆད་པའི་གཞུང་དུ་འདོད་པ་གང་ཞིག། དེར་འཆད་པར་འགྱུར་བས་འདིར་བསྟན་པ་ལ་དགོས་པ་མེད་པའི་ཕྱིར། དེ་ནི་ད་མཐར་དུ་འཇུག་པའི་དོན་དང་། འདིར་ར་མཐར་དུ་འཇུག་པའི་དོན་ཡིན་པས་སོ་སོ་ལ་དགོས་པ་ཡོད་དོ་ཞེ་ན། དེའང་མི་འཐད་དེ། དེ་ལྟ་ན་ང་ན་མ་ལ་རྣམས་ཀྱི་མཐར་ཡང་དུ་སྒྲ་འཇུག་པས་དེ་རྣམས་རེ་རེ་ནས་འཆད་པའི་གཞུང་འབྱུང་བར་རིགས་པའི་ཕྱིར་ཧ་ཅང་ཐལ་ལོ། །གསུམ་པ་གྲུབ་སྟེ། ཁྱེད་འདོད་པ་དེ་ལྟ་ན། ལ་དོན་གཞན་རྣམས་ཀྱི་ཡ་གྱལ་ར་དང་རུའི་སྒྲ་དག་སྟོན་བྱེད་ཀྱི་གཞུང་ཆད་པར་འགྱུར་བའི་ཕྱིར་ཏེ། སླར་བསྡུའི་སྐབས་སུ་རྒྱུ་མཚན་སྨོས་པ་བཞིན་ཏ་ཡིག་ཨུ་ལྡན་ལྟ་བུ་འདིར་མ་བཤད་པ་སྐྱོན་དུ་མི་འགྱུར་ཡང་སྐབས་དོན་རྗེས་འཇུག་གི་ཡི་གེ་དང་སྦྱར་བའི་ལ་དོན་ཆད་ན་རྩོམ་པ་པོ་མཁས་པའི་གསུང་དུ་མི་འགྱུར་བའི་ཕྱིར་རོ། །བཞི་པ་གྲུབ་སྟེ། ཡང་ཞེས་པ་ཚིག་རྒྱན་གཉིས་དང་སྡུད་པའི་དོན་དུ་འཇུག་པ་ལས་ཚིག་རྒྱན་གྱི་དོན་མ་ཡིན་པ་ནི་རྟོགས་པར་སླ་བས་སྡུད་པའི་དོན་ལས་འོས་མེད་ཅིང་། སྡུད་པའི་དོན་ཡང་དབྱེ་གཞི་གཅིག་ལ་དབྱེ་བ་གཉིས་སམ་མང་པོ་མཐུན་པར་བསྡུ་པའམ། ཁྱད་གཞི་གཅིག་ལ་ཁྱད་ཆོས་གཉིས་སམ་མང་པོ་ལྷན་ཅིག་ཏུ་བརྗོད་དགོས་པ་ལྟ་བུར་འདོད་དགོས་པའི་རྒྱུ་མཚན་གྱིས། ཁྱེད་ལྟར་ན། ཨུ་ཡང་སྦྱར་ཞེས་པའི་ཡང་སྒྲ་དེས། གཞི་གང་ལ་གང་ཞིག་གང་དང་ལྷན་ཅིག་ཏུ་སྡུད་པའི་དོན་ཅིའང་མི་སྟོན་པར་འགྱུར་བས་མཁན་པོས་འདིར་ཡང་སྒྲ་གསུངས་པ་དགོས་པ་མེད་པར་ཐལ་བའི་ཕྱིར་རོ། །དེས་ན་ཉེས་པ་འདི་ནི་གཞུང་འདིས་རུ་ཡིག་རྐྱང་བ་བསྟན་པར་འདོད་པ་རྣམས་ལའང་འབྱུང་བར་དོགས་སོ། །འདོད་པ་གསུམ་པ་དེ་ཡང་འཐད་པར་མ་མཐོང་སྟེ། ད་ཡིག་རྗེས་འཇུག་ཕོ་ཡིན་པའི་རྒྱུ་མཚན་གྱིས་དེས་ཏུ་འདྲེན་པ་འཐད་དོ་སྙམ་པར་འདུག་ཀྱང་། དེ་ལྟ་ན། ས་ཡིག་ལའང་མཚུངས་པས། གཡས་ཏུ། སྔས་ཏུ། ལྟ་བུ་ཤིན་ཏུ་བརྗོད་མི་བདེ་ཞིང་མ་གྲགས་པ་མང་པོ་ཞིག་གསར་དུ་སྦྱོར་དགོས་པར་འགྱུར་ཞིང་། ས་མཐར་སུ་ཐོབ་པ་གཞུང་འདིས་དངོས་སུ་བསྟན་པའི་ལུགས་ཡིན་པས་སྐྱོན་མེད་དོ་སྙམ་པའང་མི་འཐད་དེ། དེ་ལྟ་ན་ད་མཐར་དུ་ཐོབ་པའང་གཞུང་འདིས་དངོས་བསྟན་དུ་འདོད་དགོས་པའི་ཕྱིར་ཏེ། དེ་གཉིས་རིགས་པ་མཚུངས་པའི་ཕྱིར་དང་། སྤྱིར་ཡང་ལུགས་དེ་མི་འཐད་པ་གོང་དུ་སྨོས་པ་ལྟ་བུའི་ཕྱིར་རོ། །ཡང་ད་དྲག་གི་མཐར་ཏུ་ཐོབ་པའི་རྒྱུ་མཚན་གྱིས་སོ་སྙམ་ནའང་མི་འཐད་དེ། སླར་བསྡུའི་སྐབས་སུ་བཤད་པ་བཞིན་ད་ཡིག་གི་འཇུག་ཡང་འཇུག་གི་མཐའ་གཉིས་ད་ཡིག་ཡིན་པ་ཙམ་དུ་མཚུངས་ཀྱང་ཀློག་ཚུལ་ལ་ཁྱད་པར་ཤིན་ཏུ་ཆེ་བས་ད་དྲག་གི་མཐར་ཏུ་སྒྲ་ཉིད་བརྗོད་བདེ་ཞིང་། གཅིག་ཤོས་ལ་དེ་བས་དུ་སྒྲ་ཉིད་བརྗོད་བདེ་བར་མངོན་སུམ་གྱིས་གྲུབ་ཅིང་། ཡོངས་སུ་གྲགས་པའི་ཕྱིར་རོ། །འདོད་པ་བཞི་པ་དེའང་མི་འཐད་དེ། སྤྱིར་ན་ཕྲད་འཆད་འགྱུར་ལྟར་དེ་ཉིད་ལ་མི་འཇུག་ཅིང་། ཁྱད་པར་ཁྱེད་ཀྱི་ལུགས་སུ་དེ་ཉིད་ཅེས་པ་དངོས་པོའ་ིདེ་ཁོ་ན་ཉིད་ལ་འདོད་པར་འདུག་པས་དེ་ལ་ནམ་ཡང་འཇུག་པ་མི་སྲིད་པའི་ཕྱིར་དང་། ཁོ་ན་ཞེས་པའི་ན་ཡིག་ཁྱེད་འདོད་པའི་དེ་ཉིད་ཀྱི་དོན་ཡིན་ན་ཉིད་ཅེས་པའི་སྒྲ་ལ་མ་ལྟོས་པར་དངོས་པོའ་ིདེ་ཉིད་ལ་འཇུག་རིགས་པ་ལ། དེའང་མི་འཇུག་པའི་ཕྱིར་ཏེ། སྨྲ་སྒོ་ལས་ཁོ་ནའི་སྒྲ་དོན་དྲུག་ལ་འཇུག་པར་བཤད་པ་འཐད་ཅིང་དེ་རྣམས་ཐམས་ཅད་ངེས་གཟུང་གི་དོན་དུ་སྣང་བའི་ཕྱིར་དང་། དེ་ཁོ་ན་ཉིད་ཅེས་སྦྲེལ་ནས་བརྗོད་པའི་སྒྲའང་། དངོས་པོའ་ིདེ་ཉིད་ལ་འཇུག་པ་ནི་བདེན་མོད་ཀྱི་དེ་ལ་དེས་ཁྱབ་པ་ནི་མ་ཡིན་ཏེ།དཔེར་ན་ལྷ་རྣམས་ཀྱི་ནང་ནས་སྲེད་མེད་ཀྱི་བུ་དེ་ཁོ་ན་ཉིད་མཐུ་ཆེའོ། །ལྟ་བུ་ངེས་གཟུང་ལ་འཇུག་པ་ཤིན་ཏུ་མང་བའི་ཕྱིར་ཏེ་ཞེ་འདོད་ཀྱི་དཔེར་བརྗོད་གཅིག་རྙེད་ཁུལ་དེའང་ཞེ་འདོད་དེར་མ་ངེས་པའི་ཕྱིར་རོ། །དེས་ན་ཁོ་ན་ཞེས་པ་ཚིག་ཕྲད་གཅིག་ཡིན་པ་ལ་ཁོ་དང་ན་སོ་སོར་བྲལ་ནས་འཆད་པར་རློམ་པ་ནི། ལ་དོན་དེ་ཉིད་ལ་འཇུག་པར་བཤད་པ་དེ་རྣམ་དབྱེ་གཉིས་པ་དང་མ་འབྲེལ་བ་ཞིག་དགོས་པར་བཟུང་ནས་དཔེར་བརྗོད་བཙལ་ཀྱང་མ་རྙེད་པ་གཏིང་ཐུག་སྟེ་ཟེར་རྒྱུས་ཕོངས་པའི་རྟགས་ཟང་མར་བསྟན་པ་ཡིན་ནོ། །འདོད་པ་ལྔ་པ་དེའང་རིགས་པ་མ་ཡིན་ཏེ། ཁྱེད་ཉིད་ཀྱིས་བཀོད་པའི་འདི་ཐད་ཀྱི་དཔེར་བརྗོད་དུ། རྒྱ་གར་དུ་ཤེས། སྟོད་དུ་རིག། འོག་མིན་དུ་ཤེས། དཔལ་དུ་འདུག། ཅེས་འབྱུང་བ་རྣམས་ཀྱི་ལ་སྒྲ་ནི་ལས་དང་བྱ་བ་ངོ་བོ་གཅིག་པའི་ལས་ཀྱི་རྣམ་དབྱེ་ཡིན་པས་ངེད་འདོད་པའི་དེ་ཉིད་ཀྱི་དཔེར་རིགས་ཀྱང་ཁྱེད་རང་གི་ཞེན་དོན་དུ་མི་འགྱུར་ཏེ་དེ་དག་ངེས་གཟུང་གི་སྒྲ་མ་ཡིན་པའི་ཕྱིར་དང་། ཀུན་ལ་དགའ། དེ་རུ་སྐྱིད། རྒྱབ་ཏུ་སྤྲོ། ཞེས་འབྱུང་བའི་ལ་སྒྲ་རྣམས་ནི་བྱ་བ་དང་ཐ་དད་པའི་ལས་ཀྱི་དོན་ཡིན་པས་འདིར་བསྟན་གྱི་ལས་ཀྱི་རྣམ་དབྱེ་དངོས་སུ་འགྱུར་བའི་ཕྱིར་ངེས་གཟུང་མ་ཡིན་པ་དང་།རྟག་ཏུ་དགའ། ཕ་རོལ་ཏུ་འདུག། ཅེས་འབྱུང་བའི་ལ་དོན་སྔ་མ་དུས་བརྗོད་པའི་བདུན་པ་ཡིན་པས་འདིར་བསྟན་ཚེ་སྐབས་ཀྱི་སྒྲ་དང་། ཕྱི་མ་རྟེན་གནས་ཀྱི་བདུན་པ་དངོས་ཡིན་པའི་ཕྱིར་དེ་དག་ལ་ངེས་གཟུང་གི་སྒྲའི་དོན་མེད་པས་སོ། །ཅི་སྟེ་དེ་དག་ནན་གྱིས་ངེས་གཟུང་དུ་འཛིན་ཅིང་ལ་དོན་འཇུག་ཡུལ་གྱི་དེ་ཉིད་ཀྱང་དེ་དག་ཏུ་འདོད་པ་མི་གཏོང་ན་ནི། མཁན་པོ་ཉིད་ལ་ཅོ་འདྲི་བར་ཆས་སྟེ། དེ་ཉིད་གཅིག་པུ་བསྟན་པས་ཆོག་གི། ལས་དང་ཚེ་སྐབས་དང་རྟེན་གནས་རྣམས་ལ་འཇུག་ཚུལ་སོ་སོར་འཆད་པ་དགོས་པ་མེད་པར་ཐལ་བའི་ཕྱིར་རོ། །དེས་ན་རྣམ་དབྱེ་འདི་དག་སོ་སོར་འཆད་པར་རློམ་བཞིན་དུ་བྱེ་བྲག་མ་ཕྱེད་པ་དང་། ངེས་གཟུང་གི་སྒྲའང་ལན་དུ་མར་བསྐྱར་ཞིང་འཆད་བཞིན་དུ་དེ་མ་ཡིན་པ་ལ་དེར་འཁྲུལ་བ་སོགས་བློ་གྲོས་ཀྱི་བཞིན་རས་གསལ་བར་སྟོན་པའི་འགྲེལ་བཤད་སྣང་བྱེད་ནོར་བུ་འདི་ནི་ཤིན་ཏུ་ཡ་མཚན་པའི་གནས་སོ། །འདོད་པ་དྲུག་པ་དེའང་འཐད་པའི་ཕྱོགས་མ་ཡིན་ཏེ།དུ་ལ་སོགས་པ་ལྔའམ་དྲུག་པོ་ཐམས་ཅད་ལས་སོགས་དོན་ལྔ་ལ་ལ་ཡིག་དང་མཚུངས་པར་འཇུག་པ་མ་ཡིན་པའི་ཕྱིར་ཏེ། ལ་ན་གཉིས་དེ་ཉིད་ཀྱི་དོན་ལ་མི་འཇུག་པའི་ཕྱིར་ཏེ། ཁྱེད་རང་གིས་ཀྱང་དཔེར་བརྗོད་འགའ་ཞིག་བཀོད་ནས་འདི་རྣམས་ཕལ་ཆེར་ལ་ལ་ཡིག་སྦྱར་རུང་ངོ་ཞེས་སྨྲ་བ་ཙམ་ལས་དངོས་སུ་ལའི་དཔེར་བརྗོད་བཀོད་མ་ནུས་པ་དང་། ན་ཡིག་འཇུག་པའི་དཔེར་བརྗོད་ཀྱང་འཐད་ལྡན་འགོད་རྒྱུ་མ་རྙེད་འདུག་པའི་ཕྱིར་རོ། །དེའང་ཞིབ་མོར་བརྗོད་ན། འདུས་བྱས་སུ་གྲུབ། ཆོས་སུ་གནས། མི་བསླུ་བར་ངེས།ཆོས་ཉིད་དུ་གསལ། དགྲ་བཅོམ་དུ་གྲུབ། སོགས་བཀོད་པ་ནི་དེ་ཉིད་ཀྱི་དཔེར་རུང་ཡང་། དེ་དག་ལ་ལ་ཡིག་སྦྱར་དུ་མི་རུང་སྟེ། འདུས་བྱས་ལ་གྲུབ།ཆོས་ལ་གནས། མི་བསླུ་བ་ལ་ངེས། ཆོས་ཉིད་ལ་གསལ། དགྲ་བཅོམ་ལ་གྲུབ། ཅེས་སོགས་སྦྱར་བས་རྟེན་བརྟེན་པའམ་བྱ་བའི་ཡུལ་དང་བྱ་བ་ཐ་དད་དུ་གསལ་བའི་ཚིག་ཏུ་གྱུར་བའི་ཕྱིར་འགའ་ཞིག་རྟེན་གནས་དང་འགའ་ཞིག་ལས་དང་འགའ་ཞིག་དགོས་ཆེད་ཀྱི་སྒྲར་ཡང་འགྱུར་ཅིག། བྱ་ལས་ངོ་བོ་གཅིག་པའི་དེ་ཉིད་ཀྱི་སྒྲར་མི་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་དེ་རྣམས་ལ་ན་ཡིག་ཀྱང་དེ་ཉིད་ཀྱི་དོན་དུ་སྦྱར་མི་རུང་ཞིང་། དཔེར་བརྗོད་དུ་དེ་རང་ན་འདུག། ཅེས་པ་ཁོ་ན་བཀོད་ཀྱང་དེ་ནི་གནས་གཞིའི་དོན་ཅན་ཡིན་གྱི་དེ་ཉིད་ཀྱི་དོན་ལྟ་ཅི་སྨོས་ལས་ཀྱི་དོན་ཡང་མ་ཡིན་ནོ། །འོ་ན་གཞུང་འདིར་ལ་ན་དག་དམིགས་སུ་མ་ཕྱེ་བར། ལས་དང་ཆེད་དང་རྟེན་གནས་དང་། །དེ་ཉིད་ཚེ་སྐབས་ལ་སྒྲ་ཡིན། །ཞེས་གསུངས་པ་ཅི་ཞེ་ན། དེ་ལྟར་གསུངས་པ་ནི། ལ་སྒྲ་རྣམས་ལས་སོགས་དོན་ལྔ་པོ་ཕལ་ཆེར་ལ་མཚུངས་པར་འཇུག་པ་མང་བའི་དབང་གིས་སྤྱིར་བསྟན་པ་ཡིན་པས་སྐྱོན་མེད་ལ། ལ་སྒྲ་ཞེས་པའི་དོན་ཡང་ལས་སོགས་འཇུག་དོན་ཐམས་ཅད་ལ་ལ་ཡིག་དང་མཚུངས་པར་འཇུག་པས་མ་ཡིན་ཏེ། ཏུ་ལ་སོགས་པ་བདུན་ནམ་དུ་ལ་སོགས་པ་དྲུག་པོ་དེའི་ཐ་མ་ལ་ཡིག་ཡིན་པས་དེ་བཟུང་ནས་ཐམས་ཅད་ལ་ལ་སྒྲ་ཞེས་པའི་མིང་གིས་བཏགས་པ་ཡིན་པའི་ཕྱིར་རོ། །དེ་ལྟར་འཐད་པའང་མ་ཡིན་དེ་བརྡ་སྤྲོད་པའི་བསྟན་བཅོས་རྣམས་ན། བརྡ་ཆད་ཀྱི་སྐབས་སུ། ཙར྄། ཕལ྄། ལྟ་བུ་ཡི་གེ་བསྡུས་ནས་མིང་དུ་བྱས་པ་རྣམས་ལ་མིང་དེའི་ཁོངས་སུ་མིང་དེ་བྱ་བ་གང་གི་ཆེད་དུ་བཏགས་པའི་བྱ་བ་དེ་ལ་མི་མཁོ་བའི་ཡི་གེ་འགའ་ཞིག་ཀྱང་ཡོད་མོད་ཀྱི་མཁོ་བ་མང་བའི་ཆ་ནས་དེར་བཏགས་པ་མི་འགལ་བ་དང་།དམིགས་བསལ་ཐམས་ཅད་ལ་མ་ཁྱབ་ཀྱང་སྒྲུབ་པ་སྤྱིར་བཏང་བཤད་པ་མི་འགལ་བ་ལྟ་བུར་ངེས་པའི་ཕྱིར་རོ། །དེ་ལྟར་བློ་ལྡན་རྣམས་ཀྱི་བློ་གྲོས་ཀྱི་སྒོ་དབྱེ་བའི་ཕྱིར་མཐའ་དཔྱད་ཅུང་ཟད་སྤྲོས་ཀྱི། གཞན་གྱི་ནོར་བ་མཐའ་དག་ནི་དགག་པར་མི་ལང་ངོ་། །སྨྲས་པ།དོན་མིན་རྙོག་མ་མཐའ་དག་དགྲུང་བྱེད་ཅིང་། །དོན་གྱི་བཞིན་རས་ཡོངས་རྫོགས་གསལ་མཐོང་བ། །ནོར་བུ་ཀེ་ཏ་ཀ་ཡི་མེ་ལོང་དང་། །མཚུངས་པའི་གཏམ་འདི་བློ་ལྡན་དགའ་སྐྱེ་ཡིན། །ཞེས་སོ། །ཨི་ལྡན་གྱི་རྣམ་དབྱེ་མདོར་བསྟན་པ།གསུམ་པ་ཨི་ལྡན་གྱི་རྣམ་དབྱེ་འཆད་པ་ལ། མདོར་བསྟན་དང་རྒྱས་པར་བཤད་པ་གཉིས། དང་པོ་ནི།རྗེས་འཇུག་ཡི་གེ་བཅུ་པོ་ལ། །ཨི་དང་མཐུན་ལུགས་འདི་ཞེས་བྱ། །ཞེས་པ་སྟེ། རྗེས་འཇུག་ཡི་གེ་བཅུ་པོ་དེ་དག་གང་རུང་རྗེས་སུ་ཞུགས་པའི་མིང་རྣམས་ལ། ཨི་ཡིག་དང་སྦྱར་བའི་རྣམ་དབྱེའི་ཕྲད་རྣམས་ཇི་ལྟར་མཐུན་པར་སྦྱོར་བའི་ལུགས་ནི་འདི་དང་འདིའོ་ཞེས་བསྟན་པར་བྱའོ། །ཞེས་སོ། །གཉིས་པ་ལ། འབྲེལ་སྒྲ་བཤད་པ་དང་། བྱེད་པ་པོའ་ིསྒྲ་བཤད་པའོ། །དང་པོ་ནི།འབྲེལ་སྒྲ་བཤད་པདང་པོ་གཉིས་ལ་དང་པོ་མཐུན། །གསུམ་ལྔ་བཅུ་ལ་ཀྱ་དང་སྦྱར། །བདུན་པ་ཉིད་ལ་བདུན་པ་སྟེ། །ལྷག་མ་རྣམས་ལ་གྱ་སྦྱར་བ། །དེ་དག་ཨི་སྦྱར་འབྲེལ་བའི་ས། །ཞེས་གསུངས་ཏེ། རྗེས་འཇུག་བཅུའི་དང་པོ་ག་དང་ང་གཉིས་གང་རུང་རྗེས་སུ་ཞུགས་པའི་མིང་རྣམས་ལ་ནི། རྗེས་འཇུག་དང་པོ་ག་ཉིད་མཐུན་ཞིང་། དེ་བཞིན་དུ་རྗེས་འཇུག་གསུམ་པ་ད། ལྔ་པ་བ། བཅུ་པ་ས་རྣམས་རྗེས་སུ་ཞུགས་པ་ལ་ཀྱ་དང་སྦྱར་བ་དང་། བདུན་པ་འ་ཡིག་གི་མཐའ་ཅན་རྣམས་ལ་དངོས་སུ་འ་ཡིག་ཡོད་དམ་མེད་ཀྱང་རུང་བདུན་པ་འ་ཉིད་སྦྱར་བ་དང་། འདིར་རྗེས་འཇུག་གི་ཡི་གེའི་བྱ་བ་གཙོ་བོར་བསྟན་པས་དངོས་སུ་མི་འབྱུང་ཡང་འ་ཡིག་གི་མཐར་རྐང་པ་ཁ་སྐོང་དགོས་པའི་ཚེ་ཡ་ཡིག་སྦྱར་བ་དང་། དེ་དག་ལས་གཞན་ལྷག་མ་ན་མ་ར་ལ་བཞི་པོའ་ིམཐའ་ཅན་རྣམས་ལ་ནི་གྱ་ཉིད་དང་སྦྱར་བ་མཐུན་པ་བཅས། དེ་དག་ཐམས་ཅད་ལ་རིམ་པ་བཞིན་ཨི་ཡིག་སྟེ་གི་གུ་སྦྱར་བས། གི། ཀྱི། འི། ཡི། གྱི་རྣམས་སུ་གྲུབ་པ་དེ་རྣམས་གང་ཞིག་གང་དང་སྒྲ་མཐུན་པའི་མིང་མཐའ་སོ་སོ་དང་སྦྱར་བས། བདག་གི། གང་གི། ཐམས་ཅད་ཀྱི། རབ་ཀྱི། ཕྱོགས་ཀྱི། དེའི། དེ་ཡི། གཏན་གྱི།ལམ་གྱི། གསེར་གྱི། དཔལ་གྱི་སོགས་སུ་འགྱུར་ཏེ་དེ་དག་ནི་གཞུང་གཞན་དུ་རྣམ་དབྱེ་དྲུག་པ་ཞེས་འབྱུང་བ་རྟེན་དང་བརྟེན་པའམ་ཡན་ལག་དང་ཡན་ལག་ཅན་སོགས་མི་དོན་ཕན་ཚུལ་འབྲེལ་བ་བརྗོད་པའི་དོན་ཅན་གྱི་སྒྲ་ཡིན་པས་འབྲེལ་བའི་ས་ཞེས་བྱའོ། །ཞེས་པའོ། །འདིར་ཡིག་རྙིང་དག་པ་རྣམས་སུ་ད་དྲག་ཅན་གྱིས་ཀྱི་ཉིད་དྲངས་པ་མཐོང་མོད་ཀྱི་དེང་སང་ད་དྲག་མི་མཛད་པས་ཕལ་ཆེར་གྱི་ཉིད་སྦྱོར་བར་སྣང་ཡང་ཕྲད་གཞན་དང་བསྟུན་ན་ཀྱི་རང་འདྲེན་པ་བརྗོད་བདེ་ཞིང་ལེགས་པར་སེམས་པས། ཀུནད་ཀྱི། རབ་འབྱོརད་ཀྱི། བཀའ་སྩལད་ཀྱི། སོགས་སུ་སྦྱར་བར་བྱའོ། །འབྲེལ་སྒྲ་དེ་དག་ཚིག་གྲོགས་དང་ཇི་ལྟར་སྦྱོར་བའང་། བདག་གི་ནོར། གང་གི་དྲིན། ཐམས་ཅད་ཀྱི་དོན། རབ་ཀྱི་ཕུལ། ཕྱོགས་ཀྱི་གླང་པོ། དེའི་ཚུལ། དེའི་ཕྱོགས་སུ་ཅི་ཞིག་ལྷུང་། གཏན་གྱི་དོན། ལམ་གྱི་ཡོན་ཏན། གསེར་གྱི་རྒྱན། དཔལ་གྱི་བེའུ། ཀུནད་ཀྱི་མཆོག། རབ་འབྱོརད་ཀྱི་ཚུལ། བཀའ་སྩལད་ཀྱི་སྙིང་པོ་སོགས་ཏེ་རྟོགས་པར་སླའོ། །གི་ལ་སོགས་པ་དེ་རྣམས་རྣམ་དབྱེའི་དོན་མ་ཡིན་པ་གཞན་ལའང་འཇུག་པ་ཡོད་དེ། འདི་ནི་བདེན་གྱི་གཞན་ནི་གཏི་མུག་གོ། བདག་ཅག་གི་སྐྱབས་ནི་སྟོན་པ་སངས་རྒྱས་ཡིན་གྱི་དྲག་པོ་སོགས་མ་ཡིན་ནོ། །འདི་ལྟར་འཐད་མོད་ཀྱི་འོན་ཀྱང་། ཞེས་པ་ལྟ་བུ་ཕྱི་ཚིག་འགལ་བའམ་མི་མཐུན་པར་སྟོན་པའི་ཚིག་གི་རྒྱན་ལའང་འཇུག་པའི་ཕྱིར་རོ། །བྱེད་པ་པོའ་ིསྒྲ་བཤད་པ།གཉིས་པ་བྱེད་པ་པོའ་ིསྒྲ་ནི།དེ་ཉིད་ལ་ནི་བཅུ་པ་སྦྱར། །བྱེད་པ་པོ་རུ་ཤེས་པར་བྱ། །ཞེས་པས་བསྟན་ཏེ། སྔར་བཤད་པའི་རྣམ་དབྱེ་དྲུག་པའི་སྒྲ་གི་ལ་སོགས་པ་དེ་དག་ཉིད་ལ་རྗེས་འཇུག་བཅུ་པ་ས་ཡིག་སྦྱར་བས། གིས། ཀྱིས།འིས། ཡིས། གྱིས་རྣམས་སུ་གྲུབ་པ་ནི་བྱེད་པ་པོས་བྱ་བ་ལ་སྦྱོར་བ་སྟོན་པས་ན་གཞུང་གཞན་དུ་རྣམ་དབྱེ་གསུམ་པ་ཞེས་འབྱུང་བ་བྱེད་པ་པོའ་ིས་རུ་ཤེས་པར་བྱའོ། །ཞེས་སོ། །དེ་རྣམས་མིང་མཐར་སྦྱོར་ཚུལ་ནི་འབྲེལ་སྒྲའི་སྐབས་དང་མཚུངས་པས། བདག་གིས། གང་གིས། ཐམས་ཅད་ཀྱིས། རབ་ཀྱིས། ཕྱོགས་ཀྱིས། དེའིས། དེ་ཡིས། གཞན་གྱིས། ལམ་གྱིས། གསེར་གྱིས།དཔལ་གྱིས། ཀུནད་ཀྱིས། རབ་འབྱོརད་ཀྱིས། ཟིལད་ཀྱིས། ལ་སོགས་པར་འགྱུར་ཏེ་རྟོགས་པར་སླ་མོད། འོན་ཀྱང་འ་མཐར་འིས་ཞེས་པ་སྐད་གསར་བཅད་ཀྱི་ལུགས་ལ་མི་འབྱུང་བ་ནི་ཡི་གེ་ཟོར་ཡང་བའི་ཆེད་དུ་འ་མཐའ་ཕལ་ཆེར་བསྡུས་པ་བཞིན་འིས་ཞེས་པའི་འི་ཡིག་ཕྱིས་ནས་བསྡུས་པར་ཟད་ཀྱི་ཐོབ་ཐང་མེད་པས་ནི་མ་ཡིན་པར་ཤེས་དགོས་དེ་གཞུང་འདིར་བསྟན་པར་མ་ཟད་ཆོས་རྒྱལ་མེས་དབོན་དུས་ཀྱི་རྡོ་རིང་གི་ཡི་གེ་སོགས་ལའང་དེ་ལྟར་སྣང་བ་མངོན་སུམ་གྱིས་གྲུབ་པའི་ཕྱིར་རོ། །བྱེད་པ་པོའ་ིསྒྲ་དེ་རྣམས་ཚིག་གྲོགས་དང་ཇི་ལྟར་སྦྱོར་བའང་། བདག་གིས་བསྟན། གང་གིས་བསྒྲུབས།ཐམས་ཅད་ཀྱིས་འདུད། རབ་ཀྱིས་བཀུར། ཕྱོགས་ཀྱིས་དབྱེ། དེའིས་མཚོན།ཞེས་སམ། སྐད་གསར་བཅད་ལྟར་ན། དེས་མཚོན། དེ་ཡིས་ཐམས་ཅད་དབང་དུ་བྱེད། གཞན་གྱིས་གསོས། ལམ་གྱིས་འཚོ། གསེར་གྱིས་བྱུག།དཔལ་གྱིས་བརྒྱན། ཀུནད་ཀྱིས་སྐྱོང་། རབ་འབྱོརད་ཀྱིས་གསོལ། ཟིལད་ཀྱིས་མནན། ཞེས་སོགས་རྒྱ་ཆེར་སྦྱར་ནས་ཤེས་པར་བྱའོ། །སྨྲ་སྒོ་ལས། གིས་ལ་སོགས་པ་འདི་རྣམས་མི་མཐུན་པའི་རྒྱན་ལ་འཇུག་པར་བཤད་ཀྱང་འཐད་པར་མ་མཐོང་སྟེ། དེའི་དཔེར་བརྗོད་དུ། དེ་ལྟ་ཡིན་མོད་ཀྱིས་ཞེས་དང་། འོན་གྱིས་ཀྱང་། ཞེས་བཀོད་པའི་སྔ་མའི་ཞེན་དོན་ལ་བརྟགས་ན། རྟག་པར་ཡོད་ཀྱིས། མི་རྟག་པར་མ་ཡིན་ནོ། །ཞེས་པ་ལྟ་བུ་ལ་བསམས་པར་སྣང་ཡང་། དེ་འདྲའི་ཀྱིས་སོགས་ཀྱི་སྒྲ་དེ་རྒྱུ་མཚན་གྱི་དོན་གྱི་བྱེད་པ་པོའ་ིརྣམ་དབྱེ་ཡིན་གྱི་མི་མཐུན་པའི་རྒྱན་མ་ཡིན་པའི་ཕྱིར་དང་། ཕྱི་མ་དེའི་ཞེན་དོན་ལ་བརྟགས་ན་བསྒྲུབ་ཏུ་རུང་གིས་ཀྱང་མི་བསྒྲུབ་བོ། །ལྟ་བུ་ལ་བསམས་པར་སྣང་ཡང་དེ་འདྲའི་མི་མཐུན་པའི་རྒྱན་དུ་གྱུར་པའི་སྒྲ་ནི་ཀྱང་ཞེས་པ་ཡིན་གྱི་གིས་ཀྱི་སྒྲ་མ་ཡིན་ཏེ། དེའང་རྒྱུ་མཚན་གྱི་དོན་ཅན་ཡིན་པའི་ཕྱིར་རོ། །དེས་ན་འདི་འདྲའི་རིགས་རྣམས་དང་། བྱེད་དུ་རུང་གིས་གྱིས་ཤིག །ལྟ་བུའི་བྱེད་པ་པོའ་ིསྒྲ་རྣམས་ནི་རྒྱུ་མཚན་གྱི་དོན་དུ་ཤེས་པར་བྱའོ། །སྐབས་འདིར་འགྲེལ་བྱེད་ཁ་ཅིག་གིས། ཁྲུས་ཀྱིས་ལྟ་བུའང་བྱེད་པ་པོའ་ིསྒྲ་རུ་འཁྲུལ་བ་མཐོང་མོད་ཀྱི་བླུན་པོའ་ིཉམས་སུ་རྟོགས་པར་སླ་བ་ཉིད་དོ། །རྒྱན་སྡུད་ཀྱི་སྒྲ་བཤད་པ།བཞི་པ་རྒྱན་སྡུད་ཀྱི་སྒྲ་ནི།ཨཱ་ལི་ཕྱིས་ནས་གཉིས་པ་སྦྱར། །ཚིག་རྒྱན་གཉིས་དང་སྡུད་པར་འགྱུར། །ཞེས་པས་བསྟན་ཏེ། གོང་དུ་བཤད་པའི་འབྲེལ་སྒྲ་དེ་དག་ལས། ཀྱི།འི། གཉིས་ཀྱི་ཨཱ་ལི་སྟེ་གི་གུ་ཕྱིས་ནས་སོ་སོར་རྗེས་འཇུག་གཉིས་པ་ང་ཡིག་སྦྱར་བས། ཀྱང་། འང་། ཞེས་པར་གྲུབ་པ་དང་། འདིར་མ་བསྟན་ཀྱང་དོན་གྱིས་ཐོབ་པའི་ཡང་གི་སྒྲ་དང་བཅས་གསུམ་པོ་དེ་རྣམས་ནི་ཚིག་ཕྱི་མ་མཐུན་པའམ་མི་མཐུན་པར་སྟོན་པའི་ཚིག་རྒྱན་གཉིས་དང་། གཞིའམ་དོན་གཞན་ཞིག་ལ་སྡུད་ཅིང་སྦྱོར་བའི་སྒྲར་འགྱུར་རོ། །ཞེས་སོ། །དེ་རྣམས་མི་མཐར་ཇི་ལྟར་སྦྱོར་བའི་ཚུལ་ནི། རྗེས་འཇུག་གི་ཕོ་ཡིག་ག་ད་བ་ས་རྣམས་དང་ད་དྲག་གི་མཐར་རྟགས་མཚུངས་བརྗོད་བདེ་གཉིས་ཀའི་སྒོ་ནས་སྒྲ་མཐུན་པ་ཀྱང་ཉིད་སྦྱར་ཞིང་དེ་བཞིན་དུ་དངོས་སུ་ཡོད་མེད་ཇི་ལྟར་རུང་འ་མཐའ་ཅན་རྣམས་ལ། འང་དང་། ང་མ་དག་གི་མཐར་ཡང་གི་སྒྲ་འཇུག་པ་དང། ན་ར་ལ་གསུམ་གྱི་རྗེས་སུ་བརྗོད་བདེ་ཁོ་ནའི་དབང་གིས་ཡང་ཉིད་འཇུག་གོ །ཚིགས་བཅད་ཀྱི་རྐང་བ་ཁ་སྐོང་དགོས་པའི་ཚེ་ནི་འ་མཐར་ཡང་།ཡང་གི་སྒྲ་སྦྱར་དགོས་སོ། །དཔེར་ན། རྟག་ཀྱང་། བཅད་ཀྱང་། བཀབ་ཀྱང།བྱས་ཀྱང་། བསྟནད་ཀྱང་། འབྱོརད་ཀྱང་། སྩལད་ཀྱང་། ལྷའང་། ལྷ་ཡང་དུས་སུ་ཆར་འབེབས་ཤིང་། གང་ཡང་། ལམ་ཡང་། ཡིན་ཡང་། ཆར་ཡང་། གསལ་ཡང་། ལྟ་བུ་རྒྱ་ཆེར་ཤེས་པར་བྱའོ། །དེ་དག་དོན་ལ་ཇི་ལྟར་སྦྱོར་བའི་ཚུལ་ཡང་མཐུན་པའི་ཚིག་རྒྱན་དུ་སྦྱོར་ན། གསལ་ཡང་གསལ། མཛེས་ཀྱང་མཛེས། ལྟ་བུ་དང་། མི་མཐུན་པའི་རྒྱན་དུ་སྦྱོར་ན། བཏུད་ཀྱང་ཁྲོ། མཛའང་བསླུ། ལྟ་བུ་དང་། སྡུད་པའི་དོན་དུ་སྦྱོར་ན། གཟུགས་འདི་ནི་མཛེས་ཤིང་འོད་ཀྱང་འཕྲོ། མར་མ་ཟད་ལྷས་ཀྱང་བཏུད་དོ། །འདི་ནི་ཨུཏྤལའང་ཡིན་ལ་སྔོན་པོའང་ཡིན་ནོ། །གང་ཡང་ཕྱོགས་བཅུའི་བདེ་གཤེགས་ཐམས་ཅད་ལ། །ཞེས་སོགས་མང་དུ་བསྒྲེས་ནས་རྟོགས་པར་བྱའོ། །འདིར་ལ་ལ་ཞིག་གིས། མཐུན་པའི་རྒྱན་གྱི་དཔེར། ཨུཏྤལའང་ཡིན་ལ་སྔོན་པོའང་ཡིན་ཞེས་དང་། གཅིག་ཤོས་ཀྱི་དཔེར། ཇི་ལྟར་པདྨ་ཆུ་ནང་དུ། །སྐྱེས་ཀྱང་ཆུ་ཡིས་གོས་པ་མེད། །དེ་བཞིན་འདི་ནི་འཇིག་རྟེན་དུ། །སྐྱེས་ཀྱང་འཇིག་རྟེན་གྱིས་མ་གོས། །ཞེས་སོགས་བཀོད་མོད། འཐད་པར་མ་མཐོང་སྟེ། སྔ་མ་ནི། གཞི་གཅིག་ལ་མཐུན་པའི་ཆོས་ཨུཏྤལ་དང་སྔོན་པོ་གཉིས་སྡུད་པའི་དོན་ཡིན་ལ། ཕྱི་མ་ནི་གཞི་གཅིག་ལ་མི་མཐུན་པའི་ཆོས་ཆུ་ནང་དུ་སྐྱེས་པ་དང་ཆུས་མ་གོས་པ་གཉིས་སྡུད་པ་སོགས་ཀྱི་དོན་ཡིན་པའི་ཕྱིར་དེ་དག་སྡུད་པའི་དཔེར་འོས་ཀྱི། ཚིག་རྒྱན་གྱི་དཔེར་མི་འོས་པའི་ཕྱིར་རོ། །དེས་ན་ངེས་མེད་ཀྱི་དཔེ་དང་། སྨད་པའི་དཔེ་སོགས་སྙན་ངག་གི་རྒྱན་འགའ་ཞིག་ཚིག་རྒྱན་གཉིས་ཀྱི་དཔེར་སྨོས་པའང་དེ་དང་འདྲའོ། །ཡང་སྨྲ་སྒོ་ལས། ཡང་ཞེས་བྱ་བ་བསྣན་པའང་ཡིན། །ཞེས་འབྱུང་བར་སྡེབ་བཅོས་ནས་བརྣན་པ་ཞེས་བཏོན་ཏེ་ཁུངས་སུ་དྲངས་ནས། ཡང་དང་ཡང་དུ་གསུང་བ་གང་། །ཞེས་སོགས་བསྐྱར་བའམ་བརྣན་པའི་དོན་དུ་བཤད་མོད། བརྣན་པ་ནི་དམིགས་འཛིན་པའི་དོན་ཡིན་པས་བསྐྱར་བ་དང་གཅིག་པའི་སྐབས་མེད་ཅིང་། སྨྲ་སྒོའ་ིཚིག་སྡེབ་མ་བཅོས་པ་དེ་ཉིད་དོན་ལ་གནས་པར། ཡང་ཡང་། སླར་ཡང་། དེ་ནས་ཡང་། ཡང་གསུངས་པ། ལྟ་བུ་རྣམས་བསྐྱར་བའམ་བསྣན་པའི་སྒྲར་འགྱུར་བ་ཡིན་ནོ། །འོན་ཀྱང་ཡང་གི་སྒྲ་དེ་འདྲ་དེ། སྐབས་འདིའི་ཀྱང་སོགས་ཀྱི་སྒྲ་དང་མཚུངས་པ་ནི་མི་སྲིད་དོ། །ལྷག་བཅས་ཀྱི་སྒྲ་བཤད་པ།ལྔ་པ་ལྷག་བཅས་ཀྱི་སྒྲ་བཤད་པ་ནི།ལ་དོན་སུ་ལ་ཨུ་ཕྱིས་ནས། །དེ་ལ་གསུམ་པའི་དང་པོ་སྦྱར། །དེ་ལ་ཨཱ་ལི་གསུམ་པ་སྦྱར། །དེ་ནི་ལྷག་དང་བཅས་པའོ། །ཞེས་པ་སྟེ། སྔར་བཤད་པའི་ལ་དོན་གྱི་ནང་ཚན་སུ་ཞེས་པ་དེའི་ཨུ་ཡིག་སྟེ་ཞབས་ཀྱུ་ཕྱིས་ནས་ས་ཞེས་གནས་པ་དེ་ལ་ཀཱ་ལི་སྡེ་བ་གསུམ་པའི་དང་པོ་ཏ་ཡིག་སྦྱར་ཞིང་། དེ་ལ་སླར་ཡང་སྟེང་དུ་ཨཱ་ལི་གསུམ་པ་སྟེ་འགྲེང་བུ་སྦྱར་བས། སྟེ། ཞེས་གྲུབ་པ་ནི་མིང་ཚིག་དང་གི་མཐར་སྦྱར་ཡང་བསྟན་བྱའི་ལྷག་མ་འདྲེན་པའི་དོན་དུ་འགྱུར་བས་ལྷག་མ་དང་བཅས་པའི་སྒྲ་ཞེས་བྱའོ། །ཞེས་སོ། །དེ་ལྟར་གཞུང་འདིའི་དངོས་བསྟན་ལ་སྟེ་སྒྲ་གཅིག་པུ་ལས་མི་འབྱུང་ཡང་། མིང་མཐའ་སོ་སོ་དང་སྦྱར་བའི་ཚེ་གོང་དུ་སྨོས་པ་རྣམས་ཀྱི་རིགས་པས་བརྗོད་བདེ་བ་ཁོ་ན་སྦྱོར་གྱི་རྟགས་མཚུངས་ཀྱང་བརྗོད་མི་བདེ་བ་སྦྱོར་བ་མིན་པས། ཡི་གེ་རྣམས་ཀྱི་ཟུར་ཕྱིན་པར་ཀློག་པའི་དབང་དུ་བྱས་ཏེ། ག་ང་བ་མ་འ་རྣམས་ཀྱི་མཐར་སྟེ་ཡིག་ས་སྒྲ་དང་ལྡན་པ་དེ་བརྗོད་བདེ་བས་འཇུག་ཀྱང་། ན་ར་ལ་གསུམ་དང་ད་དྲག་གི་མཐར་ནི་དེ་ཤིན་ཏུ་བརྗོད་མི་བདེ་བའི་ཕྱིར་དང་། ས་ཡིག་གི་མཐར་ནི་ས་སྒྲ་སྔ་མ་དེ་ཉིད་དང་སྟེ་ཡིག་གི་ས་སྒྲ་གཅིག་ཏུ་འདྲེས་པས་སོ་སོར་མི་མངོན་པའི་ཕྱིར་དགོས་པ་མེད་པས། དེ་རྣམས་ཀྱི་མཐར་ས་ཡིག་ཕྱིས་ནས་ཏེ་རྐྱང་ཉིད་སྦྱར་བ་གཞུང་འདིའི་དགོངས་པར་དོན་ཐོབ་ཏུ་གནས་ཤིང་། དེ་བཞིན་དུ་ད་མཐར་ཡང་ས་སྒྲ་ཅན་ཀློག་མ་བདེ་བ་མ་ཟད། དེ་སྒྲ་འཇུག་ཡུལ་གཞུང་འདིའི་དགོངས་པ་དང་། སྨྲ་སྒོ་རྩ་འགྲེལ་མཐུན་པར་སྣང་བས། དེར་དེ་སྒྲ་ལྷག་བཅས་ལ་འཇུག་པར་བཤད་པ། ལ་དོན་གྱི་སྐབས་སུ་ད་མཐར་དུ་སྦྱོར་བ་ལྟར་ད་ཡིག་གི་མཐར་སྦྱར་བར་རིགས་པའི་ཕྱིར་ན་རྗེས་འཇུག་གི་ཁྱད་པར་ལ་ལྟོས་པའི་ལྷག་བཅས་ཀྱི་སྒྲ། སྟེ། ཏེ། དེ། གསུམ་དུ་འགྱུར་བ་ཡིན་ནོ། །གོང་དུ་སྨོས་པའི་ལ་དང་འཆད་འགྱུར་གྱི་ནས་དག་ལྷག་བཅས་ལ་འཇུག་པ་ནི། རྗེས་འཇུག་གི་ཁྱད་པར་ལ་མི་ལྟོས་པའི་ཕྱིར་ཕྲད་རང་དབང་ཅན་དུ་ཤེས་པར་བྱའོ། །དེས་ན་སྟེ་ལ་སོགས་པ་གསུམ་མིང་ཚིག་ཅི་རིགས་པའི་མཐར་ཇི་ལྟར་སྦྱོར་བའི་དཔེར་བརྗོད་པའང་། བཞག་སྟེ། བྱུང་སྟེ། བཀབ་སྟེ། ལམ་སྟེ།བྱ་སྟེ། ཁྱོད་ཀྱི་སྟེ། མདུན་དུ་སྟེ། ཡིན་ཏེ། འགྱུར་ཏེ། གསལ་ཏེ། བུམ་པར་ཏེ།བསྟནད་སྟེ། གྱུརད་ཏེ། བསལད་ཏེ། བྱས་ཏེ། བསྒྲུབས་ཏེ། དེ་ཡིས་ཏེ། ཡོད་དེ། བཤད་དེ། ལ་སོགས་པ་རྣམས་ཏེ་རྟོགས་སླ་བར་ཟད་དོ། །སྨྲ་སྒོ་ལས།སྟེ་ནི་ལྷག་མ་ཡོད་པ་སྟེ། །མཚམས་སྦྱོར་བ་དང་དམ་བཅའ་དང་། །གཞན་འདྲེན་པ་དང་གསུམ་དུ་འདོད། །བྱེད་དང་བྱ་བའང་ཡང་ན་ནི། །བྱ་བ་ཉིད་དུ་སྦྱོར་བ་གང་། །ཚིག་གཉིས་རིམ་མམ་དུས་གཅིག་ཏུ། །སྦྱོར་བར་བྱེད་པ་མཚམས་སྦྱོར་ཡིན། །གང་ཞིག་གིས་ནི་སྔ་མ་ལ། །གསལ་བར་བྱེད་པ་དམ་བཅའ་བ། །ལྷག་མ་ཡོད་ཙམ་སྟོན་འགྱུར་ཞིང་། །དེ་ལས་གཞན་གྱུར་གཞན་འདྲེན་པའོ། །ཞེས་འབྱུང་བ་ནི་ཚིག་དོན་ལྷག་མ་འདྲེན་ཚུལ་གྱི་དོན་གྱི་དབྱེ་བ་བཤད་པ་ཡིན་ཞིང་། ཕལ་ཆེར་ལེགས་བཤད་དུའང་འདུག་པས་འདིར་སྨོས་ན། སྟེ་ལ་སོགས་པ་དེ་རྣམས་ལྷག་མ་འདྲེན་ཚུལ་གྱི་སྒོ་ནས་དབྱེ་ན་གསུམ་དུ་འགྱུར་ཏེ། མཚམས་སྦྱོར་དང་། དམ་བཅའ་དང་། གཞན་འདྲེན་ནོ། །དང་པོ་ལ། ཚིག་སྔ་མ་བྱེད་པ་དང་ཕྱི་མ་བྱ་བར་སྦྱོར་བས་འདྲེན་བྱེད་དང་འདྲེན་བྱ་དུས་རིམ་པར་འཇུག་པ་ཞིག་དང་། སྔ་ཕྱི་གཉིས་ཀ་བྱ་བར་སྦྱོར་ཞིང་དུས་རིམ་གྱིས་འཇུག་པ་ཞིག་དང་། དེ་ཉིད་ལ་དུས་སྔ་ཕྱི་མེད་པ་ཞིག་སྟེ་གསུམ་འབྱུང་བའི། སྔ་མ་ནི། མཐའ་འཕངས་ཏེ་ཕོག །ལྷ་བསྒྲུབས་ཏེ་གྲུབ།ལྟ་བུ་དང་། གཉིས་པ་ནི། ལྷ་མཆོད་དེ་ལས་བྱ། ཕྱག་འཚལ་ཏེ་བཤད། ལྟ་བུ་དང་། ཕྱི་མ་ནི། འཛུམ་དམུལ་ཏེ་མདངས་ཕྱུང་། འཕར་ཏེ་འགྲོ། ཚེག་སྒྲ་དང་བཅས་ཏེ་འབར། ལྟ་བུ་སྟེ་དེ་རྣམས་ནི་ནས་དང་ཅིང་སོགས་ཀྱི་ཕྲད་དང་ཡང་འཇུག་པ་མཐུན་ནོ། །དམ་བཅའ་ཞེས་པ་ནི་ཚིག་སྔ་མ་དམ་བཅས་པ་དེའི་གསལ་བྱེད་དམ་སྒྲུབ་བྱེད་དུ་ཚིག་ཕྱི་མ་འདྲེན་པ་སྟེ། དེའང་དབྱེ་བ་འདྲེན་པ་དང་། གཏན་ཚིགས་འདྲེན་པ་དང་། ངེས་ཚིག་འདྲེན་པ་དང་། རྒྱས་བཤད་འདྲེན་པ་སོགས་ནང་གསེས་མང་པོར་འགྱུར་རོ། །དཔེར་ན། དངོས་པོ་ནི་གསུམ་སྟེ། བེམ་པོ་དང་ཤེས་པ་དང་ལྡན་མིན་འདུ་བྱེད་དོ། །རྟག་པ་ཡིན་ཏེ། ཡོད་པ་གང་ཞིག་འདུས་བྱས་མ་ཡིན་པའི་ཕྱིར། སངས་རྒྱས་ཏེ་མ་རིག་པའི་གཉིད་སངས་པ་དང་ཤེས་བྱ་ལ་བློ་གྲོས་རྒྱས་པའོ། །བསླབ་པ་ཀུན་གྱི་གཞི་འཛིན་ཅིང་། །ཞེས་གསུངས་ཏེ། བསླབ་པ་ནི་ལྷག་པ་ཚུལ་ཁྲིམས་དང་ལྷག་པ་སེམས་དང་ལྷག་པ་ཤེས་རབ་ཀྱི་བསླབ་པ་གསུམ་དུ་ནང་པ་ལ་གྲགས་པ་དང་། ཕྱི་རོལ་པ་ལའང་ཚངས་པར་སྤྱོད་པའི་བརྟུལ་ཞུགས་ཀྱི་བསླབ་པ་མང་དུ་འབྱུང་བས། ཞེས་སོགས་རིམ་པར་སྦྱར་བར་བྱའོ། །གཞན་འདྲེན་ནི་མཚམས་སྦྱོར་དང་དམ་བཅའ་གཉིས་སུ་མི་གཏོགས་པའི་ལྷག་མ་ཡོད་པ་ཙམ་སྟོན་པའི་སྒྲ་གཞན་རྣམས་ཏེ། ཤར་གྱི་ཕྱོགས་ན་དབང་པོ་སྟེ། །ལྷོ་ཡི་ཕྱོགས་ན་འཆི་བདག་གོ །ཁྱོད་ནི་དཔལ་ཏེ་ཁྱོད་ནི་མགོན། །ལྟ་བུ་རྣམས་སོ།།སྐབས་འདིར་འགྲེལ་བྱེད་ཁ་ཅིག་གིས། ལྷག་བཅས་ཀྱི་སྒྲ་སྟེ་ཁོ་ནར་འདོད་པ་ནི་མི་འཐད་དེ། གོང་སྨོས་ལྟར་རྗེས་འཇུག་འགའ་ཞིག་ལ་སྟེ་སྦྱར་བ་ཀློག་དཀའ་བའི་སྐྱོན་དང་། དེ་ཡིག་ལྷག་བཅས་ཀྱི་དོན་ཅན་འཇུག་པའི་སྐབས་མི་འབྱུང་བའི་སྐྱོན་དང་། སྔོན་གྱི་གླེགས་བམ་དག་པ་རྣམས་ལ་ཡོངས་སུ་གྲགས་པ་དང་འགལ་བའི་སྐྱོན་ཡང་ཡོད་པའི་ཕྱིར་རོ། །འབྱེད་སྡུད་བཤད་པ།དྲུག་པ་འབྱེད་སྡུད་ནི།རྗེས་འཇུག་ཡི་གེ་བཅུ་པོ་ལ། །དྲུག་པ་སྦྱར་ན་འབྱེད་སྡུད་ཡིན། །ཞེས་པས་བསྟན་ཏེ། རྗེས་འཇུག་གི་ཡི་གེ་བཅུ་པོ་དེ་རྣམས་ལ་དེ་ཉིད་ཀྱི་དྲུག་པ་མ་ཡིག་སྦྱར་བས། གམ། ངམ། དམ། ནམ། བམ། མམ། འམ།རམ། ལམ། སམ། རྣམས་སུ་གྲུབ་པ་དེ་དག་དང་། སྔ་མ་རྣམས་ཀྱི་རིགས་པས་དོན་གྱིས་ཐོབ་པའི། ཏམ། བཅས་བཅུ་གཅིག་པོ་རྣམས་ནི། ཚིག་དོན་སོ་སོར་འབྱེད་པའམ་ཕྱོགས་གཅིག་ཏུ་སྡུད་པའི་སྒྲར་འཇུག་པ་ཡིན་ནོ།།ཞེས་སོ། །དེ་རྣམས་མིང་ཚིག་གང་གི་མཐར་ཡང་རུང་སླར་བསྡུའི་སྐབས་དང་མཚུངས་པར་སྤྱིར་བཏང་རྗེས་འཇུག་སོ་སོར་རང་རང་ལ་མ་ཡིག་སྦྱར་བ་ཉིད་འཇུག་པ་མཐུན་པ་ཡིན་ཡང་། དམིགས་བསལ་ད་དྲག་ཅན་རྣམས་ཀྱི་མཐར་ཏམ་ཡིག་སྦྱོར་ཏེ། དེ་དག་རིམ་པས་དཔེར་བརྗོད་ན། རྟག་གམ། མཐོང་ངམ། ཡོད་དམ། ཡིན་ནམ། སྒྲུབ་བམ། སྒོམ་མམ། རིགས་ཀྱི་བུའམ། འདི་ཉིད་དུའམ། གསེར་རམ། མཚལ་ལམ། བྱས་སམ། ཁྱོད་ཀྱིས་སམ། འཛིནད་ཏམ། གྱུརད་ཏམ། འཚལད་ཏམ། སོགས་སོ། །དེ་དག་དོན་ལ་ཇི་ལྟར་སྦྱོར་བའི་ཚུལ་ཡང་། དབྱེ་གཞི་གཅིག་ལས་བྱེ་བྲག་གཉིས་སམ་མང་པོར་འབྱེད་པ། ཆོས་ནི་གཉིས་ཏེ། འདུས་བྱས་སམ། འདུས་མ་བྱས་སོ། །ཕུང་པོ་ནི་ལྔ་སྟེ། གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པའི་ཕུང་པོའ།ོ །ལྟ་བུ་དང་། ཚིག་དོན་གཉིས་སམ་མང་པོ་དོན་གཅིག་ཏུ་སྡུད་པ། འདུས་བྱས་སམ་འདུས་མ་བྱས་ནི་ཆོས་སོ། །གཟུགས་སམ་ཚོར་བའམ་འདུ་ཤེས་སམ་འདུ་བྱེད་དམ་རྣམ་པར་ཤེས་པ་ནི་ཕུང་པོའ།ོ །ལྟ་བུ་རྒྱ་ཆེར་ཤེས་པར་བྱའོ། །འཇིག་རྟེན་མཐའ་དང་ལྡན་ནམ་མི་ལྡན། རྟག་གམ་མི་རྟག། ལྟ་བུ་དྲི་བ་དང་ཐེ་ཚོམ་གྱི་ཚིག་ཅན་རྣམས་ཀྱང་དོན་གྱི་ཁྱད་པར་བརྟག་ཅིང་འབྱེད་པའི་དོན་ཅན་ཡིན་པས། དེ་འདྲའི་འམ་ལ་སོགས་པའི་སྒྲའང་འབྱེད་པའི་སྒྲ་ཉིད་དུ་ངེས་སོ། །ཁ་ཅིག་སྐབས་འདིར་ཡང་། རྗེས་འཇུག་ད་བ་ས་རྣམས་ཀྱི་རྗེས་སུ་ཏམ་འཇུག་པར་འདོད་ཀྱང་རྟགས་མཚུངས་འདྲེན་པའི་རིགས་འགྲེ་ཐལ་ཆེས་པར་ཟད་དོ། །འབྱུང་ཁུངས་དངོས་བཤད་པ།བདུན་པ་འབྱུང་ཁུངས་ལ། དངོས་དང་། དེ་དགར་སྡུད་ལ་འཇུག་པའི་ཚུལ། མ་བཤད་པ་ཁ་སྐོང་ཞིང་འདོད་པ་གཞན་ལ་ཅུང་ཟད་དཔྱད་པ་སྟེ་གསུམ། དང་པོ་ནི།རྗེས་འཇུག་ཡི་གེ་བཅུ་པོ་ཡི། །བཞི་པ་དགུ་པ་ལ་བཅུ་པ། །སྦྱར་བ་འབྱུང་ཁུངས་ས་ཡིན་ཏེ། །ཞེས་པས་བསྟན་ལ། རྗེས་འཇུག་ཡི་གེ་བཅུ་པོ་དེའི་བཞི་པ་ན་དང་དགུ་པ་ལ་གཉིས་ལ་སོ་སོར་བཅུ་པ་ས་ཡིག་སྦྱར་བས། ནས། ལས། ཞེས་གྲུབ་པ་ནི་ཆོས་གང་ལས་གང་ཞིག་བྲལ་བའམ་བྱུང་བ་སྟོན་པའི་དོན་དུ་མཚུངས་པར་འཇུག་པས་གཞུང་གཞན་དུ་རྣམ་དབྱེ་ལྔ་པ་ཞེས་བཤད་པ་འབྱུང་ཁུངས་ཀྱི་ས་ཡིན་ནོ། །ཞེས་སོ། །ཏེ་ཞེས་པའི་ཚིག་ལྷག་མ་འདྲེན་པའི་དོན་ཏོ། །དེ་དག་ཕྲད་རང་དབང་ཅན་ཡིན་པས་སྦྱོར་ཚུལ་རྗེས་འཇུག་གི་ཁྱད་པར་ལ་མི་ལྟོས་པར་མིང་མཐའི་རྗེས་འཇུག་ཐམས་ཅད་ཀྱི་མཐར་ཅི་རིགས་པར་སྦྱར་བར་བྱའོ། །འབྱུང་ཁུངས་ཀྱི་དོན་ལ་ཇི་ལྟར་འཇུག་པ་ནི་དཔེར་ན། སངས་རྒྱས་ལས་ཆོས་ཆོས་ལས་འཕགས་པའི་ཚོགས། །ཚོགས་ལས་སྙིང་པོ་ཡེ་ཤེས་ཁམས་ཐོབ་མཐར། །ཞེས་དང་། གསེར་ཁ་ནས་གསེར། རྒྱ་མཚོ་ནས་ནོར་བུ། བ་ལས་འོ་མ། མཁས་པ་ལས་རིག་པ། ལྟ་བུ་དང་། འབྱུང་ཁུངས་དངོས་མ་ཡིན་ཡང་སྐབས་དེར་དེ་ལས་བྱུང་བས་འབྱུང་ཁུངས་དང་འདྲ་བ།རྟ་ལས་ལྷུང་། རི་ལས་ལྷུང་། སྐས་ནས་བབས། ཤར་ཕྱོགས་ནས་འོད་སྣང་ལྟ་བུ་རྣམས་སུ་ཤེས་པར་བྱའོ། །ཡང་དུ་བ་ལས་མེར་ཤེས། ཆུ་སྐྱར་ལས་ཆུར་ཤེས། སྐྱེ་ཞིང་འཇིག་པ་ལས་དངོས་པོར་རྟོགས། ལྟ་བུ་ལས་ཀྱི་སྒྲ་ཁོ་ན་རྒྱུ་མཚན་ལ་འཇུག་པ་ཡོད་ཀྱང་། མེར་ཤེས་པ་སོགས་རྒྱུ་མཚན་ཅན་དེ་དུ་བ་མཐོང་བ་སོགས་ཀྱི་རྒྱུ་མཚན་ལས་བྱུང་བའི་ཕྱིར་འབྱུང་ཁུངས་དང་འདྲ་བའི་རྣམ་དབྱེ་ལྔ་བ་ཉིད་དོ། །དེ་དགར་སྡུད་ལ་འཇུག་པའི་ཚུལ།གཉིས་པ་ནི།དགར་དང་སྡུད་པའང་དེ་བཞིན་ཡིན། །ཞེས་པས་བསྟན་ཏེ། བཤད་མ་ཐག་པའི་ལས་ནས་ཀྱི་སྒྲ་དེ་དག་འབྱུང་ཁུངས་ཁོ་ནར་མ་ཟད། རྣམ་དབྱེ་སྦྱར་གཞི་དེ་ལས་རིགས་དང་བྱ་བ་ཡོན་ཏན་རྣམས་ཀྱི་ཁྱད་པར་གང་ཡང་རུང་བ་ལོགས་སུ་དགར་བའི་དོན་ལའང་འཇུག་ཅིང་། དེ་ལས་ནས་ཀྱི་སྒྲ་གཅིག་པུ་ནི་ཡུལ་དང་དུས་དང་དངོས་པོ་ལ་སོགས་པ་མཚམས་འཛིན་ཅིང་སྡུད་པའི་དོན་དུའང་དེ་བཞིན་དུ་འཇུག་པ་ཡིན་ནོ། །ཞེས་པའོ། །དེ་དག་དབྱེ་བ་དང་བཅས་ཏེ་དཔེར་བརྗོད་ན། རིགས་དང་བྱ་བ་ཡོན་ཏན་རྣམས་ཀྱི་ཁྱད་པར་གྱིས་གཞི་གཅིག་ལས་དགར་བ་ནི།མིའམ་ཅི་ལས་དྲི་ཟ་ཐ་དད་དོ། །བཤེས་གཉེན་ངན་པ་ལ་བཀུར་སྟི་བྱེད་པ་ལས་ལྷ་མཆོད་པ་ཉིད་ལེགས། ཡང་སོས་ལས་ཐིག་ནག་པ་སྡུག་བསྔལ་ཆེ།ལྷ་ཆེན་པོ་ལས་བདེ་བར་གཤེགས་པ་ཡོན་ཏན་དུ་མས་འཕགས་སོ། །ཞེས་པ་ལྟ་བུ་སྟེ་འདི་འདྲའི་རིགས་ལ་ལས་ཀྱི་སྒྲ་ཉིད་འཇུག་གོ། དེ་བཞིན་དུ་གཞི་གཉིས་སམ་མང་པོ་ལས་ཀྱང་རུང་། དེ་དག་གི་ནང་ནས་ཕྱུང་བ་ལྟ་བུ་མ་ཡིན་པར་ལོགས་སུ་དགར་བ་ཙམ་གྱི་དོན་ལའང་ལས་ཀྱི་སྒྲ་ཉིད་འཇུག་སྟེ།རྟག་པ་དང་དངོས་པོའ་ིཆོས་ལས་དེ་བཞིན་ཉིད་གཞན་ནོ། །ཟ་བ་དང་དགོད་པ་དང་སྨྲ་བ་དང་འགྲོ་བ་ལ་སོགས་པ་སྤྱོད་ལམ་ཕལ་བ་རྣམས་ལས་མཆོད་རྟེན་ལ་ཕྱག་དང་སྐོར་བ་བྱེད་པ་ལེགས་སོ། །ཁ་དོག་རྣམས་ལས་དཀར་པོ་ཉིད་མཛེས་སོ། །ལྟ་བུའོ། །རིགས་སོགས་ཀྱི་ཁྱད་པར་གྱིས་ཚོགས་ཀྱི་ནང་ནས་འབྱིན་པ་ལྟ་བུར་དགར་བ་ནི། མི་རྣམས་ཀྱི་ནང་ནས་རྒྱལ་རིགས་དཔའ། གསེར་དངུལ་གཉིས་ཀྱི་ནང་ནས་གསེར་གོང་ཆེ། རིགས་བཞིའི་ནང་ནས་དམངས་རིགས་དམན། བ་རྣམས་ཀྱི་དཀྱིལ་ནས་ནག་མོ་འོ་མ་མང། བྱ་བ་རྣམས་ཀྱི་ནང་ནས་སངས་རྒྱས་བཅོམ་ལྡན་འདས་ལ་མཆོད་པ་ནི་ཕུལ་དུ་བྱུང་བའོ། །ལྟ་བུ་སྟེ་འདི་འདྲ་ལ་ནས་ཉིད་འཇུག་གོ །ནས་ཀྱི་སྒྲ་སྡུད་པ་ལ་འཇུག་པ་ནི། ལྷ་ས་ནས་གཞིས་ཀ་རྩེའི་བར། མནར་མེད་ནས་སྲིད་རྩེའི་བར། དེང་ནས་སང་ཉི་མ་མ་ཤར་གྱི་བར། གཟུགས་ནས་རྣམ་མཁྱེན་གྱི་བར།གཅིག་ནས་བརྒྱའི་བར། ལྟ་བུའོ། །དེ་ལྟར་དགར་སྡུད་ལ་འཇུག་པའི་སྒྲ་འདི་རྣམས་ཀྱང་འཕྲད་གཞན་མ་ཡིན་པར་རྣམ་དབྱེ་ལྔ་པའི་ཡན་ལག་ཉིད་དུ་ཤེས་དགོས་ཏེ། དགར་བ་ནི་གང་ལས་དགར་བའི་གཞི་དེ་ལས་ཁྱད་པར་དུ་བྱུང་བ་ལྟར་སྣང་བ་དང་། སྡུད་པ་ནི་ཐོག་མ་གང་ནས་བརྩམས་པ་དེ་ལས་བསྡུ་རྒྱུའི་གནས་སྐབས་ཐམས་ཅད་བྱུང་བ་དང་འདྲ་བའི་ཕྱིར་འབྱུང་ཁུངས་ཀྱི་རྣམ་དབྱེ་སྦྱར་བར་སྣང་བའི་ཕྱིར་རོ། །འོ་ན་འབྱུང་ཁུངས་ཉིད་སྨོས་པས་ཆོག་གོ་སྙམ་ན། འབྱུང་ཁུངས་ལ་འཇུག་པར་བསྟན་པ་ནི་འབྱུང་ཁུངས་དངོས་དང།དེ་དང་ཆ་འདྲ་བ་གཙོ་བོ་རྣམས་སྡུད་པའི་དོན་དང་། དགར་སྡུད་གསུངས་པ་ནི་འབྱུང་ཁུངས་དངོས་དང་ཆ་མཐུན་པ་གཉིས་ཀ་མ་ཡིན་ཡང་ཚིག་སྦྱོར་ཙམ་གྱིས་ཆ་མཐུན་དང་འདྲ་རུང་དུ་ཡོད་པའི་ཕྱིར་ལྔ་པའི་ཡན་ལག་ཕལ་བར་གྱུར་གྱུར་པ་རྣམས་སྡུད་པའི་དོན་ཡིན་པས་སྐྱོན་མེད་དོ། །མ་བཤད་པ་ཁ་སྐོང་ཞིང་འདོད་པ་གཞན་ལ་ཅུང་ཟད་དཔྱད་པ།གསུམ་པ་ནི།གཞུང་འདིར་མ་བསྟན་ཀྱང་ནས་ཀྱི་སྒྲ་ནི་མཚམས་སྦྱོར་བའི་ལྷག་བཅས་ལའང་འཇུག་པ། ཕྱག་འཚལ་ནས་བཤད། ལྷ་མཆོད་ནས་ལས་བྱ།ལག་པ་བརྐྱངས་ནས་བཟུང་། མིག་ཕྱེས་ནས་བལྟས། ལྟ་བུ་སྟེ་ལྷག་བཅས་ཀྱི་སྐབས་སུའང་ཕྱོགས་ཙམ་སྨོས་པ་བཞིན་ནོ། །སྨྲ་སྒོ་ལས།ལས་ནི་རྒྱུ་དང་འབྱུང་ཁུངས་དང་། །དགར་བ་ཡིན་ཏེ་ནས་དེ་བཞིན། །ཞེས་ལས་ནས་ཀྱི་སྒྲ་དག་རྒྱུ་ལ་འཇུག་པར་བཤད་ཅིང་། འགྲེལ་བར།རྒྱུའི་དོན་ནི་ས་བོན་ལས་མྱུ་གུ་ཞེས་པ་ལྟ་བུའོ། །ཞེས་འབྱུང་བ། ཁ་ཅིག་གིས་དེ་འདྲ་དེ་འབྱུང་ཁུངས་དངོས་ཡིན་པར་བྱས་ནས། འབྱུང་ཁུངས་ལས་ལོགས་སུ་དབྱེ་བ་མི་འཐད་ཅེས་སྨྲས་ཀྱང་། དེ་འབྱུང་ཁུངས་དངོས་ནི་མ་ཡིན་ཏེ། འབྱུང་ཁུངས་ཀྱི་དོན་གོང་སྨོས་ལྟར། རྒྱ་མཚོ་ནས་ནོར་བུ་ལྟ་བུ་ནོར་བུའི་འབྱུང་ཁུངས་རྒྱ་མཚོ་ཡིན་ཞིང་ནོར་བུ་མིའི་ལག་ཏུ་བྱུང་བའི་ཚེ་རྒྱ་མཚོ་ལས་བྱེ་དགོས་པ་དང་། དངོས་སུ་འབྲེལ་བ་བྱེ་མི་དགོས་ཀྱང་རིག་པའི་འབྱུང་ཁུངས་མཁས་པ་ཡིན་ཞིང་དེ་ལས་སློབ་མས་རིག་པ་ལོབ་པ་ན་རྒྱུད་ཐ་དད་དུ་གྱུར་པས་བྱེ་བར་སྣང་བ་ལྟ་བུ་ཞིག་ཏེ། བརྡ་སྤྲོད་པའི་གཞུང་རྣམས་སུ་འབྱུང་ཁུངས་ཀྱི་དོན་འཆད་པ་ན། གང་ལས་འབྲལ་བའམ། ལེན་པའམ། ཞེས་དང་། བྱེ་ཞིང་ལྷུང་བ། ཞེས་དང་། ཨ་པཱ་ད་ན་ངེས་པར་སྦྱིན་པ་ཞེས་བསྒྱུར་ཀྱང་ཨ་པ་འབྲལ་བ་ཨཱ་ད་ན་ཚུར་ལེན་པ་ཡིན་པས་འབྲལ་བར་ལེན་པ་ཞེས་སོགས་རྒྱས་པར་འབྱུང་ལ། མྱུ་གུ་ནི་ས་བོན་དང་མེད་ན་མི་འབྱུང་གི་འབྲེལ་བར་གྲུབ་ཀྱང་ས་བོན་ཉིད་མྱུ་གུར་འགྱུར་བས་ས་བོན་གྱི་སྐབས་ན་མྱུ་གུ་མེད་ཅིང་མྱུ་གུའི་གནས་སྐབས་ན་ས་བོན་གྱི་གནས་སྐབས་གཏོང་བའི་ཕྱིར་དེ་འདྲའི་འབྱུང་ཁུངས་ཀྱི་དོན་མེད་པས་སོ། །དེས་ན་དེ་འདྲ་དེ་འབྱུང་ཁུངས་དངོས་མ་ཡིན་ཡང་དེ་ལས་དེ་སྐྱེ་བའམ་འབྱུང་བ་ཡིན་པའི་ཕྱིར་འབྱུང་ཁུངས་དང་འདྲ་བར་རིགས་པས། གོང་སྨོས་ཤར་ཕྱོགས་ནས་འོད་སྣང་སོགས་དང་ཕྱོགས་མཚུངས་པར་ཤེས་པར་བྱའོ། །སྐབས་འདིར་འགྲེལ་བྱེད་ཕལ་ཆེར་གྱིས་དགར་སྡུད་ལ་འཇུག་པའི་ལས་ནས་ཀྱི་སྒྲ་དག་རྣམ་དབྱེ་ལྔ་བར་མི་འདོད་པར་སྣང་ཡང་མི་འཐད་དེ། རྒྱུ་མཚན་གོང་དུ་སྨོས་པ་ལྟར་འཐད་པའི་ཕྱིར་ཏེ། ལེགས་སྦྱར་ལའང་ཚོགས་ཀྱི་ནང་ནས་དགར་བ་ལ། ག་བཱཾ་ཀྲྀཥྞཱ་སཾ་པནྣ་ཀྵི་རཱ། བ་རྣམས་ལས་ནག་མོ་འོ་མ་ཕུན་སུམ་ཚོགས། ལྟ་བུ་དམིགས་བསལ་དུ་དྲུག་པ་འཇུག་ཀྱང་། སྤྱིར་བཏང་དགར་བ་ཙམ་ལ། ཏསྨཱཏྲཨ་ནྱསྨིནྲ། དེ་ལས་གཞན་དུ། ༽ཨ་ནྱོ་གྲྀ་ཧཱ་དྦི་ཧཱ་རཿ ཁང་པ་ལས་གཞན་དུ་གཙུག་ལག་ཁང་། ལྟ་བུ་ལྔ་པ་ཉིད་འཇུག་པ་དང་། མཚམས་བཟུང་ནས་སྡུད་པ་ལའང་། ཨཱ་པཱ་ཊ་ལི་པུ་ཏྲཱཔྲྀཥྚོ་དེ་བཿ འདི་ནས་སྐྱ་ནར་བུའི་ཡུལ་གྱི་བར་དུ་ལྟས་ཆར་འབེབས་སོ། །ལྟ་བུ་རྣམ་དབྱེ་སྦྱོར་ཡུལ་སྔ་ཕྱི་ཅུང་ཟད་མི་འདྲ་བ་ལས།དོན་གྱིས་མཚུངས་པར་ལྔ་བ་འཇུག་པའི་ཕྱིར་དང་། གནས་བརྒྱད་འགྲེལ་བར་ཡང་ལྔ་པའི་དོན་ནི་གང་ཞིག་ལ་གང་གིས་ཡོད་པ་ལས་དེ་གཞི་དེ་ལས་བྱུང་བ་དང་བྲལ་བ་དང་དགར་བ་དང་ཁྱད་པར་དུ་བྱེད་ན་གང་ལས་ཞེས་བྱ་བའི་སྒྲ་ཡོད་དེ། ཞེས་འབྱུང་བ་ལེགས་བཤད་དུ་སྣང་བའི་ཕྱིར་རོ། །ཡང་ཁ་ཅིག་གིས་ལས་སྒྲ་སྡུད་པའི་དོན་ལ་འཇུག་པར་བཤད་ཅིང།དཔེར་བརྗོད་དུ་ལས་སོགས་པ་ཞེས་འགོད་པ་དང་། ལ་སོགས་པ་ཞེས་ཀློག་པ་རྒྱུ་མཚན་དུ་མས་འགོག་པར་བྱེད་མོད། ལེགས་བཤད་དུ་མ་མཐོང་སྟེ། དེ་ལྟ་ན་གཟུགས་ལས་སོགས་པ་ལྟ་བུར་སོགས་ཀྱི་སྒྲ་དེ་ངེས་པར་ལས་སྒྲ་ལ་ལྟོས་པ་ཞིག་འདོད་དགོས་པར་འགྱུར་ན་དེའང་མི་ལྟོས་ཏེ་གཟུགས་སོགས་ཤེས་ལས་སྒྲ་མེད་པས་ཀྱང་དོན་དེ་སྟོན་པར་མཚུངས་པའི་ཕྱིར། ལ་སོགས་ཞེས་འདོན་པ་མི་འཐད་པའི་སྒྲུབ་བྱེད་དུ་ལ་སྒྲ་དེ་ལ་གཞུང་འདི་དང་སྨྲ་སྒོ་སོགས་ནས་བཤད་པའི་ལ་སྒྲའི་འཇུག་དོན་གྱི་མཚན་ཉིད་ཅིའང་མེད་པའི་རྒྱུ་མཚན་བཀོད་མོད། དེ་ལྟ་ན། ལ་ལ་དག་ཅེས་འདོན་པའང་མི་འཐད་པར་ཐལ། དེ་འདྲའི་ལ་སྒྲ་ལ་གཞུང་འདི་དང་གཞན་ནས་བཤད་པའི་ལ་སྒྲའི་འཇུག་དོན་གི་མཚན་ཉིད་ཅིའང་མེད་པའི་ཕྱིར་རོ། །ཞེས་གསུངས་པས་ཀྱང་དགར་སྡུད་གཉིས་ལ་ལས་ནས་ཀྱི་འཇུག་པ་ཁྱབ་མཉམ་དུ་བསྒྲུབ་མི་ནུས་ཏེ། དེ་དག་ལ་རྣམ་པ་ཀུན་ཏུ་མཚུངས་པར་འཇུག་པ་མ་ཡིན་པ་གོང་སྨོས་ལྟར་གྱི་ཕྱིར་དང་། ལས་ནས་གཉིས་དགར་སྡུད་ལ་འཇུག་པ་ཡོད་དོ་ཞེས་གསུངས་པས་དེ་གཉིས་སོ་སོ་ནས་དོན་དེ་གཉིས་གང་རུང་ལ་འཇུག་པ་ཡོད་པས་ཆོག་གི་ཁྱབ་མཉམ་དུ་སྟོན་ག་ལ་དགོས་པའི་ཕྱིར་རོ། །དེ་བཞིན་དུ་གསུང་རབ་རྙིང་བ་ལ། ལ་སྩོགས། ཞེས་བར་ཚེག་མེད་པ་ཡོད་པས་ཀྱང་ལ་སོགས་ཞེས་ཀློག་པ་མི་འཐད་པར་བསྒྲུབ་མི་ནུས་ཏེ། གསུང་རབ་རྙིང་པ་རྣམས་སུ། རལ་གྱི་སོགས་དང་། མྱེ་དང་མྱི་སོགས་དང་། སྩོགས་སོགས་ཡོད་པས་རལ་གྲི་དང་མེ་དང་མི་དང་སོགས་ལ་སོགས་པ་རྣམས་མ་དག་པར་བསྒྲུབ་མི་ནུས་པ་ལྟ་བུའི་ཕྱིར་རོ། །ཡང་ཁ་ཅིག་གིས་དགར་སྒྲའི་སྐབས་སུ་རྫས་དགར་བའི་དཔེར་བརྗོད་དུ། བུམ་པ་ལས་གསེར་བུམ། ཞེས་དང་། ལ་ལས། ལྷའི་ནང་ནས་རྡོ་རྗེ་རྩེ་བརྒྱ་འཛིན་པ་ནི་བརྒྱ་བྱིན་ནོ། །ཞེས་བཀོད་མོད། ཤིན་ཏུ་མི་འཐད་དེ། དེ་གཉིས་ཀ་རིགས་སམ་དངོས་པོ་བཀར་བ་ཉིད་ཡིན་པའི་ཕྱིར་ཏེ་སྔ་མ་ནི་དགར་གཞི་དང་དགར་བྱ་གཉིས་ཀ་བུམ་པ། དགར་བྱེད་དམ་ཁྱད་པར་འབྱེད་བྱེད་ནི་གསེར་ཡིན་པ་དང་། ཕྱི་མ་ནི་དགར་གཞི་ལྷ་རྣམས་དགར་བྱ་བརྒྱ་བྱིན། ཁྱད་པར་འབྱེད་བྱེད་རྡོ་རྗེ་ཐོགས་པ་ཡིན་པས་དེ་དག་གི་དགར་བྱ་རིགས་ཙམ་དུ་ངེས་པའི་ཕྱིར། སྤྱིར་ཡང་དགར་བ་ཞེས་བྱ་བ་ནི་རིགས་དང་བྱ་བ་ཡོན་ཏན་གང་ཡང་རུང་བ་དགར་བ་ཡིན་གྱི་རྫས་རྐྱང་བ་དགར་བ་མི་སྲིད་དེ། རྫས་ནི་རྫས་གཞན་ལྡན་པ་བརྗོད་པ་ཡིན་པས་དབྱུག་གུ་ཅན་ལས་ཕྲེང་བ་ཅན་མཛེས་ལྟ་བུ་ནི་ཕྲེང་བའི་རྫས་དང་ལྡན་པའི་གང་ཟག་ལྟ་བུ་རིགས་དགར་བར་སོང་། དབྱུག་གུ་ཐོགས་པ་ལས་འཕྲེང་བ་ཐོགས་པ་ལེགས། ལྟ་བུ་ནི་འཕྲེང་བ་ཐོགས་པའི་བྱ་བ་དགར་བར་སོང་། དེས་ན་དེས་རིགས་བསྒྲེས་ཏེ་ལེགས་པར་བསམས་པས་རྫས་རྐྱང་བ་དགར་བ་མི་རྙེད་པའི་ཕྱིར་དང་། བརྡ་སྤྲོད་པའི་བསྟན་བཅོས་ཆེན་པོ་རྣམས་སུའང་འཕགས་ཡུལ་གྱི་མཁས་པ་དག་གིས་རྫས་དགར་བ་མ་བཤད་པའི་ཕྱིར་རོ། །དེས་ན་འདི་དག་གི་དཔེར་བརྗོད་ཚུལ་བཞིན་འགོད་པར་འདོད་ན་ཐོག་མར་རིགས་སོགས་བཞི་བོ་དེ་ཅི་ལ་ཟེར་མནོ་བསམ་ཞིབ་མོར་བཏང་ན་མཛེས་སོ། །སྨྲས་པ།མཁས་བླུན་མང་པོའ་ིགཏམ་དག་འདྲེས་པའི་ཚང་ཚིང་སྟུག་ལྡན་འབྲོག་དགོན་དུ། །རྣམ་དཔྱོད་རྟུལ་པོས་འཇུག་པར་རློམ་ཡང་གཞུང་དོན་ལམ་བཟང་ག་ལ་རྙེད། །འདི་ན་དེ་དག་སོ་སོར་འབྱེད་པའི་ལེགས་བཤད་རིགས་པའི་འཕྲུལ་ཡོད་པས། །གཟུར་གནས་གང་དག་བདེར་འཇུག་འདོད་རྣམས་ཐབས་འདི་གེགས་མེད་བསྟེན་མཛོད་ཅིག། །བོད་པའི་སྒྲ་བཤད་པ།བརྒྱད་པ་བོད་པའི་སྒྲ་ནི།གང་མིང་བརྗོད་པའི་དང་པོ་རུ། །ཀྱེ་སྦྱར་བ་ནི་བོད་པ་ཡིན། །ཞེས་པས་བསྟན་ཏེ། གང་ཡང་རུང་བའི་མིང་བརྗོད་པའི་ཐོག་མར་ཀྱེ་ཞེས་བྱ་བ་སྦྱར་བ་ནི་བོད་པའི་རྣམ་དབྱེ་གསལ་བར་བྱེད་པའི་སྒྲ་ཡིན་ནོ། །ཞེས་སོ། །དེའང་རྣམ་དབྱེ་གཉིས་པ་ལ་སོགས་པའི་མཐའ་ཅན་ལ་ནི་མི་འཇུག་ཅིང་བོད་སྐད་ཀྱི་རྣམ་དབྱེ་དང་པོ་མིང་ཙམ་ལ་ཁྱད་པར་མེད་པས་དེའི་སྔོན་དུ་སྦྱོར་བ། ཀྱེ་ལྷའི་ལྷ། ཀྱེ་ཁ་ལོ་སྒྱུར་བ། ཀྱེ་ལྷ། ཀྱེ་རྒྱལ་པོ་ཆེན་པོ། ལྟ་བུ་སྟེ་འདིའང་ཐོག་མར་སྦྱོར་བ་གཙོ་ཆེ་བའི་དབང་གིས་གསུངས་པ་ལས། ཚིགས་བཅད་སོགས་སྦྱོར་བའི་ཚེ། བདག་ལ་དགོངས་ཤིག་མགོན་པོ་ཀྱེ། །ཞེས་པ་ལྟ་བུ་མཐར་སྦྱར་བའང་ཡོད་དོ། །འདི་ནས་མ་བསྟན་པ། ཀ་ཡེ་དང་ཀྭའི་སྒྲ་དག་ཀྱང་བོད་པ་གསལ་བྱེད་ཡིན་མོད་ཀྱི། ཟུར་གྱིས་སྟོན་པ་དང་སྐུལ་བ་དང་གླུ་ལེན་པ་དང་འཕྱ་བ་ལྟ་བུ་སྒེག་ཆོས་དང་དྲག་ཤུལ་ལ་སོགས་པར་འབྲེལ་བ་ལས་ཡུལ་ཁྱད་པར་ཅན་ལ་བརྗོད་པ་ནི་ཅུང་ཞིག་མི་མཛེས་པར་མངོན་ནོ། །སྐབས་འདིར་འགྲེལ་བྱེད་ཕལ་ཆེར་གྱིས། ཀྱེ། ཞེས་པ་བོད་པའི་རྣམ་དབྱེར་འདོད་ཀྱང་མི་འཐད་དེ། རྣམ་དབྱེ་མིང་གི་ཐོག་མར་སྦྱར་བ་མེད་པ་དང་། བོད་པའི་རྣམ་དབྱེ་ལེགས་སྦྱར་གྱི་གཅིག་ཚིག་ལ་ཁྱད་པར་ཡོད་པ་ཙམ་མ་གཏོགས་ངོ་བོ་རྣམ་དབྱེ་དང་པོ་ལས་ལོགས་སུ་དབྱེར་མེད་ཅིང་བོད་སྐད་ལ་དང་པོའ་ིགཅིག་ཚིག་གི་རྗེས་མི་གསལ་ཡང་གཉིས་ཚིག་དང་མང་ཚིག་གི་རྗེས་ཆ་མཐུན་ཡོད་པར་མ་ཟད་རྣམ་དབྱེ་ཞིག་ངེས་པར་འཇུག་དགོས་ཤིང་གཉིས་པ་སོགས་གཞན་མི་འཇུག་པའི་རྒྱུ་མཚན་ལས་དོན་ཐོབ་ཀྱིས་དེ་དང་མཚུངས་པར་མིང་མཐའ་རྣམ་དབྱེ་དང་པོ་ཉིད་དུ་ངེས་པ་ལ་སླར་རྣམ་དབྱེ་སྦྱིན་མི་དགོས་པའི་ཕྱིར་རོ། །དེས་ན་ཀྱེ་ཞེས་པ་རྣམ་དབྱེ་མ་ཡིན་ཞིང་བོད་པ་གསལ་བྱེད་ཀྱི་སྒྲ་ཡིན་ཏེ། ལེགས་སྦྱར་གྱི་ཧེ་བྷོ་བྷོསྲ་སོགས་དང་མཚུངས་པར་ཤེས་དགོས་སོ། །རྗེ་འཇུག་ལ་མི་ལྟོས་པའི་འཕྲད་རང་དབང་ཅན་ཁོ་ན་བཤད་པ།གཉིས་པ་འཕྲད་རང་དབང་ཅན་ཁོ་ན་བཤད་པ་ལ། ནི་སྒྲ། དང་སྒྲ། དེ་སྒྲ།གང་སྒྲ། བདག་སྒྲ། དགག་སྒྲ་བཤད་པ་སྟེ་དྲུག་ལས། དང་པོ་ནི།ནི་སྒྲ་བཤད་པ།གང་མིང་མཐའ་དང་མཐུན་པ་ཡི། །བཞི་པ་ལ་ནི་ཨི་སྦྱར་བ། །དགར་དང་བརྣན་པའི་ཚིག་ཏུ་འགྱུར། །ཞེས་པ་སྟེ། གང་ཡང་རུང་བའི་མིང་ཚིག་གི་མཐའ་དང་མཐུན་པར་སྦྱར་རུང་བའི་ཕྲད། རྗེས་འཇུག་བཞི་པ་ན་ཡིག་ལ་དབྱངས་ཨི་སྦྱར་བས་ནི་ཞེས་གྲུབ་པ་དེ་ནི་གཞི་ལས་མཆོག་ཏུའམ་དམན་པར་རམ་ཐ་དད་ཙམ་དུ་དམིགས་བཟུང་ནས་དགར་བའི་དོན་དང་། དོན་གང་ཡིན་པ་དེ་ཉིད་ལ་ནན་ཏན་དུ་བརྣན་པའི་དོན་ལའང་འཇུག་པའི་ཚིག་ཏུ་འགྱུར་རོ། །ཞེས་སོ། །དེ་ལ་མཆོག་ཏུ་དགར་བ་ནི། ཁྱབ་འཇུག་ནི་ལྷ་རྣམས་ཀྱི་ནང་ནས་བརྟུལ་ཕོད་པའོ། །དམན་པར་དགར་བ་ནི། རིགས་རྣམས་ལས་ནི་གདོལ་པའི་རིགས་ཐ་ཆད་དོ། །ཐ་དད་པ་ཙམ་དུ་དགར་བ་ནི། མཐིང་ག་ནི་སྔོ་སངས་ལས་གཞན་ནོ། །ཞེས་པ་ལྟ་བུ་རྣམས་སོ། །སྨྲ་སྒོ་ལས་དགར་གཞི་དངོས་སུ་སྨོས་མ་སྨོས་ཀྱི་དབྱེ་བས་གཉིས་སུ་བཤད་དེ། ལྷ་རྣམས་ལས་གདོང་བཞི་དང་ལྡན་པ་ནི་ཚངས་པའོ། །མཆོད་སྦྱིན་བརྒྱའི་བདག་ཉིད་ནི་བརྒྱ་བྱིན་ནོ། །ལྟ་བུའོ།།བརྣན་པ་ལ་འཇུག་པ་ནི། ཁྱོད་ནི་གཉེན་དང་ཁྱོད་ནི་བཤེས། སྤང་བར་བྱ་བ་ནི་སྤངས། ཆུབ་པར་བྱ་བ་ནི་ཆུབ། ལྟ་བུ་སྟེ། སྡོམ་པ་ཐམས་ཅད་ལྡན་པར་ནི། །ལྟ་བུ་ཚིག་གི་ཁ་སྐོང་དུ་འཇུག་པའང་ཡོད་མོད་ཀྱི་དོན་ནི་ངེས་བཟུང་གིས་བརྣན་པའི་སྒྲ་ཉིད་ཡིན་ནོ། །དེས་ན་ནི་སྒྲ་འདི་ལེགས་སྦྱར་གྱི་ཏུ་དང་ཧི་བསྒྱུར་བ་ཡིན་པར་བཤད་པའང་ཕྱོགས་འགའ་ཞིག་ནས་ཡིན་གྱི་རྣམ་པ་ཐམས་ཅད་དུ་ནི་མ་ཡིན་ནོ། །དང་སྒྲའི་འཇུག་ཚུལ་བཤད་པ།གཉིས་པ་དང་སྒྲའི་འཇུག་ཚུལ་ནི།མིང་གང་རུང་བའི་བར་མཚམས་སུ། །གསུམ་པ་ལ་ནི་གཉིས་པ་སྦྱར། །དེ་ནི་སྡུད་དང་འབྱེད་པ་དང་། །རྒྱུ་མཚན་ཚེ་སྐབས་གདམས་ངག་ལྔའོ། །ཞེས་པས་བསྟན་ཏེ། མིང་ཚིག་གང་ཡང་རུང་བའི་བར་མཚམས་རྣམས་སུ་རྗེས་འཇུག་གསུམ་པ་ད་ཡིག་ལ་གཉིས་པ་ང་ཡིག་སྦྱར་བས། དང་། ཞེས་གྲུབ་པ་དེ་ནི། ཚིག་སྔ་ཕྱི་ཕྱོགས་གཅིག་ཏུ་སྡུད་པ་དང་། སོ་སོར་འབྱེད་པ་དང་། རྒྱུ་མཚན་ཏེ་རྒྱུའི་མཚན་ཉིད་ཀྱི་དོན་དང་། དུས་བརྗོད་པ་ཚེ་སྐབས་ཀྱི་དོན་དང་། གཞན་ལ་གདམས་ངག་བརྗོད་པའི་དོན་ཏེ། དོན་ལྔ་ལ་འཇུག་གོ །ཞེས་སོ། །དེའང་སྡུད་པའི་དོན་དུ་སྦྱར་བ། འདུས་བྱས་དང་འདུས་མ་བྱས་ནི་ཆོས་སོ། །མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་རྣམས་ནི་དབང་པོའ།ོ །གང་དང་མཚུངས་པར་དེ་དང་ལྷན་ཅིག་འགྲོགས། །དགར་དང་བདེ་དང་མཐུན་པ་འཐོབ་པར་འགྱུར། །ལྟ་བུ་ཚིག་དོན་གཉིས་སམ་མང་པོ་དོན་གཞན་ཞིག་ལ་སྦྱར་ཞིང་བསྡུ་རྒྱུ་ཡོད་པ་རྣམས་དང་། འབྱེད་པ་ལ་སྦྱར་བ།ཆོས་ནི་འདུས་བྱས་དང་འདུས་མ་བྱས་པའོ། །དབང་པོ་རྣམས་ནི་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་སོ། །ལྟ་བུ་དབྱེ་གཞི་གཅིག་ལས་གཉིས་སམ་དུ་མར་འབྱེད་པའི་དོན་དུ་སྦྱར་བ་རྣམས་དང་། རྒྱུ་མཚན་ལ་སྦྱར་བ། སྨན་ཟོས་པ་དང་ནད་སོས་སོ། །ཆོས་མང་དུ་ཐོས་པ་དང་ལྷག་མཐོང་འཕེལ་ལོ། །དུ་བ་མཐོང་བ་དང་མེར་ཤེས་སོ། །ལྟ་བུ་རྣམ་དབྱེ་གསུམ་པ་དང་ལྔ་བ་རྒྱུ་མཚན་ལ་འཇུག་པ་བཞིན་དུ་དང་སྒྲ་དེ་ཉིད་རྒྱུ་མཚན་སྟོན་བྱེད་དུ་འགྱུར་བ་རྣམས་དང་། ཚེ་སྐབས་ལ་སྦྱར་བ། རྒྱུ་སྐར་རྒྱལ་འཆར་བ་དང་ཡུལ་དུ་ཆས་སོ། །ཉི་མ་ཤར་བ་དང་ཆོས་སྟོན་དྲང་། ལྟ་བུ་དུས་བརྗོད་པའི་སྒྲ་དང་འཇུག་པ་གཅིག་པ་རྣམས་དང་། གདམས་ངག་ལ་སྦྱར་བ། ལེགས་པར་སློབས་དང་། ཁ་ཏོན་གྱིས་དང་། ཡིད་ལ་ཟུངས་དང་། ལྟ་བུ་གཞན་ལ་གདམས་པའམ་སྐུལ་བའི་ཚིག་དང་འབྲེལ་བ་རྣམས་སོ། །འདི་སྐབས་འགྲེལ་བྱེད་ཁ་ཅིག་གིས་རྒྱུ་མཚན་ལ་འཇུག་པའི་དཔེར་བརྗོད་དུ་སྒྲ་ཆོས་ཅན་མི་རྟག་སྟེ་དངོས་པོ་ཡིན་པའི་ཕྱིར་དང་། སྐྱེ་ལྡན་ཡིན་པའི་ཕྱིར་དང་། རྒྱུ་རྐྱེན་ལས་བྱུང་བའི་ཕྱིར་དང་། ཞེས་པ་ལྟ་བུ་བཀོད་མོད་ཀྱི་དེ་འདྲའི་དང་སྒྲ་དེ་རྣམས་རྒྱུ་མཚན་གྱི་དོན་དུ་མི་འགྱུར་ཏེ་དེ་དག་ལ་རྒྱུ་མཚན་སྟོན་པའི་ནུས་པ་ཅིའང་མ་མཐོང་བའི་ཕྱིར། ཕྱིར་གྱི་སྒྲས་རྒྱུ་མཚན་སྟོན་པས་དེ་དང་འབྲེལ་བའི་དང་གི་སྒྲས་ཀྱང་དེ་སྟོན་ཏོ། །སྙམ་ན། ཚོར་བ་པོ་དང་མཐོང་བ་པོ་དང་བྱེད་པ་པོ་དང་། ཞེས་པ་ལྟ་བུའི་དང་གི་སྒྲ་རྣམས་ཀྱིས་ཀྱང་བདག་པོའ་ིདོན་སྟོན་པར་ཐལ་བ་སོགས་ཧ་ཅང་ཐལ་ལོ། །འོ་ན་གྱིས་དང་། ལྟ་བུ་གྱིས་ཀྱི་སྒྲས་སྐུལ་བ་སྟོན་ལ་དེ་དང་འབྲེལ་བའི་དང་གིས་ཀྱང་དེ་སྟོན་པར་འདོད་པ་མ་ཡིན་ནམ་ཞེ་ན། དེ་དང་འདི་མི་མཚུངས་ཏེ། གྱིས་དང་ལྟ་བུའི་གྱིས་ཀྱི་སྒྲ་དེ་སྐུལ་ཚིག་དངོས་དང་། དང་སྒྲ་དེའི་ཡན་ལག་ཏུ་འགྱུར་བར་དངོས་སུ་གྲུབ་ཅིང་། དེ་འདྲའི་དང་སྒྲ་དེས་སྐུལ་ཚིག་ལས་གཞན་པའི་དོན་ཅིའང་མི་སྟོན་པ་དང་། ཁྱེད་འདོད་པའི་དང་སྒྲ་དེ་རྣམས་ཀྱིས་རྒྱུ་མཚན་མི་སྟོན་ཅིང་། སྒྲ་མི་རྟག་པར་བསྒྲུབ་པ་ལ་གཏན་ཚིགས་ཀྱི་རྣམ་གྲངས་གཞན་དང་གཞན་ཕྱོགས་གཅིག་ཏུ་སྦྱོར་ཞིང་སྡུད་པ་སྟོན་པར་སྣང་བའི་ཕྱིར་རོ། །འགའ་ཞིག་གིས་དང་སྒྲ་རྒྱུ་མཚན་ལ་འཇུག་པ་ལས་འཕྲོས་ནས་དུས་བརྗོད་པའི་ཚེའི་སྒྲའང་རྒྱུ་མཚན་ལ་འཇུག་པར་བཤད་མོད། འཐད་པར་མ་མཐོང་ཡང་དོ་གལ་མི་ཆེ་བས་དགག་པའི་སྤྲོས་པ་མི་བྱེད་དོ། །དེ་སྒྲའི་འཇུག་ཚུལ་བཤད་པ།གསུམ་པ་དེ་སྒྲའི་འཇུག་ཚུལ་བཤད་པ་ལ་དངོས་དང་། མཐའ་དཔྱད་དོ།། དང་པོ་ནི།གང་མིང་གི་ནི་ཡ་མཐའ་རུ། །གསུམ་པ་ལ་ནི་ཨེ་སྦྱར་བ། །ཐ་སྙད་དབང་དུ་གསུམ་ཡིན་ཏེ། །དངོས་པོའ་ིདབང་དུ་བཞི་རུ་འགྱུར། །དུས་ཀྱི་དབང་དུ་གཉིས་ཡིན་ནོ། །ཞེས་པས་བསྟན་ཏེ། གང་ཡང་རུང་བའི་མིང་གི་ཡ་མཐའ་སྟེ་ཐོག་མར་རྗེས་འཇུག་གསུམ་པ་ད་ཡིག་ལ་དབྱངས་ཨེ་སྟེ་འགྲེང་བུ་སྦྱར་བས། དེ།ཞེས་གྲུབ་པ་ནི་ཐ་སྙད་ཙམ་གྱི་དབང་དུ་བྱས་ན། རྣམ་གྲངས་གཞན་ཞིག་ལ་སྦྱོར་རྒྱུ་ཡོད་པར་སྟོན་པའི་དོན་ཅན་དང་། ལྷག་མ་དང་བཅས་པ་དང་།དུས་གསུམ་ལས་འདས་པ་སྟེ་གསུམ་ལ་འཇུག་པ་དང་། དངོས་པོའ་ིདབང་དུ་བྱས་ན། བདེན་པ་དང་། གསང་བ་དང་། བདག་གི་བ་དང་། ཕ་རོལ་པོའ་ིདངོས་པོ་སྟེ་བཞི་ལ་དུས་གསུམ་གར་འཇུག་པར་འགྱུར་བ་དང་། དུས་ཉིད་ཀྱི་དབང་དུ་བྱས་ན། འདས་པ་དང་མ་འོངས་པ་གཉིས་ལ་འཇུག་པ་ཡིན་ནོ།།ཞེས་སོ། །དེ་ལྟར་གཞུང་ནས་མིང་གི་ཡ་མཐར་གསུངས་པ་ནི་གཙོ་ཆེ་བའི་དོན་ཡིན་གྱི་མཐའ་གཅིག་ཏུ་ངེས་པ་ནི་མ་ཡིན་ནོ། །དེ་དག་སོ་སོའ་ིདོན་ཡང་འོལ་ཚོད་ཙམ་ལས་དཔྱིས་ཕྱིན་པར་ནི་སྔོན་ཆད་སུས་ཀྱང་མ་རྟོགས་པར་སྣང་བས་ཞིབ་ཏུ་བཤད་ན། འདི་སྐབས་དབྱེ་ཚུལ་གསུམ་ལས་སྔ་མ་ཐ་སྙད་ཀྱི་དབྱེ་བས་དེ་སྒྲའི་འཇུག་པ་ཐམས་ཅད་ལ་ཁྱབ་པ་ཡིན་ཏེ། དཔེར་ན། དེ་སྒྲ་དེའི་ཤུལ་དུ་ཚིག་ཟིན་ལ་དངོས་སུ་གསལ་མི་གསལ་ཇི་ལྟར་ཡང་དོན་གྱི་རྣམ་གྲངས་གཞན་ཞིག་སྦྱར་ཞིང་དྲང་དུ་ཡོད་པའི་ཐ་སྙད་ཀྱི་ཚེ། དེ་བཞིན་གཤེགས་པ། དེ་བཞིན་ནོ། །གང་པ་ཡིན་པ་དེ། དེ་ལས་ཀྱང་གཞན།ལེགས་སྤྱད་དེས་ནི་འབྲས་བུ་ཆེན་པོར་འགྱུར། །དེ་ནི་ཕུན་སུམ་ཚོགས་པའི་འབྱུང་གནས་ཉིད། །ཅེས་པ་ལྟ་བུའི་དེ་སྒྲ་རྣམས་ཀྱིས་རིམ་པ་བཞིན་དུ་གང་ལ་དཔེར་བྱ་བའི་ཡུལ་དེ་དང་། སྤྱི་ལས་དམིགས་སུ་གཟུང་བྱ་དེ་དང།ལས་ཀྱི་སྒྲས་གང་ལས་དགར་བའི་གཞི་དེ་དང་། འབྲས་བུ་འབྱིན་བྱེད་ཀྱི་རྒྱུ་དེ་དང། འབྱུང་གནས་སུ་ངོས་གཟུང་བྱ་དེ་བཅས་གོ་ཞིང་མཚོན་ནུས་པ་ལྟར་ལྷག་བཅས་ཁོ་ན་མ་གཏོགས་དེ་སྒྲའི་འཇུག་པ་ལྷག་མ་ཐམས་ཅད་རྣམ་གྲངས་གཞན་ཡོད་པར་སྦྱོར་བའི་དོན་ཅན་དུ་འདུས་ཤིང་། ལྷག་བཅས་ཀྱི་དེ་སྒྲ་ནི་རང་ཉིད་ཀྱི་ཤུལ་དུ་དོན་གཞན་མི་མཚོན་པས། དཔེར་ན། ཤིང་བཅད་དེ་ཅི་ཞིག་བྱེད། བདེན་གྲུབ་ཏུ་ཡོད་དེ་རྟག་པའི་ཕྱིར། ལྟ་བུ་བརྗོད་བྱ་ལྷག་མ་འདྲེན་པ་ཙམ་དུ་ཟད་པའི་ཕྱིར་དབྱེ་བ་ཟུར་དུ་མཛད་པ་དང་། འཇུག་པ་དེ་གཉིས་ཀའང་བརྗོད་བྱ་སྤྱིའི་དོན་ལ་མ་དཔྱད་པར། བརྗོད་ཚུལ་དེ་ཉིད་ལ་ཐད་ཀར་བརྟགས་པའི་དུས་ཀྱི་ཐ་སྙད་ཀྱི་དབང་དུའམ་། ལ་ལར་ཚིག་དོན་གཉིས་ཀའི་དབང་དུ་བྱས་ནའང་འདས་པ་ཁོ་ན་ཡིན་ཏེ། དཔེར་ན་རྣམ་གྲངས་གཞན་སྦྱོར་ལ། དེ་སྒྲ་དང་སྦྱོར་རྒྱུའི་དོན་དེ་དངོས་སུ་ཚིག་ཟིན་དུ་ཡོད་ན་དེ་སྔོན་དུ་བརྗོད་ཟིན་པ་མཚོན་པར་བྱེད་པའི་འཕྲད་ཡིན་པས་འདས་པར་འགྱུར་བ། མ་འོངས་པ་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་དུང་ཞེས་བྱ་བ་འབྱུང་བར་འགྱུར་བ་དེ་ནི་བསྐལ་བཟང་གི་སངས་རྒྱས་དྲུག་པ་སེང་གེའི་སྒྲར་འགྱུར་རོ། སང་གི་ཁ་ཟས་དེ་དེ་རིང་སྟ་གོན་གྱིས་ཤིག། ཅེས་པ་ལྟ་བུ་དང་། ཚིག་ཟིན་དུ་མེད་ཀྱང་དེ་བཞིན་གཤེགས་པ་ལྟ་བུའི་དེ་སྒྲས་བསྡུས་པའི་དོན་དེ་སྔོན་དུ་སོང་བའམ། བརྗོད་ཟིན་པ་ཞིག་ལ་མི་བསམ་པ་མི་སྲིད་པས་འདས་པར་འགྱུར་ཞིང་། ལྷག་བཅས་ནི་ཚིག་ཙམ་བརྗོད་ཟིན་ཀྱི་འདས་པ། རི་མོར་བྱེད་དེ་བཀུར་སྟིར་ཡང་བྱེད་དོ། །ལྟ་བུ་དང་། ཚིག་དོན་གཉིས་ཀ་འདས་མ་ཐག་པ་ཕྱིར་བསྐྱེད་དེ་འགྲོ། ཤིང་བཅད་དེ་འབུད། ལྟ་བུ་འདས་པ་ཉིད་ཀྱིས་ཁྱབ་པའི་ཕྱིར་རོ། །དེས་ན་ཐ་སྙད་ཀྱི་དབང་གིས་དབྱེ་བ་མཚན་ཉིད་པ་གཉིས། དབྱེ་གཞི་སྤྱི་ཁྱབ་ཏུ་དུས་ད་ལྟ་དང་མ་འོངས་པ་བསལ་བའི་འཇུག་ཚུལ་གཅིག་བཅས་གསུམ་དུ་གྲངས་ངེས་ཤིང་། དབྱེ་བ་འདི་ཐ་སྙད་ཀྱི་དབང་གིས་བཞག་པའི་རྒྱུ་མཚན་ཡང་རྣམ་གྲངས་གཞན་སྦྱོར་གྱི་དེ་ནི་དོན་གཞན་ལ་དེ་ཞེས་ནན་གྱིས་བཏགས་པ་ཙམ་དང་། ལྷག་བཅས་ཀྱི་དེ་ནི་ལྷག་མ་འདྲེན་པར་ཐ་སྙད་བྱས་པ་ཙམ་དང་། དུས་འདས་པའི་དེའང་དོན་ལ་ཇི་ལྟར་ཡང་བརྗོད་པ་ཙམ་གྱི་དབང་དུ་བྱས་པའི་ཕྱིར་ཏེ་ཐ་སྙད་ཅེས་པའི་གོ་བའང་། གནས་བརྒྱད་རྩ་བར། ཐ་སྙད་ནི་དངོས་པོ་མེད་པ་ལ་དངོས་པོར་བཏགས་པ་སྟེ། དེའང་བཏགས་པ་དང་འཇུག་པ་དང་བརྗོད་པར་བཅས་པ་ཐམས་ཅད་དོ། །དེ་ལ་བརྡ་ནི་གོ་བར་བྱེད་པའི་བདག་ཉིད་ཅན་ཡིན་ལ། ཐ་སྙད་ནི་འཇུག་པར་བྱེད་པའི་བདག་ཉིད་ཅན་ཡིན་ནོ། །ཞེས་དང་། འགྲེལ་བར། ཐ་སྙད་ནི་དངོས་པོ་ལ་ཐ་སྙད་མེད་པ་ལ་ནན་གྱིས་བཏགས་པ་སྟེ། དེའང་བཏགས་པའི་ཤེས་པ་ནི་འདི་ཀ་བ་ཡིན་ནོ་སྙམ་པ་ལ་སོགས་པའི་ཤེས་པའོ། །བརྗོད་པ་ནི་འདི་ཀ་བའོ་ཞེས་བྱ་བའི་སྒྲའོ། །འཇུག་པ་ནི་ཀ་བ་ཡིན་པས་ཁང་ཁྱིམ་བྱེད་པར་རྩོམ་པ་ལ་སོགས་པའོ། །ཐ་སྙད་ཅེས་བྱ་བ་ནི་འཇུག་པའི་རྒྱུ་མཚན་ཡིན་ནོ། །ཞེས་ལྷུག་པར་བཀྲལ་ནས་བསྟན་པ་ཡིན་ནོ། །དབྱེ་ཚུལ་གཉིས་པ་དེས་ནི། ལྷག་བཅས་ཁོ་ན་དངོས་པོར་མི་འཇུག་པས་བསལ་བ་མ་གཏོགས་དེ་སྒྲའི་འཇུག་པ་ཐམས་ཅད་ལ་ཁྱབ་སྟེ། དེ་ཁོ་ན་ཉིད་དོ། །དེ་དེ་བཞིན་ནོ།།ལ་སོགས་པ་ལྟ་བུ་བདེན་པའི་དངོས་པོ་སྟོན་པ་དང་། གཞན་གྱིས་ཤེས་ཀྱིས་དོགས་ནས་དོན་དངོས་སུ་མི་སྨྲ་བར་ཟུར་གྱིས་གོ་བར་བྱེད་པའི་ཚིག།ཁྱོད་ཀྱིས་དེ་ལེགས་པར་གྲུབ་བམ། ཞེས་པ་ལྟ་བུ་གསང་བའི་དངོས་པོ་སྟོན་པར་བྱེད་པ་དང་། བདག་ཉིད་དང་འབྲེལ་བ། བདག་གི་ལྷ་དེ། ཁོ་བོའ་ིནོར་དེ།ཞེས་པ་ལྟ་བུ་བདག་གི་བའི་དངོས་པོ་སྟོན་པ་དང་། དེ་ནི་ཡོད་དོ། །དེ་ནི་མེད་དོ། །ཀ་བ་དེ་ལྟ་བུ། ཁྱོད་ཀྱི་དེ། དེས་བསྟན་པ་དེ་ནི། ཞེས་པ་ལ་སོགས་པ་ལྟ་བུ་ཕ་རོལ་པོའམ་གཞན་གྱི་དངོས་པོ་སྟོན་པར་འདུ་བའི་ཕྱིར་ཏེ། དེ་བཞི་གང་རུང་དུ་མ་འདུས་པའི་འཕྲད་འདིས་དངོས་པོ་བསྟན་པ་མེད་ཅིང་དངོས་པོ་མི་སྟོན་པའི་སྒྲ་དེ་སྒྲའང་ལྷག་བཅས་ཙམ་དུ་ཟད་པའི་ཕྱིར་རོ། །དེས་ན་དབྱེ་བ་འདི་སྤྱིའི་དངོས་པོའ་ིདོན་གཙོ་བའི་སྒོ་ནས་ཕྱེས་པས་དུས་གསུམ་ག་ལ་ཡོད་དེ། འདས་པ་ལ་དམིགས་ནས་བརྗོད་པ། སྔོན་གྱི་ཚེ་འཕགས་པའི་ཡུལ་དེ་ན། ཞེས་པ་ལྟ་བུ་དང་། ད་ལྟར་ལ། རྡོ་བ་དེ་ཁྱོད་ཀྱིས་འདེགས་ནུས་སམ། ལྟ་བུ་དང་། འབྱུང་འགྱུར་ལ། འཚང་རྒྱ་བར་འགྱུར་བ་དེ། ཞེས་པ་ལྟ་བུ་ཚིག་གྲོགས་ཀྱི་དོན་ལས་རིག་པར་བྱ་ཞིང་། མི་འཇུག་པ་ནི། རང་གིས་རང་ལ་དེ་ཞེས་མི་བརྗོད་པའི་ཕྱིར། བདག་ཉིད་ཀྱི་དངོས་པོ་ལ་འཇུག་པ་མ་ཡིན་ནོ། །དབྱེ་ཚུལ་གསུམ་པ་དེ་ནི། དེ་སྒྲ་སྤྱིའི་དབང་དུ་མ་བྱས་པར་དུས་ཁོ་ན་བརྗོད་པ་དང་འབྲེལ་བའི་དེ་སྒྲ་ལ་དབྱེ་བ་བྱས་པར་ཟད་དེ། འདས་པའི་དུས་བརྗོད་པ་དང་འབྲེལ་བ། སྔོན་དེ་བཞིན་གཤེགས་པ་འཁོར་བ་འཇིག་འཇིག་རྟེན་དུ་བྱོན་པ་དེའི་ཚེ། ན་ནིང་གི་ལོ་དེ་ལ། ཁ་སང་གི་ཉི་མ་ཤར་བ་དེའི་ཚེ།སྐད་ཅིག་མ་སྔ་མ་དེར་ཞེས་པ་ལྟ་བུ་དང་། མ་འོངས་པའི་དུས་བརྗོད་པ་དང་འབྲེལ་བ། དེའི་དུས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་དུང་ཞེས་བྱ་བ་འབྱུང་བར་འགྱུར་རོ། །སང་ཉི་མ་ཤར་བའི་དུས་དེར་འགྲོའ།ོ །ཞེས་པ་ལྟ་བུ་འདས་པ་དང་མ་འོངས་པ་གཉིས་ལ་འཇུག་པ་ཉིད་དོ། །ད་ལྟར་བའི་དུས་ལ་ནི་ནམ་ཡང་མི་འཇུག་སྟེ། ད་ལྟའི་བསྐལ་པ་འདིར། ད་ལྟའི་ལོ་འདིར། དེ་རིང་གི་དུས་འདིར་ཞེས་སོགས་སྦྱོར་བ་ལས། ད་ལྟའི་བསྐལ་པ་དེར་སོགས་མི་སྦྱོར་བ་མངོན་སུམ་གྱིས་གྲུབ་པའི་ཕྱིར་རོ། །དེས་ན་སྨྲ་སྒོ་ལས།དེ་ཞེས་བྱ་བའི་ཚིག་གི་དོན། །ཐ་སྙད་དངོས་དང་དུས་འཇུག་གསུམ། །འདས་དང་རྣམ་གྲངས་གཞན་ཅན་དང་། །ལྷག་མ་དག་དང་བཅས་པའོ། །བདེན་པ་དག་དང་གསང་བ་དང་། །བདག་གི་བ་དང་ཕ་རོལ་པོ། །དངོས་པོ་དག་ལ་འཇུག་པ་བཞི། །འདས་པ་དང་ནི་མ་འོངས་པའི། །དུས་གཉིས་ལ་ནི་འཇུག་པ་ཡིན། །བདག་ཉིད་ད་ལྟར་ཉིད་ལ་སྤང་། །དངོས་པོའ་ིདུས་ནི་མི་འདོར་ཏེ། །ཀུན་ལ་རབ་ཏུ་སྦྱར་བར་བྱ། །ཞེས་འབྱུང་བའི་དོན་རང་འགྲེལ་ལས་ཀྱང་ཤིན་ཏུ་གསལ་བ་གཞུང་འདིའི་དགོངས་པ་དང་ཡང་ལེགས་པར་འབྱོར་བར་སྣང་བའི་ཕྱིར་རྣམ་པར་ཕྱེས་ནས་བཤད་པ་ཡིན་པས་ཟློས་སྐྱོན་གྱི་དོགས་པ་སོགས་མི་བདེ་བ་མང་པོས་མ་བཅིངས་པའི་གུ་ཡངས་སུ་བློ་ལྡན་རྣམས་རྩེན་པར་མཛོད་ཅིག།དེའི་མཐའ་དཔྱད་པ།གཉིས་པ་ནི།འགྲེལ་བྱེད་སྔ་མ་འགའ་ཞིག་གིས། ཐ་སྙད་ཀྱི་དབང་དུ་བྱས་པའི་གསུམ་ལ་ཀུན་བརྟགས་གཞན་དབང་ཡོངས་གྲུབ་གསུམ་དང་བྱ་བྱེད་ལས་གསུམ་ལུས་ངག་ཡིད་གསུམ་སོགས་སུ་འདོད་པ་དང་དངོས་པོའ་ིདབང་གིས་རིགས་དང་བྱ་བ་ཡོན་ཏན་རྫས་བཞིར་འདོད་པ་སོགས་སྣང་ཡང་ཐ་སྙད་ལ་མི་མཁས་པའི་མཚན་མ་གསལ་བར་བསྟན་པ་ཡིན་ཏེ། དེ་ལྟ་ན་ཁམས་གསུམ་སྲིད་གསུམ་འཇིག་རྟེན་གསུམ་མཚན་མཚོན་གཞི་གསུམ་སོགས་དང་ཕྱག་རྒྱ་བཞི་སྡེ་བཞི་སོགས་གསུམ་སྡེབ་བཞི་སྡེབ་ཡོད་དགུ་ཅོག་ཐམས་ཅད་ལ་སྦྱོར་རིགས་པ་ལ་དེ་དག་ཁོ་ན་ངེས་པར་བཟུང་བ་ཅི་ཞིག། དེ་དག་ཐ་སྙད་བཏགས་པ་ཙམ་དང་དངོས་པོ་ཙམ་ཡིན་པའི་ཕྱིར་རོ་ཞེས་ན་གཞན་ལའང་ཅིའི་ཕྱིར་མི་མཚུངས། དེ་བས་ན་འདི་སྐབས་སུ་གལ་ཆེ་བའི་ཕྲད་ཀྱི་འཇུག་ཚུལ་འཆད་དུ་མེད་པར་དབུ་ཕར་སོགས་ཀྱི་བཤད་ཡམ་རྒྱས་པས་ནི་གང་དུའང་མི་འགྱུར་རོ། །ཡང་ཕལ་མོ་ཆེས་སྨྲ་སྒོའ་ིལུགས་སུ་བྱས་ཀྱང་། གཞུང་འགྲེལ་གྱི་དོན་ལེགས་པར་མ་ཁྲོལ་བས་ནོངས་པ་མཐོང་སྟེ། འགའ་ཞིག་གིས། ཐ་སྙད་ཀྱི་འཇུག་ཚུལ་ལ་དབྱེ་གཞི་དབྱེ་བའི་ཡ་རྒྱལ་དུ་བགྲངས་པ་མ་ཤེས་པས་ངེས་གཟུང་གི་དེ་སྒྲ་འདས་པར་ཁས་བླངས་ནས་རྣམ་གྲངས་གཞན་སྦྱོར་གྱི་དེ་སྒྲ་ངེས་གཟུང་དང་ལྷག་བཅས་མ་ཡིན་པ་ཞིག་འདོད་ཀྱང་མ་རྙེད་པས། ཇི་ལྟ་ཇི་ལྟར་མཉན་འདོད་པ། །དེ་དེ་ལ་དོན་དེ་དང་དེ། །སོགས་བཀོད་པ་དང་། དངོས་པོའ་ིསྐབས་སུ།བདག་གི་བ་དང་གསང་བ་དང་བདེན་པའི་དངོས་པོ་བརྗོད་པ་ལས་གཞན་པའི་དངོས་པོ་ལ་སྦྱོར་བའི་དེ་སྒྲ་ཐམས་ཅད་ཕ་རོལ་པོའ་ིདངོས་པོ་སྟོན་པར་འཇུག་པ་མ་གོ་བས། དེའི་དཔེར་ཁྱོད་ཀྱི་སྒྲ་ཁོ་ན་སྦྱར་ནས་བཀོད་པ་སོགས་དང་། འགའ་ཞིག་གིས་རྣམ་གྲངས་གཞན་སྦྱོར་ཞེས་པའི་རྣམ་གྲངས་དེ་དོན་ནམ་མིང་གི་རྣམ་གྲངས་མང་པོར་བསམས་ནས། དེ་འདྲ་གོ་བར་བྱེད་པའམ་དངོས་སུ་བརྗོད་པ་དང་འབྲེལ་བའི་དེ་སྒྲ་རྣམས་རྣམ་གྲངས་གཞན་སྦྱོར་གྱི་དོན་དུ་འདོད་པ་སོགས་སོ། །འོ་ན་དེ་ལྟར་འདོད་པ་དེ་དག་ལ་སྐྱོན་ཅི་ཞིག་ཡོད་ཅེ་ན། འདོད་པ་དང་པོ་དེའི་སྐྱོན་ནི་རྣམ་གསལ་གྱི་དཔེར་བརྗོད་འཐད་ལྡན་མ་རྙེད་པ་དེར་ཟད་དེ། དཔེར་བརྗོད་དེ་རྣམས་ཁྱེད་རང་གི་ཞེན་དོན་དུ་མ་སོང་བའི་ཕྱིར་ཏེ། དེ་རྣམས་ཀྱི་དེ་སྒྲ་དེ་ངེས་གཟུང་ཁོ་ནར་སྣང་བའི་ཕྱིར། གྲུབ་སྟེ། ཁྱེད་རང་གིས་ངེས་གཟུང་གི་དཔེར་བཀོད་པའི་སྐྱེས་བུ་དེ་ཞེས་པ་དང་། དཔེར་བརྗོད་ཕྱི་མའི་ཇི་ལྟར་མཉན་འདོད་པ་དེ། ཞེའམ། དོན་དེ། ཞེའམ། སངས་རྒྱས་ཀྱང་དེ། ཞེས་པ་རྣམས་ཀྱི་དེ་སྒྲའི་འཇུག་པ་མཐུན་པའི་ཕྱིར་ཏེ། ཕྱི་མའི་དེ་རྣམས་ཀྱང་ཇི་ལྟར་མཉན་པ་དང་དོན་དང་སངས་རྒྱས་རྣམས་ངེས་པར་གཟུང་བའི་སྒྲ་ཡིན་པའི་ཕྱིར་རོ། །འདོད་པ་གཉིས་པ་དེ་ལའང་ལེགས་པར་མ་བཤད་པ་དང་བསྟན་བྱ་མ་ཚང་བའི་སྐྱོན་ཡོད་དེ། བདག་གི་བ་མ་ཡིན་པའི་དངོས་པོ་གཞན་ཐམས་ཅད་ལ་ཕ་རོལ་པོའམ་གཞན་གྱི་དངོས་པོ་ཞེས་བརྗོད་པར་རིགས་བཞིན་དུ་ཁྱོད་ཅེས་པའི་སྒྲ་ཉི་ཚེ་དང་འབྲེལ་བ་ཕ་རོལ་པོའ་ིདོན་དུ་ཞེན་པར་སྣང་བའི་ཕྱིར། འདོད་པ་ཕྱི་མ་དེ་ལའང་སྤྱིར་རྣམ་གྲངས་ཀྱི་སྒྲ་དོན་ལ་འཁྲུལ་བ་དང་། རྒྱུ་དེས་སྐབས་དོན་གྱི་རྣམ་གྲངས་ལེགས་པར་མ་བཤད་པའི་སྐྱོན་ཡོད་དེ། ཁྱེད་དག་གིས་རྣམ་གྲངས་ཞེས་པའི་སྒྲ་དེ་གྲངས་མང་པོར་འཇུག་པར་དོན་གྱིས་ཞེན་པས་མི་འཐད་པའི་ཕྱིར་དང་། སྐབས་འདིའི་རྣམ་གྲངས་ཞེས་པའི་དོན་ཀྱང་དེ་མ་ཡིན་པའི་ཕྱིར་རོ། །དང་པོ་གྲུབ་སྟེ། རྣམ་གྲངས་ཞེས་པ་ལེགས་སྦྱར་གྱི་སྐད་དུ་པཪྻ་ཱཡ་ཞེས་པ་ཡིན་ཏེ། དེ་ནི་གནས་སྐབས་དང་རིམ་པ་དང་སྤྲུལ་པ་དང་རྣམ་པ་རྣམས་ལ་འཇུག་པར་མངོན་བརྗོད་ཀྱི་བསྟན་བཅོས་རྣམས་སུ་བཤད་ལ། དེ་རྣམ་གྲངས་སུ་བསྒྱུར་བ་ནི་རྣམ་པ་ལ་འཇུག་པའི་རྒྱུ་མཚན་གྱིས་ཡིན་པས། རྣམ་གྲངས་དང་རྣམ་པ་དོན་གཅིག་ཏུ་གྲུབ་པའི་ཕྱིར་ཏེ། དཔེར་ན་མིང་གི་རྣམ་གྲངས་གཞན་མེད་དོ། །དོན་གྱི་རྣམ་གྲངས་མང་པོའ།ོ །དོན་གྱི་རྣམ་གྲངས་གཅིག་གོ། འདི་ནི་རྣམ་གྲངས་ཙམ་མོ། །རྣམ་གྲངས་ཀྱི་དོན་དམ་བདེན་པའོ། །ཞེས་པ་ལྟ་བུ་རྣམས་ལ་གྲངས་མང་ཉུང་གི་ཁྱད་པར་མེད་པར། མིང་གི་རྣམ་པ་གཞན་མེད་དོ། །དོན་གྱི་རྣམ་པ་མང་པོའ།ོ །དོན་གྱི་རྣམ་པ་གཅིག་གོ །འདི་ནི་རྣམ་པ་ཙམ་མོ། །རྣམ་པའི་དོན་དམ་བདེན་པའོ། །ཞེས་ཐམས་ཅད་དུ་རྣམ་པའི་སྒྲ་དང་འཇུག་པ་གཅིག་པར་སྣང་བའི་ཕྱིར་རོ། །དེས་ན་ཕྱི་མའང་གྲུབ་སྟེ། སྐབས་འདིར་སྨྲ་སྒོའ་ིགཞུང་དུ་རྣམ་གྲངས་གཞན་ཅན་ཞེས་དང་། འགྲེལ་བར་རྣམ་གྲངས་གཞན་ཡོད་པར་སྦྱོར་བ་ཞེས་འབྱུང་བར་རྣམ་གྲངས་ཀྱི་སྒྲས་ནི་རྣམ་པ་ཙམ་ལས་གཞན་མ་བསྟན། དེ་ལས་གཞན་དུའང་མང་པོ་དགོས་པ་སྟོན་བྱེད་ཀྱི་ཚིག་མ་བྱུང་ཞིང་རྒྱུ་མཚན་གཞན་ཡང་མེད་པས། དེ་སྒྲ་དེའི་ཤུལ་དུ་དོན་གྱི་རྣམ་པ་གཞན་སྦྱར་རྒྱུ་ཡོད་པས་ཆོག་པ་ལ། དགོས་མེད་ཀྱི་འབྲུ་དོན་ལྷག་པར་གཉེར་པར་སྣང་བའི་ཕྱིར་རོ། །གཞན་ཡང་འགྲེལ་བྱེད་ཕྱི་མ་ཞིག་གིས། ཐ་སྙད་ལ་བློའ་ིཐ་སྙད་དང།མིང་ཚིག་གི་ཐ་སྙད་གཉིས་སུ་ཕྱེས་ཤིང་འདིར་བསྟན་གྱི་ཐ་སྙད་ཕྱི་མར་འདོད་པ་དང་། དངོས་པོ་ཞེས་པ་སྐབས་འདིར་བརྗོད་བྱའི་དོན་ཙམ་ལ་ངོས་བཟུང་མོད། སྔ་མ་མི་འཐད་དེ། མིང་ཚིག་ལ་མ་བརྟེན་པར་བློ་ཁོ་ནས་ཐ་སྙད་བྱར་མི་རུང་ཞིང་། བློ་ལ་མ་བརྟེན་པར་ཡང་མིང་ཚིག་ཁོ་ནས་ཐ་སྙད་གདགས་སུ་མེད་པས་དེ་གཉིས་ཀྱི་དབྱེ་བ་འཁྲུལ་བའི་ཕྱིར་ཏེ། ཐ་སྙད་ལ་ཤེས་བརྗོད་འཇུག་གསུམ་དང་བཅས་པ་ཞེས་མཁས་པའི་བསྟན་བཅོས་ལ་རླུང་ལྟར་གྲགས་པའི་ཕྱིར་རོ། །ཕྱི་མའང་མི་འཐད་དེ། དེ་ལྟ་ན། ལྷག་བཅས་ཀྱི་དེ་སྒྲ་དེས་ཆོས་ཅན། དངོས་པོ་སྟོན་བྱེད་དུ་ཐལ། བརྗོད་བྱའི་དོན་སྟོན་བྱེད་ཡིན་པའི་ཕྱིར། འདོད་ན་དེ་འདྲ་དེས་བདེན་པ་ལ་སོགས་པ་དངོས་པོ་བཞི་ལས་གང་ཞིག་སྟོན་པ་བཤད་དགོས་ཤིང་། མ་གྲུབ་ན་ལྷག་བཅས་ཀྱི་སྒྲ་མཚམས་སྦྱོར་སོགས་དོན་མང་པོ་ལ་འཇུག་པར་བཤད་པ་དང་དངོས་སུ་འགལ་ལོ། །འདིར་སྨྲས་པ།ལ་ལས་ལོ་བརྒྱར་སྦྱངས་པ་གང་། །ལ་ལས་ཡུད་ཙམ་གཅིག་ལ་ཤེས།།ལ་ལས་ཚེགས་ཀྱིས་བསྒྲུབ་པ་ཡང་། །ལ་ལས་བདེ་བླག་ཉིད་དུ་བྱེད། །ལ་ལས་མཁས་པར་རློམ་པ་གང་། །ལ་ལས་རྨོངས་པའི་གནས་སུ་བཀོད། །ལ་ལར་སྨྲ་བའི་དབང་ཕྱུག་ཀྱང་། །ལ་ལར་ལྐུགས་པའི་བརྟུལ་ཞུགས་འཛིན། །བློ་ལྡན་ཙམ་དུ་མཚུངས་ན་ཡང་། །བློ་གྲོས་མཆོག་གི་ཁྱད་པར་ལྟོས། །བློ་སྟེར་དབང་པོའ་ིབློ་མཚོ་ལས། །བྱུང་བའི་བློ་ཅན་ང་མིན་སུ། །གང་སྒྲའི་འཇུག་ཚུལ་བཤད་པ།བཞི་པ་གང་སྒྲའི་འཇུག་ཚུལ་ནི།གང་མིང་བརྗོད་པའི་དང་པོ་རུ། །དང་པོ་ལ་ནི་གཉིས་པ་སྦྱར། །སྤྱི་ལ་ཁྱབ་པ་ཉིད་དུ་འགྱུར། །ཞེས་པས་བསྟན་ཏེ། གང་ཡང་རུང་བའི་མིང་བརྗོད་པའི་དང་པོར་རྗེས་འཇུག་དང་པོ་ག་ལ་གཉིས་པ་ང་སྦྱར་བས། གང་། ཞེས་གྲུབ་པ་དེ་ནི་གཙོ་བོར་དོན་གྱི་བྱེ་བྲག་དམིགས་སུ་མི་འཛིན་པར་སྤྱི་ལ་ཁྱབ་པའི་དོན་ཅན་གྱི་སྒྲ་ཉིད་དུ་འགྱུར་རོ། །ཞེས་སོ། །དེའང་དཔེར་ན། གང་ཞིག་རྟག་ཏུ་སྙིང་པོའ་ིདོན་བསམས་པས། །གང་ཡང་དམན་པར་འགྱུར་བའི་གནས་དེ་ཅི། །ཞེས་པ་ལྟ་བུ་སྤྱི་སྒྲ་དངོས་དང་། གང་ཞིག་བསྟེན་ན་ཡོན་ཏན་ཀུན། །འདོད་དགུར་སྦྱིན་པ་ཁོ་བོའ་ིརྗེ། །ཞེས་པ་ལྟ་བུ་བྱེ་བྲག་ལ་འཇུག་པའི་སྤྱིའི་སྒྲ་དང་། འདིའི་གཏན་ཚིགས་གང་། ཁྱོད་ཀྱི་ལྷ་གང་ཡིན། གང་བྱེད། ལྟ་བུ་སྤྱི་སྒྲ་འདྲི་བའི་དོན་དུ་སྦྱོར་བ་སོགས་སྐབས་ཐོབ་ཀྱི་སྒོ་ནས་ཤེས་པར་བྱ་ཞིང་། འདིར་མིང་ཐོག་ཏུ་སྦྱར་བ་གསུངས་པའང་གཙོ་ཆེ་བའི་དོན་ལ་དགོངས་ཀྱི་མིང་མཐར་མི་འཇུག་པ་ནི་མ་ཡིན་ཏེ། སྔོན་དུ་དྲི་བའི་དཔེར་བརྗོད་ལ་སོང་བ་ལྟར་དང་དེ་འདྲར་མ་ཟད། དེ་ཐོབ་བྱ་ཕྱིར་གང་དང་བསྟན་བཅོས་གང་། །ཞེས་སོགས་མང་དུ་འབྱུང་བ་ལྟར་རོ། །འདི་ནས་མ་བསྟན་ཀྱང་ཅི་དང་ཇི་དང་སུའི་སྒྲ་རྣམས་གང་དང་སྐབས་ཕལ་ཆེར་ལ་འཇུག་པ་མཚུངས་པ་ཡིན་ཏེ། དེ་དག་ཐམས་ཅད་གང་ཅིའང་རུང་། །ཇི་ལྟར་སུ་དག་འགྲོ་བ་རྣམས། །ལྟ་བུའི་ཅི་སོགས་སྤྱི་སྒྲ་ལ་འཇུག་པ་དངོས་དང་། ཅི་ཞིག་བསམས་པ་དེ་གྲུབ་ནས། །ཇི་ལྟར་བདེ་བ་དེ་ལྟ་བར། །སྐལ་བཟང་སུ་ཡིན་དེ་འགྲོ་འགྱུར། །ཞེས་པ་ལྟ་བུ་བྱེ་བྲག་ལ་འཇུག་པའི་སྤྱི་སྒྲ་དང་། དངོས་པོ་དེ་ཅི་ཇི་ཙམ་ཞིག། བདག་པོ་ཁྱོད་སུ་ལེགས་པར་སྨོས། །ལྟ་བུ་དྲི་བ་ལ་འཇུག་པ་རྣམས་སོ། །ཅི་ལ་སོགས་པ་དེ་རྣམས་རྣམ་པ་ཐམས་ཅད་གང་དང་འཇུག་པ་མཚུངས་པའང་མ་ཡིན་ཏེ་སུའི་སྒྲ་གང་ཟག་ཁོ་ན་ལ་སྦྱོར་གྱི་བེམ་པོ་སོགས་དངོས་པོ་གཞན་ལ་མི་འཇུག་པ་དང་། ཇི་སྙེད་དང།ཇི་སྲིད་ལྟ་བུ་ལ་གང་སྒྲ་མི་འཇུག་པ་དང་། ཅིས་ཀྱང་ལྟ་བུ་ལའང་གང་དང་ཇིའི་སྒྲ་མི་འཇུག་པ་སོགས་འཇིག་རྟེན་པའི་ཉེར་སྤྱོད་དང་བསྟུན་ནས་སྐབས་ཐོབ་ཀྱིས་ཤེས་པར་བྱའོ། །བདག་སྒྲའི་འཇུག་ཚུལ་བཤད་པ།ལྔ་པ་བདག་སྒྲ་བཤད་པ་ལ། དངོས་དང་། མཐའ་དཔྱད་དོ། །དང་པོ་ནི།གང་མིང་གི་ནི་མ་མཐའ་ན། །པུ་ལིངྒ་ཡི་སྒྲ་མེད་པ། །དེ་ལ་པུ་ལིངྒ་སྦྱར་ན། །བདག་པོའ་ིསར་ནི་ཤེས་པར་བྱ། །ཞེས་པ་སྟེ། གང་ཡང་རུང་བའི་མིང་གི་མ་མཐའ་རྣམས་སུ་པུ་ལིངྒ་སྟེ་སྐྱེས་བུའི་རྟགས་མཚོན་པར་བྱེད་པའི་སྒྲ་སྔར་མེད་པ་ཞིག་ཡིན་ན། དེ་ལ་པུ་ལིངྒའི་སྒྲ་སྦྱར་བར་བྱས་པས་དེའི་བདག་པོའ་ིདོན་གསལ་བར་ནུས་པའི་ཕྱིར་བདག་པོའ་ིསར་ཤེས་པར་བྱའོ། །ཞེས་སོ། །དེ་ལ་པུ་ལིངྒའི་སྒྲ་ནི་བདག་པོའ་ིདོན་སྟོན་པར་བྱེད་པའི་པ་དང་པོའ་ིསྒྲ་གཉིས་ཡིན་ཏེ། དེ་དག་སྔར་མེད་པ་ལ་གསར་དུ་སྦྱར་བས། རྟ་པ། གསེར་པ། ཁ་ལོ་པ། ཕྲིན་ལས་པ། བྱེད་པོ། ལེན་པོ། གཏོང་བ་པོ་སོགས་སོ་སོའ་ིབདག་པོ་གོ་བར་བྱེད་པ་རྣམས་སོ། །དེ་བཞིན་དུ། ཡོད་པ་པ། མེད་པ་པ། བྱེད་པ་པོ། ཤེས་པ་པོ།ལྟ་བུ་རྣམས་ཀྱང་སྔོན་ནས་ཡོད་པའི་སྒྲ་རྣམས་བདག་པོའ་ིདོན་མི་སྟོན་པའི་ཕྱིར་པུ་ལིངྒའི་སྒྲ་མིན་པས་སླར་པུ་ལིངྒའི་སྒྲ་སྦྱར་ཏེ་བདག་པོའ་ིདོན་ཅན་དུ་སོང་བ་ཡིན་ནོ། །བདག་པོ་ཞེས་པའང་། རྟ་དང་གསེར་སོགས་དང་བྱེད་པ་དང་ཤེས་པ་སོགས་གང་ལ་ཡོད་པའི་གང་ཟག་དེར་ཤེས་དགོས་ཏེ། བེམ་པོ་སོགས་ལ་བདག་པོའ་ིཐ་སྙད་མི་འཇུག་པའི་ཕྱིར་རོ། །འདིར་པུ་ལིངྒ་དང་སྟྲཱི་ལིངྒ་ཞེས་པའི་དོན་ཀྱང་བོད་ཡུལ་དུ་གྲགས་པའི་ཐ་སྙད་ལ་བྱེད་པ་པོ། འབྱིན་པ་པོ། ཞི་བ་པ། ལྷ་པ། ཆོས་པ། ལྟ་བུའི་པ་དང་པོའ་ིསྒྲས་སྐྱེས་པར་མཚོན་ཞིང་དེ་ལས་ལྡོག་སྟེ། བྱེད་པ་མོ། འབྱིན་པ་མོ།ཞི་བ་མ། ལྷ་མ། ཆོས་མ་ལྟ་བུའི་མ་དང་མོའ་ིསྒྲས་བུད་མེད་དུ་མཚོན་པར་བྱེད་པའི་རྒྱུ་མཚན་གྱིས་སྒྲ་དེ་དང་དེ་དག་ལ་སྐྱེས་པའི་རྟགས་དང་བུད་མེད་ཀྱི་རྟགས་ཀྱི་མིང་གིས་བསྟན་པར་ཤེས་པར་བྱའོ། །དེའི་མཐའ་དཔྱད་པ།གཉིས་པ་ནི།སྐབས་འདིར་འགྲེལ་བྱེད་ཁ་ཅིག་གིས། བ། ཅན། ལྡན་རྣམས་ཀྱང་པུ་ལིངྒའི་སྒྲར་འདོད་པར་སྣང་བ་འཐད་པར་མ་མཐོང་སྟེ། དེ་དག་ལ་བཤད་མ་ཐག་པ་ལྟར་གྱི་པུ་ལིངྒའི་སྒྲ་འཇུག་པའི་རྒྱུ་མཚན་མེད་པའི་ཕྱིར་དང་། ཅན་དང་ལྡན་གྱི་སྒྲ་གཉིས་གང་ཞིག་གང་ལ་ཡོད་པ་སྟོན་པའི་ཆ་ནས་བདག་སྒྲ་དང་མཚུངས་པ་ཡོད་ཀྱང་དེ་དག་བེམ་པོ་ལའང་འཇུག་པས་བདག་སྒྲར་མ་ངེས་པའི་ཕྱིར་དང་། བ་ཡིན་ནི་པུ་ལིངྒའི་སྒྲ་དངོས་སུ་འགྱུར་བ་ལྟ་ཅི་སྨོས།སྤྱིར་བདག་པོ་སྟོན་བྱེད་ཙམ་དུའང་མི་འཇུག་པའི་ཕྱིར་རོ། །ཕྱི་མ་གྲུབ་སྟེ།བ་ཡིག་བདག་སྒྲར་འཇུག་པའི་དཔེར་བརྗོད་དུ། འཁོར་ལོས་སྒྱུར་བ། ལྷ་ས་བ། སེ་ར་བ། ལྟ་བུ་དུ་མ་བཀོད་པ་རྣམས་ཀྱང་མི་འཐད་ཅིང་འཐད་ལྡན་གྱི་དཔེར་བརྗོད་གཞན་ཡང་དགོད་རྒྱུ་མེད་པའི་ཕྱིར་ཏེ། འཁོར་ལོས་སྒྱུར་བ།ལྟ་བུའི་བ་ཡིག་གིས་བདག་པོ་མཚོན་པ་ལྟར་སྣང་ཡང་དེ་འདྲ་ནི་འཁོར་ལོས་སྒྱུར་བ་པོ་ཞེས་པའི་པོ་སྒྲ་བསྡུས་པའི་རྗེས་ཙམ་ཡིན་པས་པོ་ཡིག་དངོས་སུ་མེད་ཀྱང་མིང་སྤྱིའི་ཁོག་ནས་བདག་པོའ་ིདོན་གསལ་བ་ཡིན་གྱི་བ་ཡིག་ཁོ་ནའི་ནུས་པ་མ་ཡིན་པ། བ་ཡིག་མེད་པའི། འཁོར་སྒྱུར། ལྟ་བུས་ཀྱང་བདག་པོ་གོ་ནུས་པ་སོགས་ཀྱིས་མཚོན་ལ། ལྷ་ས་བ། སེ་ར་བ། ལྟ་བུ་རྣམས་ནི་གྲོང་པའི་སྐད་ཕལ་པ་ཙམ་དུ་ཟད་པས་དཔེར་མི་འོས་ཏེ། དེ་འདར་ལ་ཡིད་བརྟན་འཆའ་ན་ནོར་བ་མང་པོའང་ཁས་ལེན་དགོས་པར་འགྱུར་ཞིང་། དེ་དག་དག་པར་འདོན་ན། ལྷ་ས་པ། སེ་ར་པ། ལྟ་བུར་བརྗོད་རིགས་པའི་ཕྱིར་རོ། །ཡང་རྗེས་འཇུག་འ་ཡིག་མོར་འདོད་པ་རྣམས་ཀྱིས་དེ་འདྲ་དེ་རྟགས་མཚུངས་འདྲེན་ཚུལ་དུ་བསམས་པ་ཡོད་སྲིད་ཀྱང་། བདག་སྒྲ་འདི་རྗེས་འཇུག་གི་ཁྱད་པར་ལ་མི་ལྟོས་པའི་ཕྲད་རང་དབང་ཅན་ཡིན་པས་དེ་འདྲར་མི་འགྱུར་བར་མ་ཟད། རྟ་པ། གྲྭ་པ། ཡོད་པ་པ། ཞི་བ་པ། ལ་སོགས་པ་སྦྱོར་ཚུལ་མ་ལོག་པའི་དཔེར་བརྗོད་རྣམས་ལ་བརྟགས་པས་ཀྱང་འཁྲུལ་བ་སེལ་བར་འགྱུར་རོ། །ཡང་འགའ་ཞིག་གིས། པ་བ་ཅན་རྣམས་འཇུག་པ་མཚུངས་པའི་སྒྲུབ་བྱེད་དུ། པ་བ་ཅན་ནི་བདག་པོའམ། །ལྡན་པའི་དོན་དུ་སྦྱར་བར་བྱ། །ཞེས་སྨྲ་སྒོའ་ིལུང་འདྲེན་མོད། དེའི་དཔེ་དག་པ་རྣམས་སུ། པའམ་ཅན་ནི་བདག་པོའམ། །ཞེས་འབྱུང་ཞིང་འགྲེལ་པར་ཡང་གསེར་པ་དང་གསེར་ཅན་ཞེས་དཔེར་བརྗོད་པ་ལས་བ་ཡིག་གི་དཔེར་བརྗོད་མ་བྱུང་བ་མ་ཟད་གཞུང་གི་དེ་མ་ཐག་ཏུ།བ་ནི་སྤྱི་རུ་བཞག་པ་སྟེ། །ཡུལ་དུས་ངེས་པར་མ་བཟུང་བའོ། །ཟ་བ་བཟའ་དང་ཟ་པོ་བཞིན། །མ་ནིང་དག་ཏུ་གཞག་པར་བྱ། །ཞེས་ཟ་བ་ལྟ་བུའི་བ་ཡིག་དེ་བྱ་བྱེད་བདག་གཞན་དུས་གསུམ་གང་ལའང་བྱེ་བྲག་ཏུ་མི་འཇུག་པར་བཤད་པས། ཁྱེད་རང་གིས་དཔེ་མ་དག་པ་ཞིག་མཐོང་བའང་བཀླགས་ཉེས་པའམ་རང་འདོད་ཀྱིས་བཅོས་པར་བས་ཀྱི། ལུང་དེ་ནི་ཁྱེད་ཀྱི་འདོད་པ་དེའི་གནོད་བྱེད་ཡང་དག་ཏུ་ཡོད་དོ། །ཡང་འགའ་ཞིག་གིས། ཇ་མ་ཆང་ལ་སོགས་མ་ཡིག་པུ་ལིངྒར་འགྱུར་བ་ཡོད་ཅེས་ཟེར་བ་ཐོས་ཀྱང་། གཞུང་དོན་ལ་ཅུང་ཟད་ཀྱང་མ་དཔྱད་པའི་རྟགས་སུ་ཟད་དེ། དེ་འདྲ་དེས་བདག་པོའ་ིདོན་བསྟན་དུ་ཆུག་ཀྱང་པུ་ལིངྒའི་ཟློག་ཕྱོགས་སྟྲཱི་ལིངྒའི་སྒྲ་ཡིན་པའི་ཕྱིར་རོ། །དགག་སྒྲ་བཤད་པ་དངོས།དྲུག་པ་དགག་སྒྲ་བཤད་པ་ལ། དངོས་དང་། མཐའ་དཔྱད་གཉིས། དང་པོ་ནི།གང་མིང་བརྗོད་པའི་ཡ་མཐའ་ན། །སྟྲཱི་ལིངྒ་ཡི་སྒྲ་མེད་པ། །དེ་ལ་སྟྲཱི་ལིངྒ་སྦྱར་ན། །དགག་པའི་གནས་སུ་ཤེས་པར་བྱ། །ཞེས་པ་སྟེ། གང་ཡང་རུང་བའི་མིང་བརྗོད་པའི་ཡ་མཐའ་སྟེ་ཐོག་མར་སྟྲཱི་ལིངྒ་སྟེ། མོ་རྟོགས་ཀྱི་སྒྲ་མེད་པ་རྣམས་ལ་སྟྲཱི་ལིངྒའི་སྒྲ་སྦྱར་བ་བྱས་པ་ན་སྦྱོར་ཡུལ་གྱི་དོན་དེ་མ་ཡིན་པའམ་མེད་པར་སྟོན་པའི་ཕྱིར་དགག་པའི་གནས་སུ་ཤེས་པར་བྱའོ། །ཞེས་སོ། །དེ་ལ་སྟྲཱི་ལིངྒའི་སྒྲ་དངོས་ནི། མ་དང་མོ་གཉིས་ཁོ་ན་ཡིན་པ་གོང་སྨོས་ལྟར་ལས་མོ་ཡིག་དགག་སྒྲ་ལ་མི་འཇུག་པས་འདིར་མ་ཡིག་ཉིད་གཟུང་བར་བྱ་ཞིང་། དེ་དང་འབྲེལ་བའི་མི་ཡིག་ཀྱང་ཞར་གྱིས་ཐོབ་པས་དེ་དག་དགག་སྒྲར་སྦྱོར་ཚེ་དགག་བྱའི་མིང་ཐོག་ཁོ་ནར་ངེས་པ། དཔེར་ན། མ་ཡིན། མ་ལུས། མ་ཤེས། མ་མཐོང་། མ་ངལ། མ་བྱེད།མ་སྟོན། མི་རིགས། མི་འགྱུར། མི་རྟག། མི་འགལ། མི་བྱ། ལ་སོགས་པ་ལྟ་བུའོ། །དེའི་མཐའ་དཔྱད་པ།གཉིས་པ་ནི།སྐབས་འདིར་འགྲེལ་བྱེད་ཕལ་ཆེར་གྱིས་འདིར་བསྟན་མོ་རྟགས་ཀྱི་དགག་སྒྲ་མིང་མཐར་ཡང་འཇུག་པ་ཡོད་པར་འདོད་ཅིང་། དེའི་དཔེར་བརྗོད་དུ། གཟུགས་མེད། སྒྲ་མེད། ཡོད་མིན། མེད་མིན། སྒྲ་མ་ཡིན་སོགས་བཀོད་པ་དང་། ལ་ལས། བུམ་པས་སྟོང་བ། བུམ་པས་དག་པ། ལྟ་བུའང་འདིའི་དཔེར་བརྗོད་དུ་བྱས་སྣང་བ་བློ་གྲོས་རྩིང་པོར་གྱུར་པའི་སྐྱོན་དུ་ངེས་ཏེ།མེད་དང་མིན་དག་ནི་མ་ཡིག་དང་འབྲེལ་བའི་དགག་སྒྲར་གྱུར་པ་དང་དོན་དང་ལྡན་པའི་ཕྲད་ཀྱང་ཡིན་པས་རྟགས་འཇུག་གི་སྐབས་སུ་འཆད་འགྱུར་ལྟར་སྟྲཱི་ལིངྒའི་སྒྲའི་ཆ་ཤས་སུ་གཏོགས་མོད་ཀྱི་འདི་དག་མིང་གི་ཐོག་མར་མི་འཇུག་པས་སྐབས་འདིའི་བསྟན་བྱ་མ་ཡིན་པ་དང་། མ་ཡིན་ཞེས་པ་ནི་དགག་བྱ་ཡིན་ཞེས་པའི་མིང་དེའི་སྔོན་དུ་འགོག་བྱེད་མོ་རྟགས་སྦྱར་བ་ཡིན་པས་ཁོ་རང་གི་ཞེན་དོན་གྱི་དཔེར་མི་རུང་བ་དང་། སྟོང་པ་དང་དག་པ་སོགས་ཀྱང་ཕྲད་མོ་རྟགས་གཉིས་ཀ་མིན་པའི་ཕྱིར་ཏེ། དགག་པའི་དོན་ཅན་གྱི་སྒྲ་ཡོད་ཚད་གཏི་ཐུག་རིགས་འགྲེས་ཀྱིས་འདིར་བསྡུ་བར་རློམ་པ་གཞུང་དོན་ལ་ཤིན་ཏུ་མ་ཞུགས་པར་འདུག་པའི་ཕྱིར་རོ། །འདི་སྐབས་ཕྲད་ཁོ་ན་མ་ཡིན་པར་མིང་གི་འཇུག་པ་གཞན་བསྟན་པས་ཅི་ཞིག་ཉེས་ཤེ་ན། སྤྱིར་མིང་གི་འཇུག་པ་སྟོན་པ་ནི་མངོན་བརྗོད་ཀྱི་བསྟན་བཅོས་སོགས་སུ་གཙོ་བོར་ཡིན་ཞིང་། བརྡ་དག་གི་བསྟན་བཅོས་རྣམས་སུ་ནི་མིང་ཚིག་དེ་དག་གི་ཡི་གེའི་སྦྱོར་ཚུལ་ཕྲད་དང་རྣམ་དབྱེ་ལ་སོགས་པ་གཙོ་བོར་འབྱུང་བ་ཤེས་དགོས་ལ། ཁྱད་པར་གཞུང་འདིར་ནི་ཕྲད་དང་རྣམ་དབྱེ་ཁོ་ན་བསྟན་པ་མངོན་སུམ་གྱིས་གྲུབ་བཞིན་དུ་དེའི་སྐབས་དོན་དང་མི་མཐུན་པའི་མིང་དོན་ལྷག་པོ་ཁ་ཤས་བསྣན་ནས་དགོས་མེད་ཀྱི་བཤད་ཡམ་བྱེད་པ་ནི་རིགས་པར་སྨྲ་བའི་མཁས་པ་རྣམས་ཀྱི་མདུན་སར་མཛེས་པ་མ་ཡིན་ནོ། །གཞན་ཡང་སྨྲ་སྒོ་རྩ་འགྲེལ་དུ་འདིར་མ་བསྟན་པའི་ཕྲད་སོགས་མང་དུ་བཤད་ཅིང་ཕལ་ཆེར་ལེགས་བཤད་དུའང་ཡོད་ལ་སྐྱོན་དུ་མངོན་པའང་དུ་མ་མཐོང་མོད། འདིར་ནི་ཡི་གེ་མང་བའི་འཇིགས་པས་སྤྲོ་བར་མི་བྱ་ཞིང་བློ་ལྡན་རྣམས་ཀྱིས་ཤེས་པར་འདོད་ན་དེ་ཉིད་དུ་རྟོགས་ཤིག།གདམས་ངག་བརྗོད་པས་མཇུག་བསྡུ་བ།གཉིས་པ་གདམས་ངག་བརྗོད་པས་མཇུག་བསྡུ་བ་ལ་བཞི་སྟེ། ཚིགས་བཅད་འགྲོལ་ཚུལ་ལ་འདོམས་པ། ཉན་པ་པོ་སྤྲོ་བསྲིང་བའི་སྒོ་ནས་འདོམས་པ། བསླབ་ཚུལ་གྱི་གོ་རིམ་ལ་འདོམས་པ། གདམས་ངག་སྣོད་རུང་ལ་བསྟན་དགོས་པར་འདོམས་པའོ། །དང་པོ་ནི།ཚིགས་བཅད་འགྲོལ་ཚུལ་ལ་འདོམས་པ།ཚིགས་སུ་བཅད་པའི་མཚམས་སྦྱོར་རྣམས། །ཅུང་ཟད་བསྡུས་པ་ཡོད་ན་ཡང་། །དེ་ནི་དེ་བཞིན་སྦྱར་བར་བྱ། །ཞེས་པ་སྟེ། དེའང་བདེ་བར་གཤེགས་པའི་བཀའ་དང་བཀའི་དགོངས་འགྲེལ་གྱི་བསྟན་བཅོས་དེ་དག་དང་རྗེས་སུ་འབྲེལ་བའི་རིག་གནས་ཐུན་མོང་བའི་བསྟན་བཅོས་རྣམས་ལ་ཚིགས་སུ་བཅད་པ་ཡང་དག་པར་སྦྱར་བ་ཡོད་ན་ལྟ་ཅི་སྨོས། ཅུང་ཟད་བསྡུས་པར་གྱུར་པ་ཡོད་ནའང་། དེ་ནི་འདིར་སྔོན་དུ་བསྟན་པའི་སླར་བསྡུ་ལ་སོགས་པ་ཇི་སྐད་བཤད་པ་དེ་བཞིན་དུ་བསྣན་ཅིང་སྦྱར་ཏེ་བཤད་པས་དོན་ཁོང་དུ་ཆུད་པར་བྱ་སྟེ། དཔེར་ན། ཟག་བཅས་ཟག་པ་མེད་ཆོས་རྣམས། །ཞེས་པ་ལྟ་བུར་ཟག་པ་དང་བཅས་པའི་ཆོས་རྣམས་དང་ཟག་པ་མེད་པའི་ཆོས་རྣམས་ཞེས་སྡུད་པའི་སྒྲ་དང་འབྲེལ་སྒྲ་སོགས་བསྣན་ནས་དོན་རང་གིས་བསམ་པ་དང་གཞན་ལ་འཆད་དགོས་པ་བཞིན་ནོ། །དེའང་ཚིགས་བཅད་ལ་ཚིག་སྡུད་མང་བའི་རྒྱུ་མཚན་གྱིས་གཙོ་བོར་གསུངས་པ་ལས་ཚིག་ལྷུག་པར་ཡང་ཕྲད་སོགས་མཚམས་སྦྱོར་བསྡུས་པ་རྣམས་ལ་འདི་ལྟར་སྦྱར་ཏེ་ཤེས་པར་བྱ་བ་ཉིད་དོ། །གཉིས་པ་ལ། རྗེས་འཇུག་མེད་མི་རུང་དུ་བསྟན་པ། རྗེས་འཇུག་ཤེས་པའི་དགོས་པ་བསྟན་པ། དེ་དོན་ལ་དབབ་པའི་ཚུལ་བསྟན་པའོ། །དང་པོ་ནི།རྗེས་འཇུག་མེད་མི་རུང་དུ་བསྟན་པ།སྔོན་འཇུག་ཡོད་དམ་མེད་ཀྱང་རུང་། །མིང་གཞིའི་ཡི་གེ་གང་ཡིན་ལ། །གཉིས་འབྲེལ་ཡོད་དམ་གསུམ་འབྲེལ་ཡོད། །ཨཱ་ལི་བཞི་ལས་གང་ལྡན་ཡང་། །རྗེས་འཇུག་བཅུ་པོ་མ་ཞུགས་ན། །མིང་གཞན་སྦྱོར་བ་ཡོད་མི་སྲིད། །ཅེས་པ་སྟེ། མིང་ཚིག་གི་སྦྱོར་བ་རྣམས་ལ་གོང་དུ་བཤད་པའི་སྔོན་འཇུག་གི་ཡི་གེ་རྣམས་སྔོན་དུ་ཞུགས་པ་ཡོད་དམ་མེད་ཀྱང་རུང་སྟེ།བསྒྲུབས། སྒྲུབ། ལྟ་བུ་ཅི་རིགས་པར་སྣང་ཞིང་འཕུལ་རྟེན་གྱི་འཇུག་ཡུལ་མིང་གཞིའི་ཡི་གེ་རྣམས་ནི། ལྔ། ལྷ། ལྟ་བུ་གཉིས་འབྲེལ་ཡོད་དམ། སྒྲ། རྒྱ། ལྟ་བུ་གསུམ་འབྲེལ་ཡོད་དམ། དེ་དག་ལ་ཨཱ་ལི་བཞི་ལས་གང་ཡང་རུང་བ་ལྡན་པ། ལྷུ། སྒྲོ། ལྟ་བུ་རྣམས་ལའང་རྗེས་འཇུག་བཅུ་པོ་གང་ཡང་རུང་བ་ཞིག་མ་ཞུགས་ན་ཡི་གེའི་གཟུགས་དེ་ཉིད་ལས་མིང་དོན་གཞན་ལ་འཇུག་ཅིང་སྦྱོར་བ་ནི་ཚུལ་འདི་ལ་ནམ་ཡང་སྲིད་པ་མ་ཡིན་ནོ། །ཞེས་སོ། །དེས་ན་དཔེར་སྨོས་པ་དེ་དག་ལ་རིམ་པ་བཞིན་རྗེས་འཇུག་སྦྱར་བས། ལྡན། ལྷའ། སྒྲའ།རྒྱན། ལྷུན། སྒྲོན། ལྟ་བུ་སོ་སོར་དོན་དང་བཅས་པར་འགྱུར་བ་སྟེ། སྒྲ་སྒྱུར་ཕྱི་མ་རྣམས་ཀྱིས་སྐད་གསར་བཅད་ཀྱི་ཚེ། དཔའ། འདའ། དགའ། སོགས་དགོས་དབང་གིས་དམིགས་གསལ་ཁ་ཤས་མ་གཏོགས་འ་མཐའ་ཕལ་ཆེར་ཟོར་ཡང་བའི་ཆེད་དུ་བསྡུ་བར་མཛད་པས་དེང་སང་དངོས་སུ་མེད་ནའང་རྣམ་དབྱེ་དང་ཕྲད་ཀྱི་སྐབས་སུ་དོན་གྱིས་ཐོབ་པ་དེ་གསལ་བར་མཚོན་པ་གོང་བཤད་ལྟར་རོ། །འདི་སྐབས་འགྲེལ་བྱེད་སྔ་མ་འགའ་ཞིག་གིས། རྗེས་འཇུག་གང་རུང་མ་ཞུགས་པའི་མིང་གི་སྦྱོར་བ་ཡོད་པར་འདོད་པ་སོགས། འཁྱོག་བཤད་མང་དུ་བྱས་པ་མཐོང་མོད་ཀྱི་སླད་ནས་དཔྱོད་ལྡན་ཁ་ཅིག་གིས་སུན་འབྱིན་པར་མཛད་འདུག་པས་དགག་པ་མ་སྤྲོས་སོ། །གཉིས་པ་ནི།རྗེས་འཇུག་ཤེས་པའི་དགོས་པ་བསྟན་པ།རྗེས་འཇུག་བཅུ་ཡི་དོན་ཤེས་ན། །འབྲི་དང་ཀློག་དང་བཤད་རྣམས་ཀྱི། །མཚམས་སྦྱོར་སྒྲ་ལ་ཐོགས་མེད་ཅིང་། །འབྲེལ་བ་སྨྲ་བའི་མཆོག་ཏུ་འགྱུར། །གཞན་ཡང་རྗེས་འཇུག་ཤེས་པ་ཡིས། །དོན་གྱི་སྦྱོར་བ་མ་མཐོང་ཡང་། །དོན་དང་མཐུན་པའི་སྦྱོར་བ་ཤེས། །ཞེས་པ་སྟེ། དེ་ལྟར་རྗེས་འཇུག་གི་ཡི་གེ་བཅུའི་བྱ་བ་དང་གཙོ་བོར་འབྲེལ་བའི་ཕྲད་དང་རྣམ་དབྱེ་ལ་སོགས་པའི་སྒྲ་དོན་གྱི་འཇུག་ཚུལ་ལེགས་པར་ཤེས་ན། མདོ་རྒྱུད་བསྟན་བཅོས་རྣམས་ཡི་གེར་འབྲི་བ་དང་ཡི་གེར་བྲིས་ཟིན་པ་རྣམས་བརྗོད་པ་དག་པར་ཀློག་པ་དང། ཚིག་དོན་རྒྱ་ཆེར་བཀྲོལ་ནས་བཤད་པ་བྱེད་པ་དང་། དེར་མ་ཟད། བསྟན་བཅོས་སོགས་རྩོམ་པ་དང་། གཞན་གྱི་རྒོལ་བ་ཚར་གཅོད་པའི་ཕྱིར་རྩོད་པ་བྱེད་པ་ལ་སོགས་པའི་ཚེ་ཚིག་དོན་སྔ་ཕྱི་མཚམས་སྦྱོར་བའི་སྒྲ་དོན་རྣམས་ལ་བློ་གྲོས་ཀྱི་སྣང་བ་འཇུག་པར་ཐོགས་པ་མེད་ཅིང་ཚིག་དང་དོན་སྔ་ཕྱི་གོ་ལོག་པ་དང་། མི་འབྲེལ་བ་དང་། འགལ་བ་ལ་སོགས་པའི་སྐྱོན་མེད་པར་འཐད་པ་དང་ལྡན་ཞིང་འབྲེལ་ཆགས་པ་ཁོ་ན་སྨྲ་བའི་མཆོག་ཏུ་འགྱུར་བ་དང་། གཞན་ཡང་རྗེས་འཇུག་གི་དོན་ཚུལ་བཞིན་ཤེས་པ་དེས། ཡི་གེར་བྲིས་པ་མཐོང་བའམ་གཞན་གྱིས་ལེགས་པར་སྨྲས་པ་ཐོས་ཀྱང་རུང་རང་ཉིད་ཀྱིས་དེའི་དོན་གྱི་སྦྱོར་བ་སྔར་མ་མཐོང་བ་སྟེ་སྤྱོད་ཡུལ་དུ་མ་གྱུར་པ་ཞིག་ཡིན་ནའང་བརྗོད་པ་དེའི་ཕྲད་སོགས་ཀྱི་ནུས་པས་དོན་དང་མཐུན་པའི་སྦྱོར་བ་གང་ཡང་རྗེས་སུ་དཔག་སྟེ་ཤེས་པར་ནུས་པ་ཡིན་ནོ། །ཡང་ན་ཚིག་རྐང་ཕྱི་མ་གཉིས་ཀྱི་དོན། བསྟན་བཅོས་ལ་སོགས་པའི་དོན་རྣམ་པར་འབྱེད་པའི་སྦྱོར་བ་སྟེ། དེའི་འགྲེལ་བཤད་སོགས་སྔོན་ཆད་མ་མཐོང་ཡང་འགྲེལ་བཤད་སོགས་ཀྱི་དོན་དང་མཐུན་པའི་ཚིག་གི་སྦྱོར་བ་ཤེས་པར་འགྱུར་རོ། །ཞེས་པའོ། །གསུམ་པ་ནི།དེ་དོན་ལ་དབབ་པའི་ཚུལ་བསྟན་པ།རྗེས་འཇུག་སྦྱོར་བ་མཁས་པ་ན། །ལུང་གི་དོན་དང་སྦྱོར་བ་དང་། །བླ་མའི་མན་ངག་གསུམ་སྦྱར་ནས། །དོན་གྱི་ཐོག་ཏུ་དབབ་པར་བྱ། །ཞེས་པ་སྟེ། རྗེས་འཇུག་གི་སྦྱོར་བ་རྣམས་ལ་མཁས་པར་གྱུར་པའི་གང་ཟག་གིས་རང་ཉིད་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཤེས་བྱ་རིག་པའི་གནས་གང་དང་གང་ལ་འཇུག་ཅིང་ཤེས་པར་འདོད་པ་ན་དེ་དང་དེའི་རང་རང་གི་ཁུངས་སུ་ཆེ་བའི་ལུང་ཐུན་མོང་བར་དྲང་སྲོང་དང་པཎྚིཏས་བྱས་པའི་བསྟན་བཅོས་དང་། ཐུན་མོང་མིན་པར་བཅོམ་ལྡན་འདས་ཀྱི་གསུང་རབ་དང་། དེའི་དགོངས་འགྲེལ་ཚད་ལྡན་རྣམས་ལས་འབྱུང་བ་དག་གི་དོན་དང་སྐབས་སུ་ཇི་ལྟར་འཚམ་པར་སྦྱོར་བར་བྱེད་པ་དང་། བསླབ་པར་བྱ་བ་གང་ཡིན་པ་དེ་ལ་མཁས་ཤིང་དོན་ཚུལ་བཞིན་དུ་འདོམས་པའི་བླ་མའི་མན་ངག་དག་ཀྱང་མཉན་ནས་རྗེས་འཇུག་གི་སྦྱོར་བ། ལུང་དོན། བླ་མའི་མན་ངག་གསུམ་ཕྱོགས་གཅིག་ཏུ་སྦྱར་ཏེ་ཤེས་པར་འདོད་པའི་དོན་དེའི་སྟེང་དུ་དབབ་པས་བདེ་བླག་ཏུ་རྟོགས་པར་འགྱུར་བ་དེ་ལྟར་བྱའོ། །ཞེས་སོ། །དེའང་ངག་དོན་རྟོགས་པར་སླ་བ་རྣམས་ནི་འཕྲད་ལ་སོགས་པའི་དོན་ཤེས་པས་ཀྱང་འགྲོལ་བར་ནུས་ལ། རྟོགས་པར་དཀའ་ཞིང་འཁྲུལ་གཞི་དང་བཅས་པ་རྣམས་ལ་ནི་དེར་མ་ཟད་ལུང་དོན་ཀྱང་སྦྱོར་དགོས་པ་དང་། ལུང་གི་དོན་ཀྱང་ཟབ་ཅིང་རྒྱ་ཆེ་བ་དག་འཁྲུལ་མེད་དུ་ཤེས་པ་བླ་མའམ་སློབ་དཔོན་ལ་རག་ལས་པའི་ཕྱིར་དེ་ལྟར་གསུངས་ཀྱི། ཚིག་སྦྱོར་ཕྲ་མོ་རེའི་དོན་ལའང་དེ་གསུམ་ག་ངེས་པར་ཚོགས་དགོས་པའི་དོན་ནི་མ་ཡིན་ནོ། །འདི་སྐབས་ཁ་ཅིག་གིས།དོན་གྱི་ཐོག་ཏུ་ཞེས་པའི་དོན་དེ་སྙིང་པོའ་ིདོན་ཉམས་ལེན་ཁོ་ནར་བཤད་པ་ནི་ཁྱབ་ཆུང་ངོ་། །བསླབ་ཚུལ་གྱི་གོ་རིམ་ལ་འདོམས་པ།གསུམ་པ་བསླབ་ཚུལ་གྱི་གོ་རིམ་ལ་འདོམས་པ་ནི།བསླབ་ལ་བརྩོན་པའི་གང་ཟག་གིས། །དང་པོར་ང་རོ་རྣམས་ལ་སྦྱང་། །སྔོན་འཇུག་མིང་གཞི་རྗེས་འཇུག་གསུམ། །ཀློག་གི་ཆེད་དུ་བསླབ་པ་ཡིན། །རྗེས་འཇུག་བཞི་ཡི་སྦྱོར་བ་ནི། །མཉན་བསམ་བསྟན་པའི་དོན་དུ་སྦྱར། །ཡན་ལག་དེ་དག་མཐུ་ཡིས་ནི། །འབྲས་བུའི་ཆེད་དུ་དོན་ལ་དབབ། །བསླབ་པའི་རིམ་པ་འདི་ཡིས་ནི། །གང་ཞིག་འབད་པ་ཆུང་ངུས་ཀྱང་། །ཤེས་རབ་མྱུར་དུ་གྲོལ་བར་འགྱུར། །དེ་ཕྱིར་དང་པོར་འདི་ཉིད་བསླབ། །དེ་ནས་རྒྱས་པའང་མཉན་བྱས་ཏེ། །བསླབ་པ་གང་ལ་དད་པ་ཡི། །གཞུང་ཉིད་བླ་མ་དག་ལས་མཉན། །ཞེས་པས་བསྟན་ཏེ། རིག་པའི་ཚུལ་གང་ཞིག་བསླབ་པར་བྱ་བ་ལ་བརྩོན་པས་འཇུག་པར་བྱེད་པའི་གང་ཟག་ལས་དང་པོ་པ་དེས་ནི་ཐོག་མ་ཉིད་དུ་ང་རོ་ཞེས་བྱ་བ་ཡི་གེ་རྐྱང་བ་རྣམས་རང་རང་གི་སྐྱེ་གནས་དང་མཐུན་པ་དང་། དབྱངས་ལྡན་རྣམས་ཀྱང་སོ་སོའ་ིང་རོ་དབྱུང་ཚུལ་བཅས་ཡི་གེ་རེ་རེ་ནས་ཀློག་པའི་སྒྲ་གདངས་ལ་སྦྱང་བར་བྱ་ཞིང་། དེ་ནས་སྔོན་འཇུག་ལྔ་དང་འཕུལ་རྟེན་གྱི་འཇུག་ཡུལ་མིང་གཞི་སུམ་ཅུ་དང་རྗེས་འཇུག་བཅུ་སྟེ།དེ་གསུམ་ཅི་རིགས་པ་ཚེག་བར་གཅིག་ཏུ་སྦྱོར་བའི་ཚུལ་ཡང་ཀློག་ལེགས་པར་ཤེས་པའི་ཆེད་དུ་བསླབ་པར་བྱ་བ་ཡིན་པ་དང་། ཀློག་ལ་བྱང་ནས་རྗེས་འཇུག་སྟེ་དེར་སྔོན་འཇུག་ཀྱང་འདུས་པས་དེ་དག་རྟགས་འཇུག་ནས་བཤད་པ་ལྟར་སྒྲ་དོན་གང་ལ་འཇུག་པ། ཡི་གེ་གང་གིས་འཇུག་པ། ཚུལ་ཇི་ལྟར་འཇུག་པ། དགོས་པ་ཅིའི་ཕྱིར་འཇུག་པ་སྟེ་རྣམ་པ་བཞིའི་སྦྱོར་བ་རྣམས་ནི། རང་ལ་སློབ་ཅིང་འདོམས་པར་བྱེད་པ་པོ་བླ་མ་སོགས་ལས་ལེགས་པར་བཤད་པ་མཉན་པ་དང་། ཉན་པ་དེའི་དོན་རང་ཉིད་ཀྱིས་ཚུལ་བཞིན་དུ་བསམ་པ་དང་། དོན་དེ་རང་ཉིད་ཀྱིས་ཁོང་དུ་ཆུད་ནས་གཞན་ལ་བསྟན་པ་རྣམས་ཀྱི་དོན་དུ་སྦྱར་ཏེ་མཁས་པར་བསླབ་པར་བྱའོ། །ཀློག་དང་བརྡ་དག་གི་ཡན་ལག་དེ་གཉིས་ཀྱི་མཐུས་ནི་གང་བསླབ་པར་བྱ་བ་དེ་ཤེས་པའི་འབྲས་བུ་ཐོབ་པར་བྱ་བའི་སླད་དུ་དོན་ལ་དབབ་ནས་ཉམས་སུ་བསྟར་བར་བྱའོ། །དེ་ལྟར་བསླབ་པའི་རིམ་པ་འདིས་ནི་སྐྱེས་བུ་གང་ཞིག་ཐོས་བསམ་ལ་བརྩོན་འགྲུས་ཆེན་པོ་དང་ལྡན་པ་རྣམས་སྨོས་ཅི་དགོས་ཏེ། འབད་པ་ཆུང་ངུ་ཙམ་བྱས་པས་ཀྱང་ཚིག་དོན་ལ་རྨོངས་པ་མེད་པའི་ཤེས་རབ་མྱུར་དུ་གྲོལ་བར་འགྱུར་རོ། །རྒྱུ་མཚན་དེའི་ཕྱིར་མཁས་པར་འདོད་པ་རྣམས་ཀྱིས་ཐོག་མར་སུམ་ཅུ་པའི་གཞུང་འདི་ཉིད་བསླབ་པར་བྱ་ཞིང་འདི་ཤེས་ནས་རྟགས་འཇུག་ལ་སོགས་པ་འདིའི་སྐབས་ཕྱི་མ་རྣམས་དང་། དེ་ནས་བརྡ་སྤྲོད་པའི་གཞུང་རྒྱས་པ་གཞན་དང་གཞན་རྣམས་ཀྱང་མཉན་པར་བྱས་ནས་ཁོང་དུ་ཆུད་པ་ན། ཐེག་པ་གསུམ་གྱི་གཞིར་གྱུར་པའི་བསླབ་པ་གང་ལ་དད་ཅིང་སློབ་པར་འདོད་པ་དེའི་གཞུང་ལུགས་ཡན་ལག་དང་བཅས་པ་ཉིད་བླ་མ་རྣམས་ལས་མཉན་པར་བྱའོ། །ཞེས་སོ། །དེས་ན་འདིར་ཐོག་མར་ཡི་གེའི་ང་རོ་དང་ཕྱི་ནས་སྦྱོར་ཀློག་ལ་སྦྱང་དགོས་པར་གསུངས་པ་དེའི་ཚུལ་བོད་ཡུལ་དུ་རླུང་ལྟར་གྲགས་པ་ཉིད་ཡིན་མོད་ཀྱི། འོན་ཀྱང་དེ་དག་དག་པར་འདོན་པ་ནི་ཆེས་དཀོན་པར་སྣང་བས་ཅུང་ཟད་བཤད་ན། ཙནྡྲ་པའི་ཡི་གེའི་མདོར། གནས་དང་བྱེད་པ་དང་རྩོལ་བ་ཞེས་གསུམ་དུ་བཤད་པ། བོད་ཀྱི་ཡི་གེ་རྣམས་ལ་སྦྱོར་བའི་ཚེ། སོ་སོའ་ིགནས་ནི། ཀ་ཁ་ག་ང་འ་ཧ་ཨ། རྣམས་ཀྱི་སྐྱེ་གནས་མགྲིན་པ། ཅ་ཆ་ཇ་ཉ་ཙ་ཚ་ཛ་ཞ་ཡ་ཤ་ཨི་ཨེ་རྣམས་ཀྱི་སྐྱེ་གནས་རྐན། ཏ་ཐ་ད་ན་ཟ་ལ་ས་རྣམས་ཀྱི་སྐྱེ་གནས་སོ། པ་ཕ་བ་མ་ཝ་ཨུ་ཨོ་རྣམས་ཀྱི་སྐྱེ་གནས་མཆུ། ར་ཡིག་གི་སྐྱེ་གནས་ལྕེ་རྩེ་དང་ཉེ་བའི་སྤྱི་བོ་སྟེ་ལྕེ་རྩེའི་སྟེང་ཕྱོགས། ང་ཉ་ན་མ་རྣམས་རང་རང་གི་གནས་སུ་མ་ཟད་སྣ་དང་བཅས་པའོ། །བྱེད་པ་ནི། མགྲིན་པ་དང་མཆུ་ལས་སྐྱེས་པ་རྣམས་རང་རང་གི་གནས་ཀྱི་བྱེད་པ་ཅན་དང་། རྐན་ལས་བྱུང་བ་རྣམས་ལྕེའི་དབུས་ཀྱི་བྱེད་པ་ཅན་དང་། སོ་ལས་བྱུང་བ་རྣམས་ལྕེ་རྩེའི་བྱེད་པ་ཅན་དང་། ར་ཡིག་ནི་ལྕེ་རྩེ་དང་ཉེ་བའི་བྱེད་པ་ཅན་ནོ། །རྩོལ་བ་ལ་ཕྱི་ནང་གཉིས་ལས་ཕྱིའི་རྩོལ་བ་ནི། ཕྱི་རོལ་ཏུ་སྒྲ་འཐོན་པ་ལྟ་བུའི་བྱེད་རྩོལ་དང་ལྡན་པའི་ཕྱིར་ཏེ། དེ་ལའང་འཐོན་ཆེ་ཆུང་གི་དབྱེ་བས། ག་ང་ཇ་ཉ་ད་ན་བ་མ་ཛ་ཝ་འ་ཡ་ར་ལ་ཧ་ཨ་ཨི་ཨུ་ཨེ་ཨོ་རྣམས་སྒྲ་ལྡན་དང་། ཀ་ཁ་ཅ་ཆ་ཏ་ཐ་པ་ཕ་ཙ་ཚ་ཞ་ཟ་ཤ་ས་རྣམས་སྒྲ་མེད་དང་། སྒྲ་ཕྱིར་དབྱུང་བའི་ཚེ་དབུགས་ཆེ་ཆུང་གི་ཁྱད་པར་གྱིས། ཁ་ཆ་ཐ་ཕ་ཚ་ཞ་ཟ་ཤ་ས་ཧ་ཨ་ཨི་ཨུ་ཨེ་ཨོ་རྣམས་སྲོག་ཆེན་དང་། ཡི་གེ་ལྷག་མ་རྣམས་སྲོག་ཆུང་དང་། དེ་དག་ལས་ཞ་ཟ་ཤ་ས་ཧ་རྣམས་བརྗོད་པའི་ཚེ་དབུགས་དྲོ་བར་འབྱིན་པས་དྲོ་བའང་ཡིན་ནོ། །ནང་གི་རྩོལ་བ་ནི། མགྲིན་པ་གདངས་ནས་བརྗོད་དགོས་པའི་ཕྱིར་ཨ་ཡིག་མ་གཏོགས་པའི་སྲོག་ཆེན་གྱི་ཡི་གེ་རྣམས་ཕྱེ་བའི་རྩོལ་བ་ཅན་དང།ཨ་ཡིག་མགྲིན་པ་མ་ཕྱེ་བར་བརྗོད་པའི་ཕྱིར་བཙུམ་པའི་རྩོལ་བ་ཅན་དང་།ཡི་གེའི་གནས་རྣམས་འདུ་འཕྲོད་ཀྱི་རྩོལ་བ་ཆེ་བའི་ཕྱིར་ཝ་མ་གཏོགས་པའི་སྡེ་བ་ལྔའི་ཡི་གེ་རྣམས་ཕྲད་པའི་རྩོལ་བ་ཅན་དང་། འདུ་འཕྲོད་ཀྱི་རྩོལ་བ་དེ་དག་ལས་ལྷོད་པའི་ཕྱིར་ཡ་ར་ལ་ཝ་རྣམས་ཅུང་ཟད་ཕྲད་པའི་རྩོལ་བ་ཅན་ནོ། །དེས་ན་ཡི་གེ་དེ་རྣམས་སོ་སོར་ཀློག་པའི་ཚེ་སོ་སོའ་ིགནས་དང་བྱེད་པ་དང་རྩོལ་བ་རྣམས་དང་མཐུན་པ་ཞིག་གལ་ཆེ་ཞིང་གསལ་བྱེད་ལ་དབྱངས་ཡིག་སྦྱོར་བའི་ཚེའང་། ཀ་ལྟ་བུ་མགྲིན་པའི་སྐྱེ་གནས་ཅན་ལ་ཨི་ཨེ་མཚོན་བྱེད་གི་གུ་དང་འགྲེང་བུ་སྦྱར་བས་རྐན་གྱི་སྐྱེ་གནས་དང་ཡང་ལྡན་པར་འགྱུར་བ་སོགས་ཤེས་པར་བྱས་ནས་དེ་དང་མཐུན་པའི་ཀློག་ཚུལ་ཐོན་པ་དགོས་སོ། །ཁྱད་པར་དབྱངས་སྦྱར་བའི་ཀློག་ཚུལ་ནི་དག་པ་ཤིན་ཏུ་གཅེས་པར་མཐོང་སྟེ། ཁམས་ཕྱོགས་ཀྱི་ཡུལ་གྲུ་འགའ་རེ་ན་ན་རོ་དང་འགྲེང་བུ་ཡོད་མེད་ཀྱི་ཀློག་ཚུལ་ཐ་དད་དུ་མི་འབྱུང་བ་དང་། འགའ་ཞིག་ན་ཞབས་ཀྱུ་དང་ན་རོ་ཀློག་ཚུལ་གཅིག་ཏུ་བྱེད་པ་སོགས་ཀྱིས་མཚོན་མ་དག་པར་འདོན་པ་མང་ཞིང་། དེས་ཡི་གེ་འབྲི་བ་ནའང་མ་དག་པ་ཁོ་ནར་འགྱུར་བའི་ཕྱིར་རོ།།སྦྱོར་ཀློག་གི་སྐབས་སུའང་འཕུལ་རྟེན་དང་མགོ་འདོགས་ཀྱི་ཡི་གེ་རྣམས་སོ་སོའ་ིསྒྲ་ཐོན་དགོས་པ་ནི། རྫེ་བཙུན་བསོད་ནམས་རྩེ་མོས།གང་དང་གང་ལ་གང་བཏགས་པས། །གོ་རིམ་བཞིན་དུ་གནས་ནས་འབྱུང་། །དེ་ལ་ར་མགོ་ལྕེ་རྩེ་འདར། །ལ་མགོ་ལྕེ་ཀློད་རྒྱ་ཡང་བསྐྱེད། །ས་མགོ་སོ་ཡི་བར་ནས་དབྱུང་། །ལྷག་མ་རྣམས་ཀྱང་དེ་བཞིན་ཤེས། །གལ་ཏེ་མ་ཕྱིན་གྱུར་པ་ནི། །ཡི་གེ་ཕྲལ་ཞིང་བརྗོད་པར་བྱ། །དཔེར་ན་གྲ་ལ་ག་ར་འམ། །སྒྲ་ལ་སྒ་ར་ཇི་བཞིན་དུ། །དེ་ནས་འཕུལ་བ་བསླབ་པར་བྱ། །གས་འཕུལ་ཐོག་མར་རྐན་ནས་དབྱུང་། །དས་འཕུལ་ལྕེ་རྩེ་ཀློད་པ་ལས། །བ་མས་འཕུལ་བ་ཐོག་མར་ནི། །མཆུ་བཙུམ་པ་ལས་ཁྱད་པར་སྣ། །འས་འཕུལ་གྲེ་བའི་ཕུགས་ནས་དབྱུང་། །འཕུལ་ཞིང་བརྩེགས་པའི་ཡི་གེ་ཡང་། །གོ་རིམ་བཞིན་དབྱུང་མ་ཕྱིན་ན། །འདི་ཡང་ཕྲལ་ཞིང་བཀླགས་པ་སྟེ། །མཁྲ་ལ་མཁའ་ར་ཇི་བཞིན་ནོ། །ཞེས་སོགས་གསུངས་པས་ཀྱང་གྲུབ་མོད། །སྔོན་འབྲི་ཁུང་དུ་སྐྱོབ་པ་རིན་པོ་ཆེ་བཞུགས་པའི་ཚེ་གནའ་བོའ་ིདུས་བཞིན་དུ་ཡིག་ཀློག་ཚུལ་ཆད་ཀྱང་བརྩེགས་འཕུལ་སོགས་ཀྱི་སྒྲ་ཟུར་ཕྱིན་པར་འདོན་པའི་སྲོལ་བཟང་པོ་བྱུང་བར་གྲགས་པ་དང་། ཁམས་ཕྱོགས་ཀྱི་མཐའ་ཨ་མདོ་དང་རྒྱལ་མོ་རོང་སོགས་བྱང་ཤར་གྱི་ཆ་རྣམས་སུ་འཁོད་པའི་སྐྱེ་བོ་དག་ལའང་གནའ་བོའ་ིདུས་སུ་བོད་ཡུལ་དབུས་ནས་བྱུང་བའི་ཀློག་ཚུལ་མ་ཉམས་པ་ཡིན་པར་གྲགས་པའི་ཡི་གེ་ཀློག་ཚུལ་དང་། དེ་དག་གི་ཡུལ་སྐད་བཅས་ལའང་གྱོང་ཉམས་ཆེ་ཙམ་ལས་འཕུལ་རྟེན་སོགས་ཀྱི་ཟུར་དག་པར་འདོན་པ་འབྱུང་བར་མངོན་སུམ་གྱིས་གྲུབ་པ་སོགས་ཀྱིས་ཀྱང་མཚོན་ནུས་སོ། །གཞན་ཡང་བོད་ཡིག་གི་སྡེབ་ཇི་ལྟར་སྦྱོར་བའི་ཚུལ་ནི་སྔོན་གྱི་བོད་སྐད་དག་པ་ཉིད་ལ་བརྗོད་པའི་སྒྲ་ཇི་ལྟར་འབྱུང་བ་དེ་ལྟར་མཁན་པོ་འདིས་སྦྱར་བ་ཡིན་པས། སྐད་ལ་འཕུལ་རྟེན་སོགས་ཀྱི་ཟུར་གསལ་བ་མེད་ན་ཡི་གེ་ལ་དེ་ལྟར་ཐོབ་པ་རྒྱུ་མཚན་གང་ཞིག་གིས་རྟོགས་པར་ནུས། དེས་ན་འགའ་བོའ་ིདུས་སུ་ཡིག་ཀློག་ཙམ་དུ་མ་ཟད་བོད་སྐད་ཉིད་ལའང་སྒྲ་ཟུར་ཐམས་ཅད་མ་ཉམས་པར་འདོན་པ་ཞིག་ཡོད་པར་ངེས་ཀྱང་། དེང་སང་བོད་ཡུལ་དབུས་དང་མཐའ་འཁོབ་ཕལ་ཆེར་ལ་རང་སྐད་དང་ཡིག་ཀློག་གཉིས་ཀར་སྒྲ་དག་པར་འདོན་པ་མེད་པ་ལ་བརྟེན་ནས་མཁས་པའི་ཁྲོད་ནའང་ཡིག་གཟུགས་ཀྱི་སྡེབ་དག་ཕྱིན་ཀློག་ཚུལ་དེ་དང་ངེས་པར་བསྟུན་མི་དགོས་བསམས་པའམ།སྡེབ་སྦྱོར་ནི་ཡི་གེ་འབྲི་བའི་དབང་དུ་བྱས་ཀྱི་བརྗོད་པའི་དབང་དུ་མ་བསྟུན་པའམ། ཀློག་ཚུལ་ཡིག་སྡེབ་དང་བསྟུན་དགོས་ཀྱང་ཕྱོགས་ཙམ་ལས་ཡིག་སྡེབ་ཇི་ལྟ་བར་སྒྲ་ཟུར་ཐོན་པ་ནི་སྔར་ཡང་མ་བྱུང་ཞིང་ད་ལྟའང་འདོན་པར་མི་ནུས་སོ་སྙམ་པ་མང་དུ་ཡོད་པར་དོགས་པ་དང་། ལེགས་སྦྱར་གྱི་སྐད་ལའང་། གངས་ཅན་གྱི་བརྡ་སྤྲོད་ཤེས་པར་རློམ་པ་ཕྱིས་བྱུང་རྣམས་ཀྱིས་སྔགས་ཀྱི་ཀློག་ཚུལ་ཞེས་བརྡ་སྤྲོད་ཀྱི་གཞུང་དང་གཏན་འགལ་བ་རེ་ལ་ཡིད་བརྟན་འཆའ་ཞིང་དབྱངས་གསལ་གྱི་མཚམས་སྦྱོར་ལས་བྱུང་བའི་རྣམ་འགྱུར་དེ་རྣམས་ཡིག་གཟུགས་ཀྱི་སྐབས་སུ་མ་གཏོགས་བརྗོད་པ་ལ་ཇི་ལྟ་བར་སྦྱོར་མི་ནུས་སྙམ་པར་འདུག་པ་ནི་ཡ་ཆའོ། །དེ་བས་ན་རང་ཉིད་ཀྱིས་སྒྲ་དག་པར་བཀླག་མ་ཤེས་པའམ་མ་ནུས་ནའང་། ཀློག་ཚུལ་དག་པ་མེད་དོ་ཞེས་བརྗོད་པར་མི་བྱའོ། །སྦྱོར་ཀློག་དངོས་ཇི་ལྟར་བྱ་བའང་། འཕུལ་ཅན་རྣམས་ལ་བཤད་མ་ཐག་པ་ལྟར་འཕུལ་བྱེད་ཀྱི་ཡི་གེ་རང་རང་གི་སྐྱེ་གནས་དང་མཐུན་པའི་སྒྲ་ཐོག་མར་འབྱུང་དགོས་ཤིང་། མགོ་ཅན་དང་འདོགས་ཅན་རྣམས་ལའང་མགོ་དང་འདོགས་ཀྱི་ཡི་གེ་སོ་སོའ་ིགནས་དང་མཐུན་པའི་བརྗོད་པ་སོ་སོར་འབྱུང་དགོས་པ་དཔེར་ན་སྒྲ་ལྟ་བུ་ལ་ས་ག་ར་རྣམས་རིམ་པར་རང་སྒྲ་ཐོན་ཙམ་དུ་མྱུར་བར་ཀློག་པ་ལྟ་བུ་དང་། འ་མཐའ་ཅན་ཕལ་ཆེར་ཞིག་གི་རྟེན་བྱེད་ཀྱི་སྒྲ་མི་གསལ་བས་དེ་དག་མ་གཏོགས་གསལ་བར་སྣང་བའི་མཐའ་རྟེན་ཅན་ཡང་འཇུག་མེད་པ་རྣམས་ནི་རྟེན་ཡིག་སོ་སོའ་ིགནས་དང་མཐུན་པའི་སྒྲ་རྗེས་སུ་འབྱུང་བ་དང་། ཡང་འཇུག་ཅན་ལ་ས་ཡིག་གི་ཡང་འཇུག་ཅན་ནི་ཕ་རོལ་ཏུ་ཚིག་གྲོགས་གཞན་མེད་ན་ས་སྒྲ་དངོས་སུ་མི་གསལ་ཡང་སྒྲ་དེ་འབྱུང་བར་ཉེ་བ་ལྟར་བཀླག་ཅིང་། ཚིག་གྲོགས་ཡོད་ན་རྗེས་འཇུག་སྔ་མ་དེའི་སྒྲ་ཟུར་གྱི་རྗེས་སུ་ས་སྒྲའང་ཐོན་པར་འབྱུང་དགོས་པ་དང་། ད་ཡིག་གི་ཡང་འཇུག་ཅན་ནི་ཚིག་གྲོགས་ལ་ལྟོས་མི་དགོས་པར་རྗེས་འཇུག་སྔ་མའི་སྒྲའི་མཐར་དའི་སྒྲ་འབྱུང་ལ་ཁད་ཙམ་སྒྲ་མནན་པ་ལྟ་བུར་བཀླག་པ་ཡིན་ནོ། །དེས་ན་སྐད་གསར་བཅད་ཀྱི་དུས་སུ་འ་མཐའ་ཕལ་ཆེར་དང་ད་དྲག་མ་བྲིས་པའང་དེ་དག་གི་སྒྲ་བརྗོད་པ་ལ་ཧ་ཅང་མ་གསལ་བས་ཡིན་པར་སྣང་ངོ་། །དེ་ལྟར་ཡི་གེ་ཀློག་ཚུལ་དག་པར་འདོད་པ་རྣམས་ལ་ཕྱོགས་ཙམ་སྨོས་པར་ཟད་ཀྱི་རྒྱས་པར་སྨོས་སུ་མ་ལའང་ཤིང་འདི་ཙམ་གྱིས་ཀྱང་། ཀྱ་ཁྱ་གྱ་རྣམས་དང་། སྤྱ་ཕྱ་བྱ་དང་། ཅ་ཆ་ཇ་རྣམས་ཕྱོགས་མཚུངས་པར་ཀློག་པ་དང་། བསྒྱ་བརྒྱ་རྒྱ་སྒྱ་དགྱ་སྦྱ་རྫ་རྣམས་མཚུངས་པར་ཀློག་པ་དང་། རྔ་སྔ་དངའ་མངའ་རྣམས་མཚུངས་པར་ཀློག་པ་སོགས་འཁྲུལ་བ་འབྱམས་སུ་ཀླས་པ་རྣམས་ཀྱི་མཚང་རིག་པར་ནུས་སོ། །སྐབས་འདིར་འགྲེལ་བྱེད་སྔ་མ་འགའ་ཞིག་གིས། རྗེས་འཇུག་བཞི་ཡི་སྦྱོར་བ་ནི། །ཞེས་དང་། གཞན་ལའང་ཀྱོག་བཤད་བྱས་པ་འགའ་ཞིག་ཡོད་ཀྱང་། འགྲེལ་བ་གཞན་དང་གཞན་དུ་ལེགས་པར་བཀག་པའང་མཐོང་བས་འདིར་དགག་པའི་སྤྲོས་པ་མ་བྱས་སོ། །སྣོད་རུང་ལ་གདམས་ངག་བསྟན་དགོས་པར་འདོམས་པ།བཞི་པ་སྣོད་རུང་ལ་གདམས་ངག་བསྟན་དགོས་པར་འདོམས་པ་ནི།སློབ་དཔོན་དེ་ཉིད་དུ་འཛིན་ཅིང་། །ལེ་ལོ་གཡེང་བ་རྣམ་པར་སྤངས། །ཟོ་བཟང་དད་པ་ལ་བརྟེན་པ། །སྐྱེས་བུ་དེས་ནི་མྱུར་རྟོགས་ཏེ། །དེ་ལ་དུས་སུ་འདོམས་པར་བྱ། །གཅིག་ཤོས་དེ་ལས་ལྡོག་པའོ། །ཞེས་པ་སྟེ། བརྡའི་སྦྱོར་བ་ལ་མཁས་པར་བྱེད་པའི་བསྟན་བཅོས་འདི་ལྟ་བུའི་གདངས་ངག་བསྟན་དུ་རུང་བའི་སྣོད་ནི་གདམས་ངག་སྟོན་མཁན་གྱི་སློབ་དཔོན་དེ་ལ་སློབ་དཔོན་དུ་འཛིན་ཅིང་ཞེ་ས་དང་བཅས་པས་དྲིན་དུ་གཟོ་བ་དང་། རིག་པ་སློབ་པའི་མི་མཐུན་ཕྱོགས་བསླབ་པར་བྱ་བ་དེ་ལ་སྤྲོ་བ་ཞན་པའི་ལེ་ལོ་དང་། བྱ་བ་གཞན་ལ་འཇུག་པའི་གཡེང་བ་གཉིས་སྤངས་པ་སྟེ་སྐྱོན་དེ་དག་གིས་གླགས་མི་རྙེད་པའི་རྟག་སྦྱོར་གྱི་བརྩོན་འགྲུས་དང་ལྡན་པ་དང་། རིག་པ་སློབ་པའི་མཐུན་རྐྱེན་ཐོ་སྟེ་རང་བཞིན་ནམ་ངང་ཚུལ་བཟང་ཞིང་བསླབ་པར་བྱ་བའི་གནས་ལ་མཆོག་ཏུ་དད་པ་ལ་བརྟེན་པའི་གུས་སྦྱོར་གྱི་བརྩོན་འགྲུས་དང་ལྡན་པ་སྟེ། མཚན་ཉིད་གསུམ་དང་ལྡན་པ་དེ་ལྟ་བུའི་སྐྱེས་བུ་དེས་ནི་བསླབ་པར་བྱ་བ་གང་ཡིན་དེ་མྱུར་དུ་རྟོགས་པར་འགྱུར་བས་དེ་ལ་དུས་ཤེས་པར་བྱས་ནས་དུས་སུ་འདོམས་པར་བྱ་ཞིང་། གཅིག་ཤོས་གཞན་ནི་དེ་ལས་ལྡོག་པ་སྟེ། སློབ་དཔོན་ལ་མི་གུས་པ་དང་། ལེ་ལོ་དང་། གཡེང་བ་ཅན་དང་། རང་བཞིན་ངན་ཞིང་དད་པ་མེད་པ་རྣམས་ལ་ནི་སྣོད་དང་མི་ལྡན་པས་རེ་ཞིག་འདོམས་པར་བྱ་བ་མ་ཡིན་མོད། འོན་ཀྱང་ཕྱི་ནས་དོན་དུ་གཉེར་ཅིང་འདུན་པར་གྱུར་ན་ལེགས་པར་རྗེས་སུ་བསྟན་པར་ཡང་བྱའོ། །ཞེས་སོ། །མཇུག་རྩོམ།འདིར་སྨྲས་པ།ཐུ་མའི་གཞུང་བཟང་ནོར་འཛིན་མར། །ལོག་རྟོག་རྡུལ་ཚོགས་འབེབས་བྱེད་པའི། །བཤད་སྒྲོས་མང་པོའ་ིལྷོ་བུར་གྱིས། །དཀྲིགས་ལྡན་དཔྱིད་ཀ་ཤར་བའི་ཚེ། །གང་གི་ཐུགས་རྗེས་སླར་བསྐུལ་བས། །བདག་བློའ་ིགདེངས་ཅན་གཉིད་སད་དེ། །ལེགས་བཤད་སྦྲང་རྩིའི་ཆར་ཕབ་པས། །དོན་རབ་གསལ་བའི་དབྱར་ཁ་བྱུང་། །ད་སྟེ་བློ་གསལ་གཞོན་ནུ་རྣམས། །འཁྲུལ་མེད་རྣམ་དཔྱོད་མྱུ་གུ་གསར། །ཅི་ཡང་རྒྱས་པའི་ཐང་ག་འདིར། །བག་ཡངས་ཉིད་དུ་རྩེན་པར་འོས། །དེ་ལྟར་སུམ་ཅུ་པའི་གཞུང་གི་ཚིག་དོན་གྱི་ཆ་རང་བློས་ཇི་ལྟར་དཔོག་པ་རེ་ཞིག་བཤད་ཟིན་ཏོ། །། །ཡུལ་གངས་ཅན་པའི་བརྡ་ཡང་དག་པར་སྦྱོར་བའི་བསྟན་བཅོས་ཀྱི་བྱེ་བྲག་རྟགས་ཀྱི་འཇུག་པའི་གཞུང་གི་རྣམ་པར་བཤད་པ་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ། །སྐད་ཅིག་ཙམ་ཞིག་ཡིད་མཁར་ཤར་བས་ཀྱང་། །ནང་གི་མུན་སྟུག་རྣམ་པར་སྙིལ་བྱེད་པ། །འཇམ་དཔལ་དཔའ་བོའ་ིབྱིན་རླབས་ཉིན་མོར་བྱེད། །བྱང་ཆུབ་བར་དུ་སྒོ་གསུམ་སྙིང་པོར་བསྟེན། །ཞེས་ཤིས་པའི་ཚིག་སྔོན་དུ་བཏང་ནས་ད་ནི་རྟགས་ཀྱི་འཇུག་པ་ཞེས་ཡོངས་སུ་གྲགས་པའི་གཞུང་གི་ཚིག་དོན་ལ་རྣམ་པར་དཔྱད་ནས་ཅུང་ཟད་དགྲོལ་བར་བྱའོ། །དེ་ལ་རེ་ཞིག་གཞུང་འདིའི་སྤྱི་སྡོམ་གྱི་ས་བཅད་ནི། མིང་གཞིའི་ཡི་གེ་སྤྱིའི་རྟགས་ཀྱི་དབྱེ་བ་བཤད་པ་དང་། སྔོན་འཇུག་གི་རྟགས་ཀྱི་འཇུག་པ་བཤད་པ་དང་། རྗེས་འཇུག་གི་རྟགས་ཀྱི་འཇུག་པ་བཤད་པ་སྟེ་གསུམ་དུ་རིག་པར་བྱའོ། །དང་པོ་ནི།མིང་གཞིའི་ཡི་གེ་སྤྱིའི་རྟགས་ཀྱི་དབྱེ་བ་བཤད་པ།ཕོ་ཡི་ཡི་གེ་འབའ་ཞིག་ལ། །སྡེ་བ་ཕྱེད་དང་བརྒྱད་གནས་པའང་། །སྡེ་ཚན་ལྔ་རུ་དྲིལ་བྱས་ནས། །ཕོ་དང་མ་ནིང་མོ་དང་ནི། །ཤིན་ཏུ་མོ་དང་བཞི་བཞི་རུ། །སྡེ་བ་བཞི་པ་ཡན་ཆད་དབྱེ། །ལྷག་མ་བཅུ་བཞི་གནས་པ་ལ། །ཙ་སོགས་གསུམ་ནི་ཅ་སོགས་སྦྱར། །ཝ་ནི་བ་དང་སྦྱར་བར་བྱ། །ལྷག་མ་དྲུག་ནི་མོ་རུ་སྦྱར། །ར་ལ་ཧ་ནི་མོ་གཤམ་སྟེ། །ཨ་ནི་མཚན་མེད་ཅེས་ཀྱང་བྱ། །ཞེས་པས་བསྟན་ཏེ། སྤྱིར་བོད་ཀྱི་སྐད་ལ་ཉེ་བར་གྲགས་པའི་ཡི་གེ་རྣམས་ལ་ཕོ་མོ་གཉིས་སུ་དབྱེ་བའི་དབང་དུ་བྱས་ན་དབྱངས་ཡིག་མཚོན་བྱེད་ཨི་ཨུ་ཨེ་ཨོ་བཞི་ནི་ཤེས་རབ་ཀྱི་རང་བཞིན་མོ་དང་ཀ་ནས་ཨའི་མཐར་ཐུག་པ་གསལ་བྱེད་སུམ་ཅུ་པོ་རྣམས་ནི་ཐབས་ཀྱི་རང་བཞིན་ཕོར་ཤེས་པར་བྱའོ། །དེས་ན་ཕོའ་ིཡི་གེ་འབའ་ཞིག་སྟེ་གསལ་བྱེད་སུམ་ཅུ་པོ་ཁོ་ན་ལ་སྡེ་བ་ཕྱེད་དང་བརྒྱད་དུ་གནས་ཏེ། སྡེ་བ་དང་པོ། ཀ་ཁ་ག་ང་། གཉིས་པ། ཅ་ཆ་ཇ་ཉ། གསུམ་པ། ཏ་ཐ་ད་ན། བཞི་པ། པ་ཕ་བ་མ། ལྔ་པ། ཙ་ཚ་ཛ་ཝ།དྲུག་པ། ཞ་ཟ་འ་ཡ། བདུན་པ། ར་ལ་ཤ་ས། ཕྱེད་པ། ཧ་ཨ། རྣམས་སོ། །དེ་རྣམས་སྡེ་ཚན་ལྔ་རུ་དྲིལ་བ་ནི་ཕོ་དང་མ་ནིང་དང་མོ་དང་ཤིན་ཏུ་མོ་དང་མོ་གཤམ་སྟེ་རྣམ་པ་ལྔའོ། །དེའང་སྡེ་བ་བཞི་པོ་རྣམས་ཀྱི་དང་པོ་ཀ་ཅ་ཏ་པ་རྣམས་ཕོ་དང་། གཉིས་པ་ཁ་ཆ་ཐ་ཕ་རྣམས་མ་ནིང་དང་། གསུམ་པ་ག་ཇ་ད་བ་རྣམས་མོ་དང་། བཞི་པ་ང་ཉ་ན་མ་རྣམས་ཤིན་ཏུ་མོར་དབྱེ་བར་བྱའོ། །དེར་མ་ཕྱེ་བའི་ལྷག་མ་ཙ་སྡེ་ཕྱེ་ན་ཡི་གེ་བཅུ་བཞིར་གནས་པ་ལ། ཙ་ལ་སོགས་པ་སྟེ་ཙ་ཚ་ཛ་གསུམ་ནི་རིམ་བཞིན་སྔར་བསྟན་པའི་ཅ་ལ་སོགས་པ་གསུམ་དང་སྦྱར་བར་བྱ་སྟེ། ཙ་ཕོ་ཚ་མ་ནིང་ཛ་མོར་ཤེས་པར་བྱའོ། །དེ་བཞིན་དུ་ཝ་ནི་བ་དང་སྦྱར་བས་མོ་དང་། ལྷག་མ་ཞ་ཟ་འ་ཡ་ཤ་ས་དྲུག་ཀྱང་མོའ་ིཡི་གེར་སྦྱར་བར་བྱའོ། །ར་ལ་ཧ་གསུམ་ནི་མོ་གཤམ་གྱི་ཡི་གེ་ཞེས་བྱ་ཞིང་། ཨ་ཡིག་ནི་མོ་གཤམ་གྱི་ཡི་གེ་ཡིན་པར་མ་ཟད་མཚན་མེད་ཀྱི་ཡི་གེ་ཞེས་ཀྱང་བྱའོ། །ཞེས་པའི་དོན་ཏོ། །འདིར་མིང་གཞིའི་ཡི་གེ་རྣམས་ཕོ་ལ་སོགས་པར་རྒྱུ་མཚན་གང་གི་སྒོ་ནས་བཞག་པའང་འདི་ལྟར་ཤེས་དགོས་ཏེ།ཡི་གེ་རྣམས་སོ་སོར་ངག་ནས་བརྗོད་པའི་ཚེ་སོ་སོའ་ིསྐྱེ་གནས་མགྲིན་སོ་མཆུ་རྐན་སོགས་ལ་བྱེད་རྩོལ་གྱི་ཤུགས་ཆེ་ཆུང་ངམ་གྲིམས་ལྷོད་ཀྱི་དབང་གིས་ཤུགས་ཆེ་བའམ་གྲིམས་པ་རྣམས་ཕོ་ཡིག་དང་། རན་པ་རྣམས་མ་ནིང་དང་། ཅུང་ཟད་ཆུང་བའམ་ལྷོད་པ་རྣམས་མོ་དང་། དེ་ལས་ཀྱང་ཆུང་བའམ་ལྷོད་པ་རྣམས་ཤིན་ཏུ་མོ་དང་། ཤིན་ཏུ་རྩོལ་བ་ལྷོད་ཅིང་ཞན་པ་རྣམས་མོ་གཤམ་དུ་བཞག་པའོ། །དེས་ན་ཨ་ཡིག་རྩོལ་བ་ཤིན་ཏུ་ལྷོད་པའི་སྒོ་ནས་མོ་གཤམ་དུ་བཞག་མོད་ཀྱི་ར་ལ་ཧ་གསུམ་ལ་ལྟོས་པའི་དེ་ལས་ཀྱང་རྩོལ་བ་ཞན་པའི་ཕྱིར་མཚན་མེད་དུའང་བཞག་གོ །དེ་ལྟར་ཡིན་པ་ཅིས་ཤེས་ཤེ་ན་འདི་ཉིད་དུ། ཕོ་ནི་དྲག་པའི་ཚུལ་གྱིས་འཇུག། ཅེས་སོགས་ཀྱི་ཤུགས་ལས་ཀྱང་རྟོགས་ཤིང་། ཡི་གེ་རྣམས་ཀྱི་ཀློག་ཚུལ་རང་གིས་ཀྱང་བདེ་བླག་ཏུ་གོ་བར་ནུས་ཏེ། ཀ་སྡེ་སོགས་བཞི་པོའ་ིསྡེ་བ་སོ་སོའ་ིདང་པོ་ལས་གཉིས་པ་སོགས་རིམ་པར་རྩོལ་བ་ལྷོད་པ་དང་ཙ་ཚ་ཛ་གསུམ་ཡང་དེ་དག་གི་རིམ་པ་དང་མཚུངས་ཤིང་ཝ་ཞ་ཟ་འ་ཡ་ཤ་ས་རྣམས་ག་སོགས་དང་འདྲ་བ་དང་། ར་ལ་ཧ་ཨ་རྣམས་དེ་ལས་ཀྱང་ཅུང་ཟད་རྩོལ་བ་ལྷོད་པར་མངོན་སུམ་གྱིས་གྲུབ་པའི་ཕྱིར་དང་། ཨ་ཡིག་ནི་ཀློག་ཚུལ་གྱིས་མོ་གཤམ་གཞན་ལས་ལྷོད་པར་གྲུབ་ཅིང་། དེར་མ་ཟད་ཡི་གེའི་མདོར་སྲོག་ཆེན་གྱི་ཡི་གེ་གཞན་རྣམས་ཕྱེ་བའི་རྩོལ་བ་ཅན་དུ་བྱས་ཤིང་ཨ་ཁོ་ན་མགྲིན་པ་བཙུམ་པའི་རྩོལ་བ་ཅན་དུ་བཞག་པས་ཀྱང་གྲུབ་པའི་ཕྱིར་རོ། །སྐབས་འདིར་འགྲེལ་བྱེད་སྔ་མ་ཁ་ཅིག་ཨ་ཡིག་རྟགས་མེད་དུ་འདོད་པ་དང་། ཁ་ཅིག་མོ་གཤམ་མམ་མ་ནིང་མཚན་མེད་དུ་འདོད་པ་དང་། ཁ་ཅིག་ཕོ་རྟགས་སུ་འདོད་པ་རྣམས་བྱུང་ཡང་། ལུགས་དང་པོ་ལྟར་ན་ཐུ་མི་ཉིད་ཀྱིས་སྡེ་བ་ཕྱེད་དང་བརྒྱད་པོ་སྡེ་ཚན་ལྔར་དྲིལ་བར་བསྟན་པ་དང་དངོས་སུ་འགལ་ཏེ་སྡེ་ཚན་ལྔར་མི་གཏོགས་པའི་རྟགས་མེད་ཀྱི་ཨ་ཡིག་ཁས་བླངས་པའི་ཕྱིར་རོ། །འདོད་པ་གཉིས་པ་ལྟར་ཡང་མི་ལེགས་ཏེ་འཆད་འགྱུར་ལྟར་གཞུང་གི་ཡི་གེ་ཉམས་པ་ཉིད་ཚད་མར་བཟུང་ནས་ཨ་ཡིག་ལ་འོལ་ཚོད་ཀྱིས་རིགས་འགྲེ་སྦྱར་བ་ཙམ་དུ་སྣང་བའི་ཕྱིར་རོ། །ལུགས་གསུམ་པ་ལའང་སྐྱོན་ཡོད་དེ་གཞུང་ཉིད་དུ་དམིགས་བསལ་གྱིས་ཕོ་ཡིག་རྣམས་གསལ་བར་ཕྱེས་པ་ལ་དབྱེ་བ་མཚན་ཉིད་པར་མ་སོང་བའི་སྐྱོན་གདགས་པར་འདོད་པས་སམ་བླུན་པ་ཉིད་ཀྱིས་སྤྱིར་བཏང་ཀཱ་ལི་སུམ་ཅུ་ཕོ་ཡིག་ཏུ་བཤད་པའི་སྒྲུབ་བྱེད་ཀྱིས་དམིགས་བསལ་སྐབས་སུ་ཨ་ཡིག་ཕོར་བསྒྲུབས་པའི་ཕྱིར་རོ། །ཡང་སྐབས་འདིར་འགྲེལ་བྱེད་ཕལ་ཆེར་མགྲིན་གཅིག་ཏུ་ར་ལ་ཧ་རྣམས་མོ་གཤམ་ཡིན་པར་མ་ཟད་མ་ནིང་མཚན་མེད་ཀྱང་ཡིན་པར་སྨྲ་བའང་འཐད་པར་མ་གོ་སྟེ། དེ་དག་གིས། ར་ལ་ཧ་ནི་མོ་གཤམ་སྟེ། །མ་ནིང་མཚན་མེད་ཅེས་ཀྱང་བྱ། །ཞེས་གཞུང་གི་ཡི་གེ་ཉམས་པ་ཉིད་སྒྲ་དྲང་ཐད་དུ་བཟུང་བས་ནོངས་པར་འདུག་པའི་ཕྱིར་རོ། །གཞུང་དེ་ལྟར་བཀླགས་པས་སྐྱོན་དུ་འགྱུར་བའི་ཚུལ་ཇི་ལྟ་བུ་ཞེ་ན། མོ་གཤམ་དང་མ་ནིང་གི་གཞི་མཐུན་ཁས་ལེན་དགོས་པའི་སྐྱོན་དེ་ཉིད་དང་། སྡེ་བ་ཕྱེད་དང་བརྒྱད་པོ་སྡེ་ཚན་ལྔ་རུ་དྲིལ་དགོས་པ་ལ་འདྲིལ་མི་ཐུབ་པའི་སྐྱོན་དུའང་འགྱུར་རོ། ། དེ་ལ་མོ་གཤམ་དང་མ་ནིང་གི་གཞི་མཐུན་ཁས་བླངས་པས་ཅིར་འགྱུར་ཞེ་ན་བཤད་པར་བྱ་སྟེ། སྤྱིར་ག་ཡིག་ལྟ་བུ་སྤྱིར་བཏང་གསལ་བྱེད་རྣམས་ཕོ་ཡིག་ཏུ་བྱས་པའི་ཕོ་ཡིན་པ་དང་། ནང་གསེས་སྡེ་ཚན་ལྔར་དབྱེ་བའི་མོ་ཡིན་པ་ལྟ་བུ་མི་འགལ་ཡང་དབྱེ་སྒོ་གཅིག་ཉིད་ཀྱི་ཚེ་ནི་ཡི་གེའི་སྐྱེ་གནས་ཀྱི་རྩོལ་བ་ཆེ་ཆུང་ངམ་སྒྲ་གྲིམས་ལྷོད་སོགས་འབྱེད་ཆོས་ཐ་དད་པས་རྣམ་པར་བཞག་པའི་དབྱེ་བ་ཐ་དད་པ་རྣམས་ཆོས་ཅན་བྱེ་བྲག་པ་གཅིག་གི་སྟེང་དུ་འདུ་བར་རུང་བ་མ་ཡིན་ཏེ་དཔེར་ན་རྩོལ་བ་ཆེ་བའམ་སྒྲ་གྲིམས་པའི་སྒོ་ནས་བཞག་པའི་ཕོ་ཡིག་ཀ་ལྟ་བུ་ལ། སྐབས་དེའི་མ་ནིང་དང་མོ་སོགས་ཀྱི་འབྱེད་ཆོས་བྱེད་པ་དང་རྩོལ་བ་མཉམ་པ་དང་ལྷོད་པ་སོགས་ལྷན་ཅིག་ཏུ་འགལ་བ་འདུ་བའི་སྐབས་མེད་པ་བཞིན་ནོ། །དེས་ན་མ་ནིང་བྱེད་རྩོལ་མཉམ་པའི་སྒོ་ནས་བཞག་པ་དང་། མོ་གཤམ་བྱེད་རྩོལ་ཤིན་ཏུ་ལྷོད་ཅིང་ཞན་པའི་སྒོ་ནས་བཞག་པ་གཉིས་དབྱེ་སྒོ་གཅིག་གི་ཚེ་ནམ་ཡང་མི་འགྲིག་སྟེ། དཔེར་བྱས་པའི་མོ་གཤམ་དང་མ་ནིང་སོགས་ཀྱང་གཞི་གཅིག་ལ་གཉིས་ཀ་དང་གསུམ་ག་སོགས་ཡིན་པ་མི་སྲིད་ཅིང་དེ་ལྟར་སྲིད་དོ་ཞེས་སྨྲ་ནའང་འཇིག་རྟེན་གྱི་གྲགས་པ་དང་འགལ་བ་བཞིན་དཔེ་ཅན་ལའང་མཚུངས་པའི་ཕྱིར་རོ། །ཡང་སྡེ་ཚན་ལྔར་འདྲིལ་མི་ཐུབ་པའི་སྐྱོན་མེད་དེ། ར་ལ་ཧ་གསུམ་མོ་གཤམ་དུ་བཤད་པས་ཨ་ཡིག་མོ་གཤམ་དུ་ཤུགས་ཀྱིས་གོ་ནུས་པའི་ཕྱིར། སྙམ་ནའང་མི་འཐད་དེ་ཡི་གེ་གཞན་ཐམས་ཅད་ཞིབ་མོར་ཕྱེ་ནས་བཤད་ཅིང་ཨ་ཡིག་གཅིག་པུ་ཤུགས་བསྟན་དུ་བཞག་པ་ལ་ཉན་པ་པོར་ཐེ་ཚོམ་སྐྱེད་པ་སོགས་ཀྱི་སྐྱོན་ལས་དགོས་པ་གཞན་ཅིའང་མེད་པའི་ཕྱིར་རོ། །དེས་ན་གོང་དུ་བཀོད་པ་བཞིན། ཨ་ནི་མཚན་མེད་ཅེས་ཀྱང་བྱ། །ཞེས་ཀློག་པ་ཉིད་དོན་དང་འབྱོར་ཏེ། ཀྱང་སྒྲའི་ནུས་པས་ཨ་ཡིག་ར་ལ་ཧ་བཞིན་དུ་མོ་གཤམ་ཡིན་པར་གྲུབ་ཅིང་། མཚན་མེད་ཅེས་པས་དེ་མོ་གཤམ་ཡིན་ཡང་མོ་གཤམ་གྱི་ཡི་གེ་གཞན་གྱི་བྱེད་རྩོལ་གྱི་མཚན་ཉིད་ཧ་ཅང་གསལ་བར་མཚོན་མི་ནུས་པའི་རྒྱུ་མཚན་གྱིས་མཚན་མེད་ཅེས་ཀྱང་མིང་དུ་གདགས་པར་བྱའོ་ཞེས་པ་འདི་གྲུབ་བོ། །དེ་ལྟ་ནའང་མཚན་མེད་ཅེས་པས་མ་ནིང་མཚན་མེད་ཉིད་བསྟན་པར་སོང་བས་སྔར་སྨོས་པའི་སྐྱོན་མི་ཁེགས་སོ་སྙམ་ན་དྭོགས་པ་སྐྱེ་མི་དགོས་ཏེ། མ་ནིང་ལ་འགྱུར་བ་དང་། མཚན་གཉིས་དང་མཚན་མེད་གསུམ་དུ་དབྱེ་བ་རྗེས་འཇུག་གི་སྐབས་སུ་ཡིན་གྱི་འདིར་མི་འགྲིག་བཞིན་དུ་དེ་ལྟར་ཚེགས་ཀྱིས་སྦྱོར་བ་དགོས་པ་མེད་པའི་ཕྱིར་རོ། །དེ་ལྟར་འདིར་ཡི་གེ་ཉམས་པའི་ཚུལ་དོན་གྱི་རྒྱུ་མཚན་དེ་དག་གི་སྒོ་ནས་ཤེས་པར་མ་ཟད་ཡིག་གཟུགས་ལས་ཀྱང་མ་ནིང་དང་ཨ་ནི་ཞེས་པ་ལ་འཁྲུལ་གཞི་འབྱུང་རིགས་པར་རྟོགས་སླ་བ་ཡིན་གྱི། འགའ་ཞིག་ཏུ། ར་ལ་ཧ་ཨ་མོ་གཤམ་སྟེ། ། ཞེས་དག་པར་འདོན་པའི་ཁུལ་བྱེད་པ་རྣམས་ནི་མ་བརྟགས་པ་ཉིད་དོ། །འདིར་སྨྲས་པ།ཐེ་ཚོམ་མཚན་མོ་བསྟེན་བཞིན་དུ། །ཐུ་མིའི་གཞུང་ལུགས་བལྟ་འདོད་རྣམས། །སྔོན་ཆད་མཁས་པའི་ཁུར་འཛིན་པའི། །འགྲེལ་བྱེད་འགའ་འགའི་ཡིད་མཁའ་ན། །ནམ་ཡང་ཤར་ཞེས་མ་ཐོས་པའི། །ཁོ་བོའ་ིལེགས་བཤད་ཟླ་སྣང་འདི། །གེགས་མེད་བསྟེན་ནས་རིག་པའི་ལམ། །དྲང་པོའ་ིཕྱོགས་སུ་འཇུག་པར་གྱིས། །ཞེས་སོ། །གཉིས་པ་སྔོན་འཇུག་གི་རྟགས་ཀྱི་འཇུག་པ་བཤད་པ་ལ། མིང་གཞི་ལས་སྔོན་རྗེས་དབྱུང་བའི་ཚུལ། སྔོན་འཇུག་གི་རྟགས་ཀྱི་དབྱེ་བ། དེའི་འཇུག་ཚུལ་བཤད་པ་དང་གསུམ་གྱི་དང་པོ་ནི།མིང་གཞི་ལས་སྔོན་རྗེས་དབྱུང་བའི་ཚུལ།མོ་ཡི་ཡི་གེའི་ནང་ནས་ནི། །འཇུག་པའི་ཡི་གེ་བཅུ་དབྱུང་བྱ། །འཇུག་པ་བཅུ་ཡི་ནང་ནས་ནི། །སྔོན་འཇུག་ཡི་གེ་ལྔ་དབྱུང་བྱ། །ཞེས་པས་བསྟན་ཏེ། མོའ་ིཡི་གེ་ལ་བཤད་མ་ཐག་པ་ལྟར་མོ་ཙམ་དང་ཤིན་ཏུ་མོ་དང་མོ་གཤམ་དང་གསུམ་དུ་གནས་པ་སོ་སོར་མ་ཕྱེ་བའི་ནང་ནས་སྔར་སུམ་ཅུ་པར་བཤད་པ་ལྟར་རྗེས་འཇུག་གི་ཡི་གེ་ག་ང་ད་ན་བ་མ་འ་ར་ལ་ས་སྟེ་བཅུ་པོ་རྣམས་དབྱུང་བར་བྱ་ཞིང་། དེའི་ནང་ནས་ཀྱང་སྔོན་འཇུག་གི་ཡི་གེ་ག་ད་བ་མ་འ་ལྔ་པོ་རྣམས་དབྱུང་བར་བྱའོ། ། ཞེས་སོ། །སྔོན་འཇུག་གི་རྟགས་ཀྱི་དབྱེ་བ་བཤད་པ།གཉིས་པ་སྔོན་འཇུག་གི་རྟགས་ཀྱི་དབྱེ་བ་བཤད་པ་ནི།སྔོན་འཇུག་ཡི་གེ་ལྔ་པོ་ལ། །ཕོ་དང་མ་ནིང་མོ་དང་ནི། །ཤིན་ཏུ་མོ་དང་བཞི་རུ་དབྱེ། །ཞེས་པས་བསྟན་ཏེ། བཤད་མ་ཐག་པའི་སྔོན་འཇུག་གི་ཡི་གེ་ལྔ་པོ་དེ་ལ། ཕོ་བ་ཡིག་དང་། མ་ནིང་ག་ད་གཉིས། མོ་འ་ཡིག། ཤིན་ཏུ་མོ་མ་ཡིག་བཅས་བཞིར་དབྱེ་བར་བྱའོ། །ཞེས་སོ། །འདི་སྐབས་དབྱེ་ཚུལ་ལ་འཁྲུལ་གཞི་མེད་པས་འགྲེལ་བྱེད་རྣམས་ཀྱང་ངག་མཐུན་པར་སྣང་ལ། རྟགས་དེ་ལྟར་དབྱེ་བའི་རྒྱུ་མཚན་ནི་མིང་གཞི་ལྟར་སྔོན་འཇུག་གི་ཡི་གེ་རང་རང་ཀློག་པའི་སྒྲ་གྲིམས་ལྷོད་སོགས་ལས་ནི་མ་ཡིན་ཏེ་འཆད་འགྱུར་ལྟར་དེ་དག་འཇུག་ཡུལ་གྱི་མིང་གཞིའི་ཡི་གེ་དང་སྦྱར་ནས་ཀློག་པའི་ཚེ་སྒྲ་གདངས་ཤུགས་ཆེ་ཆུང་དུ་འགྱུར་བའི་ཆ་ནས་བཞག་པའོ། །གསུམ་པ་དེའི་འཇུག་ཚུལ་བཤད་པ་ལ། འཇུག་ཚུལ་རྟོགས་བྱེད་ཀྱི་ཡན་ལག་རྣམས་མདོར་བསྟན་པ་དང་། དྲི་ལན་གྱི་སྒོ་ནས་རྒྱས་པར་བཤད་པ་གཉིས་ཀྱི། དང་པོ་ནི།འཇུག་ཚུལ་རྟོགས་བྱེད་ཀྱི་ཡན་ལག་རྣམས་མདོར་བསྟན་པ།དེ་དག་རེ་རེའང་བཞི་བྱེད་དེ། །གང་ལ་འཇུག་བྱེད་གང་གིས་བྱེད། །ཇི་ལྟར་འཇུག་བྱེད་ཅི་ཕྱིར་བྱེད། །ཅེས་པས་བསྟན་ཏེ། སྔོན་འཇུག་དེ་དག་གི་ཕོ་སོགས་རེ་རེའི་འཇུག་ཚུལ་ལའང་རྣམ་པ་བཞི་བཞིར་བྱེད་པ་སྟེ་བྱེད་པ་བཞི་བཞིའི་སྒོ་ནས་རྟོགས་པར་བྱེད་དགོས་སོ། །དེའང་འཇུག་ཡུལ་མིང་གཞིའི་ཡི་གེ་གང་དང་གང་ལ་འཇུག་པར་བྱེད་པ་དང་། འཇུག་པ་པོ་སྔོན་འཇུག་གང་གིས་འཇུག་པར་བྱེད་པ་དང་། སྒྲའི་ཚུལ་ཇི་ལྟ་བུས་འཇུག་པར་བྱེད་པ་དང་། དགོས་པ་ཅིའི་ཕྱིར་དུ་འཇུག་པར་བྱེད་པ་རྣམས་སོ། །གཉིས་པ་དྲི་ལན་གྱི་སྒོ་ནས་རྒྱས་པར་བཤད་པ་ལ། གང་ལ་འཇུག་པར་བྱེད་པ་དང་གང་གིས་འཇུག་པར་བྱེད་པ་ཐུན་མོང་དུ་བསྟན་པ། ཇི་ལྟར་འཇུག་པར་བྱེད་པ་བསྟན་པ། ཅི་ཕྱིར་འཇུག་པར་བྱེད་པ་བསྟན་པ་སྟེ་གསུམ་མོ། །དང་པོ་ལ་དྲི་བས་མཚམས་སྦྱར་བ་དང་། ལན་གྱིས་བསྙད་པའོ། །དང་པོ་ནི།མཚམས་སྦྱར་བ་དང་། ལན་གྱིས་བསྙད་པ།གང་ལ་འཇུག་པར་བྱེད་ཅེ་ན།ཞེས་པའོ། །གཉིས་པ་ལན་ལ། ལན་དངོས་དང་ཞར་བྱུང་མི་འཇུག་པ་བཤད་པ་གཉིས་ཀྱི་དང་པོ་ནི།ཕོ་ནི་ཕོ་དང་མོ་ལ་འཇུག། །མོ་ནི་མོ་དང་མ་ནིང་ལ། །མ་ནིང་ཡང་ནི་ཕོ་མོ་ལའོ། །ཤིན་ཏུ་མོ་ནི་མ་ནིང་དང་། །མོ་དང་ཤིན་ཏུ་མོ་ཉིད་ལའོ། །ཞེས་པས་བསྟན་ཏེ། དེ་ལ་གང་གིས་འཇུག་པར་བྱེད་པ་པོ་སྔོན་འཇུག་གི་ཕོའ་ིཡི་གེ་བ་ནི། རང་གི་སྡེ་བ་མ་ཡིན་པའི་མིང་གཞིའི་ཕོ་ཡིག་ཀ་ཅ་ཏ་ཙ་རྣམས་དང་། མོ་ཡིག་ག་ང་ཇ་ཉ་ད་ན་ཛ་ཞ་ཟ་ར་ཤ་ས་རྣམས་ལ་འཇུག་གོ།དེའང་། ཀ་ག་གཉིས་ལ་བརྩེགས་འདོགས་རྐྱང་གསུམ་གར་དང་། ཏ་ཙ་ད་གསུམ་ལ་རྐྱང་བརྩེགས་གཉིས་ཀར་དང་། ང་ཇ་ཉ་ན་ཛ་རྣམས་ལ་བརྩེགས་མ་ཁོ་ནར་དང་། ཅ་ཞ་ཤ་གསུམ་ལ་རྐྱང་བ་ཁོ་ནར་དང་། ཟ་ས་གཉིས་རྐྱང་འདོགས་གཉིས་དང་། ར་འདོགས་ཅན་ཁོ་ན་སྟེ་དེ་རྣམས་ལ་འཇུག་པ་ཡིན་ནོ། །དེས་ན་འདི་སྐབས་སུ་རྐྱང་འཕུལ་གྱི་དབང་དུ་བྱས་ནས་ཕོ་ལ་བ་ཡིག་འཇུག་ཚུལ་ནི། བཀའ། བཅས། བཏགས། བཙགས། ལྟ་བུ་དང་། མོ་ལ། བགོས། བདག། བཞེད། བཟང་། བཤད། བསམ། ལ་སོགས་པ་ལྟ་བུ་རྣམས་དཔེར་བརྗོད་པར་བྱའོ། །དེ་བཞིན་དུ་བརྩེགས་འཕུལ་གྱི་དབང་གིས། དཔེར་ན། ཕོ་ལ། བརྐོ། བསྐོན། བརྟས། བལྟའ། བསྟོད།བརྩེགས། སོགས་དང་། མོ་ལ། བརྒལ། བསྒོ། བརྔ། བསྔགས། བརྗོད།བརྙས། བསྙེན། བརྡ། བལྡད། བསྔོག། བརྣོག། བསྣན། བརྫང་། ལྟ་བུ་དང་། འདོགས་འཕུལ་གྱི་དབང་གིས་ཕོ་ལ། བཀྱེ། བརྐྱང་། བསྐྱེད།བཀྲག། བསྐྲུན། བཀླགས། སོགས་དང་། མོ་ལ། བརྒྱད། བསྒྱིངས།བགྲད། བསྒྲགས། བསྲང་། བཟླས། བརླབས། བསླངས། ལྟ་བུས་མཚོན་ཏེ་ཤེས་པར་བྱའོ། །དེ་བཞིན་དུ་སྦྱར་ཏེ། སྔོན་འཇུག་གི་མོ་འ་ཡིག་ནི། མིང་གཞིའི་མོ་ག་ཇ་ད་བ་ཛ་རྣམས་དང་མ་ནིང་ཁ་ཆ་ཐ་ཕ་ཚ་རྣམས་ལ་རྐྱང་འཕུལ་གྱིས་འཇུག་ཅིང་། དེ་རྣམས་ལས་ག་བ་ཁ་ཕ་རྣམས་ལ་འདོགས་འཕུལ་དུའང་འཇུག་གོ། དཔེར་ན་རྐྱ་འཕུལ་ལ། འགོད། འཇམ། འདམ།འབོལ། འཛོམ། འཁོར། འཆལ། འཐད། འཕགས། འཚལ། ལྟ་བུ་དང།འདོགས་འཕུལ་ལ། འགྱེད། འབྱེད། འཁྱར། འགྲེལ། འབྲེལ། འཁྲེན།འཕྲད་ལྟ་བུའོ། །སྔོན་འཇུག་གི་མ་ནིང་ག་ཡིག་ནི་མིང་གཞིའི་ཕོ་ཅ་ཏ་ཙ་རྣམས་དང།མོ་ཉ་ད་ན་ཞ་ཟ་ཡ་ཤ་ས་རྣམས་ལ་རྐྱང་འཕུལ་ཁོ་ནས་འཇུག་སྟེ། དཔེར་ན།གཅིག། གཏམས། གཙང་། གཉེར། གདངས། གནས། གཞལ། གཟུགས།གཡས། གཤམ། གསལ། ལ་སོགས་པ་ལྟ་བུའོ། །སྔོན་འཇུག་གི་མ་ནིང་ད་ཡིག་ནི། མིང་གཞིའི་ཕོ་ཀ་པ་གཉིས་དང་། མོ་ག་བ་གཉིས་ཏེ་བཞི་ལ་རྐྱང་འདོགས་གཉིས་ཀར་འཇུག་ཅིང་། མོ་ང་མ་གཉིས་ལ་རྐྱང་འཕུལ་ཁོ་ནར་འཇུག་གོ །དཔེར་ན་རྐྱང་འཕུལ་ལ། དཀོན། དཔའ། དགའ། དབང།དངར། དམར་ལྟ་བུ་དང་། འདོགས་ཅན་ལ། དཀྱིལ། དཔྱད། དགྱེས།དབྱངས། དཀྲོགས། དགྲམ། དབྲོག། ལྟ་བུའོ། །སྔོན་འཇུག་གི་ཤིན་ཏུ་མོ་མ་ཡིག་ནི། མིང་གཞིའི་མ་ནིང་ཁ་ཆ་ཐ་ཚ་རྣམས་དང་། མོ་ཡིག་ག་ཇ་ད་ཛ་རྣམས་དང་། ཤིན་ཏུ་མོ་ང་ཉ་ན་རྣམས་ལ་རྐྱང་འཕུལ་གྱིས་འཇུག་ཅིང་། དེ་ལས་ཁ་ག་གཉིས་ལ་འདོགས་འཕུལ་དུའང་འཇུག་གོ། དཔེར་ན་རྐྱང་འཕུལ་ལ། མཁའ། མཆན། མཐོང་། མཚན།མགུ། མཇེད། མདོག། མཛད། མངོན། མཉེས། མནབས། ལྟ་བུ་དང།འདོགས་འཕུལ་ལ། མཁྱེན། མཁྲངས། མགྱོགས། མགྲིན་ལྟ་བུའོ། །སྐབས་འདིར་འགྲེལ་བྱེད་ཕྱི་མ་ཁ་ཅིག་གིས། ཕོ་ནི་ཕོ་དང་མོ་ལ་འཇུག། ཅེས་པའི་གཞུང་གིས་རྐྱང་བརྩེགས་གཉིས་ཀའི་འཕུལ་འཇུག་བསྟན་པར་འདོད་བཞིན་དུ་ང་ཇ་ཉ་ན་ཛ་རྣམས་ལ་བརྩེགས་འཕུལ་དང་། ར་ཡིག་ལ་འདོགས་འཕུལ་གྱི་འཇུག་ཚུལ་ཐོག་མར་འཆད་པར་མི་བྱེད་ཅིང།ངག་དོན་གྱི་སྡོམ་ཚིག་འགོད་པའི་ཚེ་དེ་དག་ལས་ན་ར་གཉིས་ལ་འཇུག་ཚུལ་བཤད་པ་དང་། ཅི་ཕྱིར་འཇུག་གི་སྐབས་སུ་དེ་རྣམས་ཐམས་ཅད་ཀྱི་དཔེར་བརྗོད་རྒྱས་པར་འགོད་པའི་འགལ་བའི་ཕུང་པོ་ཆེན་པོ་སྤྲོ་བར་བྱེད་པ་ནི་ཤིན་ཏུ་མི་རིགས་ཏེ། སྤྱིར་རྒྱས་བཤད་དང་དེའི་ངག་དོན་བསྡུས་པའི་སྡོམ་ཚིག་མཐུན་དགོས་ཤིང་དེ་དག་དང་། དེ་དག་ཉིད་ཀྱི་རྣམ་གསལ་གྱི་དཔེར་བརྗོད་མཐུན་དགོས་པའི་ཕྱིར་དང་། རྒྱུ་མཚན་དེས་མོ་ལ་ཞེས་པའི་མོ་ཡིག་དེ་མོ་ཡིག་སྤྱི་ལ་མི་འདོད་པར་ག་ཇ་བ་ད་སོགས་མོ་ཡིག་བཅུ་གཉིས་པོ་ཁོ་ནར་བསམས་ནའང་། ཁྱེད་རང་གི་སྡོམ་ཚིག་ཏུ་ན་ར་གཉིས་བྱུང་བ་དང་འགལ་བར་མ་ཟད། གཤམ་གྱི་དཔེར་བརྗོད་དང་འགལ་བའི་ཕྱིར་དང་། ཕོ་ནི་ཕོ་དང་མོ་ལ་འཇུག། ཅེས་པས་སྔོན་འཇུག་གི་ཕོའ་ིའཇུག་ཡུལ་ཐམས་ཅད་བསྡུས་ནས་བསྟན་པར་འདོད་དགོས་པ་གང་ཞིག། དེའི་འཇུག་ཡུལ་འགའ་ཞིག་མ་ཚང་བར་བཤད་པས་གཞུང་དོན་དང་ཡང་འགའ་བའི་ཕྱིར་རོ། །དང་པོ་གྲུབ་སྟེ། གཞུང་འདིར་སྔོན་འཇུག་གི་མོ་དང་མ་ནིང་སོགས་ཀྱི་འཇུག་ཡུལ་ཐམས་ཅད་བསྟན་པར་ཁྱེད་རང་ཡང་འདོད་ཅིང་། དེ་ལས་ཕོ་ཡིག་གི་འཇུག་ཡུལ་ཚང་བར་མ་བསྟན་པར་འདོད་པ་ལ་དགོས་པ་སོ་སོར་ཅིའང་བཤད་དུ་མེད་པའི་ཕྱིར་རོ། །ཁ་ཅིག་འདིར་བསྟན་རྐྱང་འཕུལ་ཁོ་ནར་འདོད་པ་ཡོད་ཀྱང་གཞུང་གི་བསྟན་བྱ་རྫོགས་པར་མི་འགྱུར་བའི་ཕྱིར་ཁྱབ་ཆུང་བ་ཉིད་དུ་ཟད་ཅིང་། དེ་ལྟར་འདོད་པའང་མོ་ལ་ཞེས་པ་མོ་ཡིག་སྤྱི་ཙམ་ལ་མ་བསམས་པའི་སྐྱོན་ཉིད་དུ་གསལ་མོད། འོན་ཀྱང་དེ་དག་གིས་མ་ནིང་གི་འཇུག་པ་འཆད་པའི་ཚེ་ནི་མོ་ལ་ཞེས་པ་མོ་ཡིག་སྤྱིར་མི་འདོད་ཀ་མེད་བྱུང་སྣང་ངོ་། །ཡང་ཕྱི་དུས་གངས་ཅན་དུ་བརྡ་དག་གི་སྲོལ་ཆེར་བཏོད་པ་པོ་རྣམས་མགྲིན་གཅིག་ཏུ་ཡ་ར་ལ་གསུམ་གྱི་འདོགས་དང་འབྲེལ་བའི་ཀ་ལ་སོགས་པ་མིང་གཞིའི་ཡི་གེ་ཉིས་འབྲེལ་ཅན་རྣམས་འཕུལ་བྱེད་གང་གིས་ཕུལ་ཀྱང་རྐྱང་འཕུལ་དུ་བཞེད་སྣང་ཡང་། ཞིབ་མོར་དཔྱད་ན་དེ་ལྟར་འཐད་པ་མ་ཡིན་ཏེ། སྐབས་འདིར་རྐྱང་པའི་གོ་དོན་སྔོན་འཇུག་གི་འཇུག་ཡུལ་དུ་རྗེས་འཇུག་མི་བརྩི་བའི་མིང་གཞིའི་ཡི་གེ་ཉིད་རེ་རེ་ཡིན་ན་རྐྱང་བ་དང་། གཉིས་གསུམ་འབྲེལ་བ་ཡིན་ན་བརྩེགས་མའི་ཐ་སྙད་འཇུག་ཅིང་འདོགས་ཅན་ཞེས་ཐ་སྙད་ཟུར་དུ་བྱེད་པའང་བརྩེགས་མའི་བྱེ་བྲག་ཉིད་ཡིན་པའི་ཕྱིར། བཀྱེ།བསྲན། བཟླས། བརླན་སོགས་མིང་གཞི་ཉིས་འབྲེལ་ཅན་རྣམས་ལ་རྐྱང་བའི་སྒྲས་བརྗོད་ཚེ་ཐ་སྙད་ལ་རྨོངས་པའི་ངག་ཏུ་འགྱུར་ཞིང་། ཡ་ར་ལ་གསུམ་ཀཱ་ལིའི་ཡ་གྱལ་དུ་བསྟན་བཞིན་དུ་འདིར་ཨཱ་ལི་མཚོན་བྱེད་ཀྱི་གི་གུ་དང་ཞབས་ཀྱུ་སོགས་དང་མཚུངས་པར་ཡི་གེའི་ཡན་ལག་ཙམ་ལས་ཡི་གེ་དངོས་མི་པར་བྱས་ནས་དེ་རྣམས་ལྡན་པའི་ཡི་གེ་ལ་རྐྱང་པར་བརྩིས་པས་དོན་ལའང་འཁྲུལ་བ་དང་། དེ་ལྟ་ན་བརྩེགས་འཕུལ་གཞན་རྣམས་ལའང་རྒྱུ་མཚན་མཚུངས་པས་བྱེ་བྲག་མེད་པར་རྐྱང་འཕུལ་དུ་བརྗོད་དགོས་པར་ཡང་འགྱུར་རོ། །ཡང་སྐབས་འདིར་བརྩེགས་མ་དང་། འདོགས་ཅན་རྣམས་ལ་འཕུལ་ཡིག་འཇུག་པའི་ཚེ་མགོ་འདོགས་ཀྱི་ཡི་གེ་རྣམས་འཕུལ་ཡིག་གི་ཡུལ་ཡིན་མིན་ལ་སྔོན་ཆད་སུས་ཀྱང་དངོས་སུ་དཔྱད་པ་མ་མཐོང་མོད། ཞེན་དོན་ལ་བརྟགས་ན་མགོ་ཅན་དང་འདོགས་ཅན་གྱི་ཡི་གེ་དངོས་གཞི་དེ་ཉིད་ལས་གཞན་རྣམས་འཕུལ་འཇུག་གི་ཡུལ་དུ་མི་འདོད་པར་སྣང་བ། གཙོ་ཆེ་ཆུང་གི་དབང་དུ་བྱས་ན་ནི་དེ་བཞིན་འཐད་པའང་ཡིན་ཏེ། བ་ཡིག་གི་འཇུག་ཡུལ་གྱི་རྗེས་འཇུག་མི་བརྩི་བའི་མིང་གཞིའི་ཡི་གེ་གཉིས་གསུམ་འབྲེལ་བ། བཀྱེ། བརྒལ། བསྐྱེད། ལྟ་བུ་ལ་རིམ་པར་ཀ་ཡ་དང་ར་ག་དང་ས་ཀ་ཡ་རྣམས་སོ་སོར་ཀཱ་ལིའི་ཡི་གེ་རང་རྐྱ་ཐུབ་པ་རེ་ཡིན་པར་མཚུངས་ཀྱང་བརྗོད་པའི་ཚེ་དེ་དག་ལས། རང་སྡེའི་ཀ་དང་ག་དང་ཀ་རྣམས་ཀྱི་སྒྲ་གཙོ་བོར་འབྱུང་བའི་ཕྱིར་གཞུང་འདིར་ཡང་དེའི་དབང་དུ་མཛད་ནས་སྔོན་འཇུག་རྣམས་ཡི་གེ་གང་ལ་འཇུག་ཚུལ་གསུངས་པར་སྣང་བ། རང་གི་སྡེ་དང་འཕྲད་པ་ན། །ཕོ་ཡང་མོ་ལ་འཇུག་མི་འགྱུར། །ཞེས་བསྟན་པས་ཤེས་པར་ནུས་པའི་ཕྱིར་ཏེ། གཞན་དུ། འགྱེད། ཅེས་པ་ལྟ་བུ་འ་ཡིག་རང་སྡེའི་ཡ་ལ་འཇུག་པར་འགྱུར་བའི་ཕྱིར་རོ། །སྤྱིར་ནི་དེ་འདྲའི་མགོ་འདོགས་ཀྱི་ཡི་གེ་རྣམས་འཕུལ་ཡིག་གི་འཇུག་ཡུལ་ཙམ་ཡིན་པར་འདོད་པ་འགལ་བ་མེད་པར་མ་ཟད་ངེས་པར་ཁས་ལེན་དགོས་ཏེ། བསྐྱེད། ཅེས་པ་ལྟ་བུའི་བ་ཡིག་སྔོན་འཇུག་དང་ད་ཡིག་རྗེས་འཇུག་དང་ས་ཀ་ཡ་གསུམ་མིང་གཞིར་འགྱུར་ཞིང་། མིང་གཞི་དེ་གསུམ་ག་སྔོན་རྗེས་དེ་དག་གི་འཇུག་ཡུལ་ཡིན་པ་ཙམ་དུ་མཚུངས་པའི་ཕྱིར་ཏེ་མིང་གཞིའི་ཡི་གེ་ཡིན་ན་སྔོན་རྗེས་གཉིས་ཀའམ་གང་རུང་གི་འཇུག་ཡུལ་ཡིན་པས་ཁྱབ་པའི་ཕྱིར་རོ། །དེ་ལྟ་བུའི་ས་ཡ་གཉིས་པོ་དེ་རྗེས་འཇུག་གི་ཡུལ་དུ་རུང་གི་སྔོན་འཇུག་གི་ཡུལ་དུ་མི་རུང་ངོ་ཞེ་ནའང་གོང་སྨོས་ལྟར་འདིར་བསྟན་གཙོ་ཆེ་ཆུང་གི་འཇུག་ཚུལ་གྱི་དབང་དུ་བྱས་ན་བདེན་མོད། སྤྱིར་བཏང་ཙམ་ལ་མི་རུང་བའི་རྒྱུ་མཚན་ཅིའང་བཤད་དུ་མེད་དོ། །ཞར་བྱུང་དུ་མི་འཇུག་པ་བཤད་པ།གཉིས་པ་ཞར་བྱུང་དུ་མི་འཇུག་པ་བཤད་པ་ནི།ཕོ་ནི་མ་ནིང་ལ་མི་འཇུག། །མོ་ནི་ཕོ་ལ་འཇུག་པ་མིན། །མ་ནིང་རང་ལ་རང་མི་འཇུག། །རང་གི་སྡེ་དང་འཕྲད་པ་ན། །ཕོ་ཡང་མོ་ལ་འཇུག་མི་འགྱུར། །མ་ནིང་མོ་ཡང་དེ་བཞིན་ནོ། །ཞེས་པས་བསྟན་ཏེ། སྔོན་འཇུག་གི་ཕོ་བ་ཡིག་ནི་མིང་གཞིའི་མ་ནིང་ཁ་ཆ་ཐ་ཕ་ཚ་རྣམས་ལ་མི་འཇུག་ཅིང་། སྔོན་འཇུག་གི་མོ་འ་ཡིག་དང་དེའི་ཤུགས་ཀྱིས་ཤིན་ཏུ་མོ་མ་ཡིག་དག་ནི་མིང་གཞིའི་ཕོ་ཀ་ཅ་ཏ་པ་ཙ་རྣམས་ལ་མི་འཇུག་པ་དང་། སྔོན་འཇུག་གི་མ་ནིང་ག་ད་གཉིས་ནི་མིང་གཞིའི་འང་མ་ནིང་ཁ་ཆ་ཐ་ཕ་ཚ་རྣམས་ལ་མི་འཇུག་གོ། ཡང་སྔར། ཕོ་ནི་ཕོ་དང་མོ་ལ་འཇུག། ཅེས་སོགས་བཤད་པའི་དམིགས་བསལ་སྔོན་འཇུག་རྣམས་རང་རང་གནས་པའི་སྡེ་བ་སྟེ་བཞི་སོ་སོའ་ིམིང་གཞིའི་ཡི་གེ་རྣམས་དང་འཕྲད་པའི་ཚེ་སྔོན་འཇུག་གི་ཕོ་བ་ཡིག་ནི་མིང་གཞིའི་མོ་བ་མ་དག་ལ་མི་འཇུག་ཅིང་ཡང་སྒྲས་ཕོ་ཡིག་བ་ལའང་མི་འཇུག་པར་བསྟན་པ་དང་། དེ་བཞིན་དུ་སྔོན་འཇུག་གི་མ་ནིང་ག་ད་གཉིས་ཀྱང་རང་སྡེའི་ཕོ་མོ་དག་ལ་མི་འཇུག་པས་ག་ཡིག་མིང་གཞིའི་ཀ་ག་ང་རྣམས་དང་། ད་ཡིག་ཏ་ད་ན་རྣམས་ལ་མི་འཇུག་ཅིང་། སྔོན་འཇུག་གི་མོ་ཡིག་འ་ནི་རང་སྡེའི་མིང་གཞིའི་མོ་ཞ་ཟ་འ་ཡ་རྣམས་ལ་མི་འཇུག་པ་དང་། ཡང་སྒྲའི་ཤུགས་ཀྱིས་སྔོན་འཇུག་གི་ཤིན་ཏུ་མོ་མ་ཡིག་ནི་རང་སྡེའི་མིང་གཞིའི་མོ་དང་མ་ནིང་ཕ་བ་མ་རྣམས་ལ་འཇུག་པ་མ་ཡིན་ནོ། །ཞེས་སོ། །འགྲེལ་བྱེད་ཁ་ཅིག་གིས་སྐབས་འདིར་གང་གིས་འཇུག་བྱེད་འཆད་པའི་གཞུང་ཆད་པར་འདོད་པ་ཡོད་ཀྱང་གོང་སྨོས་བཞིན་འདིར་འཇུག་བྱེད་དང་འཇུག་ཡུལ་ལྷན་ཅིག་ཏུ་གསལ་བར་བསྟན་པ་མཐོང་བཞིན་དེ་ལས་ལྡོག་སྟེ་སྨྲ་བ་ལ་དགོས་ཅི་ཞིག་ཡོད་བསམ་དགོས་ཤིང་། ས་བཅད་ཟུར་བ་ཞིག་ངེས་པར་དགོས་སོ་སྙན་ནའང་འཇུག་བྱེད་ཀྱི་དོན་གསལ་བར་མཚོན་པའི་ངག་བཀོད་ཟིན་ནས་སླར་ཡང་དེ་ཉིད་བསྐྱར་བ་ནི་ཟློས་པའི་སྐྱོན་དུ་འགྱུར་རོ། །ཇི་ལྟར་འཇུག་པར་བྱེད་པ་བསྟན་པ་ལ་དྲི་བས་མཚམས་སྦྱར་བ་དང་། ལན་གྱིས་བསྙད་པ།གཉིས་པ་ཇི་ལྟར་འཇུག་པར་བྱེད་པ་བསྟན་པ་ལ་དྲི་བས་མཚམས་སྦྱར་བ་དང་། ལན་གྱིས་བསྙད་པ་གཉིས། དང་པོ་ནི།ཇི་ལྟར་འཇུག་པར་བྱེད་ཅེ་ན། །ཞེས་པའོ། །གཉིས་པ་ནི།ཕོ་ནི་དྲག་པའི་ཚུལ་གྱིས་ཏེ། །མ་ནིང་རན་པར་འཇུག་པ་ཡིན། །མོ་ནི་ཞན་པའི་ཚུལ་གྱིས་ཏེ། །ཤིན་ཏུ་མོ་ནི་མཉམ་པས་སོ། །ཞེས་གསུངས་ཏེ། སྔོན་འཇུག་གི་ཕོ་ཡིག་བ་ནི་མིང་གཞིའི་ཡི་གེ་རང་གི་འཇུག་ཡུལ་དུ་གྱུར་པ་རྣམས་ལ་སྒྲ་དང་བྱེད་རྩོལ་དྲག་པའི་སྒོ་ནས་འཇུག་པ་དང་། མ་ནིང་ག་ད་གཉིས་ནི་སྒྲ་སྩོལ་རན་པས་འཇུག་པ་དང་། མོ་ཡིག་འ་ནི་སྒྲ་སྩོལ་ཞན་པས་འཇུག་པ་དང་། ཤིན་ཏུ་མོ་མ་ནི་སྒྲ་སྩོལ་མཉམ་པ་སྟེ་ཤིན་ཏུ་ལྷོད་པའི་ཚུལ་གྱིས་འཇུག་པར་བྱེད་དོ། །ཞེས་སོ། །གཞན་དག་འདིར་མཉམ་པ་ཞེས་པ་དྲག་ཞན་མཉམ་པར་འདོད་པ་ཡོད་ཀྱང་། དེ་ལྟ་ན་མ་ནིང་གི་འཇུག་ཚུལ་དང་ཟློས་པར་འགྱུར་ཞིང་། སྤྱིར་གོང་དུ་བཤད་པ་ལྟར་ཤིན་ཏུ་མོ་ཞེས་པ་མོ་ཡིག་ཏུ་འདོད་དགོས་པས་སྒྲ་རྩོལ་ཞན་པས་འཇུག་པ་ལས་འོས་མེད་ཅིང་ལྷག་པར་ཤིན་ཏུའི་སྒྲས་སྒྲ་རྩོལ་ཤིན་ཏུ་ཞན་པས་འཇུག་པ་ཉིད་དེ་མཉམ་པ་ཞེས་པ་ཉམ་ཆུང་བ་ལ་འཇུག་པ་ཡོད་ཅིང་ད་ལྟ་ཡུལ་འགའི་སྐྱེ་བོ་ལ་དེ་ལྟ་བུའི་བརྡ་ཆགས་པའང་མཐོང་ངོ་། །འགྲེལ་བྱེད་ཕལ་མོ་ཆེས་སྐབས་འདིའི་འཇུག་ཚུལ་དྲག་ཞན་སོགས་སྒྲ་གདངས་ཁོ་ནའི་སྒོ་ནས་བཞག་པར་འདོད་ཀྱང་ལེགས་པ་མ་ཡིན་ཏེ། ཕོ་དང་མ་ནིང་གི་འཇུག་ཚུལ་ལ་སྒྲ་དྲག་ཞན་གྱི་དབྱེ་བ་ཆེར་མེད་ཀྱང་གཙོ་བོར་བྱེད་རྩོལ་ཆེ་ཆུང་གི་སྒོ་ནས་འབྱེད་དགོས་ཤིང་། གཞན་རྣམས་ལའང་སྒྲ་གདངས་དྲག་ཞན་དུ་མ་ཟད་བྱེད་རྩོལ་ཆེ་ཆུང་གི་ཁྱད་པར་རེའང་ཞིབ་མོའ་ིབློས་དཔྱད་ན་མངོན་སུ་གྱིས་གྲུབ་པའི་ཕྱིར་རོ། །ཅི་ཕྱིར་འཇུག་པར་བྱེད་པ་བསྟན་པ་ལ་དྲི་བས་མཚམས་སྦྱར་བ་དང་། ལན་གྱིས་བསྙད་པ།གསུམ་པ་ཅི་ཕྱིར་འཇུག་པར་བྱེད་པ་བསྟན་པ་ལ་དྲི་བས་མཚམས་སྦྱར་བ་དང་། ལན་གྱིས་བསྙད་པའོ། ། དང་པོ་ནི།ཅི་ཕྱིར་འཇུག་པར་བྱེད་ཅེ་ན། །ཞེས་པའོ། །གཞུང་དོན་བདེ་བླག་ཏུ་རྟོགས་པའི་ཕྱིར་འདིར་བསྟན་གྱི་བདག་གཞན་དང་དུས་གསུམ་སྤྱིར་བཤད་པ།གཉིས་པ་ལ། གཞུང་དོན་བདེ་བླག་ཏུ་རྟོགས་པའི་ཕྱིར་འདིར་བསྟན་གྱི་བདག་གཞན་དང་དུས་གསུམ་སྤྱིར་བཤད་པ་དང་། གཞུང་དོན་གྱི་ལན་དངོས་བཤད་པ་སྟེ་གཉིས་ལས། དང་པོ་ལ། དངོས་དང་མཐའ་དཔྱད་གཉིས། དང་པོ་ནི།འཆད་པར་འགྱུར་བ། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །ཞེས་སོགས་ཀྱི་གོ་དོན་དཔྱིས་ཕྱིན་པར་བྱེད་པ་ལ། ཐོག་མར་འདི་ཤེས་དགོས་ཏེ། ལས་གང་ཞིག་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་དབང་དུ་བྱས་ནས། བྱེད་པ་པོའ་ིདངོས་པོ་དེ་ཉིད་དང་དེའི་བྱེད་པ་དང་བཅས་པ་ལ་ནི་བདག་ཅེས་བྱ་ཞིང་། དེས་བསྒྲུབ་པར་བྱ་བའི་ཡུལ་གྱི་དངོས་པོ་བྱ་བ་དང་བཅས་པ་ལ་ནི་གཞན་ཞེས་བྱའོ། །དེ་བཞིན་དུ་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་མ་འབྲེལ་ཇི་ལྟར་ཡང་རུང་བྱ་བ་བྱས་ཟིན་པ་ནི་དུས་འདས་པ་དང། བྱ་བ་བྱེད་པར་འགྱུར་བ་ནི་དུས་མ་འོངས་པ་དང་། བྱ་བ་བྱེད་བཞིན་པ་ནི་དུས་ད་ལྟ་བ་ཡིན་ནོ། །གཞན་དུ་བྱེད་པའི་ལས་དང་བྱ་བའི་ལས་ཞེས་ལས་ཀྱི་ཚིག་ལ་གཉིས་སུ་དབྱེ་བའང་དབྱེ་བ་དེ་དག་ཏུ་འདུས་ཏེ་དུས་གསུམ་གྱི་དབང་གིས་བྱེད་པའི་ལས་ནི་དུས་ད་ལྟ་བ་དང་། བྱ་བའི་ལས་ནི་དུས་མ་འོངས་པར་འདུ་ཞིང་བདག་གཞན་གྱི་དབང་གིས་བྱེད་པོ་གཞན་དང་དངོས་སུ་འབྲེལ་བའི་བྱེད་པ་བདག་དང་བྱ་བ་གཞན་ཡིན་པ་བཤད་མ་ཐག་པ་ལྟར་རོ། །རྒྱུ་མཚན་འདིས་དུས་གསུམ་གྱི་དབྱེ་བས་ནི་བྱེད་ལས་དང་འབྲེལ་བའི་ངག་གི་སྦྱོར་བ་ཐམས་ཅད་ལ་ཁྱབ་ཅིང་། བདག་གཞན་གྱི་དབྱེ་བས་ནི་དེ་ཙམ་དུ་ཁྱབ་བ་མ་ཡིན་ཡང་། གཞུང་འདིར་བྱེད་པ་པོ་དང་བྱ་བའི་ཡུལ་གྱི་སྒྲ་རྣམས་བསྡུ་བའི་ཕྱིར་བདག་གཞན་གྱི་དབྱེ་བ་ཟུར་དུ་མཛད་པ་ཡིན་ཞིང། དེའི་ཞར་ལས་བདག་གཞན་དང་འབྲེལ་བའི་བྱ་བྱེད་ཀྱི་ཚིག་ཕན་ཚུན་ཤེད་མཚུངས་པ་རྣམས་ཀྱང་བསྡུས་པ་ཡིན་ནོ། །དེས་ན་ཅི་ཕྱིར་འཇུག་གི་གཞུང་འདི་འཆད་པའི་སྐབས་སུ་དུས་གསུམ་གྱི་དབྱེ་བས་བཤད་པ་རྣམས་ནི། བདག་གཞན་གྱི་དབྱེ་བས་མ་ཁྱབ་པའི་ལྷག་མ་རྣམས་བསྡུ་བའི་དོན་དུ་བལྟ་བར་བྱའོ། །དེ་ལྟར་ངེས་པར་བྱས་ནས་དབྱེ་བ་དེ་དག་གི་དཔེར་བརྗོད་རྒྱས་པར་གཤམ་དུ་འཆད་འགྱུར་རྣམས་མ་འཛིངས་པར་རྟོགས་པར་བྱ་དགོས་མོད་ཀྱི། འདིར་ཡང་གོ་བདེ་བའི་ཕྱིར་རྣམ་གསལ་གྱི་དཔེར་བརྗོད་ཅུང་ཟད་འགོད་ན། བྱེད་པ་པོ་བདག་གི་དངོས་པོའ་ིསྒྲ་ནི། སྒྲུབ་པ་པོ། སྟོན་པ་པོ།གཅོད་པ་པོ། འབྱིན་པ་པོ། སྒྲུབ་བྱེད། སྟོན་བྱེད། གཅོད་བྱེད། འབྱིན་བྱེད་ལྟ་བུ་དང་། དེའི་བྱེད་པའི་ཚིག་གསལ་བར་བྱེད་པ། སྒྲུབ་པར་བྱེད།སྟོན་པར་བྱེད། གཅོད་པར་བྱེད། འབྱིན་པར་བྱེད། སྒྲུབ་བོ། །སྟོན་ཏོ། །གཅོད་དོ། །འབྱིན་ནོ། །ལྟ་བུ་དང་། བྱ་བའི་ཡུལ་གཞན་གྱི་དངོས་པོའ་ིསྒྲ་ནི། བསྒྲུབ་པར་བྱ་བ། བསྟན་པར་བྱ་བ། གཅད་པར་བྱ་བ། དབྱུང་བར་བྱ་བ། བསྒྲུབ་བྱ། བསྟན་བྱ། གཅད་བྱ། དབྱུང་བྱ། ལྟ་བུ་དང་། དེའི་བྱ་བའི་ཚིག། བསྒྲུབ་པར་བྱ། བསྟན་པར་བྱ། གཅད་པར་བྱ། དབྱུང་བར་བྱ། བསྒྲུབ་བོ། །བསྟན་ནོ། །གཅད་དོ། །དབྱུང་ངོ་། །ལྟ་བུ་དང་། དབྱེ་བ་དེ་གཉིས་སུ་མ་འདུས་པའི་དུས་གསུམ་ལས་བྱས་ཟིན་འདས་པའི་སྒྲ་ནི།བསྒྲུབས། བསྟནད། བཅད། ཕྱུང་། གྲུབ། ཆད། བྱུང་། ལྟ་བུ་དང་། བྱེད་བཞིན་ད་ལྟ་བའི་སྒྲ་ནི། ད་ལྟ་སྒྲུབ་བཞིན་པ། སྟོན་བཞིན་པ། གཅོད་བཞིན་པ། འབྱིན་བཞིན་པ། འགྲུབ་པར་བྱེད། འཆད་པར་བྱེད། འབྱུང་བར་བྱེད། འགྲུབ་བཞིན་པ། འཆད་བཞིན་པ། འབྱུང་བཞིན་པ་ལྟ་བུ་དང། བྱ་འགྱུར་མ་འོངས་པའི་སྒྲ་ནི། འགྲུབ་པར་འགྱུར། འཆད་པར་འགྱུར། འབྱུང་བར་འགྱུར། འགྲུབ་བོ། །འཆད་དོ། །འབྱུང་ངོ་། །འགྲུབ་པར་བྱ། འབྱུང་བར་བྱ་ལྟ་བུ་སྟེ། འདི་དག་གིས་མཚོན་ནས་ཀུན་ལ་བསྒྲེ་བར་བྱའོ། །འདིར་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་མ་འབྲེལ་ཞེས་སྨོས་པ་ནི། དངོས་པོ་གང་ཞིག་ལ་ལས་གང་ཞིག་བྱེད་པ་པོ་གཞན་གྱིས་དངོས་སུ་སྒྲུབ་པར་བྱེད་པ་དེ་ནི་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་ལས་ཏེ། དཔེར་ན། ལྕགས་གསེར་དུ་བསྒྱུརད་ཟིན། བསྒྱུར་བར་བྱ། སྒྱུར་བར་བྱེད། ཤིང་བཅད་ཟིན། གཅར་པར་བྱ། གཅོད་པར་བྱེད། འབྱུང་ཁུངས་ནས་ཕྱུང་ཟིན།དབྱུང་བར་བྱ། འབྱིན་པར་བྱེད་ལྟ་བུ་དུས་གསུམ་གྱི་དབྱེ་བས་ཤེས་པར་བྱ་ཞིང། དངོས་པོ་གང་ཞིག་ལ་ལས་གང་ཞིག་བྱེད་པོ་གཞན་དངོས་སུ་མེད་པར་རང་གི་ངང་གིས་འགྲུབ་པར་སྣང་བ་འདི་ནི་བྱེད་པ་པོ་གཞན་དང་དངོས་སུ་མ་འབྲེལ་བའི་ལས་ཏེ། དཔེར་ན། ལྕགས་གསེར་དུ་གྱུརད་ཟིན། འགྱུར་བཞིན་པ། འགྱུར་བར་འགྱུར་རོ། །ཤིང་ཆད་ཟིན། འཆད་བཞིན་པ། འཆད་པར་འགྱུར་རོ། །གནས་ནས་བྱུང་། འབྱུང་བཞིན་པ། འབྱུང་བར་འགྱུར་རོ། །ཞེས་སོགས་ཀྱི་བསྒྲེས་ནས་རྟོགས་པར་བྱའོ། །དེ་ལས་སྔ་མའི་དོན་ནི་རྟོགས་སླ་ལ་ཕྱི་མ་ནི་དཔེར་ན་སྐྱེ་བུ་ཞིག་གི་མདུན་དུ་ལྕགས་གོང་རང་བཞིན་གྱིས་གསེར་དུ་གྱུར་པའི་ཚེ། ལྕགས་རང་ཉིད་ལ་ཡོད་པའི་འབྱུང་བ་རྣམས་ཀྱི་བྱེད་པས་དེ་བཞིན་དུ་གྱུར་ཀྱང་གཞན་གྱིས་མ་ཡིན་ལ། སྐྱེས་བུ་དེ་ཡི་བསོད་ནམས་ཀྱིས་དེ་བཞིན་དུ་གྲུབ་པས་བསོད་ནམས་ཉིད་བྱེད་པ་པོ་གཞན་ཡིན་མོད་ཀྱི་དེ་ནི་དངོས་སུ་མི་སྣང་བ་ལྟ་བུ་དང་། སྐྱེས་བུ་གང་ཞིག་གནས་ནས་འབྱིན་པ་པོ་མེད་པར་རང་ཉིད་གནས་ནས་འབྱུང་བའི་ཚེ་རང་ཉིད་བྱེད་པ་པོ་ཡིན་མོད་ཀྱི་བྱེད་པ་པོ་གཞན་མེད་པ་སོགས་ཀྱིས་མཚོན་ནས་ཞིབ་མོའ་ིབློས་ངེས་པར་བྱའོ། །དེའི་མཐའ་དཔྱད་པ།གཉིས་པ་ནི། སྐབས་འདིར་འགྲེལ་བྱེད་སྔ་མ་ཕལ་ཆེར་གྱིས་ངེས་པ་སྟེར་བའི་ཞིབ་བཤད་མ་མཛད་ལ་ཅུང་ཟད་བཤད་པ་རྣམས་ཀྱང་དོན་དང་མི་འབྱོར་བ་མང་ཞིང་། བཤད་པ་འགྲིག་ཏུ་རུང་བ་རྣམས་ཀྱང་བློ་རྩེ་གཏད་མཚམས་ཀྱི་དཔེར་བརྗོད་ལོག་པར་བཀོད་པ་མང་བས། དེ་དག་སོ་སོ་ནས་ཞིབ་མོར་བཤད་ན་ཡི་གེ་མང་བས་འཇིགས་པའི་ཕྱིར་སྐྱོན་གྱི་ཕྱོགས་མཐོང་བའི་སླད་དུ་བསྡུས་ཏེ་ཅུང་ཟད་བརྗོད་ན། འགའ་ཞིག་གིས། འདིར་བསྟན་བདག་གཞན་གྱི་ཟླས་ཕྱེ་བའི་གཞན་དང་བྱ་བའི་སྒྲ་གཉིས་དབྱེ་བའི་ཡ་གྱལ་རེ་རེ་བར་འདོད་ཅིང་གཞན་གྱི་ངོས་འཛིན་གསལ་པོར་མ་བྱས་པ་དང་།འགའ་ཞིག་གིས་བདག་བྱེད་པ་དང་གཞན་བྱ་བ་གཉིས་ཉིད་དུ་ཁ་ཚོན་བཅད་པ་དང་། འགའ་ཞིག་གིས་མིང་རྐྱང་རྣམས་ཀྱང་འདི་སྐབས་སུ་བསྟན་པའི་དུས་གསུམ་གྱི་དབྱེ་བའི་ཁོངས་སུ་སྡུད་པ་རྣམས་མཐོང་བ་ལས། འདོད་པ་དང་པོ་དེ་མི་འཐད་དེ། བྱ་བའི་སྒྲ་ལ་བྱེད་པོ་གཞན་དང་དངོས་སུ་འབྲེལ་མི་འབྲེལ་གཉིས་ཡོད་པའི་སྔ་མ་ལ་དངོས་པོ་གཞན་གྱི་མཚན་གཞི་མི་བྱེད་ན་དེ་ལས་གཞན་དུ་མཚན་གཞི་འཐད་ལྡན་རྙེད་པར་མི་འགྱུར་ཞིང། དེ་ལ་དབྱེ་ན་གཞན་དང་བྱ་བའི་སྒྲ་གཉིས་ཤེས་སོ་སོར་ཆེ་ཐང་དུ་དབྱེ་བ་བྱེད་པ་འགལ་བའི་ཕྱིར་དང་། ཡང་ན་བྱེད་པོ་གཞན་དང་དངོས་སུ་འབྲེལ་བའི་བྱ་བའི་སྒྲ་ལ་གཞན་དང་གཅིག་ཤོས་ལ་བྱ་བ་ཉིད་དུ་ཐ་སྙད་འདོགས་ན་ནི་སྔ་མ་ཕྱོགས་གཅིག་ནས་འགྲིག་ཀྱང་། ཕྱི་མ་གཞུང་འདིའི་དངོས་བསྟན་དང་དོན་འཐོབ་གཉི་གར་ཕོ་ཡིག་གི་འཇུག་ཡུལ་དུ་མ་བྱུང་ཞིང་འབྱུང་བའང་མི་སྲིད་པས་འབྲེལ་མེད་དུ་འགྱུར་བའི་ཕྱིར་དང་། དངོས་བསྟན་ཕོ་ཡིག་གི་དོན་གྱི་འཇུག་ཡུལ་གཞན་གྱི་ངོས་འཛིན་གསལ་པོ་བྱེད་རྒྱུ་མེད་བཞིན་དུ། མ་བསྟན་པའི་བྱ་བའི་དབྱེ་བ་གསར་དུ་བསྣན་པ་ལ་དགོས་པ་ཅིའང་མེད་པའི་ཕྱིར། འདོད་པ་གཉིས་པ་དེའང་མི་འཐད་དེ། དེ་ལྟར་ན་བྱེ་བྲག་ཕྱེས་ནས་མ་བཤད་པས་བྱེད་པའི་སྒྲ་ཡིན་ཚད་བདག་དང་། བྱ་བའི་སྒྲ་ཡིན་ཚད་གཞན་དུ་ཁས་བླངས་པར་སོང་བས་འདིར་བསྟན་དུས་གསུམ་གྱི་ད་ལྟ་བ་དང་མ་འོངས་པའི་སྒྲ་འཆད་པའི་ཚེ་ཟློས་པའི་སྐྱོན་དུ་འགྱུར་བར་མ་ཟད་དབྱེ་སྒོ་དེ་དག་ཕན་ཚུན་འཛིངས་པས་དབྱེ་བ་དགོས་མེད་དུ་ཐལ་བའི་ཕྱིར་དང་། རྒྱུ་མཚན་དེས་མཁས་པའི་གཞུང་ལུགས་ཆུད་གསན་པར་འགྱུར་བའི་ཕྱིར་དང། བསྟན་བྱའི་གཙོ་བོ་བྱེད་པ་པོ་དང་བྱ་བའི་ཡུལ་གཉིས་ཆད་པའི་སྐྱོན་ཡོད་པའི་ཕྱིར་རོ། །འདོད་ཚུལ་གསུམ་པ་དེའང་མི་འཐད་དེ། སྐབས་འདིའི་དུས་གསུམ་གྱི་དབྱེ་བ་ནི་བྱེད་ལས་སམ་བྱ་ཚིག་གི་སྒོ་ནས་འབྱེད་དགོས་ཤིང་། མིང་རྐྱང་ལ་བྱ་བྱེད་ཀྱི་ཐ་སྙད་མི་འཇུག་པས་བྱ་བྱེད་མེད་པ་བྱ་བྱེད་ཅན་དུ་སྡུད་པ་ལས་མཚང་ཆེ་བ་ཅི་ཞིག་ཡོད། ཁྱད་པར་མིང་རྐྱང་རྣམས་བདག་གཞན་གྱིས་ཟླས་ཕྱེ་བའི་བདག་ཡིན་པར་བསམས་ནས་མ་ནིང་དང་མོའ་ིསྔོན་འཇུག་གི་འཇུག་པ་འཆད་པའི་ཚེ་ག་ད་འའི་འཕུལ་ཅན་གྱི་མིང་རྐྱང་རྣམས་བདག་གི་དཔེར་བརྗོད་དུ་བཀོད་འདུག་པ་དེ་ལྟ་ན་ཕོ་ཡིག་བས་འཕུལ་ཅན་གྱི་མིང་རྐྱང་ཡང་མང་པོ་ཡོད་ན་སློབ་དཔོན་ཐུ་མིས་ཕོ་ཡིག་བདག་སྒྲུབ་ལ་འཇུག་པར་མ་གསུངས་པའི་རྒྱུ་མཚན་ཅི་ཡོད། སེམས་རྣལ་དུ་ཕབ་ནས་ལེགས་པར་བསམ་དགོས་སོ། །དེ་ན་མཁས་པ་གཞན་གྱིས་མིང་ལ་བདག་དང་དུས་གསུམ་ལ་གཞན་གྱིས་ཐ་སྙད་བྱས་པ་དང་། མིང་རྐྱང་ཉིད་དུས་གསུམ་ལས་ད་ལྟ་བར་འདོད་པ་སོགས་ཡོད་པ་ནི་གཞུང་གཞན་དང་གཞན་གྱི་འཆད་ཚུལ་ཡིན་གྱི་སྐབས་འདི་དང་འབྲེལ་བའི་དོན་མེད་ལ། མི་འབྲེལ་བཞིན་དུ་བསྒྲིག་པར་རློམ་པ་ནི་གཡག་གི་རྭ་རྟའི་མགོ་ལ་སྦྱོར་བ་དང་མཚུངས་སོ། །གཞན་ཡང་འགའ་ཞིག་གིས་བདག་བྱེད་པ་པོ་ཁོ་ནར་འདོད་པ་དང་། ལ་ལས་བྱེད་པ་ཁོ་ནར་འདོད་པ་མཐོང་བས་དེ་དག་ལ་ནི་གང་བཤད་པ་དཔྱིས་མ་ཕྱིན་པ་དང་གཞུང་གི་བསྟན་བྱ་མ་རྫོགས་པའི་སྐྱོན་ཡང་འཇུག་གོ །ཡང་འགའ་ཞིག་གིས། བྱེད་པ་པོ་ལ་ཡོད་པའི་ལས་ཐམས་ཅད་ལ་བདག་དང་། བྱ་བ་གཞི་ལ་ཡོད་པའི་ལས་ཐམས་ཅད་ལ་གཞན་དུ་ངོས་བཟུང་ཞིང་། ཕྱི་མ་ལ་དུས་གསུམ་གྱི་དབྱེ་བ་བྱེད་པར་འདུག་མོད། ལས་དེ་དག་ཀྱང་ངོས་མ་ཟིན་པས་དཔེར་བརྗོད་དུ་མིང་རྐྱང་སྒྲིག་པར་བྱེད་པ་རྣམས་ལ་ནི་དཔྱད་དུ་ཅི་ཞིག་ཡོད་དེ། འཕེན་ཟན་རིན་ཆེན་ལ་བལྟ་ཡི། །འགལ་དུམ་ལ་ནི་སུ་ཞིག་དཔྱོད། །ཅེས་པ་ལྟར་བས་པའི་ཕྱིར། འོན་ཀྱང་སྐྱོན་གྱི་ཕྱོགས་མཚོན་པ་ཙམ་ཞིག་འོག་ཏུ་འཆད་པར་བྱ་ཞིང་། གཞན་དུ་ན། བདག་གཞན་གྱི་འཆད་ཚུལ་དེའང་ལེགས་པར་བསམས་པའི་ངག་མ་ཡིན་ཏེ། ལས་དེ་དག་སྟོན་པའི་ཚིག་ཐམས་ཅད་ལ་འདིར་བསྟན་བདག་གཞན་གྱི་སྒྲ་འཇུག་པས་མ་ཁྱབ་པའི་ཕྱིར་ཏེ། སྐབས་འདིའི་བདག་གཞན་གྱི་སྒྲ་ནི་དངོས་སུ་བྱེད་པོ་དང་བྱ་བ་ངེས་པར་ཐ་དད་པ་ཞིག་གི་སྒོ་ནས་གཞག་དགོས་པ་བཤད་ཟིན་དང་འཆད་འགྱུར་ལྟར་ངེས་པའི་ཕྱིར། དངོས་སུ་བྱེད་པོ་དང་བྱ་བ་ཐ་མི་དད་པའི་ལས་ཀྱི་ཚིག་རྣམས་ལ་ནི་ལས་དེ་དག་གང་རུང་སྟོན་པའི་ཚིག་ཡིན་པས་ཁྱབ་ཀྱང་ངོ་བོ་གཅིག་པ་ལ་བདག་གཞན་གྱི་དབྱེ་བ་མི་རུང་བས་འདིར་བསྟན་བདག་གཞན་གྱི་སྒྲ་མི་འཇུག་པའི་ཕྱིར་རོ། །ཁྱེད་རང་གིས་གཞན་དུ་ངོས་འཛིན་རྒྱུའི་བྱ་བ་གཞིའི་ལས་ལ་དུས་གསུམ་དུ་དབྱེ་བའང་ཆེས་མི་འཐད་དེ། དེ་ལྟ་ན། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །ཞེས་པའི་གཞུང་འདི་འཆད་པའི་ཚེ་སྔོན་རྗེས་ཀྱི་ཕོ་ཡིག་བྱེད་ལས་ཀྱིས་དབྱེ་བའི་དུས་གསུམ་ག་ལ་འཇུག་པ་ཞིག་ཁས་མི་ལེན་ཀ་མེད་དུ་སོང་བས། འདས་དང་ཞེས་ལོགས་སུ་བཀར་ནས་གསུངས་པ་དགོས་མེད་དུ་ཐལ་བའི་ཕྱིར་དང་། དེའི་ཤུགས་ཀྱིས་མ་ནིང་ག་ད་གཉིས་ཀྱང་དུས་གསུམ་ག་ལ་འཇུག་པར་འདོད་དགོས་པ་སོགས་ཀྱིས་དབྱེ་བ་ཕལ་ཆེར་བྱེ་བྲག་མེད་པར་འགྱུར་བའི་ཕྱིར་རོ། །སྤྱིར་ཡང་བྱ་བ་གཞི་ལ་ཡོད་པའི་ལས་ལ་དུས་གསུམ་དུ་དབྱེར་རུང་བ་མ་ཡིན་ཏེ། ཤིང་གཅད་པར་བྱ། གཅོད་པར་བྱེད། བཅད་ཟིན། ལྟ་བུར་མཚོན་ན་གཅད་བྱ་མ་འོངས་པ་དང་བཅད་ཟིན་འདས་པ་གཉིས་བྱ་བའི་གཞི་དང་འབྲེལ་མོད་ཀྱི་གཅོད་བྱེད་ད་ལྟ་བ་བྱེད་པ་པོ་དང་འབྲེལ་བ་ལས་བྱ་བའི་གཞིར་འབྲེལ་བའི་སྐབས་མེད་དོ། །འདིར་བྱ་གཞིའི་ལས་ད་ལྟ་བའི་དཔེར་བརྗོད་དུ། ཆུ་དགག། བུམ་པ་དགང་། བཅིངས་པ་དགྲོལ། གདུགས་དབུབ། གྱེན་དུ་གདེག། བསྟོད་པ་གདོན། གསལ་གདབ་སོགས་བཀོད་པ་མཐོང་བ་ནི་བྱ་གཞིའི་ལས་ཀྱི་ཚིག་ཡིན་མོད་ཀྱང་དུས་མ་འོངས་པ་ཡིན་གྱི་ད་ལྟ་བར་ནམ་ཡང་མི་འགྱུར་ཏེ། དེ་རྣམས་ལ་དུས་གསུམ་དུ་དབྱེ་བའི་ཚེ། བཀག། འགེགས། དགག། བཀང།འགེངས། དགང་། བཀྲོལ། འགྲོལ། དགྲོལ། ཕུབ། འབུབས། དབུབ།བཏེག། འདེགས། གདེག། བཏོན། འདོན། གདོན། བཏབ། འདེབས།གདབ་སོགས་རིམ་པ་བཞིན་འདས་ད་ལྟ་མ་འོངས་གསུམ་གྱི་དཔེར་བརྗོད་དུ་མཁས་པ་རྣམས་ལ་ཡོངས་སུ་གྲགས་པའི་ཕྱིར་རོ། །ཡང་འགྲེལ་བྱེད་སྔ་མ་ཐམས་ཅད་ཀྱིས་འདི་སྐབས་ལས་ཀྱི་ཚིག་ལ་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་མ་འབྲེལ་གྱི་རྣམ་དབྱེ་མ་མཛད་པ་ནི་ཤིན་ཏུ་མི་ལེགས་ཏེ། དེ་མ་ཤེས་ན་བྱེད་པོ་དང་བྱ་བ་ཐ་དད་པ་དང་ཐ་མི་དད་པའི་ལས་ཀྱི་ཚིག་སོ་སོར་ངོས་མི་ཟིན་ཅིང་། དེ་མ་ཟིན་པས་འདིར་བསྟན་བདག་གཞན་གྱི་ཐ་སྙད་གང་ལ་འཇུག་པ་ཚུལ་བཞིན་མ་རྟོགས་པར་ལོང་བའི་འཁར་བ་བཞིན་གར་འཛུགས་མེད་པའི་ཅལ་ཅོལ་མང་པོ་བྱུང་བར་སྣང་ངོ་། །དེས་ན་གནད་འདི་རྟོགས་པ་གཞུང་དོན་ཇི་བཞིན་མ་འཛིངས་པར་འཆད་བདེ་བར་འགྱུར་བའི་ཕྱིར་གལ་ཤིན་ཏུ་ཆེ་ཞིང་། འགའ་ཞིག་གིས།བྱེད་པོ་དང་བྱ་ཡུལ་ངོ་བོ་གཅིག་པའི་ལས་ཀྱི་ཚིག་ཀྱང་འཐད་དམ་སྙམ་པ་སྲིད་ན་དེ་འདྲ་མང་དུ་འབྱུང་སྟེ། གོང་དུ་སུམ་ཅུ་པར་ལ་དོན་དེ་ཉིད་ལ་འཇུག་ཚུལ་གྱི་སྐབས་སུའང་ཕྱོགས་ཙམ་སྨོས་པ་ལྟར། དཔེར་ན། བདག་འགྲོའ།ོ །ཞེས་པའི་འགྲོ་བའི་སྒྲ་དེ་བྱ་བའི་ལས་ཀྱི་ཚིག་ཡིན་ཡང་བྱེད་པ་པོ་དང་བྱ་བའི་གཞི་ཐ་དད་དུ་མེད་དེ་འགྲོ་བར་བྱེད་པ་པོའང་བདག་ཡིན་ཞིང་འགྲོ་བར་བྱ་བའང་བདག་ཉིད་ཡིན་པ་དང་། ལྕགས་རང་བཞིན་གྱིས་གསེར་དུ་འགྱུར།ཞེས་པར་འགྱུར་བྱེད་དང་འགྱུར་བྱ་གཉི་ག་ལྕགས་ཉིད་ལས་གཞན་དུ་མི་དམིགས་པ་ལྟ་བུ་རྒྱ་ཆེར་ཤེས་པར་བྱ་ཞིང་། ཤིན་ཏུ་ཞིབ་མོར་དཔྱོད་པའི་ཚེ་དངོས་པོ་རྣམས་ཀྱི་རང་མཚན་སོ་སོ་ནས་རང་གིས་རང་ལ་བྱ་བ་འགལ་ཡང་སྤྱི་ལྡོག་རགས་པ་ནས་ཐ་སྙད་ཙམ་ལ་འཇིག་རྟེན་གྱི་གྲགས་པ་དང་མཐུན་པར་རང་གིས་རང་ལ་བྱ་བ་འབྱུང་བའང་གོ་དགོས་སོ། །དེ་དག་ཏུ་དཔེར་བརྗོད་ལོག་པ་ནི་ཤིན་ཏུ་མང་བས་སྨོས་ཀྱིས་མི་ལང་མོད། འོང་ཀྱང་སྔོན་དུ་འགའ་ཞིག་གི་མཚང་བརྟོལ་ཟིན་ཅིང་འདིར་ཡང་ཕྱོགས་ཙམ་སྨོས་ན། སྔོན་འཇུག་གི་ཕོ་ཡིག་བྱ་བའི་ཡུལ་ལ་འཇུག་པའི་དཔེར་བརྗོད་ལ། སྤ་བཀོང་། མགོ་བཀད། སོགས་བྱ་བའི་ཡུལ་དང་འབྲེལ་བའི་བྱ་ཚིག་དང་།སྣོད་བཀང་། ཤིང་བཀས། ཆུ་བཀག། སོགས་འདས་ཚིག་དང་། རྣམ་པར་བཀྲ། སྨན་བཀུ། སོགས་མིང་རྐྱང་རྣམས་བཀོད་པ་ལས། བྱ་བའི་ཡུལ་ཉིད་ཀྱི་དཔེར་བརྗོད་སྣ་གཅིག་ཀྱང་མེད་པ་དང་། མ་ནིང་ག་ཡིག་བྱེད་པ་པོ་ལ་ཡོད་པའི་ལས་ཀྱི་དོན་ལ་འཇུག་པའི་དཔེར་བརྗོད་དུ། རང་ཉིད་གཅིག་པུ། གཅུད་ལ་བོར་བ། ཡིད་གཅུགས་པ། ཕངས་པའི་གཅེས་སོགས་ལས་ཀྱི་ཚིག་མ་ཡིན་པའི་མིང་རྐྱང་ཁོ་ན་བཀོད་པ་དང་། ག་ཡིག་བྱ་བ་གཞི་ལ་ཡོད་པའི་ལས་ལ་འཇུག་པའི་དཔེར་ཡང་། གཅན་གཟན། ལ་གཅན་པ། སྒྲ་གཅན། རུས་ཀྱི་གཉོས། དུད་འགྲོ་གཉན་སོགས་ཕལ་ཆེར་མིང་རྐྱང་ཁོ་ན་བཀོད་པ་ལྟ་བུས་མཚོན་མ་བརྟགས་པའི་བབ་ཅོལ་མང་དུ་སྤྲོས་པའི་རྫོབ་རྣམས་བློ་གྲོས་ཀྱི་པད་མ་རྒྱས་པ་རྣམས་ཀྱིས་ཅུང་ཟད་དཔྱད་པས་འཇིག་པར་འགྱུར་བ་ཉིད་ན་ཇི་སྙེད་པ་འདིར་ཡི་གེར་སྤེལ་བའི་དཀའ་ཚེགས་ཀྱིས་ཅི་ཞིག་བྱ།འདིར་སྨྲས་པ།ཐུ་མའི་ལུགས་རྟོགས་པར་དཀའ་བ་རིན་པོ་ཆེ་ཡི་གཏེར་གྱི་སྒོ། །ཕྱི་དུས་འདི་ན་བློ་མིག་མི་གསལ་བློ་ལྡན་ཚུལ་ཅན་དུ་མ་ཡིས། །དབྱེ་བར་རློམ་ནས་དོན་མིན་ཚིག་ཕྲེང་ཏོག་རྩེ་རྟུལ་པོས་གནས་མིན་དུ། །ལན་བརྒྱར་བརྡེགས་ཀྱང་རང་ཉིད་ངལ་ལས་གཞུང་དོན་རིན་ཆེན་རྙེད་འོས་ཅི། །དེང་དུས་ལེགས་བཤད་གཏེར་སྟོན་འདི་བྱུང་ནས། །གཞན་གཞུང་ཚར་གཅོད་རིགས་པའི་ཞུགས་ཆེན་གྱིས། །ལོག་བཤད་ཚང་ཚིང་སྟུག་པོ་རྣམ་པར་བསྲེགས། །འཐད་ལྡན་རྣམ་དཔྱོད་གཟོང་རྣོན་ལེགས་ཐོགས་ཏེ། །དཀའ་གནས་གོར་མའི་བུ་ག་གསལ་བྱས་པས། །ད་སྟེ་བློ་གསལ་གཞུང་ལུགས་དོན་གཉེར་དག། །ལ་འུར་སྤྱོན་ལ་རྟགས་ཀྱི་འཇུག་པ་ཡི། །གཞུང་དོན་ནོར་བུའི་ཚོགས་ལ་ཅི་དགར་རོལ། །ཅེས་སོ། །གཉིས་པ་ལ། ཕོ་ཡིག་གི། མ་ནིང་གི། མོ་ཡིག་གི། ཤིན་ཏུ་མོའ་ིའཇུག་དོན་བཤད་པ་སྟེ་བཞི་ལས།གཞུང་དོན་གྱི་ལན་དངོས་བཤད་པ་ལ་ཕོ་ཡིག་དགོས་པ་ཅིའི་ཕྱིར་འཇུག་པ།དང་པོ་སྔོན་འཇུག་གི་ཕོ་ཡིག་དགོས་པ་ཅིའི་ཕྱིར་འཇུག་པ་ནི།ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །ཞེས་པས་བསྟན་ཏེ། སྔོན་འཇུག་གི་ཕོ་ཡིག་བ་ནི་དགོས་པ་དུས་གསུམ་ལས། བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་བྱ་བ་བྱས་ཟིན་འདས་པ་བསྒྲུབ་པའི་ཕྱིར་དང་། དངོས་པོ་བདག་གཞན་གཉིས་ལས་གཞན་ཏེ་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་བྱ་བའི་ཡུལ་དང་བྱ་བ་བསྒྲུབ་པའི་ཕྱིར་འཇུག་པ་ཡིན་ནོ། ཞེས་སོ། །དེ་ལས་འདས་པ་ལ་འཇུག་པ་ནི། དཔེར་ན། ཆུས་བཀང་། གོས་བཀབ། ལོགས་སུ་བཀར། ལམ་བཀག། ལག་པ་བཀན། ཁལ་བཀལ།ཤིང་བཀས། སྲད་བུ་བཀལ། ཁྲལ་བཀལ། གཞུ་བཀང་། གོང་དུ་བཀུར་ཏོ། །ཤིང་བཀུག། སྨན་བཀུས། སྲོག་བཀུམས། སྤ་བཀོང་། རྩ་བ་བཀོག།ལྷས་བཀོད། ཟུར་དུ་བཀོལ་ཏོ། །གཡོག་ཏུ་བཀོལ་ཏོ། །ཐག་པས་བཀྱིགས།སྤྲུལ་བ་བཀྱེས། རྒྱ་བཀྱེད། མེ་ཏོག་བཀྲམ། དགོངས་པ་བཀྲལ། ཁྲལ་བཀྲལ། རྒྱ་ལ་པོས་བཀྲབས། ཐར་པར་བཀྲིས། དྲི་མ་བཀྲུས། དགྲ་བཅོམ་བཀྲོངས། ཚིག་གིས་བཀྲོས། མདོ་བཀླགས། འདོད་པ་ལ་བརྐམ། ནོར་བརྐུས། ལག་པ་བརྐྱངས། ས་བརྐོས། ཁ་བསྐངས། ཐུགས་དམ་བསྐངས།ཆུ་བསྐམས། ཡང་ཡང་བསྐྱར། སྲོག་བསྐྱབས། ཆུ་བསྐྱམས། དྲིན་གྱིས་བསྐྱངས། རུ་བ་བསྐྱས། གནས་སུ་བསྐྱལ་ཏོ། །ཕྱིར་བསྐྲད། ཆུ་བསྐྱིལ་ཏོ། །ནོར་བསྐྱིས། སྣུམ་བསྐུས། དབང་བསྐུར་ཏོ། །ལག་བསྐུམས། ནོར་བསྐུངས། ཆོས་ལ་བསྐུལ་ཏོ། །རྒྱབ་ཏུ་བསྐྱུར་ཏོ། །སེམས་ཀྱིས་བསྐྱུད་དོ།།གཅོམ་བསྐྱུངས། ཁེངས་པ་བསྐྱུངས། ཟས་བསྐྲུས། ལོ་ཏོག་བསྐྲུན་ཏོ། །སེམས་བསྐྱེད། རྒྱ་བསྐྱེད། སྨན་བཀོལ་ཏོ། །རྒྱལ་སར་བསྐོས། འཁོར་གྱིས་བསྐོར་ཏོ། གོས་བསྐོན་ཏོ། །རྟར་བསྐྱོན་ཏོ། །རླུང་གིས་བསྐྱོད་དོ། །༈ གད་མོ་བགད། ལམ་བགགས། ཚོད་བགམ། གཡང་ལ་བགྲིལ།གོ་བགོས། གོས་བགོས། གོམ་པ་བགོམས། སྐལ་བ་བགོས། ལམ་དུ་བགོར་ཏོ། །དུས་བགྱངས། ལས་བགྱིས། མིག་བགྲད། ཕྲེང་བ་བགྲངས།གྲངས་བགྲངས། ཆུ་བགྲུངས། འབྲས་བགྲུས། བཀའ་བགྲོས། ལམ་བགྲོད།ཆུ་བརྒལ། རྒྱན་གྱིས་བརྒྱན་ཏོ། །དྲན་མེད་བརྒྱལ་ཏོ། །མཚོན་བརྒྱབ། འོ་བརྒྱལ་ཏོ། །ནོར་གྱིས་བརྒྱགས། ཀོ་བ་བརྒྱངས། རྒྱུད་མར་བརྒྱུད། ཕྲེང་བ་བརྒྱུས། བང་བརྒྱུགས། བུ་རམ་བསྒར། མནའ་བསྒགས། ནོར་གྱིས་བསྒབ། ལམ་དུ་བསྒུགས། ལག་པས་བསྒུལ་ཏོ། །དྲིས་བསྒོས། བསམ་གཏན་བསྒོམས། ཟན་བསྒོངས། བཀའ་བསྒོས། རྣམ་པར་བསྒྱིངས། ལེགས་པར་བསྒྱུར་ཏོ། །ཕྱིར་བསྒྱེལ་ཏོ། །ཆོས་བསྒྲགས། ཆུ་བསྒྲལ་ཏོ།། རྔན་བསྒྲངས། གྲལ་བསྒྲིགས། བློ་བསྒྲིམས། སྐུད་པ་བསྒྲིམས། སྐྱོན་བསྒྲིབས།ཐི་གུ་བསྒྲིལ་ཏོ། །དེ་ཡིས་བསྒྲུན་ཏོ། །དོན་བསྒྲུབས། རྡོ་བསྒྲུགས། རིགས་བསྒྲེས། གྱེན་དུ་བསྒྲེངས། བུད་མེད་བསྒྲོད།༈ནོར་གྱིས་བརྔན་ཏོ། །བཙས་མ་བརྔས། དུ་བ་བརྔུབས། རི་དྭགས་བརྔོན ་ཏོ། །བུད་མེད་བརྔོད། ཡོན་ཏན་བསྔགས། དགེ་བ་བསྔོས། མཚང་བསྔོགས།༈ ལོགས་སུ་བཅར་ཏོ། ། ཕྱག་བཅབས། ཞབས་ཀྱིས་བཅགས། ཤིང་བཅག། དུམ་བུར་བཅད། མིག་བཅར། འཁྲུལ་འཁོར་བཅས། དམ་བཅས།བློས་བཅལ། ནོར་བཅལ། ལག་ཏུ་བཅངས། ཕྱིར་བཅིལ། ཞགས་པས་བཅིངས། ཆིབས་བཅིབས། སྣོད་དུ་བཅུག། ཆུ་བཅུས། སྲང་དུ་བཅུར་ཏོ།།ཤིང་བཅེར་ཏོ། ནོར་བཅོལ། དགྲ་བཅོམ། ཡུར་བ་བཅོས། ལས་བཅོལ། །༈ ཕན་ཚུན་བརྗེས། མཆོད་ཅིང་བརྗེད་དོ། བདག་གིས་བརྗོད་ཟིན།༈ གོས་བརྙན་ཏོ། །རྗེས་སུ་བསྙགས། ལག་པས་བསྙབས། འཕྲེད་ལ་བསྙལ་ཏོ། །ཆང་བསྙལ་ཏོ། །ཁོད་བསྙམས། གཞན་ལ་བསྙད། ཕྱིར་བསྙིལ་ཏོ། །མར་ཁུ་བསྙུགས། ཡོ་བྱད་བསྙུངས། ནད་ཀྱིས་བསྙུན་ཏོ། །ཉེ་བར་བསྙེན་ཏོ། །ཚངས་བར་བསྙེམས། གནས་སུ་བསྙེངས། ཆུ་བསྙོགས།གཞན་ལ་བསྙོན་ཏོ། །༈ རྒྱན་བཏགས། ཁ་བཏགས། ནོར་བཏང་། རྒྱས་བཏབ། ཞལ་དུ་བཏབ། ཐིགས་པ་བཏིག། གདན་བཏིང་། མེ་ཏོག་བཏུས། སྔགས་བཏུས།ཆང་བཏུངས། སྤྱི་བོས་བཏུད། བྱེས་སུ་བཏེག། བདུད་བཏུལ། ཐུར་མས་བཏུར། གྱེན་དུ་བཏེག། སྲང་ལ་བཏེག། བཅོན་ལས་བཏོན། མགོ་བཏོན།སྤུ་བཏོགས། སྲོལ་བཏོད། ལྟས་བརྟགས། སྡིག་པ་ལ་བརྟབས། བྱ་བ་བརྟུལ། དེར་བརྟེན་ཏོ། ཐག་པས་བརྟོད། གནས་སུ་བརྟོལ། རྣག་བརྟོལ་ཏོ།སྐུ་བལྟམས། བཅུད་ཀྱིས་བལྟམས། མིག་གིས་བལྟས། གོས་བལྟབས།ས་གཞི་བསྟར། ཆོས་བསྟན་ཏོ། འགྲོ་ཆས་བསྟད། ཁ་ཟས་བསྟབས། ལྷ་བསྟིམས། ཚིག་གིས་བསྟིངས། ཐག་བསྟུངས། གྲོས་བསྟུན། བཤེས་གཉེན་བསྟེན་ཏོ། མངོན་པར་བསྟོད།༈ མདུན་དུ་བདར་ཏོ། རྗེས་སུ་བདས། ཕྱག་བདར་ཏོ། ཕྱེ་མར་བདར་ཏོ། ནོར་བདལ། བདུག་པས་བདུགས། གཞུ་བདུངས། ཐང་མར་བརྡལ་ཏོ། མཚོན་བརྡར་ཏོ། ལག་པ་བརྡབས། རྔ་བརྡུངས། བྲོ་བརྡུངས། དུལ་མོ་བརྡུལ་ཏོ། ཡང་ཡང་བལྡབས། སྐྱོ་མ་བལྡགས། ཁ་ཟས་བལྡད། སར་བསྡད། ཉེས་པ་བསྡམས། ཐག་པས་བསྡམས། འཇིགས་ཚུལ་གྱིས་བསྡིགས། དབང་དུ་བསྡུས། ཕན་ཚུན་བསྡུར་ཏོ། འགྲས་པ་བསྡུམས། ཕན་ཚུན་བསྡེབས། སྣ་ཐག་བསྡོགས། སྟ་གོན་བསྡོགས། གྲོགས་དང་བསྡོངས།ཕྱོགས་གཅིག་བསྡོམས། སྲོག་དང་བསྡོས། དགྲ་ལ་བསྡོས། ནན་གྱིས་བརྣན་ཏོ། ཡིད་ལ་བརྣགས། ཟས་ཀྱིས་བརྣངས། ནོར་བརྣོག། རྫས་ལ་བརྣབས། སྟེང་དུ་བསྣན་ཏོ། ། མཇུག་བསྣར་ཏོ། ། ཕྱག་ཏུ་བསྣམས། གནད་དུ་བསྣུན་ཏོ། ། དྲི་བ་བསྣམས། དུས་ཚོད་བསྣུར་ཏོ། །སྣག་ཚ་བསྣུར་ཏོ། ། སྲོལ་བསྣུབས། ནེམ་པར་བསྣེམས། གོང་འོག་བསྣོར་ཏོ། །ཕན་ཚུན་བསྣོལ་ཏོ། ཟན་བསྣོས།༈ བུ་བཙས། ནོར་བཙལ་ཏོ། །ཚགས་ཀྱིས་བཙགས། རུས་པ་བཙབས། གསེབ་ཏུ་བཙངས། གཅེས་པར་བཙས། ཐོ་བཙམས། དམ་པོར་བཙིར་ཏོ། །ཤིང་བཅུགས། སྣོད་དུ་བཙུད། མིག་བཙུམས། ལྭ་བ་བཙེམས། གནོད་པས་བཙེས། ཆོས་ཀྱིས་བཙོས། ནོར་བཙོངས། རྡོས་བཙོགས། བསྟན་བཅོས་བརྩམས། དྲིས་ཤིང་བརྩད། འགོ་བརྩམས། རྩིག་པ་བརྩིགས། གྲངས་བརྩིས། སྟེང་དུ་བརྩེགས། རྩེད་མོ་བརྩེས།༈ གཞན་དུ་བརྫངས། སྣོད་དུ་བརྫངས། རྐང་བས་བརྫིས། ཟན་བརྫིས།ཁྲོ་བོར་བརྫུས། རལ་བ་བརྫེས།༈ དལ་བུས་བཞབས། གནས་སུ་བཞག། སྐྲ་བཞར་ཏོ། ཁུ་བ་བཞིབས།ལམ་དུ་བཞུད། གདན་ལ་བཞུགས། མར་ཁུ་བཞུར་ཏོ། ལྕག་གིས་བཞུས།སྟན་ལས་བཞེངས། བཟའ་བ་བཞེས། ཤིང་བཞོགས། བཞོན་མ་བཞོས།༈ ཟས་བཟས། ཞབས་ཐོག་བཟབས། ཕྲག་པར་བཟར། སྔགས་བཟླས།ལ་བཟླས། ལག་པས་བཟུང་། འཕྲང་ལས་བཟུར། རྣ་བར་བཟླུགས། ཚོགས་བཟླུམས། གཅིག་ཏུ་བཟླུམས། སྣོད་བཟེད། ཤིང་བཟོས། གཡུལ་བཟློག༈ བྱིན་གྱིས་བརླབས། ཆུས་བརླན་ཏོ། འབྱུང་པོས་བརླམས། དགྲ་བརླག༈ སྦུབསབཤངས། ཆུས་བཤལ། བྲེས་བཤར། འཕྲང་ལ་བཤར།ལུག་བཤས། སྡིག་པ་བཤགས། ལེགས་པར་བཤད། བཀོད་པ་བཤམས།ཤིང་བཤགས། མཉམ་པོར་བཤིབས། མཁར་བཤིག། པགས་པ་བཤུས།མེས་བཤུར་ཏོ། སྐྱོ་བས་བཤུམས། ནོར་བཤུགས། དཔེ་བཤུས། ཕན་ཚུན་བཤུད། གཏམ་བཤེར་ཏོ། ཕྱིར་བཤོས། རི་དྭགས་བཤོར་ཏོ། འགྲོས་བཤོལ་ཏོ།༈ ཚོགས་བསགས། དྲི་མ་བསངས། སྐྱོན་བསལ་ཏོ། དོན་བསམས།དྲིན་ལན་བསབས། སྲོག་ཆགས་བསད། ཡོ་བྱད་བསར་ཏོ། ལག་གིས་བསིགས། མདེའུ་བསིར། དུམ་བུར་བསིལ་ཏོ། །རྗེས་བསུབས། ཁ་བསུམ། མདུན་བསུས། ཞིབ་མོར་བསེད། ནོར་བསོགས། ངལ་བསོས།སྒྲིབ་པ་བསྲབས། ཡོ་བ་བསྲངས། གཞུང་བསྲངས། སེམས་ཀྱིས་བསྲན་ཏོ། །ཡི་གེ་བསྲིངས། ཚེ་བསྲིངས། ནོར་བསྲིས། ཞོ་བསྲུབས། བསྲུང་བྱ་བསྲུངས། ཆུང་མ་བསྲེལ་ཏོ། །ཕན་ཚུན་བསྲེས། མེས་བསྲེགས། མེར་བསྲོས། རིག་པ་བསླབས། ནོར་བསླངས། གཞན་གྱིས་བསླད། ཕྱོགས་སུ་བསླན་ཏོ། །གྱེན་དུ་བསླངས། བསླུ་བྱ་བསླུས། ཕྱིར་བསློག། ཅེས་པ་ལ་སོགས་པ་རྣམས་ཏེ་དེ་དག་ལ་སླར་བསྡུའི་སྒྲ་སྦྱར་བ་རྣམས་ད་ཡིག་གི་ཡང་འཇུག་ཡོད་པར་ཤེས་དགོས་སོ། །དེ་རྣམས་ཀྱང་དཔེར་ན་བུམ་པ་ཆུས་བཀང་ལྟ་བུ་སྔོན་འཇུག་ཁོ་ནའི་བྱེད་པས་འདས་ཚིག་ཏུ་གྲུབ་པ་དང་། ཐུགས་དམ་བསྐངས་ལྟ་བུ་སྔོན་འཇུག་ཕོ་ཡིག་དང་འབྲེལ་བ་ཙམ་ལས་གཙོ་བོར་རྗེས་འཇུག་གི་བྱེད་པས་འདས་ཚིག་ཏུ་གྲུབ་པ་སོགས་བྱེ་བྲག་ཕྱེས་ནས་ཤེས་པར་བྱའོ། །༈ བ་ཡིག་གཞན་བྱ་བའི་ཡུལ་བསྒྲུབ་པའི་ཕྱིར་འཇུག་པ་ནི། དཔེར་ན། བཀན་བྱའི་ལག་པ། བཀྱིག་བྱའི་དགྲ། བཀོལ་བྱའི་དོན། བཀྱོན་བྱའི་འབངས། བཀྲབ་བྱའི་འབངས། བཀྲུ་བྱའི་རས། བཀླག་བྱའི་ཡི་གེ། བསྐམ་བྱའི་དངོས་པོ། བརྐུ་བྱའི་ནོར། བརྐོ་བྱའི་ས། བརྐྱང་བྱའི་ལག་པ། བསྐང་བྱའི་དམ་ཚིག། བསྐུ་བྱའི་སྣུམ། བསྐུལ་བྱའི་ལས། བསྐོར་བྱའི་འཁོར་ལོ།བསྐོན་བྱའི་ཞྭ། བསྐྱམ་བྱའི་སྣོད། བསྐྱ་བྱའི་ནོར། བསྐྱར་བྱའི་ཚིག། བསྐྱི་བྱའི་དངོས་པོ། བསྐྱིལ་བྱའི་རྫིང་། བསྐུར་བྱའི་ཉེས་པ། བསྐྲད་བྱའི་འདྲེ།བསྐྲུན་བྱའི་བསོད་ནམས།༈ བགམ་བྱའི་ཚོད། བགད་བྱའི་གད་མོ། བགོ་བྱའི་གོས། བགྱི་བྱའི་ལས། བགྲང་བྱའི་གྲངས། བགྲད་བྱའི་འདོམས། བཀྲུ་བྱའི་འབྲས། བགྲོ་བྱའི་གྲོས། བགྲོད་བྱའི་ལམ། བརྒལ་བྱའི་ལ། བརྒྱན་བྱའི་གཟུགས། བརྒྱལ་བར་བྱ་བའི་དགྲ། བརྒྱང་བྱའི་ཐག་པ། བརྒྱུག་བྱའི་རྟ། བརྒྱུད་བྱའི་འཕྲེང་བ། བསྒག་བྱའི་བུ་ག། བསྒབ་བྱའི་རྡོ་བ། བསྒོ་བྱའི་ངག། བསྒང་བྱའི་ཟན།བསྒྱུར་བྱའི་མགྲོན། བསྒུལ་བྱའི་རྡོ་བ། བསྒོ་བྱའི་ངག། བསྒང་བྱའི་ཟན།བསྒྱུར་བྱ། བསྒྱེལ་བྱ། བསྒྲག་བྱའི་ཆོས། བསྒྲིམ་བྱའི་བློ། བསྒྲིབ་བྱའི་སྐྱོན། བསྒྲིག་བྱའི་གྲལ། བསྒྲིལ་བྱའི་ཐི་གུ། བསྒྲུབ་བྱའི་དོན། བསྒྲུན་བྱའི་དཔེ། བསྒྲུག་བྱའི་རྡོ། བསྒྲེ་བྱའི་ཆོས་མཚུངས། བསྒྲེང་བྱའི་རྒྱལ་མཚན།བསྒྲོད་བྱའི་བུད་མེད།༈ བརྔན་བྱའི་གྲོགས། བརྔའ་བྱའི་ལོ་ཏོག། བརྔུབ་བྱའི་སྨན། བརྔོད་བྱའི་ནས། བསྔག་བྱའི་ཡོན་ཏན། བསྔོ་བྱའི་དགེ་བ། བརྔོག་བྱའི་མཚང་།༈ བཅར་བྱའི་མིག། བཅང་བྱའི་སྨན། བཅག་བྱའི་ས། བཅའ་བྱའི་འཁྲུལ་འཁོར། བཅའ་བྱའི་ལྷུང་བ། བཅིང་བྱའི་རྐུན་པོ། བཅིབ་བྱའི་རྟ།བཅུར་བྱའི་འཕྲང་། བཅུ་བྱའི་ཆུ། བཅོལ་བྱའི་ནོར། བཅོ་བྱའི་གཏོར་མ།༈ བརྗེ་བྱའི་དངོས་པོ། བརྗེད་བྱའི་དམ་པ། བརྗོད་བྱའི་གཏམ།༈ བརྙན་བྱའི་གོས། བསྙག་བྱའི་བུ་ལོན། བསྙབ་བྱའི་དངོས་པོ། བསྙལ་བྱའི་ཤིང་། བསྙམ་བྱའི་རིང་ཐུང་། བསྙད་བྱའི་གཏམ། བསྙིལ་བྱའི་བྲག།བསྙུག་བྱའི་མར་ཁུ། བསྙུང་བྱའི་ཡོད་བྱད། བསྙུན་བྱའི་ལུས། བསྙེན་བྱའི་ལྷབསྙིམ་བྱའི་ཡོན་ཏན། བསྙོག་བྱའི་ཆུ།༈ བཏིག་བྱའི་ཐིགས་པ། བཏུ་བྱའི་སྔགས། བཏུང་བྱའི་ཆང་། བརྟག་བྱའི་ལྟས། བརྟའ་བྱའི་ལུས། བརྟེན་བྱའི་ཡུལ། བརྟོད་བྱའི་རྟ། བརྟོལ་བྱའི་རྣག། བལྟ་བྱའི་གཟུགས། བལྟམ་བྱའི་གནས། བལྟབ་བྱའི་གོས། བསྟན་བྱའི་ཆོས། བསྟད་བྱའི་ཕྱོགས། བསྟད་བྱའི་སྒ། བསྟིམ་བྱའི་ལྷ། བསྟུང་བྱའི་ཐག། བསྟེན་བྱའི་བཤེས་གཉེན། བསྟོད་བྱའི་ཡོན་ཏན།༈ མདུན་དུ་བདར་བྱའི་རྫས། བདའ་བྱའི་ཕྱུགས། བདར་བྱའི་ཙནྡན།བདམ་བྱའི་ནོར། བདུག་བྱའི་སྤོས། བདུང་བྱའི་གཞུ། བརྡལ་བྱའི་ཕྱེ་མ།བརྡར་བྱའི་མཚོན། བརྡབ་བྱའི་ཐལ་མོ། བརྡུང་བྱའི་རྔ། བལྡབ་བྱའི་ཚིག།བལྡག་བྱའི་སྐྱོ་མ། བལྡད་བྱའི་ཟས། བསྡམ་བྱའི་ཉེས་པའམ་ངག། བསྡིག་བྱའི་སྐྱེ་བོ། བསྡུ་བྱའི་འཁོར། བསྡུམ་བྱའི་མཁོན། བསྡུར་བྱའི་དངོས་པོ།བསྡེབ་བྱའི་གྲོགས། བསྡོག་བྱའི་ཐག་པ། བསྡོག་བྱའི་ཆས་གོས། བསྡོང་བྱའི་གྲོགས། བསྡོམ་བྱའི་གྲངས། བསྡོ་བྱའི་དགྲ།༈ བརྣན་བྱའི་དོན། བརྣག་བྱའི་དོན། བསྣན་བྱའི་ནོར། བསྣམ་བྱའི་དྲིའམ་ཕྱག་མཚན། བསྣར་བྱའི་མཇུག། བསྣུན་བྱའི་མཚོན་ནམ་ནུ་མ།བསྣུབ་བྱའི་སྲོལ་ངན། བསྣུར་བྱའི་དུས། བསྣོར་བྱའི་གོ་རིམ། བསྣོལ་བྱའི་གོ། བསྣོ་བྱའི་ཟན།༈ བཙའ་བྱའི་བུ། བཙལ་བྱའི་ནོར། བཙག་བྱའི་ཆུ། བཙའ་བྱའི་སྙིང་སྡུག། བཙུམ་བྱའི་ཁ། བཙིར་བྱའི་གཡོག། བཙེམ་བྱའི་གོས། བཙོ་བྱའི་གསེར། བཙོང་བྱའི་ཟོང་། བཙོག་བྱའི་མཆིག། བརྩམ་བྱའི་བྱ་བ། བརྩད་བྱའི་ཞལ་ལྕེ། བརྩིག་བྱའི་རྡོ། བརྩི་བྱའི་གྲངས། བརྩེ་བྱའི་གྲོགས།༈ བརྫང་བྱའི་ཕོ་ཉ། སྣོད་དུ་བརྫང་བྱའི་ནོར། བརྫི་བྱའི་གདན་ནམ་ཟན། བརྫུ་བྱའི་ཁྲོ་བོ། བརྫེ་བྱའི་སྐྲ།༈ བཞར་བྱའི་སྐྲ། བཞབ་བྱའི་ནོར། བཞུ་བྱའི་མར། བཞུར་བྱའི་ཤིང།བཞོག་བྱའི་ཤིང་། བཞོ་བྱའི་འོ་མ།༈ བཟའ་བྱའི་ཟས། བཟབ་བྱའི་མགྲོན། བཟླ་བྱའི་སྔགས། བཟླུག་བྱའི་གཏམ། བཟེད་བྱའི་ཟས། བཟློག་བྱའི་བྱད། བཟློ་བྱའི་གཏམ། བཟོ་བྱའི་ཤིང་།༈ བྱིན་གྱིས་བརླབ་བྱ། བརླག་བྱའི་དགྲ། བརླམ་བྱའི་ཁོག་པ། བརླན་བྱའི་རྫས། བརླིང་བྱའི་རྨང་།༈ བཤའ་བྱའི་ལུག། བཤད་བྱའི་ཆོས། བཤལ་བྱའི་སྣོད། བཤར་བྱའི་ནས། བཤང་བྱའི་སྦུབས། བཤག་བྱའི་སྡིག། བཤམ་བྱའི་སྟོན་མོ། བཤིག་བྱའི་རྫོང་། བཤུ་བྱའི་པགས་པ། མེར་བཤུར་བྱའི་རྫས། བཤུམ་བྱའི་སྡུག་བསྔལ། བཤུད་བྱའི་མཁུར་ཚོས། བཤུག་བྱའི་ནོར། བཤེར་བྱའི་ཚིག།བཤོལ་བྱའི་འགྲུལ་། བཤོར་བྱའི་རི་དྭགས།༈ བསང་བྱའི་དྲི་མ། བསམ་བྱའི་དོན། བསག་བྱའི་ཚོགས། བསལ་བྱའི་སྐྱོན། བསར་བྱའི་ཆས། བསབ་བྱའི་དྲིན། བསིག་བྱའི་རལ་བ།བསིར་བྱའི་མདེའུ། བསུབ་བྱའི་རྗེས། བསུམ་བྱའི་ཁ། བསུ་བྱའི་མགྲོན།བསེད་བྱའི་བལ། བསོག་བྱའི་ནོར། བསྲང་བྱའི་མདའ། བསྲབ་བྱའི་བག་ཆགས། བསྲན་བྱའི་རྐྱེན། བསྲིང་བྱའི་འཕྲིན། བསྲིང་བྱའི་ཚེ། བསྲི་བྱའི་ཟས། བསྲུབ་བྱའི་ཞོ། བསྲུང་བྱའི་མི། བསྲེལ་བྱའི་ཆུང་མ། བསྲེ་བྱའི་རྫས།བསྲེག་བྱའི་བུད་ཤིང་། བསྲོ་བྱའི་ཚོད་མ། བསླབ་བྱའི་རིག་པ། བསླད་བྱའི་ཟས། བསླང་བྱའི་བསོད་སྙོམས། བསླན་བྱའི་ཕྱོགས། གྱེན་དུ་བསླང་བྱའི་ཤིང་། བསླུ་བྱའི་སྲོག། ཕྱིར་བསློག་བྱ། ཞེས་པ་ལ་སོགས་པ་རྣམས་སོ།།དེ་ལྟར་བྱ་བའི་ཡུལ་ལ་འཇུག་པའི་སྒྲ་འདི་རྣམས་ལ་ཚིག་གྲོགས་དང་སྦྱར་ནས་དཔེར་བརྗོད་པ་ནི་གོ་སླ་བའི་ཕྱིར་ཏེ་གཞན་དུ། བཀན་བྱ། བཀོལ་བྱ།བགམ་བྱ། བགད་བྱ། བཅར་བྱ། བཅང་བྱ། ཞེས་སོགས་སྨོས་པ་ཉིད་ཀྱིས་བྱ་བའི་ཡུལ་གྱི་སྒྲ་ཡིན་པ་རྟོགས་པར་ནུས་པའི་ཕྱིར་སྐབས་ཐོབ་ཀྱི་དཔེར་བརྗོད་དངོས་ནི་དེ་རྣམས་ཉིད་ཡིན་ནོ། །དེ་བཞིན་དུ་འཆད་འགྱུར་གྱི་འཇུག་པ་ཕྱི་མ་རྣམས་ཀྱི་སྐབས་སུའང་ཤེས་པར་བྱའོ། །ཡང་སྐབས་འདི་དག་ཏུ་བྱ་ཚིག་གིས་གསལ་མི་དགོས་པར་ཡུལ་གྱི་སྒྲ་མཚོན་ནུས་པ། གོས་སོགས་ལ་བགོ་བ་དང་། རྟ་ལ་བཅིབ་པ། ཆང་སོགས་ལ་བཏུང་བ། སྤོས་ལ་བདུག་པ། བྱ་བ་ལ་བརྩམ་པ། ཟས་ལ་བཟའ་བ། བསླབ་བྱ་ལ་བསླབ་པ་སོགས་དང་འཆད་འགྱུར་མ་ནིང་གི་འཇུག་པའི་སྐབས་སུ། གདམ་བྱ་ལ་གདམ་པ། རྩྭ་ལ་གཟན་པ། ཡུལ་ལ་གཟུང་བ་སོགས་དང་། མོ་དང་ཤིན་ཏུ་མོའ་ིའཇུག་པའི་སྐབས་སུའང་དེ་འདྲ་མང་དུ་འབྱུང་བ་གོ་དགོས་སོ། །དེ་བཞིན་དུ་བ་ཡིག་དངོས་པོ་གཞན་བྱ་བའི་ཡུལ་དང་འབྲེལ་བའི་བྱ་བ་ཉིད་ལ་འཇུག་པ་ནི། བཀལ་བར་བྱའོ། །བཀལ་ལོ།།བཀོལ་བར་བྱ། བཀོལ་ལོ། །བཀན་པར་བྱ། བཀན་ནོ། །བཀྱིག་པར་བྱ།བཀྱིག་གོ། །བཀྱོན་པར་བྱ། བཀྱོན་ནོ། །བཀྲབ་པར་བྱ། བཀྲབ་བོ། །བཀྲུ་བར་བྱ། བཀྲུའོ། །བཀླག་པར་བྱ། བཀླག་གོ། །བསྐམ་པར་བྱ། བསྐམ་མོ།བརྐུ་བར་བྱ། བརྐུའོ། །བརྐོ་བར་བྱ། བརྐོའ།ོ །བརྐྱང་བར་བྱ། བརྐྱང་ངོ་།བསྐང་བར་བྱ། བསྐང་ངོ་། །བསྐུ་བར་བྱ། བསྐུའོ། །བསྐུལ་བར་བྱ། བསྐུལ་ལོ། བསྐོར་བར་བྱ། བསྐོར་རོ། །བསྙོན་པར་བྱ། བསྙོན་ནོ། །བསྐྱམ་པར་བྱ། བསྐྱམ་མོ། །བསྐྱ་བར་བྱ། བསྐྱའོ། བསྐྱར་བར་བྱ། བསྐྱར་རོ། །བསྐྱི་བར་བྱ། བསྐྱིའོ། །བསྐྱིལ་བར་བྱ། བསྐྱིལ་ལོ། །བསྐྱུར་བར་བྱ། བསྐྱུར་རོ། །བསྐྲད་པར་བྱ། བསྐྲད་དོ། །བསྐྲུན་པར་བྱ། བསྐྲུན་ནོ། །༈ དེ་བཞིན་དུ། བགམ་བྱ། བགད་བྱ་སོགས་སྔར་སྨོས་པ་རྣམས་དང་གཞན་ལའང་སྦྱར་ནས། བགམ་པར་བྱ། བགམ་མོ། བགད་པར་བྱ། བགད་དོ། སོགས་རྒྱས་པར་དཔེར་བརྗོད་པར་བྱ་ཞིང་། འདི་སྐབས། བརྒྱན།བསྒར། བརྒལ། ལྟ་བུ་ན་ར་ལའི་མཐའ་ཅན་རྣམས་ནི་འདས་ཚིག་མ་ཡིན་པའི་ཕྱིར་ད་དྲག་མི་འཐོབ་པས། བརྒྱན་ནོ། །བསྒར་རོ། །བསྒལ་ལོ། །ཞེས་བརྗོད་པར་བྱའི། བརྒྱན་ཏོ་ཞེས་སོགས་སུ་མི་འགྱུར་བར་ཤེས་པར་བྱའོ། །དེ་བཞིན་དུ་མ་ནིང་གི་འཇུག་པའི་སྐབས་སོགས་འཆད་འགྱུར་གྱི་བྱེད་པ་དང་བྱ་བའི་ཚིག་རྣམས་ཀྱི་སླར་བསྡུའི་སྒྲ་ལའང་དེ་དག་གི་ན་ར་ལའི་མཐའ་རྟེན་གྱི་རྗེས་སུ་འཛིན་ཏོ། །ལྟ་བུ་དམིགས་བསལ་འགའ་ཞིག་ལས་ཕལ་ཆེར་ལ་ད་དྲག་མི་འཐོབ་པར་ངེས་པས་ཏོ་ཡིག་གི་སྒྲ་བརྗོད་པ་མེད་པ་ཉིད་དུ་ཤེས་པར་བྱ་ཞིང་འདི་རིགས་ཀྱི་རྣམ་དབྱེ་དང་ཕྲད་གཞན་རྣམས་སྦྱོར་བའིཚེའང་འདིས་མཚོན་ནས་རྗེས་སུ་དཔག་པར་བྱའོ། །མ་ནིང་དགོས་པ་ཅི་ཕྱིར་འཇུག་པ་བཤད་པ།གཉིས་པ་སྔོན་འཇུག་གི་མ་ནིང་དགོས་པ་གང་གི་ཕྱིར་འཇུག་པ་ནི།མ་ནིང་གཉིས་ཀ་ད་ལྟར་ཆེད། །ཅེས་པས་བསྟན་ཏེ། སྔོན་འཇུག་གི་མ་ནིང་ག་ད་གཉིས་ནི་དངོས་པོ་བདག་དང་གཞན་གཉི་ག་ལ་འཇུག་པ་དང་། དེར་མ་གཏོགས་པའི་དུས་གསུམ་ལས་ད་ལྟ་བ་སྟོན་པའི་ཕྱིར་འཇུག་གོ། དེ་དག་ཀྱང་རིམ་པ་བཞིན་དཔེར་བརྗོད་ན། ག་ཡིག་བདག་བྱེད་པ་པོ་ལ་འཇུག་པ་ནི།༈ ལོགས་སུ་གཅོར་བ་པོ། གཅོར་བྱེད། གཅིན་གཅི་བ་པོ། གཅི་བྱེད།བར་དུ་གཅིར་བ་པོ། གཅིར་བྱེད། སྲང་དུ་གཅུར་བ་པོ། གཅུར་བྱེད། ལག་པ་གཅུ་བ་པོ། གཅུ་བྱེད། གཅོད་པ་པོ། གཅོད་བྱེད། རྡོ་བ་གཅོག་པ་པོ།གཅོག་བྱེད།༈ བཟང་ངན་གཉུལ་བ་པོ། གཉུལ་བྱེད། དོན་གཉེར་བ་པོ། གཉེར་བྱེད། བཟང་ཕྱིར་གཉོག་པ་པོ། གཉོག་བྱེད།༈ ཁྲག་གཏར་བ་པོ། གཏར་བྱེད། ནོར་གཏམ་པ་པོ། གཏམ་བྱེད། ཆུ་གཏིག་པ་པོ། གཏིག་བྱེད། མགོ་གཏུམ་པ་པོ། གཏུམ་བྱེད། ཤིང་གཏུབ་པ་པོ། གཏུབ་བྱེད། མགོ་གཏུམ་པ་པོ། གཏུམ་བྱེད། ཤིང་གཏུབ་པ་པོ།གཏུབ་བྱེད། ཞབས་ལ་གཏུག་པ་པོ། གཏུབ་བྱེད། སེ་གོལ་གཏོག་པ་པོ།གཏོག་བྱེད། གཞན་ལ་གཏོད་པ་པོ། གཏོད་བྱེད། ནོར་གཏོང་བ་པོ། གཏོང་བྱེད། དམིགས་པ་གཏོད་པ་པོ། གཏོད་བྱེད། ཁ་གདང་བ་པོ། གདང་བྱེད།གདུང་བ་པོ། གདུང་བྱེད། ཐུག་པ་གདུ་བ་པོ། གདུ་བྱེད། མཚོན་གདེང་བ་པོ། གདེང་བྱེད།༈ འོག་ཏུ་གནོན་པ་པོ། གནོན་བྱེད།༈ གཙག་བུས་གཙག་པ་པོ། གཙག་བྱེད། ཤིང་གཙུབ་བྱེད། གཙུབ་པ་པོ། གནོད་པས་གཙེར་བྱེད། གཙེར་བ་པོ།༈ བློས་གཞིག་པ་པོ། གཞིག་བྱེད། ལམ་དུ་གཞུག་པ་པོ། གཞུག་བྱེད། ཤ་གཞུར་བ་པོ། གཞུར་བྱེད། ལྕག་གིས་གཞུ་བ་པོ། གཞུ་བྱེད།༈ ཕྲག་ལ་གཟར་བ་པོ། གཟར་བྱེད། གཟིར་བ་པོ། གཟིར་བྱེད། ལམ་དུ་གཟུར་བ་པོ། གཟུར་བྱེད། གཡེང་བ་པོ། གཡེང་བྱེད། གཡབ་གཡུག་གཡོབ་པ་པོ། གཡོབ་བྱེད། ཟས་གཡོ་བ་པོ། གཡོ་བྱེད། གོས་གཡོག་པ་པོ། གཡོག་བྱེད། མིག་གཡོར་བ་པོ། གཡོར་བྱེད།༈ གྲལ་གཤིབས་པ་པོ། གཤིབས་བྱེད།༈ ཆུ་གཤོ་བ་པོ། གཤོ་བྱེད། ཤིང་གཤོག་པ་པོ། གཤོག་བྱེད། བྲེས་གཤོར་བ་པོ། གཤོར་བྱེད། མཆོད་པ་གཤོམ་པ་པོ། གཤོམ་བྱད།༈ དྲིལ་བུ་གསིལ་བ་པོ། གསིལ་བྱེད། ལུས་གསིག་པ་པོ། གསིག་བྱེད། གསུང་བ་པོ། གསུང་བྱེད། ཤིང་གསེ་བ་པོ། གསེ་བྱེད། ནོར་གསོག་པ་པོ། གསོག་བྱེད། གསོད་པ་པོ། གསོད་བྱེད། མདུང་གསོར་བ་པོ། གསོར་བྱེད། གསང་གཏམ་གསོང་བ་པོ། གསོང་བྱེད། ཆུད་གསོན་པ་པོ། གསོན་བྱེད། ཅེས་པ་ལ་སོགས་པ་རྣམས་སོ། །དེ་བཞིན་དུ་ག་ཡིག་བྱེད་པ་པོ་བདག་ལ་ཡོད་པའི་ལས་སམ་བྱེད་པ་ཙམ་ལ་འཇུག་པ་ནི། གཅར་བར་བྱེད། གཅར་རོ། གཅི་བར་བྱེད། གཅིའོ།གཅིར་བར་བྱེད། གཅིའོ། གཅུར་བར་བྱེད། གཅུར་རོ། གཅུ་བར་བྱེད།གཅུའོ། གཅོད་པར་བྱེད། གཅོད་དོ། །གཅོག་པར་བྱེད། གཅོག་གོ།༈ གཉུལ་བར་བྱེད། གཉུལ་ལོ། གཉེར་བར་བྱེད། གཉེར་རོ། ཞེས་སོགས་རིམ་པ་བཞིན་དུ་སྦྱར་ཏེ་དཔེར་བརྗོད་པར་བྱའོ། ། ག་ཡིག་གཞན་བྱ་བའི་ཡུལ་ཉིད་ལ་འཇུག་པ་ནི། གཅད་བྱའི་ཤིང་། གཅི་བྱའི་ཆུ། གཅིར་བྱའི་རྫས། གཅོག་བྱའི་རྡོ།༈ གཉག་བྱའི་ཟས། གཉུལ་བྱའི་སྐྱོན། གཉེར་བྱའི་དོན།༈ གཏད་བྱའི་རྫས། གཏང་བྱའི་ནོར། གཏམས་བྱའི་སྣོད། གཏིགས་བྱའི་ཆུ། གཏིབ་བྱའི་སྤྲིན། གཏུབ་བྱའི་ཤིང་། གཏུམ་བྱའི་མགོ། གཏུར་བྱའི་རྫས། གཏུག་བྱའི་ཞབས། གཏོར་བྱའི་མེ་ཏོག།༈ གསོལ་བ་གདབ་བྱའི་ཡུལ། རྒྱས་གདབ་བྱའི་དངོས་པོ། གདགས་བྱའི་མིང་། གདབ་བྱའི་ས་བོན། གདམས་བྱའི་གྲོས། གདམ་བྱའི་ནོར།གདིང་བྱའི་སྟན། གདུལ་བྱའི་སེམས་ཅན། གདུ་བྱའི་ཐུག་པ། མེས་གདུང་བྱ། སྲང་ལ་གདེག་བྱ། ངན་སོང་ལས་གདོན་བྱའི་སེམས་ཅན། གདོན་བྱའི་འདོན་པ།༈ གཙག་བྱའི་ཤ། གཙུབ་བྱའི་མེ། གཙེར་བྱའི་དགྲ།༈ གཞལ་བྱའི་ཚད། གཞག་བྱའི་དངོས་པོ། གཞིག་བྱའི་དོན། གཞིབ་བྱའི་ཁུ་བ། གཞིལ་བྱའི་ནད། གཞིབས་བྱའི་གྲལ། ནང་དུ་བཞུག་བྱའི་མི། གཞུར་བྱའི་དངོས་པོ། བྱེད་དུ་གཞུག་བྱའི་ལས། ལྕག་གིས་གཞུ་བྱ།གཞོམ་བྱའི་དགྲ། གཞོག་བྱའི་ཤིང་། གཞོལ་བྱའི་ལས།༈ གཟར་བྱའི་གོས། གཟབ་བྱའི་ལས། གཟན་བྱའི་གཟན་པ། གཟད་བྱའི་གོས། གཟགས་བྱའི་བཅུད། གཟིར་བྱའི་བགེགས། གཟུགས་བྱའི་གཟེར་བུ། གཟུང་བྱའི་ཡུལ། ཆོས་ལ་གཟུད་བྱའི་སྐྱེ་བོ། ལམ་གཟུར་བྱ།གཟེད་བྱའི་གཟན།༈ གཡབ་བྱའི་གཡབ་མོ། གཡེང་བྱའི་ཡིད། གཡོ་བྱའི་ཟས། གཡོག་བྱའི་གོས། གཡོགས་ཞེས་པ་འདས་ཚིག་གོ། གཤག་བྱའི་ཤིང་། གཤིབས་བྱའི་གྲལ། གསད་བྱའི་བགེགས། གསང་བྱའི་སྔགས། གསིལ་བྱའི་དྲིལ་བུ། དུམ་བུར་གསིལ་བྱ། གསོ་བྱའི་བུ། ལ་སོགས་པ་རྣམས་སོ། །ག་ཡིག་གཞན་བྱ་བའི་གཞི་དང་འབྲེལ་བའི་ལས་སམ་བྱ་བ་ཙམ་ལ་འཇུག་པ་ནི། གཅད་པར་བྱ། གཅད་དོ། །གཅི་བར་བྱ། གཅིའོ། །གཅིར་བར་བྱ། གཅིར་རོ། །གཅོག་པར་བྱ། གཅོག་གོ །གཉག་པར་བྱ། གཉག་གོ།།གཉུལ་བར་བྱ། གཉུལ་ལོ། གཉེར་བར་བྱ། གཉེར་རོ། གཏད་པར་བྱ།གཏད་དོ། །གཏང་བར་བྱ། གཏང་ངོ། །སོགས་རིམ་བཞིན་སྦྱར་ནས་དཔེར་བརྗོད་པར་བྱའོ། །ད་ཡིག་བདག་བྱེད་པ་པོ་ལ་འཇུག་པ་ནི། སྣལ་མས་དཀྲི་བ་པོ། དཀྲི་བྱེད། རྟ་དཀྱུ་བ་པོ། དཀྱུ་བྱེད།༈ གཞན་དུ་དགར་བ་པོ། དགར་བྱེད། གད་མོ་དགོད་པ་པོ། དགོད་བྱེད། དར་དཔྱོང་བ་པོ། དཔྱོང་བྱེད། མཚན་མར་དཔྱོད་པ་པོ། དཔྱོད་བྱེད། གཏིང་དཔོག་པ་པོ། དཔོག་བྱེད།༈ དབྱིག་གིས་དབུར་བ་པོ། དབུར་བྱེད། རལ་གྲི་དབྱུག་པ་པོ། དབྱུག་བྱེད། པགས་པ་དབྲོལ་བ་པོ། དབྲོལ་བྱེད།༈ སྙིང་ནས་དམོད་པ་པོ། དམོད་བྱེད་ལ་སོགས་པའོ། །༈ ད་ཡིག་བྱེད་པ་ཙམ་ལ་འཇུག་པ་ནི། དཀྲི་བར་བྱེད། དཀྲིའོ། དགར་བར་བྱེད། དགར་རོ། སོགས་སྔ་མ་བཞིན་དུ་སྦྱར་རོ། ། དེ་བཞིན་དུ་ད་ཡིག་གཞན་བྱ་བའི་ཡུལ་ལ་འཇུག་པ་ནི། དཀྲི་བྱའི་མདོས་རིས། དཀྱུ་བྱའི་རྟ། དགར་བྱའི་གནས། དགག་བྱའི་སྐྱོན། དགས་བྱའི་ཤིང་། དགལ་བྱའི་ཁལ་མ། དགབ་བྱའི་སྣོད། དགྲམ་བྱའི་ཟོང་། དགང་བྱའི་བུམ་པ། དགུག་བྱའི་མགྲོན། དགོད་བྱའི་ཡི་གེ། དགྲོལ་བྱའི་མདུད་པ།༈ དཔག་བྱའི་ལྐོག་གྱུར། དཔྱང་བྱའི་དར། དཔྱད་བྱའི་ཡུལ། དཔྱའ་བྱའི་སྐྱོན།༈ དབྲལ་བྱའི་པགས་པ། དབབ་བྱའི་ཆར། དབྲི་བྱའི་གྲངས། དབྱི་བྱའི་རི་མོ། དབྱུང་བྱའི་ཚེར་མ། དབུག་བྱའི་ཤིང་། དབུལ་བྱའི་རྫས། དབུབ་བྱའི་ཁྱིམ། དབུབ་བྱའི་གདུགས། དབྱུག་བྱའི་རལ་གྲི། དབུར་བྱའི་རས།དབྱེ་བྱའི་ཁ། དབོ་བྱའི་ཆུ། དབྲོག་བྱའི་ནོར། དཔོག་བྱའི་ལུང། དམད་བྱའི་ཉམ། ལ་སོགས་པ་རྣམས་སོ། །ད་ཡིག་གཞན་བྱ་བ་ཙམ་ལ་འཇུག་པ་ནི། དཀྲི་བར་བྱ། དཀྲིའོ། །དཀྱུ་བར་བྱ། དཀྱུའོ། ། དགར་བར་བྱ། དགར་རོ། ། དགག་པར་བྱ། དགག་གོ། དགལ་བར་བྱ། དགལ་ལོ། དགྲོལ་བར་བྱ། དགྲོལ་ལོ། སོགས་སྔ་མ་བཞིན་དུ་སྦྱར་ནས་རྟོགས་པར་བྱའོ། །མ་ནིང་གི་སྔོན་འཇུག་གཉིས་པོ་དེ་བཤད་མ་ཐག་པའི་བདག་གཞན་གཉིས་པོ་དེར་མི་གཏོགས་པའི་དུས་ད་ལྟ་བ་ལ་འཇུག་པའི་ཚུལ་ནི། བྱེད་པ་པོ་བདག་དང་འབྲེལ་བའི་བྱེད་པའི་ཚིག་གི་དཔེར་བརྗོད་པ་དེ་རྣམས་ཉིད་ཚིག་གྲོགས་ཀྱིས་བསྒྱུར་བ་ལས་ཤེས་པར་བྱའོ། །དེའང་དཔེར་ན། གཅར་བར་བྱེད།གཅར་རོ། དཀྲི་བར་བྱེད། དཀྲིའོ། །ལྟ་བུ་ད་ལྟ་བའི་སྒྲ་ཡིན་མོད་ཀྱི་གཟུང་བར་བྱ། གཟུང་ངོ་། དགང་བར་བྱ། དགང་ངོ་། །ལྟ་བུ་གཞན་གྱི་སྒྲ་ལའང་དེ་དང་ཤེད་མཚུངས་ཡོད་པས་སྔར་སྟོབས་མཚུངས་ཀྱིས་བདག་གཞན་དུ་ཟླས་ཕྱེ་བའི་བདག་སྒྲའི་ཁོངས་སུ་བསྡུས་ནས་བརྗོད་ཟིན་པས་འདིར་ནི་དོན་གྱིས་བདག་བྱེད་པའི་ཚིག་ཡིན་ཡང་གཞན་གྱི་སྒྲ་ལ་དེ་དང་ཤེད་མཚུངས་སྦྱར་རྒྱུ་མེད་པས་གོང་སྨོས་བདག་སྒྲའི་ཁོངས་སུ་སྡུད་པར་མི་འོས་པའི།གཅར་གྱིན་སྣང་ངོ་། །གཅར་བཞིན་པའོ། །དཀྲི་ཡིན་འདུག་གོ །དཀྲི་བཞིན་པའོ། །ལྟ་བུ་སྔར་སྨོས་པའི་བདག་སྒྲའི་བྱེད་ཚིག་དེ་རྣམས་ཉིད་བརྗོད་ཚུལ་ཚིག་གྲོགས་ཀྱི་ཁྱད་པར་དང་བཅས་པས་དཔེར་བརྗོད་པར་བྱའོ། །མོ་ཡིག་དགོས་པ་ཅི་ཕྱིར་འཇུག་པ།གསུམ་པ་སྔོན་འཇུག་གི་མོ་ཡིག་དགོས་པ་གང་གི་ཕྱིར་འཇུག་པ་ནི།མོ་ནི་བདག་ད་མ་འོངས་ཕྱིར། །ཞེས་པས་བསྟན་ཏེ། སྔོན་འཇུག་གི་མོ་ཡིག་འ་ནི། དངོས་པོ་བདག་དང་། དུས་ད་ལྟ་བ་དང་མ་འོངས་པ་དག་བསྒྲུབ་པའི་ཕྱིར་འཇུག་གོ། དེ་ལ་བདག་བྱེད་པ་པོ་ལ་འཇུག་པ་ནི། སྐུད་པ་འཁལ་བ་པོ། འཁལ་བྱེད། ཁུར་འཁུར་བ་པོ། འཁུར་བྱེད། ལུས་ལ་འཁྱུད་པ་པོ། འཁྱུད་བྱེད། ཐག་པས་འཁྱིག་པ་པོ། འཁྱིག་བྱེད། གཞན་དུ་འཁྱེར་བ་པོ། འཁྱེར་བྱེད། གནས་སུ་འཁྲ་བ་པོ། འཁྲ་བྱེད། བྲོ་འཁྲབ་བ་པོ། འཁྲབ་བྱེད། ལམ་དུ་འཁྲིད་པ་པོ། འཁྲིད་བྱེད། ཤིང་ལ་འཁྲིལ་བ་པོ། འཁྲིལ་བྱེད། ཆགས་པས་འཁྲིག་པ་པོ། འཁྲིག་བྱེད། དྲི་མ་འཁྲུད་པ་པོ། འཁྲུད་བྱེད། ཁྱིམ་ལ་འཁྲེན་པ་པོ།འཁྲེན་བྱེད།༈ ཕྱེ་འགམ་བྱེད། འགམ་པ་པོ། འགུགས་པ་པོ། འགུགས་བྱེད། སྣོད་འགེངས་པ་པོ། འགེངས་བྱེད། མགོ་འགེམས་པ་པོ། འགེམས་བྱེད། འགོག་པ་པོ། འགོག་བྱེད། འགོད་པ་པོ། འགོད་བྱེད། འོད་འགྱེད་པ་པོ། འགྱེད་བྱེད། གཡུལ་འགྱེད་པ་པོ། འགྱེད་བྱེད། གྱེན་དུ་འགྱོག་པ་པོ། འགྱོག་བྱེད། ཆུ་འགྲེམ་པ་པོ། འགྲེམ་བྱེད། མདུད་པ་འགྲོལ་པ་པོ། འགྲོལ་བྱེད།༈ ཆོས་འཆད་བྱེད། འཆད་པ་པོ། ཉེས་པ་འཆབ་པ་པོ། འཆབ་བྱེད།གནས་འཆའ་བ་པོ། འཆའ་བྱེད། འཆང་བ་པོ། འཆང་བྱེད། ཁྲིམས་འཆའ་བ་པོ། འཆའ་བྱེད། ཞགས་པས་འཆིང་བ་པོ། འཆིང་བྱེད། དལ་གྱིས་འཆུ་བ་པོ། འཆུ་བྱེད། ཁས་འཆེ་བྱེད། འཆེ་བ་པོ། ལས་འཆོལ་བ་པོ། འཆོལ་བྱེད། རྒྱུད་འཆོས་བྱེད། འཆོས་པ་པོ།༈ བློའམ་ཚད་ཀྱིས་འཇལ་བ་པོ། འཇལ་བྱེད། ཁུ་བ་འཇིབ་པ་པོ། འཇིབ་བྱེད། མཆོད་རྟེན་འཇིག་པ་པོ། འཇིག་བྱེད། གོས་ལ་འཇུ་བ་པོ། འཇུ་བྱེད། ནང་དུའམ་བྱེད་དུ་འཇུག་པ་པོ། འཇུག་བྱེད། ཐབས་ཀྱིས་འཇུན་པ་པོ། འཇུན་བྱེད། གནས་སུ་འཇོག་པ་པོ། འཇོག་བྱེད། ཤིང་འཇོག་པ་པོ།འཇོག་བྱེད། དགྲ་འཇོམས་པ་པོ། འཇོམས་བྱེད།༈ དགྲ་ལ་འཐབ་པ་པོ། འཐབ་བྱད། ཕྱེ་མར་འཐག་པ་པོ། འཐག་བྱེད།ཟས་ལ་འཐུ་བ་པོ། འཐུ་བྱེད། དུམ་བུར་འཐུབ་པ་པོ། འཐུབ་བྱེད། ཆུ་འཐུང་བ་པོ། འཐུང་བྱེད། ཐུན་བུ་འཐུ་བ་པོ། འཐུ་བྱེད། ཐག་པས་འཐེན་པ་པོ། འཐེན་བྱེད། ཤ་འཐོག་པ་པོ། འཐོག་བྱེད། ཆུ་འཐོར་བ་པོ། འཐོར་བྱེད།༈ སྐྱོ་མ་འདག་པ་པོ། འདག་བྱེད། ནོར་འདམ་བྱེད། འདམ་པ་པོ།འདུན་བྱེད། འདུན་པ་པོ། འདུད་བྱེད། འདུད་པ་པོ། འདུལ་བྱེད། འདུལ་བ་པོ། འདུ་བྱེད། འདུ་བ་པོ། འདེགས་བྱེད། འདེགས་པ་པོ། རྗེས་སུ་འདེད་པ་པོ། འདེད་བྱེད། འདེབས་བྱེད། འདེབས་པ་པོ། སྲད་བུ་འདོགས་བྱེད།འདོགས་པ་པོ། ཕྱིར་འདོན་པ་པོ། འདོན་བྱེད། གདམས་ངག་འདོམས་པ་པོ། འདོམས་བྱེད། གོམས་པའམ་དྲི་མ་འདོར་བྱེད། འདོར་བ་པོ། དྲ་བ་འདྲལ་བྱེད། འདྲལ་བ་པོ། ཁ་སྐད་འདྲི་བ་པོ། འདྲི་བྱེད། ནོར་གྱིས་འདྲིད་པ་པོ། འདྲིད་བྱེད། ཤིང་འདྲུད་བྱེད། འདྲུད་པ་པོ། ཁུང་འདྲུ་བ་པོ། འདྲུ་བྱེད། སྐྲ་འདྲེག་པ་པོ། འདྲེག་བྱེད། གནས་ནས་འདྲེན་པ་པོ། འདྲེན་བྱེད།༈ ཕྱིར་འཕུལ་བ་པོ། འཕུལ་བྱེད། མདའ་འཕེན་པ་པོ། འཕེན་བྱེད།དར་འཕྱར་བ་པོ། འཕྱར་བྱེད། གཞན་ལ་འཕྱ་བ་པོ། འཕྱ་བྱེད། ཐལ་བ་འཕྱག་པ་པོ། འཕྱག་བྱེད། ནོར་འཕྲོག་པ་པོ། འཕྲོག་བྱེད།༈ ལས་ལ་འབད་པ་པོ། འབད་བྱེད། སྐྲ་འབལ་བ་པོ། འབལ་བྱེད།ཤིང་འབིགས་པ་པོ། འབིགས་བྱེད། ནོར་འབུལ་བ་པོ། འབུལ་བྱེད། ཁྱིམ་འབུབས་པ་པོ། འབུབས་བྱེད། དུང་ངམ་རླུང་འབུད་པ་པོ། འབུད་བྱེད།ཆར་འབེབས་པ་པོ། འབེབས་བྱེད། གདམས་ངག་འབོགས་བྱེད། འབོགས་པ་པོ། མིང་ནས་འབོད་པ་པོ། འབོད་བྱེད། ཕྱིར་འབོར་བ་པོ། འབོར་བྱེད།རི་མོ་འབྱིད་པ་པོ། འབྱིད་བྱེད། གནས་ནས་འབྱིན་པ་པོ། འབྱིན་བྱེད།ཚོན་འབྱུག་པ་པོ། འབྱུག་བྱེད། སྒོ་འབྱེད་པ་པོ། འབྱེད་བྱེད། འབྱེ་བ་པོ།འབྱེ་བྱེད། ལྕེས་འབྱོག་པ་པོ། འབྱོག་བྱེད། ཆུ་འབྱོ་བ་པོ། འབྱོ་བྱེད། ས་ལ་འབྲད་པ་པོ། འབྲད་བྱེད། ཆུ་འབྱོ་བ་པོ། འབྱོ་བྱེད། ས་ལ་འབྲད་པ་པོ།འབྲད་བྱེད། གྲངས་འབྲིད་པ་པོ། འབྲིད་བྱེད། ཡི་གེ་འབྲི་བ་པོ། འབྲི་བྱེད།འཚང་འབྲུ་བ་པོ། འབྲུ་བྱེད། ཁུང་བུ་འབྲུད་པ་པོ། འབྲུད་བྱེད། རྗེས་སུ་འབྲེང་བ་པོ། འབྲེང་བྱེད།༈ ཕྱག་འཚལ་བ་པོ། འཚལ་བྱེད། སྐྱིན་པ་འཚབ་པ་པོ། འཚབ་བྱེད།ཆུ་འཚག་པ་པོ། འཚག་བྱེད། ཏིལ་འཚིར་བ་པོ། འཚིར་བྱེད། ཟས་འཚེད་པ་པོ། འཚེད་བྱེད། གཞན་ལ་འཚེ་བ་པོ། འཚེ་བྱེད། ནོར་འཚོལ་བ་པོ།འཚོལ་བྱེད། ཟོང་འཚོང་བ་པོ། འཚོང་བྱེད། ཕྱུགས་འཚོ་བ་པོ། འཚོ་བྱེད།རྡོ་བས་འཚོག་པ་པོ། འཚོག་བྱེད། ལུས་འཚོ་བ་པོ། འཚོ་བྱེད།༈ དངོས་པོ་འཛིན་པ་པོ། འཛིན་བྱེད། སྣོད་དུ་འཛུད་པ་པོ། འཛུད་བྱེད། རྩ་བ་འཛུགས་པ་པོ། འཛུགས་བྱེད། ཁུང་དུ་འཛུལ་བ་པོ། འཛུལ་བྱེད། སྣོད་འཛེད་པ་པོ། འཛེད་བྱེད། གྱེན་དུ་འཛེག་པ་པོ། འཛེག་བྱེད།ལ་སོགས་པ་རྒྱ་ཆེར་ཤེས་པར་བྱའོ། །དེ་ལྟར་བཀོད་པ་རྣམས་ནི་གོང་སྨོས་ལྟར་གང་ཞིག་ལས་སམ་བྱ་བ་དེ་ལས་ངེས་པར་ཐ་དད་པར་གྱུར་པའི་བདག་བྱེད་པ་པོའ་ིཚིག་སྟེ། འདིར་བསྟན་གྱི་དཔེར་བརྗོད་དངོས་ཡིན་ལ། ཞར་ལས་གང་ཞིག་ལས་སམ་བྱ་རྒྱུ་དེ་དང་ཐ་མི་དད་པ་ལྟར་སྣང་བའི་བྱེད་པ་པོའ་ིཚིག་རྣམས་ཀྱང་ཕལ་ཆེར་འས་འཕུལ་ཅན་དུ་ཤེས་དགོས་ཏེ། དཔེར་ན། རྟེན་ལ་འཁར་བ་པོ། འཁར་བྱེད། ངག་འཁུན་པ་པོ། འཁུན་བྱེད། གདན་ལ་འཁོད་པ་པོ། འཁོད་བྱེད། འཁོར་བར་འཁོར་བ་པོ། འཁོར་བྱེད། ལུས་འཁྱར་བ་པོ། འཁྱར་བྱེད། ཡུལ་དུ་འཁྱམས་པ་པོ། འཁྱམས་བྱེད། གཡས་སུ་འཁྱིལ་བ་པོ། འཁྱིལ་བྱེད། མྱུར་བར་འཁྱུག་པ་པོ། འཁྱུག་བྱེད།༈ འགྱིང་བ་པོ། འགྱིང་བྱེད། རྟོག་པ་འགྱུ་བ་པོ། འགྱུ་བྱེད། གནས་འགྱུར་བ་པོ། འགྱུར་བྱེད། ཁྱིམ་དུ་འགྲིམ་པ་པོ། འགྲིམ་བྱེད། ལམ་དུ་འགྲོ་བ་པོ། འགྲོ་བྱེད།༈ འཆག་སར་འཆག་པ་པོ། འཆག་བྱེད། ཤར་ནས་འཆར་བ་པོ།འཆར་བྱེད། འཆི་བ་པོ། འཆི་བྱེད། འཇུག་པ་པོ། འཇུག་བྱེད། ཕྱིར་འཐོན་པ་པོ། འཐོན་བྱེད། མྱ་ངན་འདའ་བ་པོ། འདའ་བྱེད། ཚོགས་སུ་འདུ་བ་པོ། འདུ་བྱེད། སྟན་ལ་འདུག་པ་པོ། འདུག་བྱེད། ལྗོངས་སུ་འདེང་བ་པོ།འདེང་བྱེད། བློ་འདྲོག་པ་པོ། འདྲོག་བྱེད།༈ གནས་ལས་འཕག་པ་པོ། འཕག་བྱེད། འཕར་བ་པོ། འཕར་བྱེད།གནམ་དུ་འཕུར་བ་པོ། འཕུར་བྱེད། གོང་དུ་འཕོ་བ་པོ། འཕོ་བྱེད། ལྗོངས་སུ་འཕྱན་པ་པོ། འཕྱན་བྱེད། རྐང་མེད་འཕྱེ་བ་པོ། འཕྱེ་བྱེད། ནམ་མཁར་འཕྱོ་བ་པོ། འཕྱོ་བྱེད།༈ སར་འབབ་པ་པོ། འབབ་བྱེད། རང་ཉིད་འབར་བ་པོ། འབར་བྱེད།འབྱུང་བ་པོ། འབྱུང་བྱེད། འབྱོན་པ་པོ། འབྱོན་བྱེད། གཞན་དུ་འབྱོལ་བ་པོ། འབྱོལ་བྱེད། རྗེས་སུ་འབྲང་བ་པོ། འབྲང་བྱེད། འབྲོས་བྱེད། འབྲོས་པ་པོ།༈ འཛུལ་བ་པོ། འཛུལ་བྱེད། བཞིན་འཛུམ་པ་པོ། འཛུམ་བྱེ། ལ་སོགས་པ་ལྟ་བུའོ། ། དེའང་དཔེར་ན་འཁོར་བར་འཁོར་རྒྱུ་སེམས་ཅན་རྣམས་ཡིན་ཞིང་། འཁོར་བ་པོའམ་འཁོར་བྱེད་ཀྱང་འཁོར་བཞིན་པའི་གནས་སྐབས་དེར་སེམས་ཅན་ཉིད་ལས་གཞན་དུ་མི་དམིགས་པས་བྱེད་པོ་དངབྱ་བ་ཐ་མི་དད་པའི་ཆ་ནས་འཁོར་བ་པོའམ་འཁོར་བྱེད་ཅེས་འ་འཕུལ་ཅན་དུ་ཀློག་པ་ཡིན་གྱི་བྱེད་པ་པོ་གཞན་ཞིག་ཡོད་པའི་ཆ་ནས་ནི་དེ་ལྟར་ཀློག་པ་མ་ཡིན་ནོ། །དེ་བཞིན་དུ་རྫ་མཁན་གྱིས་འཁོར་ལོ་སྐོར་བའི་ཚེ་སྤྱི་ལྡོག་ནས་འཁོར་བ་བྱེད་པ་པོ་ལ་ལྟོས་ཀྱང་དེ་མི་བརྗོད་པར་འཁོར་བཞིན་པའི་གནས་སྐབས་ཙམ་བརྗོད་པའི་ཚེ་བྱེད་པོ་དང་བྱ་བ་གཉིས་ཀ་ཐ་མི་དད་པའི་དབང་གིས་རྫ་མཁན་གྱི་འཁོར་ལོ་འཁོར་བ་ཞེས་བརྗོད་པ་ཡིན་ནོ། །དེས་མཚོན་ནས་བརྗོད་བྱའི་གནས་སྐབས་དང་བསྟུན་ཏེ་རྗོད་བྱེད་ཀྱི་ཚིག་སྦྱོར་བའི་ཚུལ་རྣམས་ཁོང་དུ་ཆུད་པར་བྱ་དགོས་སོ། །སྔོན་འཇུག་མོ་ཡིག་བདག་དང་འབྲེལ་བའི་བྱེད་པ་ཙམ་ལ་འཇུག་པ་ནི།སྐུད་པ་འཁལ་བར་བྱེད། འཁལ་ལོ། །འཁུར་བར་བྱེད། འཁུར་རོ། །འཁྱུད་པར་བྱེད། འཁྱུད་དོ། །འཁྱིག་པར་བྱེད། འཁྱིག་གོ། །འཁྱེར་བར་བྱེད།འཁྱེར་རོ། །འཁྲབ་པར་བྱེད། འཁྲབ་བོ། །འཁྲིད་པར་བྱེད། འཁྲིད་དོ། །འཁྲིལ་བར་བྱེད། འཁྲིལ་ལོ། །འཁྲིག་པར་བྱེད། འཁྲིག་གོ། །འཁྲུད་པར་བྱེད། འཁྲུད་དོ། །འཁྲེན་པར་བྱེད། འཁྲེན་ནོ། །འགམ་པར་བྱེད། འགམ་མོ། །འགུགས་པར་བྱེད། འགུགས་སོ། །ཞེས་སོགས་སྔ་མ་བཞིན་ཐམས་ཅད་ལ་རིགས་འགྲེ་བར་བྱའོ། །སྔོན་འཇུག་གི་མོ་ཡིག་སྔར་བཤད་བདག་གཞན་གྱི་དབྱེ་བས་མ་བསྡུས་པའི་དུས་ད་ལྟ་བར་འཇུག་པ་ནི། མ་ནིང་གི་འཇུག་པའི་སྐབས་སུ་བཤད་པ་ལྟར་སྨོས་མ་ཐག་པའི་བྱ་བྱེད་ཐ་དད་པ་དང་ཐ་མི་དད་པ་གཉི་གའི་བྱེད་ཚིག་རྣམས་ལ་ཚིག་གྲོགས་ཀྱིས་བསྒྱུར་བ། འཁལ་བཞིན་པ། འཁལ་གྱིན་སྣང་། འཁུར་བཞིན་པ། འཁུར་གྱིན་སྣང་། འཁྱུད་བཞིན་པ། འཁྱུད་གྱིན་འདུག་སོགས་དང་། འཁར་བཞིན་པ། འཁར་གྱིན་འདུག། འཁུན་བཞིན་པ། འཁུན་གྱིན་འདུག། འཁོད་བཞིན་པ། འཁོད་གྱིན་སྣང་། སོགས་སྔ་མ་བཞིན་རྒྱས་པར་སྦྱར་ནས་རྟོགས་པར་བྱའོ། །སྔོན་འཇུག་གི་མོ་ཡིག་སྔར་བཤད་བདག་གཞན་གྱི་དབྱེ་བས་མ་བསྡུས་པའི་དུས་མ་འོངས་པའི་དོན་ལ་འཇུག་པ་ནི། རང་གི་ངང་གིས་འབྱུང་བ་ལྟ་བུ་བྱེད་པོ་གཞན་མེད་པ་དང་རགས་པར་བྱ་བྱེད་ཐ་དད་དུ་མི་སྣང་བའི་འབྱུང་འགྱུར་གྱི་ཚིག་རྣམས་ཏེ། དཔེར་ན། ཁྱིམ་ལ་འཁར་བར་འགྱུར།གཞན་དུ་འཁྱར་བར་འགྱུར། ཡུལ་དུ་འཁྱམས་པར་འགྱུར། འོད་འཁྱིམས་པར་འགྱུར། ཆུ་འཁྱིལ་བར་འགྱུར། གོས་ལ་འཁྲི་བར་འགྱུར། གཡོག་ཏུ་འཁུལ་བར་འགྱུར། རང་བཞིན་འཁུན་པར་འགྱུར། བག་འཁུམས་པར་འགྱུར། གལ་གྱིས་འཁྱུ་བར་འགྱུར། གློག་འཁྱུག་པར་འགྱུར། དྲི་མ་འཁྲུ་བར་འགྱུར། སྐུ་འཁྲུང་བར་འགྱུར། ལུས་ལ་འཁྲེམ་པར་འགྱུར། འཁོར་བར་འཁོར་བར་འགྱུར། གདན་ལ་འཁོད་པར་འགྱུར། བྲན་དུ་འཁོལ་བར་འགྱུར།ཤིང་འཁྱོག་པར་འགྱུར། ལུས་འཁྱོར་བར་འགྱུར། རྒྱ་མཚོ་འཁྱོམ་པར་འགྱུར། གནས་སུ་འཁྱོལ་བར་འགྱུར། རོལ་མོ་འཁྲོལ་བར་འགྱུར། སོགས་དང་།༈ དེ་བཞིན་དུ། འགག། འགས། འགྲིམ། འགྲིབ། འགྲིལ། འགུལ།འགུམ། འགྱུ། འགྱུར། འགྲུབ། འགྱེས། འགྱེལ། འགྲེ། འགོ། འགྲོ།༈ འཆར། འཆད། འཆག། འཆབ། འཆི། འཆུས།༈ འཇིགས། འཇིག། འཇུ། འཇུག། འཇོ།༈ འཐོན། འཐོབ།༈ འདའ། འདག། འདུ། འདུག། འདོང་།༈ འཕར། འཕག། འཕྱན། འཕྱང་། འཕྲད། འཕྱི། འཕྱུག། འཕྱེ།འཕྱོ། འཕྲོ།༈ འབབ། འབྱམ། འབྱར། འབྱང་། འབྲལ། འབྲང་། འབྱིང་། འབྱི།འབྲི། འབྲིམ། འབྱུང་། འབྱེད། འབྱེར། འབྱོངས། འབྱོར། འབྲོས།༈ འཚལ། འཚོ། འཚོབ།༈ འཛག། འཛུར། འཛོམ། ལ་སོགས་པ་རྒྱ་ཆེར་ཤེས་པར་བྱ་ཞིང།དེ་དག་ལའང་འགའ་ཞིག་ནི་ཚིག་གྲོགས་སམ་བྱ་ཚིག་གིས་གསལ་མི་དགོས་པར་སྐབས་འདིའི་དཔེར་བརྗོད་དུ་རུང་བ་དཔེར་ན། འགག། འགྱུར།འགྲུབ། འདུ་ལྟ་བུ་སྟེ། དེ་དག་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བ་ཡིན་ན། དགག། བསྒྱུར། བསྒྲུབ། བསྡུ་ལྟ་བུ་སྡེབ་སྦྱོར་གཞན་འཐོབ་ཅིང་།བྱེད་པ་ད་ལྟ་བ་བརྗོད་ན། འགོག་པར་བྱེད། འགྱུར་བར་བྱེད། འགྲུབ་པར་བྱེད་སོགས་ཐོབ་པས་འཁྲུལ་གཞི་མེད་པ་དང་། འགའ་ཞིག་ནི་ཚིག་གྲོགས་སམ་བྱ་ཚིག་དང་བཅས་པས་འདི་སྐབས་ཀྱི་དཔེར་རུང་བ། དཔེར་ད།འཁུན། འཆག། འདག། ལྟ་བུ་སྟེ། དེ་དག་ལ་རང་བཞིན་གྱིས་འཁུན་པར་འགྱུར། རང་ཉིད་འཆག་པར་འགྱུར། རང་འདག་པར་འགྱུར། ཞེས་པ་ལྟ་བུར་སྦྱར་ན། བྱེད་པོ་གཞན་མི་མངོན་པ་སོགས་གསལ་བའི་ངག་ཏུ་འགྱུར་བས་སྐབས་འདིའི་དཔེར་རུང་ཞིང་གཞན་དུ་དེ་རྣམས་ཚིག་གྲོགས་མེད་པ་ཉིད་བྱ་ཚིག་སྤྱི་ཙམ་དུ་གྱུར་པས་དཔེར་མི་རུང་བ་དང་། ནད་ཀྱིས་འཁུན་པར་བྱེད། རྐང་བས་འཆག་པར་བྱེད། འདག་ཆལ་གྱིས་འདག་པར་བྱེད།སོགས་སྦྱར་ནའང་མི་རུང་བ་ལྟ་བུ་ཞིབ་མོར་བྱེ་བྲག་ཕྱེ་ནས་རྟོགས་དགོས་ཤིང་འདིར་སོ་སོའ་ིདཔེར་བརྗོད་རྒྱས་པར་འགོད་པ་ཡི་གེས་འཇིགས་པས་སྤྲོས་པ་སྐྱུང་ངོ་། །འདིར་གཞུང་གི་ཡིག་ཆ་རྣམས་སུ། མོ་ནི་བདག་དང་མ་འོངས་ཕྱིར།།ཞེས་པ་ཡོད་ཅིང་འགྲེལ་བྱེད་སྔ་མ་རྣམས་ལའང་དོགས་པ་མ་ཤར་མོད།དེ་ནི་འདིར་བསྟན་གྱི་བདག་གཞན་དང་དུས་གསུམ་གྱི་དབྱེ་བ་གཞུང་གི་དགོངས་པ་བཞིན་མ་ཕྱེད་པས་ནོངས་ཏེ། བདག་གི་ཐ་སྙད་ཀྱིས་མ་བསྟན་པའི་ད་ལྟ་བའི་ཚིག་འ་འཕུལ་ཅན་མང་དུ་ཡོད་པ་སྐབས་འདིར་བསྟན་དགོས་པ་མ་ཤེས་པར་འདུག་པའི་ཕྱིར་རོ། །དེས་ན་གཞུང་དེ་ལྟར་བཀླགས་པ་གཞུང་གི་བསྟན་བྱ་མ་རྫོགས་པའི་སྐྱོན་དུ་འགྱུར་བས་ཡིག་ནོར་བརྒྱུད་པར་ཤེས་པར་བྱོས་ལ་དཀྱུས་སུ་བཀོད་པ་བཞིན་གཟུང་བར་བྱའོ། །ཤིན་ཏུ་མོ་དགོས་པ་ཅི་ཕྱིར་འཇུག་པ།བཞི་པ་སྔོན་འཇུག་གི་ཤིན་ཏུ་མོ་དགོས་པ་གང་གི་ཕྱིར་འཇུག་པ་ནི།ཤིན་ཏུ་མོ་ནི་མཉམ་ཕྱིར་རོ། །ཞེས་པས་བསྟན་ཏེ། སྔོན་འཇུག་གི་ཤིན་ཏུ་མོ་མ་ཡིག་ནི་སྔར་བཤད་པའི་བདག་གཞན་དང་དུས་གསུམ་གྱི་བྱེ་བྲག་མེད་པར་ཐམས་ཅད་ལ་མཉམ་པ་སྟེ་མཚུངས་པ་ཉིད་བསྒྲུབ་པའི་ཕྱིར་འཇུག་གོ །དེས་ན་དཔེར་བརྗོད་ཀྱང་བདག་གཞན་དང་དུས་གསུམ་ལ་སོ་སོར་མི་དགོས་པས་ཅི་རིགས་པར་ཕྱོགས་གཅིག་ཏུ་འགོད་ན། མཁས་པར་བྱས། མཁས་པ།མཁས་པར་བྱེད། མཁས་བྱ། མཁས་པར་བྱ། མཁས་པར་གྱུར། མཁས་བཞིན་པ། མཁས་པར་འགྱུར། ལྟ་བུ་ཀུན་ལ་སྦྱར་ཏེ། མཁང་། མཁྲང་།མཁྱེན། མཁྲེགས། མཁོ།༈ མགར། མགུ། མགྱོགས།༈ མངའ། མངག།༈ མངགས། མངོན།༈ མཆི། མཆིས། མཆེད། མཆོད།༈ མཇལ།༈ མཉན། མཉམ། མཉེས། མཉེན། མཉེ།༈ མཐུན། མཐུད། མཐོ། མཐོལ། མཐོང་།༈ མདུད།༈ མཚན། མཚར། མཚུངས། མཚོན།༈ མཛད། མཛའ། མཛངས། མཛེས། ལ་སོགས་པ་རྣམས་སོ། ། དེར་ཡང་མངགས་དང་མཆིས་སོགས་འདས་ཚིག་ལ་ཁྱད་པར་ཡོད་པ་རྣམས་ནི་རྗེས་འཇུག་གི་བྱེད་པ་ཡིན་པས་སྔོན་འཇུག་མ་ཡིག་གི་འཇུག་པ་མི་མཉམ་པར་ཐལ་བའི་སྐྱོན་མེད་དོ། །རྗེས་འཇུག་གི་རྟགས་ཀྱི་འཇུག་པ་བཤད་པ་ལ་སྤྱིར་རྟགས་གསུམ་དུ་དབྱེ་བ།གསུམ་པ་རྗེས་འཇུག་གི་རྟགས་ཀྱི་འཇུག་པ་བཤད་པ་ལ་གཉིས།རྟགས་སོ་སོར་ངོས་འཛིན་པ་དང་། དེའི་འཇུག་པ་རྒྱས་པར་འཆད་པའོ། །དང་པོ་ལ་གཞུང་དོན་འཐད་པ་དང་བཅས་ནས་བཤད་པ་དང་། གཞན་གྱི་ནོར་བ་འགོག་པ་གཉིས། དང་པོ་ལ། སྤྱིར་རྟགས་གསུམ་དུ་དབྱེ་བ་དང་།ནང་གསེས་བརྒྱད་དུ་དབྱེ་བ་གཉིས་ཀྱི་དང་པོ་ནི།རྗེས་འཇུག་ཡི་གེ་བཅུ་པོ་ལ། །ཕོ་མོ་མ་ནིང་གསུམ་དུ་དབྱེ། །ཞེས་པས་བསྟན་ཏེ། རྗེས་འཇུག་གི་ཡི་གེ་ག་ང་ད་ན་བ་མ་འ་ར་ལ་ས་སྟེ་བཅུ་པོ་དེ་རྣམས་ལའང་ཕོ་མོ་མ་ནིང་གསུམ་དུ་དབྱེ་བར་བྱའོ། །ཞེས་སོ།།དེ་ལ་ཕོ་ནི་ག་ད་བ་ས་བཞིའོ། །མོ་ནི་ང་མ་འ་གསུམ་མོ། །མ་ནིང་ནི་ན་ར་ལ་གསུམ་མོ། །དེ་ལྟར་ཡིན་པ་ཅིས་ཤེས་ཤེ་ན་བཤད་པར་བྱ་སྟེ། རྗེས་འཇུག་ལ་ཕོ་མོ་མ་ནིང་གསུམ་དུ་དབྱེ་བ་ནི་རྗེས་འཇུག་དེ་ཉིད་མི་གཞིའི་ཡི་གེ་གང་ལ་ཞུགས་པ་ལས་བརྗོད་པའི་སྒྲ་གདངས་དྲག་ཞན་བར་མར་འགྱུར་བའི་ཆ་ནས་གཞག་དགོས་ཏེ། ཕོ་གསུམ་མོ་གཉིས་མ་ནིང་གསུམ། ། དྲག་གཞན་བར་མ་གསུམ་དུ་འཇུག། ཅེས་གཞུང་འདིར་དངོས་སུ་བསྟན་པའི་རྒྱུ་མཚན་གྱིས་སོ། །དེ་ལྟར་བཞག་པའི་ཚེ་མིང་གཞི་གང་གི་མཐར་ཡང་རུང་ག་ད་བ་ས་རྣམས་ཞུགས་པ་སྒྲ་དྲག་པ་དང་། ང་མ་འ་རྣམས་ཞུགས་པ་སྒྲ་ཞན་པ་དང། ན་ར་ལ་རྣམས་ཞུགས་པ་སྒྲ་བར་མར་འགྱུར་བ་ཞིབ་མོའ་ིབློས་བརྟགས་ན་མངོན་སུམ་གྱིས་གྲུབ་ཅིང་། དེའང་བརྗོད་པ་ལྡབ་ལྡིབ་མ་ཡིན་པར་ཡི་གེའི་སྐྱེ་གནས་བྱེད་རྩོལ་སོགས་དང་མཐུན་པར་ཟུར་ཕྱིན་པར་བཀླགས་པ་ལས་སོ། ། འདིར་ཁ་ཅིག་ཕོ་གསུམ་ཞེས་སོགས་ཀྱི་གཞུང་གི་སྒྲའི་འཇུག་པ་ཙམ་བསྟན་གྱི་རྟགས་གསུམ་དུ་དབྱེ་བའི་རྒྱ་མཚན་ནི་གཙོ་བོར་མིང་མཐའ་འདྲེན་ཚུལ་སོགས་ལས་ངེས་དགོས་སོ། །སྙམ་པ་སྲིད་ཀྱང་གཞུང་དེས་སྒྲ་འཇུག་བསྟན་པ་ཉིད་ཀྱིས་རྟགས་ཀྱི་དབྱེ་བ་བྱེད་པའི་རྒྱུ་མཚན་བསྟན་པར་གྲུབ་སྟེ། རྟགས་ཀྱི་དབྱེ་བ་སྒྲའི་འཇུག་པ་ལ་ལྟོས་ཀྱི་སྒྲ་འཇུག་ཙམ་རྟགས་ལ་ལྟོས་པ་མ་ཡིན་པའི་ཕྱིར་དང་། མིང་མཐའ་འདྲེན་ཚུལ་སོགས་ཀྱང་རྟགས་ཀྱི་རྒྱུ་མཚན་དུ་མི་འགྱུར་ཏེ། དེ་རྣམས་རྗེས་འཇུག་གི་རྟགས་ལ་ལྟོས་པ་ཡོད་ཀྱང་རྗེས་འཇུག་དེ་རྣམས་ལ་མི་ལྟོས་པའི་ཕྱིར་རོ། །ནང་གསེས་བརྒྱད་དུ་དབྱེ་བ།གཉིས་པ་དེའི་ནང་གསེས་ཀྱི་དབྱེ་བ་ནི།ཕོ་ལ་སྐྱེས་བུ་རབ་འབྲིང་གསུམ། །མོ་ལ་མོ་དང་ཤིན་ཏུ་མོ། །མ་ནིང་འགྱུར་དང་མཚན་གཉིས་དང་། །མཚན་མེད་དག་དང་གསུམ་དུ་འདོད། །ཅེས་པས་བསྟན་ཏེ། དེ་ལྟར་རྗེས་འཇུག་ལ་རྟགས་གསུམ་དུ་ཕྱེས་པ་དེ་ལ་སླར་ཡང་ནང་གསེས་ཀྱི་སྒོ་ནས་རྣམ་པ་བརྒྱད་དུ་དབྱེ་སྟེ། ཕོ་ལ་སྐྱེས་བུ་རབ་འབྲིང་ཐ་གསུམ་དང་། མོ་ལ་མོ་ཙམ་དང་ཤིན་ཏུ་མོ་གཉིས་དང་། མ་ནིང་ལ་འགྱུར་བ་མ་ནིང་མཚན་གཉིས་མ་ནིང་མཚན་མེད་མ་ནིང་གསུམ་དུ་དབྱེ་བར་འདོད་དོ། ། ཞེས་སོ། །དེའང་རྗེས་འཇུག་གི་ཕོ་ག་ཡིག་ལ་ཡང་འཇུག་ས་ཡིག་ཞུགས་པ་ནི་རྗེས་འཇུག་ནང་ཕྲད་ཀྱི་སྟོབས་ལས་སྒྲ་དྲག་པའི་དྲག་པར་འགྱུར་བས་སྐྱེས་བུ་རབ་ཡིན་ནོ། །དེ་བཞིན་དུ་རྗེས་འཇུག་བ་ལ་ས་ཡིག་ཞུགས་པ་ནི་སྒྲ་དྲག་པའི་འབྲིང་དུ་འགྱུར་བས་སྐྱེས་བུ་འབྲིང་པོའ།ོ །ག་བ་གཉིས་ཀྱི་མཐར་ཡང་འཇུག་མ་ཞུགས་པ་དང་ས་དའི་མཐའ་རྣམས་ནི་སྒྲ་དྲག་པའི་ཞན་པར་འགྱུར་བས་སྐྱེས་བུ་ཐ་མའོ། །མོ་ཡིག་ང་མ་གཉིས་ལ་ཡང་འཇུག་ཞུགས་པ་ནི་སྒྲ་ཞན་པའི་དྲག་པར་འགྱུར་བས་མོ་ཙམ་དང་། དེ་གཉིས་ལ་ཡང་འཇུག་མ་ཞུགས་པ་དང་འ་ཡིག་གི་མཐའ་རྣམས་ནི་སྒྲ་ཤིན་ཏུ་ཞན་པར་འགྱུར་བས་ཤིན་ཏུ་མོའ།ོ །མ་ནིང་གི་ཡི་གེ་ན་ར་ལ་གསུམ་ནི་མིང་གཞིའི་ཕོ་ཡིག་གི་མཐར་ཡང་འཇུག་ཡོད་མེད་གང་རུང་དང་མོ་ཡིག་གི་རྗེས་སུ་ཡང་འཇུག་མེད་པར་ཞུགས་པའི་ཚེ་ནི་སྒྲ་བར་མའི་དྲག་པའམ་ཞན་པར་འགྱུར་བས་འགྱུར་བ་མ་ནིང་དང་། མིང་གཞིའི་མོ་ཡིག་གི་མཐར་ཞུགས་ཤིང་ཡང་འཇུག་ད་དང་བཅས་པར་གྱུར་པའི་ཚེ་ནི་སྒྲ་བར་མ་ལས་དྲག་ཞན་གཉི་གའི་ཆ་དང་ལྡན་པར་འགྱུར་བས་མ་ནིང་མཚན་གཉིས་པ་དང་། མིང་གཞིའི་མ་ནིང་གི་མཐར་ཞུགས་པའི་ཚེ་ཡང་འཇུག་ཡོད་མེད་ཇི་ལྟར་རུང་སྒྲ་བར་མ་ཙམ་ལས་དྲག་ཞན་གང་དུའང་མི་འགྱུར་བའི་ཕྱིར་མཚན་མེད་མ་ནིང་ངོ་། །དེ་ལྟར་སྔོན་ཆད་འགྲེལ་བྱེད་སུས་ཀྱང་མ་བསྟན་པའི་སྤྱི་རྟོལ་འདི་ནི་འཕྱོན་མའི་བུ་བཞིན་དུ་སུ་ཞིག་ཡིད་ཆེས་པར་འགྱུར་སྙམ་ན། སྔར་སྤྱིར་བཏང་རྟགས་ཀྱི་དབྱེ་བའི་རྒྱུ་མཚན་སྨོས་པ་བཞིན་དུ་གཞུང་འདི་ཉིད་ལས། དྲག་པ་གསུམ་ནི་ནང་འཕྲད་དམ། །ཞེས་སོགས་འཆད་འགྱུར་ལྟར་ནང་གསེས་ཀྱི་དབྱེ་བ་འདིའི་རྒྱུ་མཚན་གསལ་བོར་གསུངས་པ་ཉིད་ཁུངས་སུ་བྱས་ནས་བཤད་པ་ཡིན་པས་ཡིད་རྟོན་དུ་ངེས་པར་རུང་བ་ཡིན་གྱི། སྔ་འགྲེལ་རྣམས་ཀྱིས་གཞུང་གི་དངོས་བསྟན་གསལ་བ་རྣམས་རང་རང་གི་ཀྱོག་བཤད་ཀྱིས་བསྒྲིབས་ནས་གར་འགྲོ་གཏོལ་མེད་ཀྱི་མུན་པར་ཞུགས་ཏེ་སྨྲེ་སྔགས་ཀྱི་ཕྲེང་བ་ར་ཐོན་ལུག་ཐོན་དུ་སྤྲོ་བར་བྱེད་པ་རྣམས་ལ་དེ་བས་ཀྱང་སུ་ཞིག་ཡིད་ཆེས་པར་འགྱུར། ལེགས་པར་བསམ་དགོས་སོ། །གཞན་གྱི་ནོར་བ་འགོག་པ།གཉིས་པ་གཞན་གྱི་ནོར་བ་འགོག་པ་ནི།རྗེས་འཇུག་གི་རྟགས་ཀྱི་དབྱེ་བ་བཤད་པའི་སྐབས་འདིར་འགྲེལ་བྱེད་རྣམས་མི་མཐུན་པ་མང་ཡང་བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་ཚིག་གི་ཕྲེང་བ་ཕལ་ཆེར་མི་འཐད་པའི་ཕྱོགས་ཤས་ཆེ་བར་མཐོང་མོད། འོན་ཀྱང་དེ་རྣམས་སོ་སོར་ངོས་འཛིན་ཅིང་སུན་འབྱིན་པ་ནི་ཡི་གེའི་ལས་སུ་ཆེ་ཞིང་དགོས་པའང་ཆེར་མེད་པས་བཞག་ལ། བློ་གསལ་རྣམས་ཀྱིས་མི་ཤེས་སུ་མི་རུང་བའི་མཚང་འགའ་ཞིག་འཆད་འགྱུར་རྣམས་ལས་ཀྱང་གསལ་བར་འགྱུར་མོད་ཀྱི་འདིར་ཡང་ཕྱོགས་ཙམ་མཚོན་པའི་ཕྱིར་ཅུང་ཟད་དཔྱད་ན། སྤྱིར་གོང་སྨོས་ལྟར་སྐབས་འདིའི་སྤྱི་བྱེ་བྲག་གི་རྟགས་ཀྱི་ངོས་འཛིན་སྒྲའི་འཇུག་ཚུལ་གྱི་སྒོ་ནས་རྟོགས་ནུས་པ་ལ་དེའི་གོ་བ་ངེས་ཅན་མ་ལོངས་པར་རྟགས་འགའ་ཞིག་མིང་མཐའ་དང་རྣམ་དབྱེ་སོགས་འདྲེན་ཚུལ་གྱི་སྒོ་ནས་དང་། འགའ་ཞིག་སྔོན་འཇུག་བཞིན་དུ་འདས་དང་གཞན་སྒྲུབ་སོགས་ཀྱི་དོན་སྟོན་ཚུལ་གྱི་སྒོ་ནས་དང་། འགའ་ཞིག་སྒྲ་འཇུག་དྲག་ཞན་གྱི་སྒོ་ནས་ཀྱང་འབྱེད་པར་རློམ་ཞིང་དེར་ཡང་འབྱེད་ཚུལ་འདྲ་མིན་མང་དུ་བྱུང་ངོ་། །དེ་ལ་སྔ་མ་མིང་མཐའ་སོགས་འདྲེན་ཚུལ་གྱིས་འབྱེད་པ་དེ་ནི་སྐབས་འགར་འགྲིག་ཏུ་རུང་ཡང་ཕལ་ཆེར་ལ་མི་འགྲིག་པ་མང་བས་མི་འཐད་དོ། །དཔེར་ན་མིང་མཐའ་འདྲེན་ཚུལ་གྱིས་འབྱེད་པའི་ཚེ།གཞུང་སྔ་ཕྱི་གཞན་དང་། ཕོ་ཡིས་ཕོ་ཡི་མིང་མཐའ་དྲང་། །ཞེས་སོགས་ཀྱི་དགོངས་པ་ལེན་ཚུལ་མ་ནོར་བའི་སྒོ་ནས་དཔྱད་པ་ན་། རྟག་པ། བཅད་པ། སྒྲུབ་པ། བྱས་པ། བཟང་བ། བྱ་བ་སོགས་ཕོ་མོའ་ིརྟགས་ཕལ་ཆེར་ལ་དམིགས་བསལ་ཁ་ཤས་མ་གཏོགས་འགྲིག་ཀྱང་མོ་ཡིག་མ་མཐའ་ཅན་དང་མ་ནིང་གི་མཐའ་ཅན་རྣམས་ལ་འགྲིག་མི་འགྲིག་ཅི་རིགས་སུ་འགྱུར་བ་འཆད་འགྱུར་ལྟར་དང་། ཕོ་མོ་མ་ནིང་གི་ངོས་འཛིན་གཞན་དང་གཞན་བྱེད་པ་རྣམས་ལའང་དེ་བཞིན་དུ་མོས་ཕོའམ་མོས་མ་ནིང་ངམ་མ་ནིང་གིས་མོའ་ིམིང་མཐའ་དྲངས་པ་སོགས་སུ་འགྱུར་བ་དང་། རྣམ་དབྱེ་དྲུག་སྒྲ་ཕོ་ཡིག་ཅན་དང་མཐུན་པའི་སྒྲུབ་བྱེད་ཀྱིས་ད་བ་ས་གསུམ་ཕོར་སྒྲུབ་པ་སོགས་རྣམ་དབྱེ་འདྲེན་ཚུལ་གྱི་སྒོ་ནས་འབྱེད་པའི་ཚེའང་། རང་རང་གི་རྟགས་ངོས་འཛིན་ཚུལ་དང་མི་འགྲིག་པའི་འགལ་བ་མང་དུ་འབྱུང་སྟེ། ད་བ་ས་གསུམ་ཕོ་དང།ག་ང་ན་མ་ར་ལ་མོར་འདོད་པ་རྣམས་གསུམ་པ་དང་དྲུག་པའི་སྒྲ་ལ་འགྲིག་ཀྱང་ལ་དོན་རྣམས་ལ་མི་འགྲིག་པ་མང་བ་དང། འ་མ་ནིང་དུ་འདོད་པ་ནི་གསུམ་ག་ལ་མི་འགྲིག་པ་དང་། ག་ཡིག་ཕོར་འདོད་པ་ལ་དོན་ལ་འགྲིག་ཀྱང་གསུམ་པ་དྲུག་པ་ལ་མི་འགྲིག་པ་དང་། ག་ང་ན་མ་ར་མ་ནིང་དུ་འདོད་པ་ནི་རྣམ་དབྱེ་ཐམས་ཅད་ལ་མི་འགྲིག་པ་སོགས་སྨོས་ཀྱིས་མི་ལང་ཞིང། འཕྲད་འདྲེན་ཚུལ་གྱིས་འབྱེད་པའིཚ་ེའང་། ཅིང་ཅེས་ཞིང་ཞེས་སོགས་ག་ད་བ་ཕོར་འདོད་པ་དང་ང་ན་མ་འ་ར་ལ་མོར་འདོད་པ་རྣམས་ཀྱི་ཕྱོགས་ལ་འགྲིག་ཀྱང་ས་ཕོ་དང་ང་ན་མ་འ་ར་ལ་མོར་འདོད་པ་རྣམས་ཀྱི་ཕྱོགས་ལ་མི་འགྲིག་ཀྱང་ས་ཕོ་དང་ང་ན་མ་འ་ར་ལ་མ་ནིང་དུ་འདོད་པ་རྣམས་ལ་མི་འགྲིག་པ་དང་དེ་བཞིན་དུ་རྒྱན་སྡུད་སླར་བསྡུ་ལྷག་བཅས་སོགས་དང་སྦྱོར་བའི་ཚེའང་འགྲིག་མི་འགྲིག་ཅི་རིགས་སུ་འགྱུར་བ་ཞིབ་མོར་དཔྱད་ནས་ཤེས་པར་བྱའོ། །ཅི་སྒོ་ཐམས་ཅད་ནས་མ་འགྲིག་ཀྱང་གང་འགྲིག་འགྲིག་གི་ཐད་ནས་རྟགས་ངོས་བཟུང་བས་ཅི་སྟེ་སྙམ་ན། ཁྱེད་ཅག་གི་དགོངས་པ་དེ་བཞིན་དུ་ཡིན་པ་ངེད་ཀྱིས་ཀྱང་འཁུམས་མོད་ཀྱི། བསྒྲུབ་བྱ་སྒྲུབ་བྱེད་ངེས་པ་ལ་ལྟོས་པ་རིགས་པ་མཁྱེན་པ་རྣམས་ཀྱི་གཞུང་ལུགས་བཞིན་དུ་མཁན་པོའ་ིབསྟན་བཅོས་ལ་བཀུར་སྟི་བྱ་བར་འདོད་པ་ལས། སྒྲུབ་བྱེད་མ་ངེས་པས་བསྒྲུབ་བྱ་འདྲ་མིན་མང་པོ་སྤེལ་ཏེ་མཁས་པའི་བསྟན་བཅོས་ཆུད་གསན་པར་མི་བྱེད་དོ། །སྤྱིར་ཡང་རྣམ་དབྱེ་དང་འཕྲད་རྣམས་རྟགས་མཚུངས་ཁོ་ནས་འདྲེན་པར་འདོད་པ་གཞུང་གི་དགོངས་པར་མི་འགྱུར་ཏེ་རྒྱུ་མཚན་སྔར་སུམ་ཅུ་བར་ཡང་བཤད་ལ་གཤམ་དུའང་འཆད་པར་འགྱུར་རོ། །གཉིས་པ་སྔོན་འཇུག་བཞིན་དུ་དོན་ལ་འཇུག་ཚུལ་གྱིས་འབྱེད་པ་དེའང་མི་ལེགས་ཏེ། ཚུལ་དེས་རྟགས་འབྱེད་པར་མི་ནུས་པའི་ཕྱིར་ཏེ།རྗེས་འཇུག་གི་དོན་གྱི་འཇུག་ཚུལ་ཕྱོགས་གཅིག་ལ། སྔ་མ་སྔོན་འཇུག་ལྔ་བཞིན་སྦྱར། །ཞེས་གསུངས་པའང་རྗེས་འཇུག་རྣམས་སྔོན་འཇུག་ལྟར་གཙོ་བོར་རང་དབང་གིས་འདས་དང་གཞན་སྒྲུབ་སོགས་ཀྱི་དོན་སྟོན་བྱེད་སོ་སོར་ངེས་པ་ཅན་དུ་འཇུག་པར་འཆད་པའི་གཞུང་མ་ཡིན་པ་གཤམ་དུ་བརྗོད་པར་འགྱུར་བ་ལྟར་ཡིན་པས་རྗེས་འཇུག་གིས་བདག་གཞན་དང་དུས་གསུམ་གྱི་དོན་ཐམས་ཅད་རང་དབང་དུ་སྟོན་པའི་ལུང་མེད་ཅིང་རིགས་པས་ཀྱང་མི་འགྲུབ་པའི་ཕྱིར་ཏེ། དཔེར་ན་འདས་དང་གཞན་སྒྲུབ་ལ་འཇུག་པའི་རྒྱུ་མཚན་གྱིས་ཕོ་ཡིག་ཏུ་སྒྲུབ་པར་བྱེད་པ་རྣམས་ཀྱིས་ད་བ་ས་གསུམ་ཕོ་ཡིག་ཏུ་ངོས་འཛིན་པ་ན། ས་ད་གཉིས་ཀྱིས་འདས་པ་རང་དབང་དུ་སྒྲུབ་པ་མང་དུ་ཡོད་ཀྱང་བ་ཡིག་གིས་འདས་པ་སྒྲུབ་པ་མེད་ཅིང་། དེ་གསུམ་གས་བྱ་བ་གཞན་སྒྲུབ་པའང་མེད་པས་བབ་ཅོལ་དུ་སྨྲས་པར་ཟད་པའི་ཕྱིར་རོ། །དེ་ལ་བ་ཡིག་འདས་ཚིག་གི་མཐར་འབྱུང་བ་བཀབ་བཏབ་ལྟ་བུ་དང་། བ་ས་ད་གསུམ་ག་གཞན་བྱ་བ་འཇུག་པ་གཟབ་བྱ། གཙུབ་བྱ། གདགས་བྱ།འདམས་བྱ། གཅད་བྱ། གསད་བྱ་སོགས་འབྱུང་བས་སྐྱོན་མེད་སྙམ་ནའང་མི་འཐད་དེ། དེ་དག་ཐམས་ཅད་སྔོན་འཇུག་གི་ནུས་པས་འདས་པ་དང་དངོས་པོ་གཞན་སྒྲུབ་ལ་འཇུག་པ་ཡིན་གྱི། རྗེས་འཇུག་གི་ནུས་པས་མ་ཡིན་པའི་ཕྱིར་རོ། །རྗེས་འཇུག་གི་ནུས་པས་དེ་ལྟར་བསྒྲུབས་པ་མ་ཡིན་ཀྱང་འདས་ཚིག་དང་གཞན་སྒྲུབ་ལ་དེ་དག་བྱུང་བ་ཉིད་ཀྱིས་དོན་འགྲུབ་བོ་སྙམ་ནའང་མི་འཐད་དེ། དེ་ལྟར་ན། འདོགས། གཅོད། འཚོབ། ལྟ་བུ་བྱེད་པ་བདག་གི་ཚིག་ཅན་གྱི་ད་བ་སའི་མཐའ་དུ་མ་འབྱུང་བ་རྣམས་རྒྱུ་མཚན་དུ་བྱས་ནས་རྗེས་འཇུག་དེ་རྣམས་བདག་སྒྲུབ་ལ་འཇུག་པར་རང་དབང་དུ་སྨྲས་ཀྱང་སྐྱོན་ཅི་ཞིག་ཡོད་དེ་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །དེ་བཞིན་དུ་བདག་གཞན་གཉི་ག་དང་ད་ལྟ་བ་བསྒྲུབ་པའི་ཕྱིར་འཇུག་པའི་རྟགས་ཀྱིས་མ་ནིང་དང་། བདག་དང་མ་འོངས་པ་བསྒྲུབ་པའི་ཕྱིར་འཇུག་པའི་རྟགས་ཀྱིས་མོར་སྒྲུབ་པ་དག་ཀྱང་མི་འཐད་དེ། འ་ཡིག་བདག་དང་མ་འོངས་པའི་སྒྲུབ་བྱེད་དུ་འཇུག་པ་ཙམ་མཐོང་གི་གཞན་དེ་དག་དེ་དང་དེའི་སྒྲུབ་བྱེད་དུ་ངེས་པར་འཇུག་པ་མ་མཐོང་ཞིང་དོན་དེ་དག་དང་ལྡན་པའི་ཚིག་གི་མཐར་རྗེས་འཇུག་དེ་དག་བྱུང་བ་ཙམ་གྱིས་ཀྱང་ཞེན་དོན་མི་འགྲུབ་པའི་ཕྱིར་ཏེ།དེ་ལྟ་ན། བཀང། གང། བདར། བསྟར། ཤར། བཙལ། ཉལ། བཀྲམ་སོགས་མོའམ་མ་ནིང་དུ་འདོད་པའི་ཡི་གེའི་མཐའ་ཅན་གྱི་འདས་ཚིག་མང་དུ་འབྱུང་བས་ཡི་གེ་དེ་རྣམས་འདས་པ་བསྒྲུབ་པའི་ཕྱིར་འཇུག་པའང་མི་འདོད་བཞིན་དུ་ཁས་ལེན་དགོས་པར་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་ཁ་ཅིག་ནས་གསེས་ཀྱི་རྟགས་ངོས་འཛིན་པར་དོན་ལ་འཇུག་ཚུལ་གྱི་སྒོ་ནས་རྒྱས་བཤད་བྱེད་པ་དག་སྣང་ཡང། རྟགས་ཀྱིས་བསྒྲུབ་བྱ་བདག་གཞན་དང་དུས་གསུམ་གྱི་དོན་རྣམས་རྟགས་ཉིད་དུ་འཁྲུལ་ནས། ཕོས་ཕོའ་ིརྟགས་སྟོན་པ་ཕོས་མོའ་ིརྟགས་སྟོན་པ་ཞེས་སོགས་རང་བཟོའ་ིགཟུ་ལུམ་གྱིས་བསྟན་བཅོས་ལ་དབང་ཟ་བར་ཟད་དེ། བཤད་པ་དེ་ལ་ལེགས་པར་བརྟགས་པའི་ཚེའཐད་པའི་ཕྱོགས་ཅུང་ཟད་ཀྱང་མི་སྣང་ངོ་། །འོན་ཀྱང་ཐམས་ཅད་དཔྱད་པ་ཡི་གེའི་ལས་སུ་ཆེ་བས་ཕྱོགས་ཙམ་མཚོན་ན་ཕྱོགས་སྔ་དེས་མིང་ལས་གཞན་པ་བྱ་བྱེད་ལས་གསུམ་མི་སྟོན་པ་ལ་ཕོ་མོ་གཉིས་ཀའི་རྟགས་མེད་པའི་སྒྲུབ་བྱེད་ཀྱིས་རང་ཉིད་ཀྱིས་མ་ནིང་དུ་ཁས་བླངས་པའི་རྗེས་འཇུག་རྣམས་མིང་རྐྱང་གི་མཐར་བྱུང་བ་མཚན་མེད་མ་ནིང་དུ་བསྒུབས་མོད། དེ་ལྟ་ན་མིང་རྐྱང་གི་འ་མཐའ་རྣམས་ཤིན་ཏུ་མོར་འདོད་པ་དང་འགལ་ཞིང་། ས་དའི་མཐའ་ཅན་གྱི་མིང་རྐྱང་ཡང་ཡོད་པས་དེ་འདྲའི་ས་དང་ད་རྣམས་མ་ནིང་མཚན་མེད་དུ་ཐལ་བར་འགྱུར་རོ། །ཡང་ན་དེས་མིང་རྐྱང་གི་མཐའི་ས་ད་ལ་རྟགས་ཀྱི་ངོས་འཛིན་ལོགས་སུ་མ་བྱས་པས་དེ་དག་ལ་ཕོ་མཚན་མེད་ཅེས་པ་ལྟ་བུའི་རྣམ་གཞག་གསར་པ་ཞིག་མཛད་པར་བཞེད་ཀྱང་ལུས་པ་ཡིན་འདྲ་སྙམ་མོ། །ཧེ་ཧེ། དེས་མཚོན་ནས་སྐྱོན་གཞན་ཡང་རྟོགས་པར་བྱའོ། །གསུམ་པ་ཁ་ཅིག་སྒྲ་འཇུག་དྲག་ཞན་གྱི་སྒོ་ནས་རྟགས་འབྱེད་པ་ནི་རིགས་པ་ཡིན་ཡང་། དེ་དག་གིས་སྒྲ་འཇུག་དྲག་ཞན་ཉིད་མ་ཕྱེད་པས་ནོངས་ཏེ། ད་བ་ས་གསུམ་སྤྱིར་སྒྲ་འཇུག་དྲག་པར་ངོས་འཛིན་པ་ཙམ་འགྲིག་ཀྱང་། ག་ཡིག་སྒྲ་འཇུག་དྲག་པར་མངོན་སུམ་དུ་གྲུབ་བཞིན་དུ་མ་ནིང་དུ་བསྐྱལ་བ་དང་། ན་ར་ལ་རྣམས་ལས་ང་འ་མ་རྣམས་ཀྱི་འཇུག་པ་སྒྲ་ཞན་པར་རྟོགས་སླ་བ་ཡིན་ཡང་དེ་དག་གི་དབྱེ་བ་འཁྲུགས་པ་དང་། གཞན་ཡང་ནོར་བ་མང་ཞིང་རྒྱུ་མཚན་དེ་རྣམས་ཀྱིས་དང་། ནས་གསེས་སྟོན་བྱེད་ཀྱི་གཞུང་ལོག་པར་བཀྲལ་བའི་དབང་གིས་ནང་གསེས་ཀྱི་སྒྲ་འཇུག་རྣམས་ལའང་འཁྲུལ་བའི་ཕྱིར་རོ། །རྗེས་འཇུག་གི་རྟགས་ཀྱི་འཇུག་པ་རྒྱས་པར་འཆད་པ་ལ་མདོར་བསྟན་པ།གཉིས་པ་རྟགས་དེ་རྣམས་ཀྱི་འཇུག་པ་རྒྱས་པར་འཆད་པ་ལ་མདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས། དང་པོ་ནི།དེ་ཡང་བྱེད་པ་བཞི་བྱེད་དེ། །གང་ལ་འཇུག་བྱེད་གང་གིས་བྱེད། །ཇི་ལྟར་འཇུག་བྱེད་ཅི་ཕྱིར་བྱེད། །ཅེས་པས་བསྟན། དེའང་རྗེས་འཇུག་ཕོ་མོ་མ་ནིང་གསུམ་རེ་རེ་ལའང་བྱེད་པ་བཞི་བཞིའི་སྒོ་ནས་འཇུག་ཚུལ་ཤེས་པར་བྱ་སྟེ། འཇུག་ཡུལ་ཡི་གེ་གང་ལ་འཇུག་པར་བྱེད་པ་དང་། འཇུག་པ་པོ་གང་གིས་འཇུག་པར་བྱེད་པ་དང་། ཚུལ་ཇི་ལྟར་འཇུག་པར་བྱེད་པ་དང་། དགོས་ཅིའི་ཕྱིར་འཇུག་པར་བྱེད་པ་རྣམས་ཀྱིས་སོ། །རྒྱས་པར་བཤད་པ་ལ་གང་ལ་འཇུག་པ་བཤད་པ།གཉིས་པ་དེ་དག་རྒྱས་པར་བཤད་པ་ལ། རྣམ་པ་བཞི་ལས། དང་པོ་གང་ལ་འཇུག་པ་ནི།གང་ལ་ཡི་གེ་ཐམས་ཅད་ལ། །ཞེས་པས་བསྟན་ཏེ། རྗེས་འཇུག་གི་ཡི་གེ་བཅུ་པོ་དེ་དག་འཇུག་ཡུལ་ཡི་གེ་གང་དང་གང་ལ་འཇུག་ན་མིང་གཞིའི་ཡི་གེ་ཐམས་ཅད་ལ་བྱེ་བྲག་མེད་པར་འཇུག་གོ། ཞེས་སོ། །དཔེར་ན། བཀག། བཀང་། བཀད།བཀན། བཀབ། བཀུམ། བཀའ། བཀར། བཀལ། བཀས་ལྟ་བུ་ཀ་ཡིག་གི་མཐར་རྗེས་འཇུག་ཐམས་ཅད་འཇུག་པ་སོགས་ཀུན་ལ་བསྒྲེ་བར་བྱའོ། །སྐབས་འདིར་རྗེས་འཇུག་གི་འཇུག་ཡུལ་གྱི་ཡི་གེ་ཡིན་ན་འདིར་བསྟན་མིང་གཞིའི་ཡི་གེ་ཡིན་པས་ཁྱབ་བམ་ཞེ་ན་མ་ཁྱབ་སྟེ། ས་ཡིག་རྗེས་འཇུག་ག་ང་བ་མ་རྣམས་ཀྱི་མཐར་ཡང་འཇུག་ཅིང་། ད་ཡིག་ན་ར་ལ་རྣམས་ལ་འཇུག་པའི་ཕྱིར་རོ། །གང་གིས་འཇུག་པ་བཤད་པ།གཉིས་པ་གང་གིས་འཇུག་པ་ནི།གང་གིས་བཅུ་པོ་དེ་དག་གིས། །ཞེས་པས་བསྟན་ཏེ། ཡི་གེ་ཐམས་ཅད་ཀྱི་རྗེས་སུ་འཇུག་པ་པོ་ཡི་གེ་གང་དང་གང་ཞིག་གིས་འཇུག་པར་བྱེད་ཅེ་ན་སྔར་བཤད་པའི་རྗེས་འཇུག་ཡི་གེ་བཅུ་པོ་དེ་དག་གིས་འཇུག་གོ། ཞེས་སོ། །འདིར་འགྲེལ་བྱེད་ཁ་ཅིག་གིས་གཞན་གྱིས་ནི་མ་ཡིན་པར་རྗེས་འཇུག་ཉིད་ཁོ་ནས་དུས་གསུམ་དང་བླང་དོར་གྱི་གནད་ཐམས་ཅད་སྟོན་བྱེད་དུ་འཇུག་གོ །ཞེས་ཟེར་ཡང་བབ་ཅོལ་དུ་སྨྲས་པར་ཟད་དེ། སྔོན་འཇུག་སོགས་གཞན་གང་ལའང་མ་ལྟོས་པར་རྗེས་འཇུག་ཁོ་ནས་རང་དབང་གིས་ཁྱེད་འདོད་པའི་རྗེས་འཇུག་རང་རང་གི་བསྟན་བྱ་ཐམས་ཅད་སྟོན་པའི་ཕྱིར་འཇུག་པ་མེད་པའི་ཕྱིར་ཏེ། གོང་དུ་སྨོས་པ་བཞིན་སྔོན་འཇུག་ལ་མ་ལྟོས་པར་ས་ད་གཉིས་ཀྱི་འཇུག་པས་འདས་པ་དང་སྐུལ་ཚིག་སྟོན་པ་དང་། འ་ཡིག་གིས་མ་འོངས་པའི་ཁྱད་པར་འགའ་ཞིག་སྟོན་པ་ཙམ་མཐོང་ཡང་དེ་རྣམས་མིང་གཞི་ལ་མི་ལྟོས་པ་ནི་མི་སྲིད་པས་རང་སྟོབས་དང་གཞན་དབང་གཉིས་ཀས་ཡིན་ལ་དེ་རྣམས་ཀྱིས་དེ་དག་ལས་གཞན་པ་མི་སྟོན་ཅིང་རྗེས་འཇུག་ལྷག་མ་རྣམས་ཀྱིས་ནི་རང་སྟོབས་གཙོ་བོར་གྱུར་པས་གང་ཡང་བསྟན་པ་མ་མཐོང་བའི་ཕྱིར་རོ། །ཇི་ལྟར་འཇུག་པ་འཆད་པ་ལ་མདོར་བསྟན་པ།གསུམ་པ་ཇི་ལྟར་འཇུག་པ་འཆད་པ་ལ་མདོར་བསྟན་པ་དང་རྒྱས་བཤད་གཉིས། དང་པོ་ནི།ཇི་ལྟར་རྣམ་པ་གཉིས་ཡིན་ཏེ། །སྒྲ་ཡི་འཇུག་ཚུལ་དོན་གྱི་ཚུལ། །ཞེས་པས་བསྟན་ཏེ་རྗེས་འཇུག་རྣམས་ཚུལ་ཇི་ལྟར་འཇུག་པའང་རྣམ་པ་གཉིས་ཀྱི་སྒོ་ནས་ཤེས་པར་བྱ་སྟེ། རྗེས་འཇུག་ཞུགས་ཚུལ་གྱིས་སྒྲ་དྲག་ཞན་དུ་འགྱུར་བ་སྒྲའི་འཇུག་ཚུལ་དང་། དེ་ལྟར་ཞུགས་པས་དོན་ཅི་ཞིག་སྟོན་པ་དོན་གྱི་འཇུག་ཚུལ་ལོ། །ཞེས་སོ། །འདིར་ཡང་ཁ་ཅིག་རྗོད་བྱེད་སྒྲ་དང་བརྗོད་བྱ་དོན་ཞེས་གསལ་བཏོད་པ་ཡོད་མོད། སྒྲའི་འཇུག་པ་རྣམས་རྗོད་བྱེད་ཡིན་དུ་ཆུག་ཀྱང་། སྐབས་འདིའི་དོན་གྱི་འཇུག་ཚུལ་གྱི་དོན་ཡིན་ན་བརྗོད་བྱ་ཡིན་པས་མ་ཁྱབ་སྟེ། རྟགས་མཚུངས་དང་སྒྲ་མཐུན་འདྲེན་ཚུལ་གྱི་སྐབས་སུ་དོན་འདྲེན་བྱ་དང་འདྲེན་བྱེད་ཡི་གེ་མཐུན་མི་མཐུན་སྟོན་པ་ཡིན་པས་དེ་སྐབས་ཀྱི་དོན་གྱི་འཇུག་པ་དེ་སྒྲའམ་ཡི་གེའི་འཇུག་པ་ཡིན་གྱི། མིང་ཚིག་དེ་དག་གིས་དོན་གང་ཞིག་བརྗོད་པར་འགྱུར་བའི་བརྗོད་བྱ་མ་ཡིན་པའི་ཕྱིར་རོ། །རྒྱས་བཤད་ལ་དྲག་ཞན་སྤྱིར་འཇུག་ཚུལ་བཤད་པ།གཉིས་པ་རྒྱས་བཤད་ལ་སྒྲའི་འཇུག་ཚུལ་དང་དོན་གྱི་འཇུག་ཚུལ་གཉིས། དང་པོ་ལ་དྲག་ཞན་སྤྱིར་འཇུག་ཚུལ། ནང་གསེས་ཞིབ་ཏུ་འཇུག་ཚུལ། ཐུན་མོང་དུ་དེ་དག་གི་དཔེར་བརྗོད་བསྟན་པའོ། ། དང་པོ་ནི།ཕོ་གསུམ་མོ་གཉིས་མ་ནིང་གསུམ། །དྲག་ཞན་བར་མ་གསུམ་དུ་འཇུག། །ཅེས་པ་སྟེ། རྗེས་འཇུག་གི་ཡི་གེ་བཅུ་ལས་ཕོ་སྐྱེས་བུ་རབ་འབྲིང་ཐ་གསུམ་དང་། མོ་མོ་ཙམ་དང་ཤིན་ཏུ་མོ་གཉིས། མ་ནིང་འགྱུར་དང་མཚན་གཉིས་མཚན་མེད་གསུམ་སྟེ་འཇུག་ཚུལ་གྱི་སྒོ་ནས་དབྱེ་བ་དེ་རྣམས་རིམ་པ་བཞིན་དུ་ཕོ་གསུམ་མིང་གཞིའི་ཡི་གེ་གང་ལ་ཞུགས་ཀྱང་བརྗོད་པའི་སྒྲ་གདངས་དྲག་པར་འགྱུར་བས་དྲག་པར་འཇུག་པ་དང་། དེ་བཞིན་དུ་མོ་གཉིས་ཞན་པར་འཇུག་པ་དང་། མ་ནིང་གསུམ་བར་མ་སྟེ་རན་པར་འཇུག་པ་ཡིན་ནོ། །ཞེས་སོ། །དེ་ལྟར་དྲག་ཞན་བར་མ་གསུམ་དུ་འཇུག་པའི་རྒྱུ་མཚན་དེས། སྤྱིར་བཏང་རྗེས་འཇུག་ལ་ཕོ་མོ་མ་ནིང་གསུམ་དུ་རྣམ་པར་བཞག་པའང་ཡིན་ནོ་ཞེས་ཞར་ལས་བསྟན་པར་གྲུབ་བོ། །ནང་གསེས་ཀྱི་འཇུག་ཚུལ།གཉིས་པ་ནང་གསེས་ཀྱི་འཇུག་ཚུལ་ནི།དྲག་པ་གསུམ་ཉིད་ནང་ཕྲད་དམ། །གལ་ཏེ་ཞན་པ་ནང་ཕྲད་ན། །དེ་ལའང་ནང་གི་ཆ་ཤས་ཀྱིས། །དེ་ཡང་དྲག་ཞན་གཉིས་སུ་དབྱེ། །མ་ནིང་གསུམ་དུ་གང་གཏོགས་པ། །དྲག་དང་ཕྲད་ན་དྲག་པར་འགྱུར། །ཞན་དང་ཕྲད་ན་ཞན་པར་འགྱུར། །གཉིས་ཀ་དག་དང་ཕྲད་གྱུར་ན། །དེ་ནི་གཉིས་ཀ་ཅན་དུ་འགྱུར། །གཉིས་ཀ་དག་དང་མ་ཕྲད་ན། །གང་དུ་ཡང་ནི་མི་འགྱུར་རོ། །དེས་ན་འགྱུར་དང་མཚན་གཉིས་དང་། །མཚན་མེད་དག་དང་གསུམ་དུ་འདོད། །དེ་ནི་སྒྲ་ཡི་འཇུག་ཚུལ་ལོ། །ཞེས་ཤླཽ་ཀ་གསུམ་དང་རྐང་བ་གཉིས་ཀྱིས་བསྟན་ཏེ། དེ་ལ་གཉིས།གཞུང་དོན་ཇི་ལྟར་བཤད་པ་དང་། དེའི་འཐད་པ་སྒྲུབ་པའོ། །དང་པོ་ནི།གཞུང་དོན་ཇི་ལྟར་བཤད་པ།རྟགས་ངོས་འཛིན་གོང་དུ་སོང་བ་ལྟར་རྗེས་འཇུག་ལ་ནང་གསེས་ཀྱིས་རྟགས་བརྒྱད་དུ་དབྱེ་བ་ནི་སྒྲའི་འཇུག་ཚུལ་གྱི་དབང་གིས་ཡིན་པས་དེ་རྣམས་ལ་སྒྲའི་འཇུག་ཚུལ་ཐ་དད་པ་བརྒྱད་དུ་ཇི་ལྟར་དབྱེ་ཞེ་ན། དྲག་པ་གསུམ་སྟེ་ཕོ་ཡིག་སྐྱེས་བུ་རབ་འབྲིང་ཐ་གསུམ་ནི་རྗེས་འཇུག་ཉིད་ནང་འཕྲད་དུ་གྱུར་པ་ལ་ལྟོས་ནས་དབྱེ་སྟེ། མིང་གཞི་གང་གི་མཐར་ཡང་རུང་རྗེས་འཇུག་གི་ཕོ་ཡིག་རྣམས་ཡང་འཇུག་དང་བཅས་ཞུགས་པས་སྒྲ་དྲག་པ་གཞིར་བཞག་པའི་ནང་གསེས་དྲག་འབྲིང་གང་རུང་དུ་འགྱུར་བའི་ཆ་ནས་སྐྱེས་བུ་རབ་འབྲིང་གཉིས་སུ་འབྱེད་ཅིང་། ཡང་འཇུག་མེད་པ་ཞུགས་པས་སྒྲ་དྲག་པའི་ཞན་པར་འགྱུར་བའི་ཆ་ནས་སྐྱེས་བུ་ཐ་མར་འབྱེད་པའི་ཕྱིར།འདིར་དམ་ཞེས་པ་སྡུད་པའི་ཚིག་འཕྲད་དེ་གཤམ་དུ་དབྱེ་ཞེས་གསུངས་པ་དང་སྦྲེལ་བའི་སླད་དུའོ། །དེ་བཞིན་དུ་གལ་ཏེ་ཞན་པ་སྟེ་མོ་ཡིག་རྣམས་རྗེས་འཇུག་ནང་འཕྲད་ཀྱིས་མིང་གཞིར་ཞུགས་པ་ཡོད་ན་དེར་ལྟོས་པས།དེ་དག་ལ་ནང་གི་ཆ་ཤས་སྒྲ་འཇུག་དྲག་ཞན་གྱི་དབང་གིས་སྤྱིར་ཞན་པ་དེ་ལའང་ནང་གསེས་དྲག་ཞན་གཉིས་སུ་དབྱེ་སྟེ། ཡང་འཇུག་དང་བཅས་པའི་མོ་ཡིག་ཞུགས་པ་མོ་ཙམ་དང་། ཡང་འཇུག་མེད་ན་ཤིན་ཏུ་མོར་འབྱེད་པའི་ཕྱིར། དེ་བཞིན་དུ་འགྱུར་བ་སོགས་མ་ནིང་གསུམ་དུ་གང་ཞིག་གཏོགས་པར་གྱུར་པའི་རྗེས་འཇུག་གི་ཡི་གེ་དེ་རྣམས་ནི་མིང་གཞིར་འཇུག་ཚུལ་དང་རྗེས་འཇུག་ནང་འཕྲད་གཉིས་ཀ་ལ་ལྟོས་ནས་དབྱེ་སྟེ། དེ་རྣམས་མིང་གཞིའི་ཡི་གེ་དྲག་པ་དང་འཕྲད་ན་ཡང་འཇུག་ཡོད་མེད་ཇི་ལྟར་རུང་སྒྲ་དྲག་པར་འགྱུར་ཞིང་། ཞན་པ་དང་འཕྲད་ན་ཡང་འཇུག་མེད་པའི་ཚེ་ཞན་པར་འགྱུར་བ་དང་། མིང་གཞི་ཞན་ཅིང་ཡང་འཇུག་དྲག་པའི་བར་དུ་ཆུད་པས་དྲག་ཞན་གཉི་ག་དང་ཕྲད་པར་གྱུར་ན། མ་ནིང་དེ་རྣམས་སྒྲ་དྲག་ཞན་གཉིས་ཀ་ཅན་དུ་འགྱུར་བ་དང་། མིང་གཞི་དྲག་ཞན་གཉིས་ཀ་དང་མ་ཕྲད་པ་སྟེ་བར་མ་མ་ནིང་གི་ཡི་གེ་རྣམས་ལ་ཞུགས་པའི་ཚེ་ཡང་འཇུག་ཡོད་མེད་ཇི་ལྟར་རུང་སྒྲ་དྲག་ཞན་གང་དུའང་མི་འགྱུར་བར་བར་མ་ཉིད་དུ་གནས་པ་སྟེ། དེ་ལྟར་གསུམ་དུ་འགྱུར་བའི་རྒྱུ་མཚན་གྱིས་རིམ་པ་བཞིན་དུ། འགྱུར་བ་མ་ནིང་།མཚན་གཉིས་མ་ནིང་། མཚན་མེད་མ་ནིང་གསུམ་དུ་འབྱེད་པར་འདོད་པའི་ཕྱིར་རོ། །ཞེས་སོ། །གཉིས་པ་ནི།དེའི་འཐད་པ་སྒྲུབ་པ།སྔོན་གྱི་འགྲེལ་བྱེད་ཕལ་མོ་ཆེས། སྐབས་འདིར་དྲག་པ་གསུམ་ནང་ཕྲད་པ་ནི། སྔོན་འཇུག་མིང་གཞི་རྗེས་འཇུག་གསུམ་གྱི་ཕོ་ཡིག་འདུས་པ་དང་། ཞན་པ་ནང་འཕྲད་ཀྱང་དེ་གསུམ་གྱི་མོ་ཡིག་འདུས་པ་ལ་འདོད་མོད།དེ་ནི་ངེས་པར་ཁས་བླང་དུ་རུང་བ་མ་ཡིན་ཏེ། དེ་འཆད་པའི་སྐབས་མ་ཡིན་པ་དང་། བཤད་པ་མི་འཐད་པ་དང་། སྐབས་དོན་ཆད་པའི་སྐྱོན་གསུམ་ཡོད་པའི་ཕྱིར་རོ། །དེ་ལ་སྐོན་དང་པོ་ཡོད་དེ། འདི་སྐབས་སྤྱིར་རྗེས་འཇུག་གི་འཇུག་པ་འཆད་པའི་སྐབས་དང་། ཁྱད་པར་སྒྲའི་འཇུག་པ་འཆད་པའི་སྐབས་དང་། དེ་ལས་ཀྱང་ནང་གསེས་འཆད་པའི་སྐབས་ཡིན་པས་འདིར་བླ་རྡོལ་དུ་སྔོན་རྗེས་མིང་གསུམ་གའི་ཐུན་མོང་གི་སྒྲ་འཇུག་འཆད་པ་མི་འབྲེལ་བའི་ཕྱིར་རོ། །སྐྱོན་གཉིས་པའང་ཡོད་དེ། ཁྱད་དག་གི་འགྲེལ་ཚུལ་གྱི་དབང་དུ་བྱས་ནས་གཞུང་དོན་ལ་བརྟགས་པའི་ཚེ། དྲག་པ་གསུམ་དང་ཞན་པ་གསུམ་ནང་ཕྲད་པ་གཞིར་བཞག་ནས་དེ་དག་ལ་ནང་གསེས་དྲག་ཞན་གཉིས་སུ་དབྱེ་བ་ཙམ་ཞིག་ལས་མ་བསྟན་པས། དངོས་བསྟན་དེ་ལྟར་དུ་འདོད་ན་ནི་སྔོན་རྗེས་མིང་གསུམ་འདུས་པའི་སྒྲ་འཇུག་སྤྱིར་བསྟན་པའང་སྐབས་འདིར་དགོས་པ་མེད་ན། ཉི་ཚེ་བ་དེ་དག་བསྟན་པ་ལྷག་པར་ཡང་དགོས་མེད་དུ་འགྱུར་བའི་ཕྱིར་དང་། སྔོན་རྗེས་མིང་གསུམ་དྲག་ཞན་བར་མ་སྣ་ཚོགས་འཕྲད་པའི་དབང་དུ་བྱས་ནས། དྲག་པའི་དྲག་ཞན་འབྲིང་གསུམ་སོགས་དབྱེ་བ་མང་པོ་བྱེད་པ་ནི་རང་བཟོ་ཉིད་དུ་ཟད་པས་རང་འདོད་ཀྱི་གཞུང་དོན་འགྲེལ་ཚུལ་དང་ཡང་འགལ་བའི་ཕྱིར་ཏེ། དྲག་གཞན་བར་མ་སྣ་ཚོགས་འདུས་པ་དབྱེ་གཞིར་བཟུང་བས་ནང་ཕྲད་ཅེས་པའི་ཚིག་གི་ནུས་པ་དང་འགལ་ཞིང་། རྣམ་པ་མང་པོར་ཕྱེས་པས་གཉིས་སུ་དབྱེ་ཞེས་པ་དང་འགལ་བའི་ཕྱིར་རོ། །སྐྱོན་མེད་དེ་སྔ་མ་ཤུགས་བསྟན་གྱི་དབང་དུ་བྱས་ཤིང་། ཕྱི་མ་སྔོན་རྗེས་དྲག་ལ་མིང་གཞི་ཞན་པ་སོགས་མང་པོར་ཕྱེ་ནའང་དྲག་ཞན་སོ་སོར་དྲག་ཞན་གཉིས་གཉིས་སུ་ཕྱེ་བས་བསྡུས་པའི་ཕྱིར། སྙམ་ནའང་རིམ་པ་བཞིན་མི་འཐད་དེ་གཞུང་དུ་ནང་ཕྲད་ཅེས་ངེས་གཟུང་མཛད་པ་ལ་ནང་མི་མཐུན་ཤུགས་བསྟན་དུ་འབྱུང་བ་འགལ་བའི་ཕྱིར་དང་། སྔོན་རྗེས་མིང་གསུམ་སོ་སོར་ཕོ་མོ་མ་ནིང་གསུམ་གསུམ་དུ་རྒྱུ་མཚན་དང་བཅས་ནས་གསུངས་པ་ལས་བརྒལ་ནས་དེ་དག་གི་མོ་དང་མ་ནིང་དག་སྒྲ་ཞན་པར་ཕྱོགས་གཅིག་ཏུ་བསྡུས་ནས་དྲག་ཞན་གཉིས་གཉིས་སུ་དབྱེ་བ་དེ་སྐབས་འདིར་མ་འགྲིག་པས་རང་བཟོ་མི་བྱད་ཀ་མེད་དུ་གྱུར་པ་ལས་རྒྱུ་མཚན་གང་ཡང་མེད་པའི་ཕྱིར་རོ། །སྐྱོན་གསུམ་པའང་ཡོད་དེ། གཞུང་འདིའི་གོང་དུ་རྗེས་འཇུག་གི་རྟགས་གསུམ་སྤྱིར་དབྱེ་བའི་སྒྲ་འཇུག་བཤད་ཅིང་། མཇུག་ཏུ་ནང་གསེས་མ་ནིང་ལ་གསུམ་དུ་དབྱེ་བའི་སྒྲ་འཇུག་གསུངས་པའི་བར་དུ། ཕོ་མོ་གཉིས་ཀྱི་ནང་གསེས་ཀྱི་སྒྲ་འཇུག་ངེས་པར་སྟོན་རིགས་པ་ལ་དེ་མ་བཤད་པའི་ཕྱིར་རོ། །སྐྱོན་མེད་དེ་ཕོ་གསུམ་མོ་གཉིས་ཀྱི་ཡི་གེ་དེ་རྣམས་ཉིད་སྔོན་འཇུག་དང་མིང་གཞི་ལ་སྦྱོར་བས་སྒྲ་གདངས་འབྱུང་ཚུལ་ཉིད་འཆད་པའི་ཕྱིར་རོ། །སྙམ་ནའང་མི་འཐད་དེ་གཉིས་སུ་དབྱེ་ཞེས་ངེས་གཟུང་མཛད་པ་ལས་བརྒལ་བའི་སྐྱོན་དང་ཐུན་མོང་གི་འཇུག་པ་བསྟན་པའི་སྐྱོན་གཉིས་སེལ་བར་མི་ནུས་པའི་ཕྱིར་རོ། །དེ་ལྟར་གཞན་གྱི་འདོད་པ་ལ་དཔྱད་པས་རང་ལུགས་འཐད་པར་གྲུབ་སྟེ་སྐབས་དོན་ཡིན་པ་དང་། བཤད་པ་གཞུང་དོན་དང་མཐུན་པ་དང་། གཞུང་གི་བསྟན་བྱ་རྫོགས་པར་གྲུབ་པའི་ཕྱིར་རོ། །ཐུན་མོང་དུ་དེ་དག་གི་དཔེར་བརྗོད་བསྟན་པ།གསུམ་པ་ཐུན་མོང་དུ་དེ་དག་གི་དཔེར་བརྗོད་བསྟན་པ་ནི།རྟགས་གསུམ་སྤྱིར་འཇུག་ཚུལ་གྱི་དཔེར་བརྗོད་ཞར་ལ་རྟོགས་པའི་དབང་དུ་བྱས་ནས་འདིར་ནང་གསེས་བརྒྱད་ཀྱི་འཇུག་ཚུལ་གྱི་དཔེར་བརྗོད་ཕྱོགས་ཙམ་འགོད་པ་ལ་སྐྱེས་བུ་རབ་ནི། སྐྱོགས། དཀྲིགས། དཀྲོགས།དཀྲུགས། བཀླགས། བཀྱིགས། འཁྱགས། འཁྲུགས། གྲགས། གྲོགས།སྒྲོགས། བསྒྲགས། འགགས། ངོགས། བསྔགས། ལྕགས། བཅགས།འཆགས། འཇགས། འཇིགས། གཉགས། སྙོགས། བསྙེགས། སྙིགས།རྟགས། རྟོགས། བརྟགས། གཏོགས། གཏུགས། བཏགས། སྟེགས།ཐོགས། ཐེགས། ཐུགས། དོགས། འདོགས། འདེགས། གདགས།ནགས། བརྣོགས། པགས། ལྤགས། སྤགས། སྤྱུགས། ཕྱགས། འཕྱུགས།བགས། བོགས། བླུགས། བླགས། དབུགས། སྦགས། བྲེགས། དབགས།སྦྲགས། མྱགས། དམིགས། དམྱུགས། རྨུགས། གཙིགས། བཙུགས།བཙགས། བརྩིགས། བརྩེགས། ཚོགས། ཚགས། ཚེགས། འཛུགས།རྫོགས། ཞབས། ཞུགས། གཞོགས། བཞུགས། གཟུགས། གཟིགས།གཟགས། བཟླུགས། གཡོགས། གཡིགས། རིགས། རླུགས། ལེགས།ལགས། ཤགས། གཤེགས། གཤགས། བཤགས། སོགས། བསྲེགས།ཧྭགས། ཞེས་སོ། །༈ སྐྱེས་བུ་འབྲིང་ནི། སྐབས། ཀླུབས། བཀྲབས། སྐྱབས། བསྐྱབས།སྐོབས། འཁོབས། བསྒྲུབས། སྒྲུབས། བརྔུབས། བཅབས། བཅིབས།ཆབས། ཆིབས། འཇབས། འཇེབས། བསྙབས། སྙོབས། སྟབས།སྟོབས། གཏིབས། བསྟབས། ཐབས། འཐིབས། དྲུབས། ལྡེབས།བསྡེབས། སྣབས། བསྣུབས། སྣུབས། མནབས། སྤབས། ཕེབས།བྱབས། བྲབས། བྲུབས། སྦུབས། གཙུབས། རྩིབས། རྩབས། ཚབས།འཚབས། ཞབས། གཞིབས། གཞབས། གཟབས། གཡབས། རབས།བརླབས། རློབས། ཤུབས། གཤིབས། སྲུབས། བསླབས། བསབས།ལ་སོགས་པ་རྣམས་སོ། །༈ སྐྱེས་བུ་ཐ་མ་ནི། སྐས། སྐད། བཀག། བཀབ། མཁས། འཁྲིད།ཁྲག། ཁྲབ། འགས། བགྲད། སྒྲོག། གྲུབ། སྔས། ངག། རྔབ། ལ་སོགས་པའོ། །༈ མོ་ཙམ་ནི། བསྐངས། བསྐུམས། ཁེངས། ཁམས། གངས།བགོམས། དངངས། བརྔསམ། ལ་སོགས་པའོ། །༈ ཤིན་ཏུ་མོ་ནི། བསྐང་། ཀོང་། སྐོམ། བཀའ། ཁོང་། ཁམ། མཁའ།གང། སྒྲོམ། འགའ། ངང་། དངོམ། སྔའ་ལ་སོགས་པའོ། །༈ འགྱུར་བ་མ་ནིང་ནི། བསྟནད། རྐུན། བསྐོརད། བསྟར། སྩལད།བཙལ། འགྲན། འགོར། འགུལ། ལ་སོགས་པའོ། །༈ མཚན་གཉིས་པ་ནི། འཛིནད། བརྒྱནད། གྱུརད། འབྱོརད། རོལད།བསལད་ལ་སོགས་པའོ། །༈ མཚན་མེད་ནི། ཕྱིནད། མཐུན། ཐརད། འཐོར། འཕྲུལད། འཁྲུལ་ལ་སོགས་པ་རྣམས་ཏེ་དེ་དག་གིས་མཚོན་ནས་རྒྱ་ཆེར་ཤེས་པར་བྱའོ། །དོན་གྱི་འཇུག་ཚུལ་མདོར་བསྟན་པ།གཉིས་པ་དོན་གྱི་འཇུག་ཚུལ་ལ། མདོར་བསྟན་དང་རྒྱས་བཤད་གཉིས། དང་པོ་ནི།དོན་ནི་རྣམ་པ་གཉིས་ཡིན་ཏེ། །སྔ་མ་གང་ལྟར་གྱུར་པ་དང་། །ཕྱི་མ་གང་ལྟར་འགྱུར་བ་འོ། །ཞེས་པས་བསྟན་ཏེ། རྗེས་འཇུག་རྣམས་དོན་གང་དང་ གང་ལ་འཇུག་པར་འགྱུར་བའི་ཚུལ་ནི་རྣམ་པ་གཉིས་ཡིན་ཏེ། སྔ་མ་རྗེས་འཇུག་ཉིད་གང་ལ་ཞུགས་ཤིང་གནས་པའི་མིང་དེའི་དོན་གང་ལྟར་ཏེ་ཇི་ལྟ་བུ་ཞིག་ཏུ་འགྱུར་བ་དང་། ཕྱི་མ་རྗེས་འཇུག་གམ་མཐའ་དེས་མིང་མཐའ་ལ་སོགས་པ་འདྲེན་ཚུལ་གྱིས་དོན་གང་ལྟར་འགྱུར་བའོ། །ཞེས་སོ། །སྔ་མ་གང་ལྟར་འགྱུར་བ་འཆད་པ་ལ་གཞུང་དོན་དཔེར་བརྗོད།གཉིས་པ་དེ་རྒྱས་པར་འཆད་པ་ལ་གཉིས་ལས། དང་པོ་སྔ་མ་གང་ལྟར་འགྱུར་བ་འཆད་པ་ལ། གཞུང་དོན་དཔེར་བརྗོད་དང་བཅས་དགོད་པ་དང་།གཞན་གྱི་འདོད་པ་ནོར་བར་བསྟན་པ་གཉིས་སོ། །དང་པོ་ནི།སྔ་མ་སྔོན་འཇུག་ལྔ་བཞིན་སྦྱར། །ཞེས་པས་བསྟན་ཏེ། རྗེས་འཇུག་རྣམས་གང་ལ་ཞུགས་པའི་མིང་དེ་ཉིད་མིང་མཐའ་སོགས་ལ་ལྟོས་ནས་སྔ་མར་གྲུབ་པས་དེས་བདག་གཞན་སོགས་ དོན་ཅི་ཞིག་སྟོན་པ་ནི་མིང་དེའི་སྔོན་དུ་གནས་པ་སྔོན་འཇུག་ལྔ་ལས་གང་ཞིག་ཡིན་པ་དེའི་དོན་དང་ཇི་ལྟ་བ་བཞིན་དུ་སྦྱར་ནས་རྟོགས་པར་བྱའོ། །ཞེས་པའོ། །དེས་ན་གཙོ་བོར་སྔོན་འཇུག་གི་ནུས་པ་དང་སྦྱར་ནས་རྗེས་འཇུག་རྣམས་ཀྱིས་ཀྱང་ཅི་རིགས་པར་བདག་གཞན་དང་དུས་གསུམ་གྱི་དོན་རྣམས་དེ་དང་མཚུངས་པར་སྟོན་པར་འགྱུར་པ་ཡིན་གྱི་སྐབས་འགའ་ཞིག་ཏུ་མ་གཏོགས་པར་རྗེས་འཇུག་གི་ནུས་པ་གཙོ་ཆེ་བས་ནི་མ་ཡིན་ནོ། །ཞེས་པ་ནི་འདིར་ཤེས་པར་བྱ་བའི་གནད་དམ་པའོ། །འདིར་ཁ་ཅིག་སྔོན་འཇུག་ལ་མི་ལྟོས་པར། བྱས། ཟོས། གྲགས། ཆད།ཐརད། ཐོནད། ཕོག། དག། ཕབ། ལྟ་བུ་ཕོ་ཡིག་གིས་འདས་པ་སྟོན་པ་དང།གྱིས། བྱོས། ཁོས། ནོནད། རོལད། ཆོད། རྒྱོབ། ཤོག། ལྟ་བུ་ཕོ་ཡིག་གིས་སྐུལ་ཚིག་སྟོན་པ་དང་། སྔོན་འཇུག་ལ་ལྟོས་ཀྱང་རྗེས་འཇུག་གི་ནུས་པ་གཙོ་བ། བསྐངས། བསྒྲུབས། བསམས། བསགས། བསད། བཅད། བསྟནད།བསྐྱརད། བསལད། ལྟ་བུ་ཕོ་ཡིག་གིས་འདས་པ་སྒྲུབ་པ་སོགས་མང་དུ་ཡོད་པས་འདིར་རྗེས་འཇུག་གི་ནུས་པ་གཙོ་བོར་མི་འཆད་པ་མི་ལེགས་སོ་སྙམ་པ་དག་ཡོད་པར་ མངོན་ཡང་། དོགས་པ་མི་དགོས་ཏེ། སྐུལ་ཚིག་གི་འཇུག་ཚུལ་ནི་གཞུང་འདིར་དངོས་ཤུགས་གང་དུའང་མ་བསྟན་པ་དེར་བས། སྔོན་འཇུག་ལ་མ་ལྟོས་པར་རྗེས་འཇུག་རྣམས་ཉིད་བདག་གཞན་དང་དུས་གསུམ་སོགས་བྱ་བྱེད་དང་འབྲེལ་བའི་མིང་ཚིག་ཐམས་ཅད་ལ་འཇུག་པ་ཡོད་ཀྱང་སྔོན་འཇུག་ཅན་ལ་ལྟོས་ན་ཤས་ཆུང་བས་ཞར་ལ་གོ་བའི་དབང་དུ་མཛད་ཅིང་། སྔོན་འཇུག་ལས་རྗེས་འཇུག་གི་ནུས་པ་གཙོ་བ་འདས་པ་སྒྲུབ་པའི་ས་ཡིག་གི་འཇུག་ཡང་འཇུག་གཉིས་ཀ་དང་ད་ཡིག་གི་ཡང་འཇུག་ཁོ་ན་ཙམ་ལ་ཡོད་ཀྱི་གཞན་རྣམས་སྔོན་འཇུག་གི་ནུས་པ་གཙོ་བ་ཁོ་ན་ཡིན་པའི་ཕྱིར་སྔོན་འཇུག་གི་འཇུག་པས་བདག་གཞན་སོགས་སྟོན་པ་ཁྱབ་ཆེ་བས་གཙོ་བོར་གྱུར་པ་དགོངས་ནས་འདིར་སྔོན་འཇུག་ལྔ་བཞིན་སྦྱར་ཞེས་ངེས་གཟུང་གིས་གསུངས་པ་ལྟར་ཁོ་བོས་ལེགས་པར་བཤད་པ་ཡིན་པའི་ཕྱིར་རོ། །སྔོན་འཇུག་མེད་པར་རྗེས་འཇུག་གི་དོན་བསྟན་པ་ཆེས་མང་སྟེ་མིང་རྐྱང་ཕལ་ཆེར་དེ་འདྲ་ཡིན་པའི་ཕྱིར་སྙམ་ན། དེ་འདྲའི་མིང་རྐྱང་རྣམས་རྗེས་འཇུག་གིས་མིང་དུ་གྲུབ་པ་ཡིན་ཀྱང་དེས་བདག་གཞན་དང་དུས་གསུམ་སོགས་བསྟན་པ་མེད་པས། སྤྱིར་རྟགས་འཇུག་གི་གཞུང་འདིའི་བསྟན་བྱའི་གཙོ་བོ་མ་ཡིན་ལ། ཁྱད་པར་སྔོན་འཇུག་ལྔ་བཞིན་སྦྱར། །ཞེས་པའི་སྦྱར་བྱ་མ་ཡིན་པར་ངེས་པས་སྐྱོན་དུ་མི་འགྱུར་རོ། །དེས་ན་སྐབས་འདིའི་དངོས་བསྟན་གྱི་དབང་དུ་བྱས་པའི་དཔེར་བརྗོད་ནི་སྔོ་ནའཇུག་གི་སྐབས་སུ་རྒྱས་པར་བསྟན་པ་ཉིད་ལས་ལོགས་སུ་མི་དགོས་ནའང་ཕྱོགས་མཚོན་པའི་ཕྱིར་རྗེ་འཇུག་གི་རྟགས་ཀྱི་གོ་རིམ་དང་མཐུན་པར་ཅུང་ཟད་བཀོད་པས་གོ་བདེ་བ་ལ་བསམས་ནས་དཔེར་བརྗོད་ན། སྐྱེས་བུའི་རྟགས་རབ་འབྲིང་ཐ་གསུམ་ཅི་རིགས་པར་དུས་འདས་པ་ལ་འཇུག་པ་ནི། བརྟགས། བཏགས། བཅགས།བསགས། བསྒྲུབས། བསྐྱབས། བསྟབས། བཀག། བལྟས། བརྒྱབ། བཅད།ལྟ་བུ་དང་། དེ་རྣམས་བྱེད་པ་བདག་ལ་འཇུག་པ་ནི། འདོགས་བྱེད། འདེགས་བྱེད། འཛུགས་བྱེད། འགུགས་བྱེད། གཞིབས་བྱེད། གཤིབས་བྱེད། གནུབས་བྱེད། འཇོག་ བྱེད། འགས་བྱེད། འགྲུབ་བྱེད། གཅོད་བྱེད། ལྟ་བུ་དང་། དེ་རྣམས་བྱ་བ་གཞན་ལ་འཇུག་པ་ ནི། གདགས་བྱ། བསྡིགས་བྱ། བསྡོགས་བྱ།གཏུབས་བྱ། དགག་བྱ། བརྟས་བྱ། གཟབ་བྱ། བསྒྲུབ་བྱ། བསྟབ་བྱ། བསྐྱབ་བྱ། བསྐྱེད་བྱ། ལྟ་བུ་དང་། དེ་རྣམས་བདག་གཞན་གྱི་དབྱེ་བས་མ་ བསྡུས་པའི་ད་ལྟ་དང་མ་འོངས་པ་ཅི་རིགས་པར་འཇུག་པ་ནི། འདེགས་བཞིན་པ།འདོགས་བཞིན་པ། གཏུབས་བཞིན་པ། འགོག་བཞིན་པ། གཅོད་བཞིན་པ།རང་བཞིན་གྱིས་གཤེགས་པར་འགྱུར། རང་བཞིན་གྱིས་འགྲུབ་པར་འགྱུར།འཆད་པར་འགྱུར། འཐས་པར་འགྱུར། ལྟ་བུ་རྣམས་སོ། །དེ་བཞིན་དུ་མོ་རྟགས་གཉིས་འདས་པ་ལ་འཇུག་པ། བསྐངས། བརྐྱངས།བསྐུམས། བཀྲམ། ལྟ་བུ་དང་།༈ བདག་ལ་འཇུག་པ། འདོམས་བྱེད། འགེངས་བྱེད། མཆོངས་བྱེད།འདོད་བྱེད། འཁྱོམ་བྱེད། གསོའ་བྱེད། ལྟ་བུ་དང་།༈ གཞན་ལ་འཇུག་པ། གདམས་བྱ། འཁུམས་བྱ། བསྐང་བྱ། དགང་བྱ།གཏམས་བྱ། བཟའ་བྱ། ལྟ་བུ་དང་།༈ ད་ལྟ་དང་མ་འོངས་པར་འཇུག་པ། འདོམས་བཞིན་པ། འགེངས་བཞིནཔ། འདོད་བཞིན་པ། གསོའ་བཞིན་པ། རང་བཞིན་གྱིས་ འདོམས་པར་འགྱུར། འགྲོ་བར་འགྱུར། འགོང་པར་འགྱུར། འདམ་པར་འགྱུར། ལྟ་བུའོ། །༈ མ་ནིང་གསུམ་འདས་པ་ལ། བསྟནད། བཀནད། བཀརད། བསྟརད།བཅལད། མནནད། བགརད། བསལད། མཁྱེནད། མཚརད། འཁྲུལད། ལྟ་བུ་དང་།༈ བདག་ལ། བསྟུནད་ བྱེད། བརྩོན་བྱེད། གནོད་བྱེད། གཏོང་བྱེད།གསོར་བྱེད། བཀོལད་བྱེད། འགྲོལ་བྱེད། འདུནད་བྱེད། འཛེརད་བྱེད།གསོལད་བྱེད། མཐརད་བྱེད། འཁོར་བྱེད། འཕེནད་བྱེད། མཐུན་བྱེད། འཐུལ་བྱེད། ལྟ་བུ་དང་།༈ གཞན་ལ། བསྟེན་བྱ། བསྐུར་བྱ། དགར་བྱ། བསྐོལ་བྱ། བསྐྱལ་ བྱ།མཁྱེན་བྱ། འཚིར་བྱ། འཁོལ་བྱ། ལྟ་བུ་དང་།༈ ད་ལྟ་དང་མ་འོངས་པར། བསྟུནད་བཞིན་པ། གནོན་བཞིན་པ།གཏོར་བཞིན་པ། འཛིནད་བཞིན་པ། གསོལད་བཞིན་པ། འགྲེལད་བཞིན་པ། འཐོརད་བཞིན་པ། མཁྱེནད་བཞིན་པ། རང་བཞིན་གྱིས། དཀོནད་པར་འགྱུར། འདུནད་པར་འགྱུར། མཐུན་པར་འགྱུར། གསལ་བར་འགྱུར། འཁུལ་བར་འགྱུར། ལྟ་བུ་རྒྱ་ཆེར་ཤེས་པར་བྱའོ། །དེ་ལྟར་སྔོན་འཇུག་ལ་ལྟོས་པ་གཙོ་བོར་གསུངས་པའི་ཞར་ལས་སྔོན་འཇུག་མེད་པའི་དོན་རྣམས་ལ་ཇི་ལྟར་འཇུག་པའང་ཤེས་པར་བྱ་སྟེ། དཔེར་ན། སྐྱེས་པའི་རྟགས་འདས་པ་ལ་འཇུག་པ། གྲགས། ཐོགས། ཞུགས། བྱབས།བྱས། གས། བྲོས། ཕོས། ནོས། སྤྲས། ཟོས། ཕོག། ནོག། ཐུབ། གྲུབ། སྤྲད།ཆད། ཁོད། ནོད། སོགས་དང་།༈ བདགལ། སྒྲོགས་ བྱེད། སྙོགས་བྱེད། སྟོབས་བྱེད། ཀླུབས་བྱེད།ལྕིབས་བྱེད། སྒྲུབ་བྱེད། སྐྲོད་བྱེད། སྡོང་བྱེད། རྗེད་བྱེད། སྙེག་བྱེད། རྡེག་བྱེད། ལྟོས་བྱེད། སོགས་དང་།༈ གཞན་ལ། རྟོགས་ བྱ། ཐབས་བྱ། ཤེས་བྱ། སྒུག་བྱ། གློད་བྱ་སོགས་དང་།༈ དེ་དག་ལས་གཞན་ད་ལྟ་དང་མ་འོངས་པར་འཇུག་པ། རྟོགས་བཞིན་པ། ཤེས་བཞིན་པ། སྡོད་བཞིན་པ་སོགས་དང་། རྟོགས་པར་འགྱུར། སྒུག་པར་འགྱུར། ཤེས་པར་འགྱུར། ཞེས་སོགས་ཀྱིས་མཚོན་པར་བྱའོ། །དེ་བཞིན་དུ་མོ་གཉིས་འདས་པ་ལ་འཇུག་པ། སྤངས། ཁེངས། ཐེངས།གོམས། ཁྲེམས། གང་། སོང་། ཕམ། གུམ། ཆོམ། ཐེམ་སོགས་དང་།༈ བདག་ལ། སྟོངས་བྱེད། རེངས་བྱེད། སྟེམས་བྱེད། ཉམས་བྱེད། མྱོང་བྱེད། སྣང་བྱེད། ཟློ་བྱེད། སྲའ་བྱེད། རྒྱུའ་བྱེད།༈ གཞན་ལ། སྤུངས་བྱ། སྤང་བྱ། སྤྲིང་བྱ། བླང་བྱ། རློམ་བྱ། སྨྲའ་བྱ།སོགས་ དང་།༈ ད་ལྟ་དང་མ་འོངས་པར། རེངས་བཞིན་པ། སྟེམས་བཞིན་པ། མྱོང་བཞིན་པ། ཟློའ་བཞིན་པ། ངང་གིས་སྟོངས་པར་འགྱུར། ཉམས་པར་འགྱུར།གང་བར་འགྱུར། དམ་པར་འགྱུར། སྲའ་བར་འགྱུར། སོགས་སོ། །མ་ནིང་གསུམ་འདས་པར་འཇུག་པ། སྩལད། རོལད། དུལ། ཤར། པོར།སྦྲནད། བྲནད། སྨིནད། བྱིནད། ཕྱིནད། ཐརད། ཚརད། ཚོར། ཐལ་སོགས་དང་།༈ བདག་ལ། སྟོནད། སྟེནད། རྟེནད། སྦྱིན། སྒྲུན། སྦྲོན། སྐུརད། སྤྲུལད།སྒྱུར། སྤེལ། ལེནད། སྨོནད། སེལད། ཉནད། ཁུར། ཕན་བྱེད་སོགས་དང་།༈ གཞན་ལ། སྤང་བྱ། སྤེལ་བྱ། སྦར་བྱ། སྦྱིན་བྱ། མྱུལ་བྱ། སྨོན་བྱ།རྒལ་བྱ་སོགས་དང་།༈ ད་ལྟ་དང་མ་འོངས་པར་ཡང་། སྟོནད་བཞིན་པ། སྟེནད་བཞིན་པ།སྒྲོལ་བཞིན་པ། མྱུལ་བཞིན་པ། གྲོལ་བར་འགྱུར། སྨན་པར་འགྱུར། ཕྱིནད་པར་འགྱུར། ཐར་པར་འགྱུར། སོགས་ཏེ་འདི་དག་གིས་འདི་རིགས་ཐམས་ཅད་ལ་མཚོན་པར་བྱའོ། །དེ་ལྟར་དཔེར་བརྗོད་པ་དེ་རྣམས་ལས་སྔོན་འཇུག་གི་ཤིན་ཏུ་མོ་བདག་གཞན་སོགས་ཐམས་ཅད་ལ་མཉམ་པར་འཇུག་པར་གསུངས་པ་བཞིན་དུ་སྔོན་འཇུག་ལ་ལྟོས་པར། མཐུན་མཁྱེན་སོགས་མང་པོ་དང་། སྔོན་འཇུག་མེད་པར་ཡང་། རྟོགས། སྤུངས། སྣང་། སྟེགས།རེངས། སྤྲུལད། སོགས་མང་པོ་བདག་གཞན་དུས་གསུམ་ཀུན་ལ་གཟུགས་ཐ་དད་མེད་པར་འཇུག་པས་འཇུག་ཡུལ་བདག་གཞན་སོགས་གང་ཡིན་ཚིག་གྲོགས་ལས་ཤེས་པར་བྱ་དགོས་པ་རྣམས་ཀྱང་བློ་གྲོས་དང་ལྡན་པ་རྣམས་ཀྱིས་རྟོགས་པར་བྱའོ། །གཞན་ཡང་གཞུང་འདིར་དམིགས་བསལ་དུ་མ་བསྟན་ཀྱང་རྗེས་འཇུག་ས་ཡིག་གི་འཇུག་ཡང་འཇུག་གཉི་ག་དང་། ད་ཡིག་གི་ཡང་འཇུག་གིས་དུས་འདས་པ་སྟོན་པ་ཤིན་ཏུ་མང་ཞིང་། འ་ཡིག་འདས་པ་ལ་མི་འཇུག་པའི་ཁྱད་པར་ཙམ་ནི་གསལ་བར་མཐོང་བ་སྔོན་རྗེས་ཀྱི་དཔེར་བརྗོད་བཀོད་པ་རྣམས་སུ་གསལ་ཞིང་། གྲགས་ཆེ་བ་ དེར་ཟད། རྗེས་འཇུག་རྣམས་སྐུལ་ཚིག་ལ་འཇུག་པའི་ཚུལ་ནི། གཞུང་འདིའི་དངོས་ཤུགས་གཉི་གར་མ་བསྟན་པས་བཤད་བྱར་མ་གྱུར་མོད། འོན་ཀྱང་དེའི་རྣམ་གཞག་ཞར་ལས་རྟོགས་པར་བྱ་བའི་ཕྱིར་དཔེར་བརྗོད་ན། ས་ད་གཉིས་དང་ཁྱད་པར་ས་ཡིག་བསྐུལ་ཚིག་ལ་འཇུག་པ་མང་ ར་མཐོང་སྟེ། སྙོགས་ཤིག། ཀློགས་ཤིག། སྒྲོགས་ཤིག།རྟོགས་ཤིག། རྩིགས་ཤིག། ཞུགས་ཤིག། སྲེགས་ཤིགཚིགས་ཤིགརློགས་ཤིག རློབས་ཤིག། སྒྲུབས་ཤིགརྩིས་ཤིག། གྱིས་ཤིག། བྱོས་ཤིག། རྒྱུས་ཤིག། རྔོས་ཤིག། སྔོས་ཤིག། ལྟོས་ཤིག། ནོས་ཤིགསྐོས་ཤིག། རྐུས་ཤིག།ཁོས་ཤིག། ཆོས་ཤིག། དྲོངས་ཤིག། སྲོངས་ཤིག། ཆིངས་ཤིག། སྲུངས་ཤིག། དེངས་ཤིག། སྐྱོངས་ཤིག། སྡོམས་ཤིག། སྙོམས་ཤིག། སོམས་ཤིག།རྩོམས་ཤིག། སྟོནད་ཅིག། ཐོནད་ཅིག། ནོནད་ཅིག། སོལད་ ཅིག། ཉོནད་ཅིག། སྟེནད་ཅིག། སྙེནད་ཅིག། རོལད་ཅིག། རྩོལད་ཅིག། ཕྲོལད་ཅིག།སྒྲོལད་ ཅིག། སྐུརད་ཅིག། སྤོརད་ཅིག། སྟོརད་ཅིག། ཆོད་ཅིག། སོད་ཅིག།ཁོད་ཅིག། སྡོད་ཅིག། སློད་ ཅིག། ཅེས་པ་ལ་སོགས་པ་དང་། རྗེས་འཇུག་གཞན་དེར་འཇུག་པ་ན། ཤོག་ཅིག། ཁོག་ཅིག། ཟློག་ ཅིག། ཕོབ་ཅིག། ཐོབ་ཅིག། རྒྱོབ་ཅིག། སྒོང་ཞིགསྣུན་ཞིག། སྐྲུན་ཞིག། ཕྱོར་ཞིག། སྦྱོར་ ཞིག།ཚོལ་ཞིག། སྐོལ་ཞིག། ལྟ་བུ་སྟེ་འདི་རྣམས་ཀྱིས་མཚོན་ནས་རྒྱ་ཆེར་ཤེས་པར་བྱའོ། །དེ་ན་སྐུལ་ཚིག་ཕལ་ཆེར་ལ་སྔོན་འཇུག་མེད་པ་མང་ཞིང་སྔོན་འཇུག་སྦྱོར་དགོས་པའང་ཡོད་དེ། བཀྲོས་ཤིག། བསྟོད་ཅིག། བརྩོན་ཞིག། བསྣོས་ཤིག། གཏོརད་ཅིག། གདུངས་ཤིག། གསོངས་ཤིག། དཀྲུགས་ཤིག། དགོངས་ཤིག། དཔྱོད་ཅིག། མཆོད་ཅིག། མཆོང་ཞིག། མཛོད་ཅིག། འགོམས་ཤིག།མ་འགྲོའ་ཤིག། མ་འཆེའ་ཤིག། ཅེས་པ་ལྟ་བུ་ རྣམས་སོ། །གཞན་གྱི་འདོད་པ་ནོར་བར་བསྟན་པ།གཉིས་པ་གཞན་གྱི་འདོད་པ་ནོར་བར་བསྟན་པ་ནི།སྐབས་འདིར་འགྲེལ་བྱེད་སྔ་མ་ཕལ་ཆེར་གྱིས། སྔ་མ་སྔོན་འཇུག་ལྔ་བཞིན་སྦྱར། །ཞེས་པའི་དོན་སྔོན་འཇུག་ལྟར་རྗེས་འཇུག་གི་ཕོ་ ཡིག་རྣམས་འདས་པ་དང་། གཞན་སྒྲུབ་ལ་འཇུག་པ་སོགས་རྟགས་ཀྱི་བྱེ་བྲག་གིས་འཇུག་ཡུལ་སོ་སོར་སྦྱར་རྒྱུར་འདོད་མོད། དེ་ལྟར་སྦྱོར་བ་སྐབས་རེ་གཉིས་ལ་འགྲིག་པ་ལྟར་སྣང་ཡང་ཕལ་མོ་ཆེར་ངེས་པ་མེད་པའི་སྦྱོར་ཚུལ་དུ་འགྱུར་བས་མི་འཐད་པའི་ཚུལ་གོང་དུ་རྟགས་ངོས་འཛིན་གྱི་སྐབས་སུ་བཤད་ཟིན་ཅིང་། གཞན་ཡང་དེ་ལྟར་འདོད་པ་ལ་སྐྱོན་མང་དུ་ཡོད་དེ། གཞུང་གི་སྤྱིའི་ས་བཅད་དང་མི་འགྲིག་པ་དང་། བྱེ་བྲག་མདོར་བསྟན་དང་འགལ་བ་དང་། ཞེན་དོན་གྱི་དཔེར་བརྗོད་མི་འཐད་པའི་སྐྱོན་རྣམས་ཡོད་པའི་ཕྱིར།དང་པོ་གྲུབ་སྟེ། སྔ་མ་སྔོན་འཇུག་སོགས་ཀྱི་གཞུང་འདི། སྤྱིའི་ས་བཅད་ཇི་ལྟར་འཇུག་བྱེད་འཆད་པའི་སྐབས་དང་། དེ་ལས་ཀྱང་དོན་གྱི་ཇི་ལྟར་འཇུག་བྱེད་འཆད་པའི་སྐབས་ཡིན་པ་ལ། དེ་དང་མི་འགྲིག་པའི་ཅི་ཕྱིར་འཇུག་བྱེད་བཤད་པའི་ཕྱིར་ཏེ། རྗེས་འཇུག་རྣམས་སྔོན་འཇུག་གི་ཅི་ཕྱིར་འཇུག་པ་བཤད་པ་ལྟར། རྟགས་ཀྱི་ཁྱད་པར་གྱིས་བདག་གཞན་དང་དུས་གསུམ་གྱི་ཁྱད་པར་ངེས་པར་སྟོན་པའི་སླད་དུ་འཇུག་པར་བཤད་པའི་ཕྱིར། སྔ་མ་མ་གྲུབ་སྟེ། ཇི་ལྟར་འཇུག་པ་དང་ཅི་ཕྱིར་འཇུག་པ་གཉིས་ཀ་དང་མཐུན་པར་བཤད་དུ་ཡོད་པའི་ཕྱིར། སྙམ་ནའང་མ་ཡིན་ཏེ། ཅི་ཕྱིར་འཇུག་པ་ནི་དོན་དེ་སྟོན་ བྱེད་དུ་ངེས་པར་འཇུག་པ་ཞིག་དགོས་ལ། ཇི་ལྟར་འཇུག་པ་ནི། སྒྲ་དོན་དེ་དང་དེར་འཇུག་པ་ཙམ་དུ་ཟད་པའི་ཕྱིར་རོ། །གཞན་ཡང་ཇི་ལྟར་དང་ཅི་ཕྱིར་འཇུག་པ་གཉིས་སྐབས་འདིར་མཐུན་པར་བཤད་ན། གཤམ་དུ་ཅི་ཕྱིར་འཇུག་པ་གསུངས་པ་ཟློས་པའམ་དབྱེ་བ་འཁྲུགས་པའི་སྐྱོན་དུ་འགྱུར་ཞིང་། གལ་ཏེ། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །སོགས་སྔོན་འཇུག་གི་སྐབས་ཅི་ཕྱིར་འཇུག་འཆད་བྱེད་ཡིན་ཡང་འདིར་མིན་ནོ་ཟེར་ནའང་།ས་བཅད་མ་འགྲིག་པས་ཅི་བྱ་གཏོལ་མེད་ཀྱིས་བྱུང་རྒྱལ་དུ་སྨྲས་པར་ཟད་དེ། རྒྱུ་མཚན་མེད་པར་མ་ཟད་དོན་ཅིའི་ཕྱིར་འཇུག་པ་འཆད་བཞིན་པ་དང་དངོས་སུ་འགལ་བའི་ཕྱིར་རོ། །གཉིས་པ་གྲུབ་སྟེ། བྱེ་བྲག་དོན་གྱི་འཇུག་ཚུལ་ལ་གཉིས་སུ་དབྱེ་བའི་སྔ་མ་གང་ལྟར་འགྱུར་བ་ཞེས་མདོར་བསྟན་པ་འཆད་པའི་སྐབས་ཡིན་པ་གང་ཞིག། དེ་ལ་ཁྱེད་ཀྱིས་རྗེས་འཇུག་རྣམས་རང་དབང་གིས་དོན་སྟོན་བྱེད་དུ་འཇུག་པར་བཤད་པ་འགལ་བའི་ཕྱིར་ཏེ། འགྱུར་བ་ཞེས་པའི་དོན་རྗེས་འཇུག་རྣམས་རང་དབང་མི་བཙན་པར་སྔོན་འཇུག་ལ་སོགས་པའི་དོན་བཞིན་དུ་འགྱུར་འགྲོ་བ་ལ་འཆད་དགོས་པའི་ཕྱིར། དེ་མ་གྲུབ་སྙམ་ན། དེ་ལྟར་འཆད་རིགས་ཏེ་སྔ་མ་རྗེས་འཇུག་གི་དོན་གཙོ་བོར་སྔོན་འཇུག་གི་རྗེས་སུ་འགྲོ་ཞིང་ཕྱི་མ་མིང་མཐའ་དང་རྣམ་དབྱེ་སོགས་ཀྱི་དོན་རྗེས་འཇུག་དང་ཚིག་ཕྱི་མ་དག་གི་རྗེས་སུ་འགྲོ་བ་གཞུང་དུ་གང་ལྟར་འགྱུར་བ་ཞེས་པའི་སྒྲས་མཚུངས་པར་བསྟན་པའི་ཕྱིར་ཏེ། དེ་ལྟར་མ་བཤད་པས་སྔར་སྨོས་པའི་སྐྱོན་དེ་རྣམས་ཀྱང་སྤོང་མི་ནུས་པའི་ཕྱིར་རོ། གསུམ་པ་གྲུབ་སྟེ། ཁྱེད་རྣམས་ཀྱིས་སྐབས་འདིར་ད་བ་ས་གསུམ་གྱིས་འདས་པ་སྟོན་པའི་དཔེར་བཀོད་པ། བཅད། བཀབ། བཀས། ཞེས་པ་རྣམས་ལས་ཕྱི་མ་ས་ཡིག་གིས་འདས་པ་བསྟན་དུ་ཆུག་ཀྱང་། སྔ་མ་གཉིས་འདས་ཚིག་ཏུ་གྲུབ་པ་རྗེས་འཇུག་གི་ནུས་པས་མ་ཡིན་པའི་ཕྱིར་ཏེ། དེ་གཉིས། གཅད།གཅོད། དགབ། འགེབ། ཞེས་བྱ་བྱེད་ཀྱི་ཚིག་ལ་སྦྱར་བའི་ཚེ་ནའང་རྗེས་འཇུག་དེ་ཁོ་ན་ལས་གཞན་དུ་མི་འགྱུར་བའི་ཕྱིར་ཏེ། སྔོན་འཇུག་གི་ནུས་པ་ཁོ་ནས་བྱ་བྱེད་ཀྱི་ཚིག་ཏུ་གྲུབ་པའི་ཕྱིར་རོ། །དེས་ན་དཔེར་བརྗོད་དེ་ཙམ་ལའང་ཡིད་བརྟན་ཕེར་བ་མ་བྱུང་ན། རང་ཉིད་ཀྱིས་བཤད་པ་དང་མཐུན་པའི་དཔེར་བརྗོད་གཞན་རྣམས་འགོད་པར་ལྟ་ག་ལ་ནུས་པས་འགོད་མ་ནུས་པ་དེར་ཟད་དོ། །གཞན་ཡང་། ལུགས་དེ་ཁས་ལེན་པའི་ཕྱིས་བྱུང་ཞིག་གིས་སྐབས་འདིར་དཔེར་བརྗོད་ཅུང་ཟད་མང་བར་འགོད་པའི་ཁུལ་དུ་བྱས་ཏེ། བྱ་བ་ བྱས། ཆར་བ་ཕོབ། མེ་ཏོག་ཕོག། ན་ཚ་ཆད་ཅེས་སོགས་འདས་པ་ལ་འཇུག་པ་དང་། སྲས་པོ། སྲབ། སྲོག། སྲིད་ལྟ་བུ་དངོས་པོ་གཞན་དང་།གདམས་པར་བྱ། བསྒྲུབ་པར་བྱ། བཀླག་པར་བྱ། བརྗོད་པར་བྱ་ལྟ་བུ་ཚིག་དང་དངོས་སུ་འབྲེལ་བ་དང་། རྒྱས་པར་བྱས། ས་བོན་བཏབ། ལམ་འགོག།སྣོད་འཛེད་ལྟ་བུ་དངོས་སུ་མ་འབྲེལ་ཡང་བྱ་བ་བསྒྲུབ་པ་ལ་འཇུག་པ་དང།ནམ་མཁའ་ལྟ་བུ་གཞན་དང་། ཡོད་པའི་གདའ་སོགས་ད་ལྟར་བ་སྟོན་པ་དང་། འགྱུར། འཇལ། འབྱུང་། འདྲེན། འགྲམ། བློ་གསར། ཆུ་སྐོར། བགྲང་ཕྲེང། མདུན། མཚལ་སོགས་བདག་དང་མ་འོངས་པ་ལ་འཇུག་པ་ལྟ་བུའོ། །ཞེས་བྲིས་མོད། དེ་རྣམས་ཟེར་རྒྱུས་ཕོངས་པའམ་བློ་རྣལ་དུ་མི་གནས་པའི་སྐྱོན་ཉིད་ཀྱིས་བྱུང་རྒྱལ་དུ་སྨྲས་པ་སྟེ། འདས་པའི་དཔེར་སྐུལ་ཚིག་བྲིས་པ་དང་། གཞན་གྱི་དཔེར་མིང་རྐྱང་དང་འདས་ཚིག་དང་བྱེད་ཚིག་བཀོད་པ་དང་། བདག་དང་མ་འོངས་པའི་དཔེར་མིང་རྐྱང་བཀོད་པ་སོགས་ཕལ་ཆེར་འགལ་བ་ཁོ་ནར་སྣང་བའི་ཕྱིར་རོ། །ཁྱད་པརམིང་རྐྱང་རྣམས་འདིའི་དཔེར་བརྗོད་དུ་བཀོད་པ་ནི་ཤིན་ཏུ་མཚང་ཚེ་སྟེ། མིང་རྐྱང་ཙམ་དེ་འདིར་བསྟན་གྱི་བདག་གཞན་དང་དུས་གསུམ་གྱིས་མ་བསྡུས་པ་སྔོན་འཇུག་གི་སྐབས་སུ་བཤད་པ་ལྟ་བུའི་ཕྱིར་དང་། མིང་རྐྱང་རྣམས་ལ་རྗེས་འཇུག་ཐམས་ཅད་བྱེ་བྲག་མེད་པར་འཇུག་པ་ཡིན་པས་རྟགས་ཀྱི་འཇུག་དོན་གྱི་དབང་གིས་ཐ་དད་དུ་ འབྱེད་པའི་རྒྱུ་མཚན་ཅིའང་མེད་པའི་ཕྱིར་རོ། །སྟེས་དབང་གིས་དཔེར་བརྗོད་འགྲིག་པ་དེ་རྣམས་ཀྱང་གོང་སྨོས་བཞིན་རང་གི་ཞེན་དོན་གྱི་སྒྲུབ་བྱེད་དུ་མི་འགྲོ་སྟེ། འ་ཡིག་འདས་པ་ལ་མི་འཇུག་པ་དང་། ས་ད་གཉིས་འདས་པ་ལ་འཇུག་པ་མང་བ་ཙམ་ལས་གཞན་བྱེ་བྲག་ཆེར་མེད་པར་རྗེས་འཇུག་རྣམས་བདག་གཞན་དང་དུས་གསུམ་ཐམས་ཅད་ལ་འཇུག་པའི་ ཕྱིར་རོ། །འདིར་སྨྲས་པ།མཁས་རློམ་ཕལ་ཆེར་རི་བོང་ཅལ་རྗེས་སྙོགས། །སྨིག་རྒྱུའི་ཆུར་སྲེད་བྲག་ཅའི་གླུ་དབྱངས་ལེན། །མཁས་པ་རྣམས་ཀྱང་དེ་འདྲའི་འབབ་སྟེགས་ལ། །གཞོལ་ཞིང་ངལ་བ་ཅི་ཡང་བསྟེན་པ་མཐོང་། །འདི་དང་འདི་འདྲའི་ཚུལ་ལ་བརྟགས་པའི་ཚེ། །ནམ་ཡང་གཞན་དྲིང་ཁོ་ནར་མི་བསྟེན་ཅིང་། །གཞན་ཟེར་ཁོ་ནའི་ལད་མོའང་མི་ཟློ་བས། །ཁོ་བོའ་ིབློ་གྲོས་སྐལ་བ་བཟང་སྙམ་བགྱིད། །མཁས་པའི་བསྟན་བཅོས་རང་བཞིན་དག་པའི་དངོས། །གསལ་བྱེད་མཁས་པ་ཉིད་ལ་རག་ལས་ཏེ། །འདོད་སྦྱིན་དབྱིག་མཆོག་ནོར་བུ་བཻཌཱུཪྻ། །དེད་དཔོན་མཁས་པས་ཡོངས་སུ་སྦྱངས་ལ་ལྟོས། །ཞེས་སོ། །ཕྱི་མ་གང་ལྟར་འགྱུར་བ་འཆད་པ་མདོར་བསྟན་པ།གཉིས་པ་ཕྱི་མ་གང་ལྟར་འགྱུར་བ་འཆད་པ་ལ་གཉིས། །མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི།ཕྱི་མ་དག་གི་འདྲེན་ཚུལ་ནི། །ཞེས་པ་སྟེ། ཕྱི་མ་མིང་མཐའ་དང་རྣམ་དབྱེ་ སོགས་ཀྱི་ཐོབ་ཐང་གི་དོན་ཇི་ལྟར་འཇུག་པར་འགྱུར་བའི་ཚུལ་ནི་སྔ་མའི་རྗེས་འཇུག་དང་ཕྱི་མའི་བརྗོད་བྱ་དག་ལ་ཅི་རིགས་པར་ལྟོས་པའི་སྒོ་ནས་འདྲེན་པའི་ཕྱིར་དེའི་ཚུལ་སྨོས་པ་ནི། ཞེས་མདོར་བསྟན་པའོ། །རྒྱས་བཤད་ལ་མིང་མཐའ་འདྲེན་ཚུལ།གཉིས་པ་རྒྱས་བཤད་ལ་མིང་མཐའ་འདྲེན་ཚུལ་དང་། རྣམ་དབྱེ་སོགས་འདྲེན་ཚུལ་འཆད་པ་སྟེ་གཉིས་སོ། །དང་པོ་ནི།ཕོ་ཡིས་ཕོ་ཡི་མིང་མཐའ་དྲང་། །མོ་ཡིས་མོ་ཡི་མིང་མཐའ་དྲང་། །མ་ནིང་གིས་ནི་མ་ནིང་ངོ་། །ཞེས་པས་བསྟན་ཏེ། མིང་སྔ་མའི་མཐའི་རྗེས་འཇུག་ཕོ་ཡིག་གིས། དེ་ཉིད་ཀྱི་མིང་མཐའ་གཞན་གྱི་མིང་གཞིའི་ཕོ་ཡིག་དྲང་བར་བྱ་ཞིང་། དེ་བཞིན་དུ་མོ་ཡིག་གིས་མོའ་ིམིང་མཐའ་དྲང་བ་དང་། མ་ནིང་གིས་མ་ནིང་གི་ མིང་མཐའ་དྲང་བར་བྱའོ། །ཞེས་སོ། །དེས་ན་མིང་སྔ་མའི་མཐའི་རྗེས་འཇུག་རྣམས་ཀྱང་མིང་མཐའ་ཡིན་མོད་ཀྱི་འདིར་བསྟན་གྱི་མིང་མཐའ་ཞེས་པ་ནི་རྗེས་འཇུག་གིས་མིང་དུ་གྲུབ་པའི་མིང་སྔ་མ་དེ་ཉིད་ཀྱི་ཆ་ཤས་མིང་དེའི་མཐར་སྦྱར་རྒྱུ་ཞིག་ལ་ངོས་འཛིན་དགོས་སོ། །དེ་དག་གི་དཔེར་བརྗོད་པ་ནི། ཕོས་ཕོའ་ིམིང་མཐའ་དྲངས་པ། དཔྱིད་ཀ། སྟོན་ཀ། སྟོད་ཀོར། ཀླད་ཀོར། བེརད་ཀ། བསྟོད་པ། མཁྱེནད་པ། བཅད་པ། ཕནད་པ། ཕྱིནད་པ། སྟེནད་པ། སྡོད་པ། རྩོད་པ། ནོད་པ། གློད་པ། ཁྱབ་པ། ཆུབ་པ། གྲུབ་པ། སྒྲུབ་པ། སྐྱོབ་པ། གདབ་པ། ཐོབ་པ། འགྲུབ་པ། ཐུབ་པ། སོས་ཀ། གཉིས་ཀ། བྱས་པ། བསྒྲུབས་པ། བརྟགས་པ། དགོངས་པ། གཏམས་པ། དངོས་པོ། དགོས་པ། གོམས་པ། བཟླས་པ། དམིགས་པ།ཆགས་པ། མཁྲིས་ པ། པགས་པ། སྐྱེས་པ། རྟག་པ། འཕྲག་པ། ཟག་པ། ལྟག་པ། དག་པ། རེག་པ། ལག་པ། བདུག་པ། གདུག་པ། གཅིག་པུ། ཅིག་ཅར།བདག་ཅག་ལ་སོགས་པ་ཤིན་ཏུ་མང་ངོ་། །མོས་མོའ་ིམིང་མཐའ་དྲངས་པ་ནི། གང་བ། བྱུང་བ། མཐོང་བ། གསུང་བ། འབྱུང་བ། འདྲོང་བ། གཏོང་བ། བསྐང་བ། དགང་བ། བཟང་བ། སྙིང་ག།མཐོང་ག། མཐིང་ག། ལྗང་ག། སྤང་མ། དང་མ། གདུང་མ། གསིང་མ། འདུང་མ། འདེམ་ག། གསུམ་ག། ཐམ་ག། ཟླ་བ། འདྲ་བ། དཔའ་བ། སྲ་བ། དགའ་བ། འཆའ་བ། བདེ་བ། རེ་བ། མཛའ་བ། བཀྲ་བ། གདའ་བ། ཉི་མ། དགའ་མ།གཏའ་མ། འདའ་ག། ཡ་ག། ཉ་ག། འདི་ག། གྲོ་ག། ཁྱི་གུ། ལུ་གུ། སོགས་སོ།།མ་ནིང་གིས་མ་ནིང་དྲངས་པ་ནི། སྟོན་ཁ། དགུན་ཁ། མོན་ཁ། དབྱར་ཁ།སེར་ཁ། གཏར་ཁ། ཤར་ཁ། མྱུར་ཁ། རལ་ཁ། ཐལ་ཁ། མཚལ་ཁ། རྒྱལ་ཁ།གསལ་ཁ། དཔལ་ཁ། སོགས་སོ། །དེ་ལྟར་མིང་མཐའ་རྟགས་མཚུངས་ཁོ་ན་འདྲེན་པ་ལྟ་བུར་གསུངས་པ་ནི་ཕོ་མོའ་ིརྟགས་ཕལ་ཆེར་གྱིས་དེ་ལྟར་འདྲེན་པས་གཙོ་ཆེ་བ་ཙམ་ལ་དགོངས་པ་སྟེ་འཆད་འགྱུར་ལྟར། དེ་ཉིད་རང་གི་སྒྲ་མཐུན་པའི། །ཞེས་གསུངས་པ་དང་སྦྱར་ན་འདྲེན་ཚུལ་གཞན་ཡང་ཡོད་པར་གྲུབ་ཅིང་། མངོན་སུམ་གྱིས་ཀྱང་འགྲུབ་པའི་ཕྱིར་རོ། །དེས་ན་མ་ནིང་གི་རྟགས་རྣམས་ཀྱིས་རྟགས་མཚུངས་འདྲེན་པ་དཔེར་བརྗོད་བཀོད་པ་འདི་འདྲ་ཐོར་བུ་ལས། ཕལ་ཆེར་བརྗོད་བདེ་བས་སྒྲ་མཐུན་པ་མོ་རྟགས་ཉིད་དྲངས་པ་མཐོང་སྟེ། མངོན་པ། མཐུན་པ། བསྟར་བ། ཤར་བ། དར་བ། འཐུལ་བ། གསལ་བ། རྒྱལ་བ།ཞེས་པ་ལྟ་བུ་དང་། མོ་རྟགས་མ་ཡིག་གིས་ཀྱང་བརྗོད་བདེ་རང་སྡེའི་སྐྱེས་པའི་རྟགས་ དྲངས་པ། དམ་པ། བསམ་པ། རྔམ་པ། སྐམ་པ། རམ་པ། རིམ་པ།ལྕམ་པ། རྣམ་པ། བུམ་པ། ལྟ་བུ་མང་དུ་སྣང་བས་བྱེ་བྲག་སོ་སོར་མ་འཛིངས་པར་རྟོགས་པར་བྱའོ། །གཞན་དུ་རྐང་བ། ཁང་པ། སྟོང་པ། སོགས་ང་ཡིག་གིས་ཕོ་དྲངས་པ་འགའ་ཞིག་སྣང་བ། ཁ་ཅིག་གིས། བདག་པོའ་ིསྒྲ་ཡིན་པར་འདོད་ཀྱང་མི་འཐད་པ་རྟོགས་སླ་བས་དེད་ག་དང་། གཞན་ཡང་། ལྷས་མ།བཙས་མ། ལྟད་མོ། སྟག་མ། སོགས་ཕོས་མོ་དྲངས་པ་ལྟ་བུ་དམིགས་བསལ་དེ་འདྲ་ཐར་ཐོར་ལ་ངེས་པ་མེད་དེ། ཀ་ལཱ་པར། ལྷག་མ་འཇིག་རྟེན་པའི་ཉེར་སྤྱོད་ལས་འཛིན་པ་གྲུབ་བོ། །ཞེས་གསུངས་པ་བཞིན་ འཇིག་རྟེན་པའི་གྲགས་པ་དང་བསྟུན་དགོས་པའི་ཕྱིར་རོ། །འདིར་ཁ་ཅིག། ཁྱོད་ཀྱིས་རྟགས་མཚུངས་འདྲེན་པའི་དཔེར་བཀོད་པ་འདི་རྣམས་ལ་ཁྱོད་ཉིད་ཀྱིས་ཁས་བླངས་པ་དང་འགལ་བ་ཡོད་དེ། སྔར་ཡང་འཇུག་དང་བཅས་པའི་ན་ར་ལ་རྣམས་མ་ནིང་དང་། ང་མ་ཡང་འཇུག་ཅན་རྣམས་མོ་རྟགས་སུ་ཁས་བླངས་པ་གང་ཞིག། འདིར་དེ་རྣམས་ཀྱིས་ཕོ་ཡིག་དྲངས་པ། ཕོས་ཕོའ་ིམིང་མཐའ་དྲངས་པའི་དཔེར་བརྗོད་དུ་བཀོད་པའི་ཕྱིར།སྙན་ན་སྐྱོན་མེད་དེ། སྔར་སྒྲ་གདངས་དྲག་ཞན་གྱི་འཇུག་ཚུལ་གྱི་དབང་གིས་བཤད་ཅིང་། འདིར་ཡང་འཇུག་མེད་ན་མིང་མཐའི་རྗེས་འཇུག་དེ་ཉིད་དང་ཡོད་ན་ཡང་འཇུག་ཉིད་ཀྱི་རྟགས་གང་ཡིན་པ་དང་སྦྱར་ནས་མིང་མཐའ་ཕྱི་མ་འདྲེན་ཚུལ་ཙམ་འཆད་པ་ཡིན་གྱི། སྔ་མ་ལྟར་འཇུག་ཡང་འཇུག་གཉི་ག་བསྡེབས་པའི་སྒྲ་གདངས་དེའི་ནུས་པ་འཆད་པའི་སྐབས་མ་ཡིན་པའི་ཕྱིར་རོ། །སྐབས་འདིར་འགྲེལ་བྱེད་སྔ་མ་རྣམས་ཀྱིས་མིང་གཞི་ཕྱི་མས་མིང་མཐའ་སྔ་མ་འདྲེན་པར་འདོད་ཀྱང་། ཤིན་ཏུ་མི་འཐད་དེ། སྐབས་འདིའི་འདྲེན་ཚུལ་ནི་ངག་གི་བརྗོད་པ་དང་སྦྱར་ནས་རྟོགས་དགོས་པའི་ཕྱིར་འདྲེན་བྱེད་སྔོན་དུ་མ་བརྗོད་པར་དེ་ལ་ལྟོས་པའི་འདྲེན་བྱའི་བརྗོད་པ་འབྱུང་བ་མི་སྲིད་དེ། དཔེར་ན། རྟག་ལྟ་བུའི་ངག་སྔོན་དུ་ཡོད་ན་དེའི་མིང་མཐའ་ག་ལ་ལྟོས་པའི་མིང་མཐའ་ཕྱི་མ་པ་ཡིག་འདྲེན་པར་འགྱུར་བ་ལྟ་བུ་ཁོ་ན་ཡིན་པའི་ཕྱིར་ཏེ། ཁྱེད་རྣམས་ལྟར་ན་ལྟོས་ས་མ་བྱུང་བའི་སྔོན་དུ་ལྟོས་ཆོས་གྲུབ་ཟིན་པ་དང་། འདྲེན་བྱེད་མ་བྱུང་བའི་སྔོན་དུ་དེ་ལྟོས་པའི་འདྲེན་བྱ་གྲུབ་ཟིན་པ་སོགས་ཕྱིན་ཅི་ལོག་མང་པོ་ཁས་ལེན་དགོས་པར་འགྱུར་བའི་ཕྱིར་ཏེ།འདྲེན་བྱེད་རྣམ་དབྱེ་དང་ཚིག་ཕྲད་སོགས་སུ་བྱས་ཤིང་། འདྲེན་བྱ་མིང་སྔ་མའི་མཐར་འདོད་པ་དེ་ལས། མིང་མཐའ་དེ་དག་ཉིད་ཀྱིས་ཀྱང་། །སོགས་ཀྱི་གཞུང་འཆད་པའི་ཚེ་དངོས་འགལ་དུའང་སྨྲ་དགོས་པར་བྱུང་སྣང་བའི་ཕྱིར་རོ། །སྤྱིར་ཡང་མིང་མཐའ་སྔ་མས་ཕྱི་མ་འདྲེན། མིང་མཐའ་སྔ་ཕྱི་གཉི་གས་རྣམ་དབྱེ་སོགས་འདྲེན་པ་འདིའི་རྒྱུ་མཚན་ལ་ངེས་པ་མ་རྙེད་པས། འདྲེན་བྱའི་མིང་མཐའ་ངོས་མ་ཟིན་པ་དང་། འདྲེན་ཚུལ་གོ་ཟློག་དང་རྣལ་མ་གཉིས་ཐོན་པ་འདི་ལགས་སོ། །གཞན་ཡང་སྐད་གཉིས་སྨྲ་བ་འགའ་ཞིག་གིས། དཀོནད་ཅོག། རིནད་ཅེན། ཐབས་ཅིག། ལྷནད་ཅིག། ཡུངས་ཀར་ལ་སོགས་པ་རྣམས། དེེ་དག་གི་སྐད་དོད་ལེགས་སྦྱར་ལ་དཀོན་པའི་མཆོག་དང་རིན་ཐང་ཆེན་པོ་དང་གྲངས་ཀྱི་གཅིག་དང་ཁ་དོག་དཀར་པོ་སོགས་ཀྱི་དོན་མེད་པས་དེ་དང་དེའི་དོན་དུ་མི་འཁྲུལ་བའི་ཕྱིར་ཕོས་ཕོའ་ིམིང་མཐའ་དྲངས་པར་བཞེད་པ་མཁས་པའི་གསུང་ཡིན་ཡང་ཞིབ་མོར་དཔྱད་ན་གོ་བ་མི་བཟང་སྟེ། སྤྱིར་སྔར་བོད་དུ་མ་གྲགས་པའི་བརྡ་གསུང་རབ་སྒྱུར་བ་ན་དགོས་པར་བྱུང་ནས་ལེགས་སྦྱར་གྱི་སྐད་དང་སྦྱར་ཏེ་གསར་དུ་བཏགས་པ་རྣམས་ལ་ལེགས་སྦྱར་གྱི་བྱིངས་སོགས་དང་བསྟུན་ནས་དཔྱད་པས་སྣང་ལ་མ་ངེས་པའི་དོགས་པ་སེལ་ཞིང་བརྗོད་དོན་ཇི་བཞིན་དུ་རྟོགས་པར་འགྱུར་བ་ཡིན་མོད། འོན་ཀྱང་ཐམས་ཅད་ལ་དེས་མ་ཁྱབ་སྟེ། སྒྲ་དོན་དང་སྦྱར་ནས་བཏགས་པ་མ་ཡིན་པར་མཚོན་དོན་གྱི་སྒོ་ནས་མིང་གསར་དུ་སྦྱར་བ་དག་ཀྱང་ ཡོད་ཅིང་དེ་འདྲ་ལ་སྐད་དོད་ཡོད་མེད་དང་ཁམས་དང་རྐྱེན་གྱི་ནུས་པས་འགྲུབ་མི་འགྲུབ་དཔྱད་དུ་མེད་པའི་ཕྱིར་ཏེ། ཀཱ་རི་ཀཱ། ཞེས་པ་ཚིག་ལེའུར་བྱས་པར་བསྒྱུར་ན་དེར་ཚིག་དང་ལེའུ་གཉི་གའི་སྐད་དོད་མེད་པ་དང་། པཉྫི་ཀཱ། དཀའ་འགྲེལ་དུ་བསྒྱུར་ན་དེར་དཀའ་བ་དང་འགྲེལ་བ་གཉི་གའི་སྐད་དོད་མེད་པ་སོགས་ཤིན་ཏུ་མང་བའི་ཕྱིར་རོ། །གཞན་དུ་བོད་ཉིད་ལ་སྔར་ནས་གྲགས་པའི་བརྡ་འདོད་རྒྱལ་དང་རྗེས་སྒྲུབ་གང་ཡིན་ཡང་རུང་། དེ་འདྲའི་སྡེབ་སྦྱོར་ལ་ལེགས་སྦྱར་གྱིས་ཞུས་དག་བགྱིད་མི་གཏུབ་སྟེ། དེ་འདྲ་དེ་ལེགས་སྦྱར་ནས་བསྒྱུར་བ་ཡིན་ཡང་སྐད་གཉིས་པོའ་ིའཇུག་ཡུལ་མཚུངས་ཕྱིན། སྒྲ་དོན་གྱི་ཟུར་ཡན་ཆད་གཅིག་ཤོས་ལ་གང་ཡོད་གཅིག་ཤོས་ལ་ཡོད་པར་བར་བཀབ་ཅིའང་མི་དགོས་པའི་ཕྱིར་རོ། །དེས་ན། རཏྣ་ཞེས་པ་དཀོན་མཆོག་ཏུ་བསྒྱུར་བ་ནི།བོད་དུ་དམ་ཆོས་མ་དར་གོང་དུ་དཀོན་མཆོག་གི་བརྡ་མེད་པ་ལ་ལོ་ཙཱ་བས་རིན་ཆེན་དུ་བསྒྱུར་ན་དབྱིག་གི་མཆོག་དང་ཐུན་མོང་དུ་འགྱུར་བའི་ཕྱིར་ཐུན་མོང་མིན་པའི་དོན་མཚོན་པར་འདོད་ནས་ལུང་དང་སྦྱར་ཏེ་དཀོན་པ་དང་སྒྲ་དོན་དང་སྦྱར་ནས་མཆོག་ཅེས་བསྡེབས་ནས་མིང་གཅིག་ཏུ་མཛད་པ་ཡིན་ནོ། །དེ་ལྟ་ན་དཀོན་ཅོག་ཅེས་འདོན་པར་རུང་ངམ་ཞེ་ན། དེ་ལྟར་ཤིན་ཏུ་རུང་སྟེ་དཀོན་ཅོག་ཅེས་མིང་གཅིག་ཏུ་བྱེད་པའི་ཚེ་མཆོག་གི་སྒྲ་མིང་མཐར་འགྱུར་བས་ཕོས་ཕོའ་ིམིང་མཐའ་དྲང་བའི་ཕྱིར་སྔོན་འཇུག་མོ་ཡིག་ཕྱིས་ནས་མིང་གཞིའི་མ་ནིང་རང་སྡེའི་ཕོ་ཡིག་ཏུ་བསྒྱུར་བར་ཟད་ཀྱི་དོན་བསྒྱུར་བ་མ་ཡིན་པའི་ཕྱིར། ལེགས་སྦྱར་ལ་ཏྲི་ཏི་སྲྀདུ་བསྒྱུར་བ་བཞིན་ནོ།།དེས་ན་དཀོན་པ་དང་མཆོག་གི་སྒྲ་དོན་ལུང་ལ་བརྟེན་ནས་བཤད་དུ་ཡོད་པའི་ཕྱིར་དཀོན་མཆོག་ཅེས་འདོན་པ་འཐད་ཀྱི་དཀོན་ཅོག་ཅེས་མི་རུང་ངོ་ཟེར་བའང་གནད་འདི་མ་རྟོགས་པའི་ཅལ་ཅོལ་ཙམ་མོ། །རཏྣའི་སྒྲ་མཆོག་ལ་མི་འཇུག་པའང་མ་ཡིན་ཏེ། རང་རིགས་ཀྱི་མཆོག་ལ་འཇུག་པའི་ཕྱིར་ཏེ།རཏྣ་རང་རིགས་གཙོ་བོ་ལ། །ཞེས་འབྱུང་བའི་ཕྱིར། རཏྣའི་སྒྲ་ལ་མཆོག་གི་སྐད་དོད་དངོས་སུ་མེད་ཟེར་བ་དང་། ཙནྡྲ་པའི་ཨུཎ་སོགས་སུ་རཏྣ་ནི་གང་མཆོག་ཏུ་གྱུར་པ་དེའོ། །ཞེས་འབྱུང་བ་ལུང་འདྲེན་པའང་འགལ་བ་ཡིན་ཏེ།རཏྣཱི་སྒྲ་མཆོག་གི་སྐད་དོད་དངོས་སུ་འགྱུར་བར་ལུང་དེ་ཉིད་ཀྱིས་གྲུབ་པའི་ཕྱིར། །དཀོན་ཅོག་ཅེས་པ་བོད་ཀྱི་འདོད་རྒྱལ་ཡིན་ཟེར་བའང་མི་འཐད་དེ།དེ་བོད་དུ་ཐོག་མ་ནས་མ་གྲགས་ཤིང་མཁས་པ་དག་གིས་དོན་དང་བསྟུན་ནས་རྒྱུ་མཚན་དང་བཅས་པར་གསར་དུ་བཏགས་པའི་མིང་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་རིན་པོ་ཆེའི་སྒྲ་བསྡུས་པས་རིན་ཅེན་ཞེས་པ་ནི་བོད་བརྡ་རྙིང་པ་ཡིན་ཞིང་རིན་ཐང་ཆེ་བའི་དོན་ཡང་ཡིན་མོད། དེའི་སྐད་དོད་ཀྱང་རཏྣ་ཡིན་པས་དེ་ལ་རིན་ཆེ་བའི་སྒྲ་བཤད་བྱེད་དུ་མེད་ཀྱང་དེ་དག་གི་འཇུག་ཡུལ་རང་རིགས་ཀྱི་གཙོ་བོ་ཡིན་པར་མཚུངས་པས་རིན་ཆེན་དུ་བསྒྱུར་བ་མི་འགལ་ཞིང་རིན་ཐང་ཆེ་བའི་དོན་ཉིད་མི་གཏོང་བ་ཕོས་ཕོའ་ིམིང་མཐའ་དྲང་བའི་དགོས་པས་རིནད་ཅེན་དུ་གྲུབ་པའང་ཡིན་ནོ། །བོད་སྐད་རིན་ཐང་ཆེ་བ་ཙམ་རང་རིགས་ཀྱི་མཆོག་ལ་མི་འཇུག་པའང་མ་ཡིན་ཏེ། དཔེར་ན།སྐྱེས་བུ་འགང་ཆེན་བུད་མེད་འགང་ཆེན་ནོར་འགང་ཆེན་ཞེས་གྲོང་པ་ལ་གྲགས་པའང་རིན་ ཐང་ཆེ་བའི་ཚིག་ཙམ་ཡིན་པ་བཞིན་ནོ། །ཐབས་ཅིག་གམ། ལྷནད་ཅིག་གི་སྒྲའང་། དེའི་སྐད་དོད་ལ་གྲངས་གཅིག་གི་དོན་མེད་རུང།བོད་བརྡ་རྙིང་པ་ཕྱོགས་གཅིག་གམ་ཆབ་གཅིག་གམ་ཚོམ་གཅིག་གི་དོན་ཅན་ཡིན་པས་གྲངས་ཀྱི་སྒྲར་ངེས་པ་དང་། ཡུངས་ཀར་ཞེས་པའང་ཡུངས་དཀར་ནག་གི་ཟླས་ཕྱེ་བའི་ཡུངས་ཞི་དཀར་པོ་ཡིན་པས་དཀར་ཞེས་པ་ཁ་དོག་ཉིད་དུ་གོར་མ་ཆག་པས་དེ་དག་གི་གཅིག་དང་དཀར་ལ་འཕུལ་བྱེད་དོར་བའང་མིང་མཐའ་འདྲེན་ཚུལ་ཉིད་དོ། །རྒྱུ་མཚན་འདིས། སྐད་དོད་དང་བོད་སྐད་གཉིས་ཀ་མཐུན་པའི་སྒོ་ནས་གྲངས་སུ་ངེས་པ་ལནད་གཅིག་ལྟ་བུ་ལའང་ག་འཕུལ་མི་འབྱུང་བའི་གནད་ཀ་དང་། སྐད་ཅིག་གི་ད་ཡིག་འབྱིད་མི་དགོས་པ་སོགས་ཀྱང་ཤེས་པར་འགྱུར་རོ། །གཞན་ཡང་རྒྱ་གར་ཞེས་པ་རྒྱ་ལས་ལོགས་སུ་གར་བའི་དོན་ཡིན་ཞེས་འཆད་ཅིང་རྒྱ་དཀར་པོའ་ིདོན་དུ་འདོད་པ་རྣམས་ལ་གཏི་ཐུག་ལུང་མེད་དུ་རྩི་བར་མཛད་ཀྱང་། ལེགས་པར་བརྟགས་ན་ཅིར་འགྱུར་མི་ཤེས་ཏེ། རྒྱ་ནག་པོ་ཞེས་པ་ཡུལ་དེའི་མི་རྣམས་ཞྭ་གོས་སོགས་ནག་པོ་ཤས་ཆེ་བ་ལས་གྲགས་ཤིང་གཅིག་ཤོས་དེ་ལས་བཟློག་པའི་ཕྱིར། རྒྱ་ནག་གི་ཟླས་དྲངས་པའི་རྒྱ་དཀར་པོ་ཞེས་བོད་དུ་གྲགས་པར་ཟད་མོད། འོན་ཀྱང་མིང་མཐའ་འདྲེན་ཚུལ་གྱིས་སྔོན་འཇུག་མ་ནིང་ད་ཡིག་ཕྱིས། མིང་གཞི་རང་སྡེའི་མོ་ཡིག་ཏུ་བར་སྒྱུབས་རྒྱ་གར་ཞེས་གྲུབ་པར་འཁུམས་པས་སོ། །དེ་བཞིན་དུ་ཀླད་ཀོར་དང་། སྟོད་ཀོར་དང་།པད་ཀོར་སོགས་ཀྱང་སྐོར་བའི་དོན་ལ། སྔ་མའི་རྗེས་འཇུག་གི་དབང་ལས་མགོ་མོ་ཡིག་ཡིན་པས་ཕྱིས་པ་སྟེ་སྐོར་བའི་སྐད་དོད་ཡོད་མེད་རྩད་གཅོད་མི་དགོས་ཤིང་ཐོ་སྐོར་ཉེ་སྐོར་སོགས་ལ་ས་མགོ་ངེས་པར་སྦྱར་དགོས་པ་ལྟ་བུའང་གོ་བར་བྱའོ། །དེས་ན་འདི་འདྲའི་རིགས་མིང་མཐའ་རྟགས་མཚུངས་འདྲེན་ཚུལ་སྔོན་གྱི་བརྡ་རྙིང་ལ་ཤིན་ཏུ་མང་བ་ཞིག་ཡོད་པ་འདྲའང་གསར་བཅད་ཀྱི་ཞུས་དག་མངས་པས་ད་ལྟ་ཕལ་ཆེར་ནུབ་པར་གདོན་མི་ཟ་བས་དཔེར་བརྗོད་ཀྱང་ཆེར་མི་སྣང་ལ། འདིས་ཐམས་ཅད་ལ་རིགས་འགྲེ་སྦྱར་ཆོག་པའང་མིན་པར་མངོན་ཏེ། འདི་རིགས་མིང་མཐའ་འདྲེན་ཚུལ་རྟགས་མཚུངས་བརྗོད་བདེ་མི་བདེ་སོགས་དང་བསྟུན་པའི་ཚིག་སྡུད་ལས་བྱུང་བའི་དམིགས་བསལ་གྱི་ཡི་གེའི་རྣམ་འགྱུར་ཞིག་ཏུ་མངོན་པའི་ཕྱིར་རོ། །དེས་ན། པད་ཅེས་པའི་ད་ཡིག་ཕོ་ཡིན་པས་ས་མགོ་མི་འཐོབ་ཅེ་ནའང་མི་འཐད་དེ། སྒྲུབ་སྐོར་དང་བཤད་སྒྲུབ་དང་མཛད་སྤྱོད་སོགས་མཐའ་ཡས་པ་ཞིག་ལ་ས་མགོ་མི་ཐོབ་པར་ཐལ་བའི་ཕྱིར་རོ། །ཞེས་ཟེར་བའང་སྙིང་པོས་དབེན་པར་རྟོགས་སོ། །རྣམ་དབྱེ་སོགས་སྤྱིར་འདྲེན་ཚུལ།གཉིས་པ་རྣམ་དབྱེ་སོགས་འདྲེན་ཚུལ་ལ། སྤྱིར་འདྲེན་ཚུལ་དང་། ནང་གསེས་འཇུག་ཚུལ་བཤད་པ་གཉིས། དང་པོ་ནི།མིང་མཐའ་དེ་དག་ཉིད་ཀྱིས་ནི། །དེ་ཉིད་རང་གི་སྒྲ་མཐུན་པའི། །ཆོས་དངོས་ལས་དང་བྱེད་པ་དང་། །སྦྱིན་དང་འབྱུང་ཁུངས་འབྲེལ་བ་དང་། །གནས་དང་བོད་པའི་སྒྲ་ཡང་དྲང་། །གཞན་ཡང་སླར་བསྡུ་ལྷག་བཅས་དང་། །འབྱེད་སྡུད་བསྣན་དང་བདག་པོ་དང་། །དགག་སྒྲུབ་རྒྱན་དང་དུས་ལའང་འཇུག།དེ་དག་སྔ་ཤུགས་འདྲེན་པས་འབྱུང་། །ཞེས་པས་བསྟན་ཏེ། བཤད་མ་ཐག་པའི་མིང་མཐའ་སྔ་ཕྱི་དེ་དག་ཉིད་ཀྱིས། མིང་མཐའ་དེ་དག་ཉིད་རང་གི་རྟགས་མཚུངས་པའམ་བརྗོད་པ་བདེ་བས་སྒྲ་མཐུན་པར་གྱུར་པའི་རྣམ་དབྱེ་དང་པོ་ཆོས་དངོས་ཏེ་ངོ་བོ་ཙམ་བརྗོད་པ་དང་། གཉིས་པ་ལས་སུ་བྱ་བ་དང་། གསུམ་པ་བྱེད་པ་པོའམ་བྱེད་པ་ཙམ་དང་། བཞི་པ་སྦྱིན་པའི་ཡུལ་གྱིས་མཚོན་ནས་ཆེད་དུ་བྱ་བ་དང་། ལྔ་པ་འབྱུང་ཁུངས་དང་། དྲུག་པ་འབྲེལ་བ་དང་། བདུན་པ་གནས་གཞི་དང་།བརྒྱད་པ་བོད་པའི་སྒྲ་རྣམས་ཀྱང་དྲང་བར་བྱ་ཞིང་། དེ་བཞིན་དུ་གཞན་ཡང་རྣམ་དབྱེའི་ཡན་ལག་ཏུ་གྱུར་པའམ་མ་གྱུར་པའི་ཚིག་ཕྲད། སླར་བསྡུ་དང་།ལྷག་བཅས་དང་། འབྱེད་སྡུད་དང་། བསྣན་པ་དང་། བདག་པོ་དང་། དགག་པ་དང་། སྒྲུབ་པ་དང་། ཚིག་རྒྱན་དང་། དུས་ཏེ་ཚེ་སྐབས་ལ་འཇུག་པའི་སྒྲ་ལ་སོགས་པ་དེ་དག་རྣམས་ཀྱང་སྔ་མ་མིང་མཐའི་ཤུགས་ཀྱིས་འདྲེན་པར་བྱེད་པ་ན་སྦྱོར་ཚུལ་ལེགས་པར་འབྱུང་བ་ཡིན་ནོ། །ཞེས་སོ། །དེ་རྣམས་ཀྱི་དཔེར་བརྗོད་པ་ནི་སུམ་ཅུ་པའི་སྐབས་སུ་རྒྱས་པར་སྨོས་ཟིན་པ་དང་གཤམ་དུའང་ཕྱོགས་ཙམ་འཆད་པར་འགྱུར་བས་འདིར་མི་སྤྲོ་ཞིང་། སྐབས་འདིར་སྒྲ་མཐུན་ཞེས་པའི་དོན་རྟགས་མཚུངས་ཁོ་ན་ལ་ཕལ་ཆེར་གྱིས་བཞེད་ཀྱང་རྣམ་དབྱེ་དང་ཕྲད་སོགས་རྟགས་མཚུངས་ཁོ་ནས་འདྲེན་པར་མ་ངེས་ཤིང་གཙོ་བོར་བརྗོད་བདེ་བའི་སྒྲ་མཐུན་འདྲེན་པ་ཤས་ཆེ་བས་སྣང་བ་དང་། སུམ་ཅུ་པར། དང་པོ་གཉིས་ལ་དང་པོ་མཐུན། །གསུམ་ལྔ་བཅུ་ལ་ཀྱ་དང་སྦྱར། །བདུན་པ་ཉིད་ལ་བདུན་པ་སྟེ། །ལྷག་མ་རྣམས་ལ་གྱ་སྦྱར་བ། །དེ་དག་ཨི་སྦྱར་འབྲེལ་བའི་ས། །ཞེས་སྒྲ་མཐུན་ཚུལ་གསལ་བར་གསུངས་པའང་། ད་བ་ས་ང་རྣམས་ཀྱི་མཐར་རྟགས་མཚུངས་འདྲེན་པ་འགྲིག་ཀྱང་གཞན་རྣམས་བརྗོད་བདེ་བ་ཙམ་ལ་དགོངས་པར་སྣང་བས། རྒྱུ་མཚན་འདི་རྣམས་དང་སྦྱར་ན་ཁོ་བོའ་ིའགྲེལ་ཚུལ་འདི་ཉིད་ལེགས་བཤད་དུ་རྟོགས་པར་འགྱུར་རོ།།ནང་གསེས་ཀྱི་འཇུག་ཚུལ་མདོར་བསྟན།གཉིས་པ་ནང་གསེས་ཀྱི་འཇུག་ཚུལ་འཆད་པ་ལ། མདོར་བསྟན། རྒྱས་བཤད་གཉིས་ལས། དང་པོ་ནི།དེ་དག་ནང་གསེས་གང་འཇུག་པ། །མཐར་སྦྱར་འོག་མའི་མིང་དོན་ལས། །ཞེས་པ་སྟེ། དེ་ལྟར་རྣམ་དབྱེ་དང་ཚིག་ཕྲད་དེ་དག་གི་ནང་གསེས་གང་དང་གང་ཞིག་འཇུག་པ་ནི་གཙོ་བོར་རྣམ་དབྱེའམ་འཕྲད་དང་བཅས་པའི་མིང་ཚིག་དེའི་མཐར་སྦྱར་རྒྱུའི་མིང་དོན་འོག་མ་ལས་ཤེས་པར་བྱའོ། །ཞེས་སྤྱིར་བསྟན་པའོ། །རྒྱས་བཤད་ལ་རྣམ་དབྱེའི་ནང་གསེས་གང་ཞིག་འཇུག་པ།གཉིས་པ་རྒྱས་བཤད་ལ་གཞུང་དོན་དང་། འཕྲོས་དོན་ནོ། ། དང་པོ་ལ།རྣམ་དབྱེའི་ནང་གསེས་གང་ཞིག་འཇུག་པ་དང་། འཕྲད་ཀྱི་ནང་གསེས་གང་ཞིག་འཇུག་པ་གཉིས། དང་པོ་ནི།སྤྱི་འཇུག་ཡོད་དམ་བྱེད་པ་ཡོད། །དེ་བཞིན་ཆེད་བྱེད་རྟེན་བྱེད་དང་། །ལས་བྱ་བླང་བྱ་བསྒྲུབ་པར་བྱ། །སྔོན་དུ་འོས་པ་གནས་པའམ། །ཞེས་པས་བསྟན་ཏེ། དེ་ལ་རྣམ་དབྱེའི་ནང་གསེས་གང་དང་གང་འཇུག་པ་ནི་རྣམ་དབྱེ་སྦྱར་སའི་མིང་བདུད་རྩི་ལྟ་བུ་ལ་དེའི་རྗེས་སུ་སྤྱི་ལ་འཇུག་པའི་སྒྲ་གང་ཞིག་ལྟ་བུ་ཡོད་ན་མིང་སྔ་མ་ལ་རྣམ་དབྱེ་དང་པོ་འཇུག་པ་ ཡིན་ཡང་བོད་སྐད་ལ་མིང་རྐྱང་དང་རྣམ་དབྱེ་དང་པོ་སོ་སོར་མཚོན་མི་ནུས་པས་མིང་རྐྱང་དེ་གར་གནས་པ་བདུད་རྩིས་གང་ཞིག་ལྟ་བུར་འགྱུར་བ་དང་།མིང་དེའི་མཐར་འཚོ་བར་བྱེད་ལྟ་བུ་བྱེད་པའི་སྒྲ་ཡོད་ན་རྣམ་དབྱེ་གསུམ་པ་འཇུག་པས་བདུད་རྩིས་འཚོ་བར་བྱེད། ཅེས་པར་འགྱུར་བ་དང་། དེ་བཞིན་དུ་སྦྱར་ཏེ་མིང་དེའི་མཐར་ཆེད་དུ་བྱེད་པའི་སྒྲ་མོས་པ་ལྟ་བུ་ཡོད་ན་རྣམ་དབྱེ་བཞི་པ་འཇུག་པས་བདུད་རྩི་ལ་མོས་པ་ཞེས་སུ་འགྱུར་བ་དང་། བརྟེན་ལྟ་བུ་རྟེན་བྱེད་ཀྱི་སྒྲ་ཡོད་ན་བདུན་པ་འཇུག་པས་བདུད་རྩི་ལ་བརྟེན་བཅས་དང་། བསྒྱུར་ལྟ་བུ་ལས་སུ་བྱ་བའི་སྒྲ་ཡོད་ན་གཉིས་པ་ཐོབ་པས་བདུད་རྩིར་བསྒྱུར་ཅེས་དང་། བླང་བར་བྱ་ལྟ་བུ་བླང་བྱའི་སྒྲ་ཡོད་ན་ལྔ་པ་འཇུག་པས་བདུད་རྩི་ལས་བླང་བར་བྱ་ཞེས་དང་། བསྒྲུབ་བྱ་རྒྱ་མཚོ་ལྟ་བུའི་སྒྲ་ཡོད་ན་དྲུགཔ་འཇུག་པས་བདུད་རྩིའི་རྒྱ་མཚོ་ཞེས་དང་། སྔོན་དུ་འབོད་པར་འོས་པའི་མིང་བདུད་རྩི་མ་ལྟ་བུ་ཡོད་ལ་དེ་ལའང་ལས་བཅོལ་རྒྱུ་ལྟ་བུ་འབོད་པར་འོས་པའི་དོན་ཡོད་ནའང་རྣམ་དབྱེ་དང་པོ་འཇུག་ཅིང་བོད་པ་གསལ་བྱེད་ཀྱི་སྒྲའང་སྦྱར་བར་བྱ་སྟེ། བདུད་རྩི་མ་ཀྱེ་བདག་ལ་འཆི་མེད་སྩོལ། །ཞེས་པར་འགྱུར་བ་སོགས་ཤེས་པར་བྱའོ། །ཞེས་པའོ། །འམ་ཞེས་པ་ནི་ཕྱི་མ་དང་སྦྲེལ་བའི་ཕྱིར་སྡུད་པའི་ཚིག་ཕྲད་དོ། །དེ་དག་ལ་དཔེར་བརྗོད་གཞན་ཡང་། མིང་མཐའ་ཙམ་གྱིས་རྣམ་དབྱེ་དྲངས་པ་དང་། མིང་མཐས་མིང་མཐའ་གཞན་དྲངས། དེས་རྣམ་དབྱེ་དྲངས་པའི་དབྱེ་བས་སོ་སོར་གཉིས་གཉིས་ཏེ།ལྷ་གང་། རྟག་པ་ གང་། ལྷས་སྲུང་། དཀོནད་ཅོག་གིས་སྐྱོབ། འཚོལ་དུ་འགྲོ།སློང་བ་ལ་སྦྱིན། ཤིང་ལ་གནས། བརྟན་པ་ལ་གནས། ཆུར་འཆུ། གསལ་བར་བྱེད། ལས་ལས་འབྲས་བུ་འབྱུང་། བདེ་བ་ལས་དགའ་བ་སྐྱེ། གསེར་གྱི་བུམ་པ། རྟག་པའི་གོ་འཕང་། ཞེས་སོགས་རྒྱ་ཆེར་སྦྱར་བར་བྱའོ། །དེ་ལྟར་འདིར་གཉིས་པ་བཞི་པ་དྲུག་པ་བརྒྱད་པ་རྣམས་ཀྱི་འཇུག་དོན་མ་གཏོགས་པའི་སྤྱི་འཇུག་དང་བྱེད་པ་སོགས་གསུངས་པ་ནི་རྣམ་དབྱེ་དེ་རྣམས་ཀྱི་འཇུག་དོན་ཕྱོགས་རེའི་ཆ་ནས་དཔེར་བརྗོད་པའི་ཆེད་དུ་གསུངས་པ་ཡིན་གྱི་མཐའ་དག་པ་ནི་མ་ཡིན་ཏེ་དེ་དག་ཏུ་མི་གཏོགས་པའི་འཇུག་དོན་གཞན་ཡང་ཡོད་པའི་ཕྱིར་རོ། །དཔེར་ན། བདུད་རྩི་ཞེས་པའི་མིང་མཐར་ངེས་གཟུང་སོགས་ཀྱི་སྒྲ་ཡོད་ནའང་སྔ་མར་དང་པོ་འཇུག་པས་མིང་རྐྱང་ཉིད་དུ་གནས་པ། བདུད་རྩི་དེ། བདུད་རྩི་འདི་ལྟ་བུ་དང་། མིང་སྔ་མ་དེས་བསྒྲུབ་པར་བྱ་བའི་མིང་དོན་འོག་ཏུ་གནས་པ་ལ་སྔ་མར་བྱེད་པ་པོ་དང་མཚུངས་པའི་རྒྱུ་མཚན་གྱིས་གསུམ་པ་འཇུག་པ། བརྗིད་པས་ཉི་མ་དང་མཚུངས།དུ་བའི་རྟགས་ཀྱིས་མེ་ཡོད་པར་གྲུབ། ལྟ་བུ་དང་། མིང་མཐར་དེ་ལས་བྱུང་བའི་སྒྲའམ། དགར་བྱའི་སྒྲའམ། བསྒྲུབ་བྱའི་སྒྲ་ཡོད་ན་འབྱུང་ཁུངས་སོགས་ཀྱི་ལྔ་པ་འཇུག་པ། ས་གཞི་ལས་མྱུ་གུ་འཁྲུངས། རྒྱ་མཚོ་ནས་རིན་པོ་ཆེ་འབྱུང། ཚངས་པ་ལས་སངས་རྒྱས་ཁྱད་པར་འཕགས། ནག་པ་ལས་སྲིད་སྒྲུབ་འཕོང་སྐྱེན། མི་རྟག་པ་ལས་དངོས་པོར་གྲུབ། ལྟ་བུ་དང་། མིང་མཐར་རྟེན་བྱེད་ཀྱི་སྒྲ་དངོས་མ་ཡིན་ཡང་རྟེན་བྱེད་ལྟར་སྣང་བའི་བྱ་བའི་ཚིག་ལ་སོགས་པ་ཡོད་པ་འགའ་ཞིག་ལའང་བདུན་པ་འཇུག་པ། མཛུབ་རྩེར་གླང་ཆེན་མཐོང། མཚོན་ཁར་བསད། ལྟ་བུ་སྟེ་འདིས་མཚོན་ནས་འཇུག་དོན་དང་སྦྱོར་ཚུལ་གཞན་ཡང་རྒྱས་པར་རྟོགས་པར་བྱའོ། །སྐབས་འདིར་ཡང་ཁ་ཅིག་གིས། སྤྱི་འཇུག་གང་ལྟ་བུར་ངོས་བཟུང་ནས་དེས་རྣམས་དབྱེ་འདྲེན་པ་དང་། དྲུག་པ་མ་གཏོགས་པའི་བྱེད་པ་ལ་སོགས་པའི་སྒྲ་རྣམ་དབྱེར་ངོས་བཟུང་ནས་དེས་ཕྱི་ཚིག་འདྲེན་པར་འདོད་པ་ནི་ཤིན་ཏུ་མི་རིགས་ཏེ་གཞུང་དོན་དང་དངོས་སུ་འགལ་བའི་ཕྱིར་ཏེ། མཐར་སྦྱར་རྒྱུའི་འོག་མའི་མིང་དོན་སྤྱི་འཇུག་ནས་བསྒྲུབ་བྱའི་བར་གང་ཡང་རུང་བ་ཡིན་པར་དེ་ལས་མིང་སྔ་མའི་མཐར་རྣམ་དབྱེ་དང་པོ་ནས་དྲུག་པའི་བར་གང་ཡང་རུང་བ་འཇུག་པར་དཀྱུས་གཅིག་ཏུ་གསལ་བར་བསྟན་པ་ལས་ཕྱིན་ཅི་ལོག་ཏུ་སྨྲས་པའི་ཕྱིར། གཞན་ཡང་དེ་ལྟར་འདོད་ན། དེ་དག་ནང་གསེས་གང་འཇུག་པ། །ཞེས་པ་དང་འགལ་ཏེ། སྤྱི་འཇུག་གིས་རྣམ་དབྱེ་འདྲེན་ཟེར་བ་ཙམ་དང་། བྱེད་པ་སོགས་རྣམ་དབྱེས་རང་རང་དང་འབྲེལ་བའི་ཕྱི་ཚིག་འདྲེན་ཟེར་བ་ཙམ་ལས་རྣམ་དབྱེའི་ནང་གསེས་གང་འཇུག་ཕྱོགས་ཙམ་ཡང་མ་བསྟན་པར་ཐལ་བའི་ཕྱིར་རོ། །གཞན་ཡང་ཁྱེད་ལྟར་ན། གཞུང་འདིར་བྱེད་པའི་སྒྲས་བསྟན་པའི་བྱེད་ལས་དེ་བྱེད་པ་པོ་དང་། ཆེད་དུ་བྱེད་པའི་ལས་དེ་ཆེད་དུ་བྱ་བ་དང་། རྟེན་པར་བྱེད་པ་དེ་བརྟེན་བྱ་དང་།ལས་ཀྱི་བྱ་བ་དེ་ལས་བྱ་རྒྱུ་དང་། བླང་བྱ་དེ་གང་ལས་བླང་བའི་གནས་སུ་ཁས་བླངས་པར་སོང་བས། གཞུང་འདི་དང་འགལ་བ་ལྟ་ཅི་སྨོས་ཐ་སྙད་ཀྱི་གཙུག་ལག་ཕྱོགས་ཙམ་ཡང་མ་རྟོགས་པའི་རྫོབ་ཐམས་ཅད་བསྟན་པར་ཟད་དོ། །གཞན་ཡང་སྔོན་དུ་བོད་པ་གནས་པའམ། ཞེས་པར། བོད་པའི་སྒྲ་ཀྱེ་སོགས་སྔོན་དུ་གནས་པས་འབོད་རྒྱུའི་མིང་འདྲེན་པར་འབྲུ་གཉེར་བའང་མི་འཐད་དེ། སྤྱིར་སུམ་ཅུ་པར་འབོད་པའི་སྒྲ་མིང་གི་སྔོན་དུ་སྦྱར་བ་ཤས་ཆེར་བར་གསུངས་ཀྱང་། འདིར་དམིགས་བསལ་དུ་མིང་གི་མཐར་སྦྱར་ཚུལ་གསུངས་པ་ཡིན་པའི་ཕྱིར། གྲུབ་སྟེ་འདིར་མིང་མཐའི་རྗེས་འཇུག་གིས་རྣམ་དབྱེ་བརྒྱད་ཀ་འདྲེན་ཚུལ་འཆད་པའི་སྐབས་ཡིན་པ་གང་ཞིག། སྔོན་དུ་འོས་པ་ཞེས་པའང་གང་ལ་འབོད་པར་འོས་པའི་མིང་སྔོན་དུ་གནས་པ་ལ་དགོངས་པའི་ཕྱིར། ཕྱི་མ་གྲུབ་སྟེ། རྣམ་དབྱེ་གཞན་རྣམས་མཐར་སྦྱར་རྒྱུའི་མིང་དོན་ལ་ལྟོས་དགོས་ཀྱང་བོད་པའི་སྒྲ་དེ་རྣམས་དང་མི་མཚུངས་པའི་དམིགས་བསལ་བསྟན་པའི་ཕྱིར་དེ་ལྟར་གསུངས་པར་ངེས་པའི་ཕྱིར་རོ། །འཕྲད་ཀྱི་ནང་གསེས་གང་ཞིག་འཇུག་པ།གཉིས་པ་འཕྲད་ཀྱི་ནང་གསེས་གང་ཞིག་འཇུག་པ་ནི།གཞན་ཡང་ཚིག་དོན་འོག་མ་ལས། །བསྡུ་རྒྱུ་ཡོད་དམ་མེད་པ་དང་། །གོང་མ་ལས་ཀྱང་དེ་བཞིན་ཏེ། །རྣམ་གྲངས་དག་ཀྱང་བཀོད་པ་ལས། །བསྐྱར་བ་ཡོད་དམ་མེད་པ་དང་། །ཕོ་སྒྲ་དང་ནི་མོ་སྒྲ་དག། །མིང་གི་མཐའ་ན་ཡོད་མེད་དང་། །རྒྱན་དུ་གྱུར་པ་རྣམས་ལ་ཡང་། །དོན་ལ་བསྙེགས་པ་ཡོད་མེད་དང་། །བསྟན་བྱ་ལྷག་མ་ཡོད་མེད་དང་། །ཚིག་དོན་རྫོགས་དང་མ་རྫོགས་ཀྱིས། །དེ་དག་ནང་གསེས་རྣམ་པར་དབྱེ། །ཞེས་པས་བསྟན་ཏེ། གཞན་ཡང་མིང་མཐས་ཚིག་ཕྲད་ཀྱི་བྱེ་བྲག་གང་ཞིག་འདྲེན་པར་འགྱུར་བ་ནི་ཕལ་ཆེར་མིང་དེའི་མཐར་སྦྱར་རྒྱུའི་ཚིག་དོན་འོག་མ་ལས་ཤེས་དགོས་ཤིང་ཕྱི་ཚིག་ལ་ལྟོས་མ་དགོས་པར་བརྗོད་འདོད་ཙམ་གྱིས་འགྲུབ་པའང་ཡོད་པ། དཔེར་ན། ཚིག་དོན་འོག་མ་གང་ཡིན་དེ་ཉིད་དང་མཚུངས་པ་ལས་སྔ་མ་བསྡུ་རྒྱུ་ཡོད་པ་ཡིན་ན། མིང་སྔ་མ་སྔ་མའི་མཐར་སྔ་མ་སྡུད་པའི་ཚིག་ཕྲད་སྦྱར་བར་བྱ་སྟེ། ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཇིག་རྟེན་ཡི་རང་སྟེ། ལྟ་བུ་དང་། དེ་བཞིན་དུ་ཚིག་དོན་སྔ་མ་དེ་ཉིད་དང་མཚུངས་པ་ལས་ཕྱི་མ་བསྡུ་རྒྱུ་ཡོད་པ་ཡིན་ན་ཕྱི་མ་བསྡུ་པའི་ཚིག་ཕྲད་འཇུག་སྟེ། ལྷས་ཀྱང་བཏུད་ན་མིས་ལྟ་ཅི་སྨོས། ལྷའང་འཇིགས་ན་བགེགས་ལྟ་ཅི་སྨོས། དེ་དག་ཀྱང་བདག་དང་ལྷན་ཅིག་དགའོ།།ལྟ་བུ་དང་། མཇུག་ཏུ་བྱ་ཚིག་ལྟ་བུར་ལྷན་ཅིག་ཏུ་སྦྲེལ་བའི་ཕྱིར་ཚིག་དོན་སྔ་མ་ལ་ཕྱི་མ་བསྣན་དགོས་པ་ཡོན་ནའང་སྡུད་པའི་བྱེ་བྲག་བསྣན་པའི་ཕྲད་སྦྱར་ཏེ། སངས་རྒྱས་པའི་གྲུབ་མཐར་མ་ཟད། ཕྱི་རོལ་པའང་ཤེས་པར་བྱ།གསེར་དངུལ་ཟངས་ལྕགས་གཤའ་ཚེའང་སྦྱར། ལྟ་བུ་དང་། ཕྱི་མར་མིང་ཚིག་གི་རྣམ་གྲངས་གཅིག་གམ་གཉིས་སམ་མང་པོ་བཀོད་པ་ལས། དེ་དག་ཀྱང་གལ་ཏེ་བསྐྱར་བ་ཡིན་ན་སྔ་མ་སྔ་མར་རྣམ་གྲངས་ཀྱིས་འབྱེད་པའམ་སྡུད་པའི་ཕྲད་སྦྱར་བར་བྱ་སྟེ། དོན་བསྐྱར་བ་ལ། ཉི་འོད་ནི་གསལ་བའམ།སྣང་བའོ། །འཆི་མེད་དམ། རྣམ་སད་དམ། མིག་མི་འཛུམ་ནི་ལྷའོ། །འགྲོ་བ་དང་།འདོང་བ་དང་། མཆི་བ་ཞེས་བྱའོ། །ཞེས་པ་ལྟ་བུ་དང་། ཚིག་དོན་གཉི་ག་བསྐྱར་བ་ལ། སྐོར་ཞིང་སྐོར་ཞིང་སླར་ཡང་དེ་རུ་འབབ། །གཏུབས་ཤིང་གཏུབས་ཤིང་དྲག་ཏུ་གསོལ་བར་བྱེད། །ལྟ་བུ་དང་། མིང་གི་མཐར་ཕོ་སྒྲ་སྟེ་པུ་ལིངྒའི་སྒྲ་གསར་དུ་སྦྱར་བ་ཡོད་ན་མིང་མཐའ་དེ་ཉིད་བདག་པོའ་ིསྒྲར་འགྱུར་བ། རྟ་པ། གསེར་པ། རྟག་པ་པ། ཡོད་པ་པ། བྱེད་པ་པོ། སྒྲུབ་པ་པོ། ལྟ་བུ་དང་། བདག་པོའམ་དགག་པའི་དོན་དུ་གསར་དུ་སྦྱར་བ་མ་ཡིན་པའི་མིང་མཐའ་ཉིད་པུ་ལིངྒའམ། སྟྲཱི་ལིངྒར་གནས་པ་ནི་ངོ་བོའམ་བྱ་བ་གང་ཡིན་དེ་དེ་ཉིད་དུ་སྒྲུབ་པའི་སྒྲར་འགྱུར་བ། རྟག་པ། དམ་པ། བསྟོད་པ། མཛེས་པ། ཡག་མ། གསར་མ། བླ་མ། གོང་མ། ལྟ་བུ་དང་མིང་གི་མཐར་དགག་དོན་དུ་སྦྱར་པའི་མོ་སྒྲ་སྟེ་སྟྲཱི་ལིངྒའི་སྒྲར་གཏོགས་པ་ཡོད་ན་ངོ་བོའམ་བྱ་བ་གང་ཡིན་དེ་ཉིད་དགག་པའི་སྒྲར་འགྱུར་བ། འཇུགས་མེད། འཆི་མེད། ཡོད་མིན། མེད་མིན། གཟུགས་མེད། སྒྲ་མེད། ལྟ་བུ་དང་། ཚིག་དོན་སྔ་མ་དང་ཆོས་མཐུན་པའི་ཕྱི་ཚིག་གཞི་གཅིག་ཏུ་བསྡུ་རྒྱུ་ཡོད་ན། སྔ་མ་ལ་མཐུན་པའི་རྒྱན་དུ་གྱུར་པའི་ཕྲད་སྦྱར་ཏེ། མཛེས་ཀྱང་མཛེས་ལ་འོད་ཀྱང་འཚེར། །ལྟ་བུ་དང། སྔ་ཕྱི་ཆོས་མི་མཐུན་པ་གཞི་གཅིག་ཏུ་བསྡུ་ན། སྔ་མར་མི་མཐུན་པའི་རྒྱན་འཇུག་སྟེ། ལྷ་ཉིད་ཡིན་ཡང་བདུད་ཀྱི་བདུད། །ཁྲོ་བ་སྤངས་ཀྱང་དགྲ་འཇོམས་པ། །ལྟ་བུ་སྟེ་རྒྱན་དུ་གྱུར་པའི་ཚིག་ཕྲད་དེ་དག་ཀྱང་ངེས་པར་དོན་ལ་སྙོག་པ་ཡོད་ན་མི་སྦྱར་དུ་མི་རུང་ཞིང་ཚིག་མཛེས་པར་བྱེད་པའི་རྒྱན་ཙམ་ཁོ་ན་ཡིན་ན་སྦྱོར་རམ་མི་སྦྱོར་ཇི་ལྟར་འདོད་པ་རུང་བ་དང་། ཚིག་དོན་སྔ་མའི་འཕྲོས་དེ་མ་ཐག་ཏུ་བསྟན་བྱ་ལྷག་མ་ཡོད་ན་སྔ་མ་ལ་ལྷག་བཅས་ཀྱི་ཕྲད་འཇུག་སྟེ། རྟག་སྟེ་འཇིགས་པ་མེད་པའི་ཕྱིར། རྒྱས་བཏབ་སྟེ་བཞག།ལྟ་བུ་དང་། ཚིག་གི་དོན་དེ་ཉིད་ཀྱི་འཕྲོས་དེ་མ་ཐག་ཏུ་བསྟན་བྱ་མེད་པས་རྫོགས་པ་ཡིན་ན་སླར་བསྡུའི་ཕྲད་སྦྱར་ཏེ། རྟག་གོ། རྫོགས་སོ། །བསྟན་ཏོ།། བྱའོ། །འགྲུབ་བོ། །ལྟ་བུ་རྣམ་དབྱེ་དང་ཕྲད་དེ་དག་གི་ནང་གསེས་གང་དང་གང་ཞིག་འཇུག་ཅིང་དོན་ཅི་འདྲ་ཞིག་སྟོན་པ་རྣམ་པར་དབྱེ་བར་བྱའོ། །ཞེས་སོ། །སྐབས་འདིར་ཡང་འགྲེལ་བྱེད་སྔ་མ་རྣམས་ཀྱིས་མ་བརྟགས་པ་ཡོད་དེ།སྤྱིར་འདི་སྐབས་མིང་མཐས་ཕྲད་དང་རྣམ་དབྱེ་སོགས་འདྲེན་ཚུལ་འཆད་པའི་སྐབས་ཡིན་པ་ལ། པ་རི། སཾ། ཨུ་པ་སོགས་ཀྱི་ཉེར་སྒྱུར་དང་སྟྲཱི་ལིངྒའི་སྒྲ་དག་མིང་གི་སྔོན་དུ་སྦྱར་ནས་ཚིག་རྒྱན་དང་། དགག་སྒྲའི་དཔེར་བརྗོད་པ་དང་། མིང་གི་རྣམ་གྲངས་བཀོད་པ་ལ་ཚིག་དོན་བསྐྱར་བ་ཡོད་མེད་ཀྱི་ཁྱད་པར་གྱིས་ཕྲད་ཀྱི་སྦྱོར་ཚུལ་ཤེས་པར་བྱ་དགོས་པ་ལ་ཕྲད་སྦྱོར་ཚུལ་སོགས་ཀྱི་དོན་འདི་ཡིན་མེད་པའི་། ལེགས་སོ་ལེགས་སོ་དང་། ཨ་ལ་ལ་ཆོས་ཨ་ལ་ལ་ཆོས། སོགས་ཀྱི་དཔེར་བརྗོད་བཀོད་པ་དང་། དེ་དག་ནང་གསེས་གང་འཇུག་པ། །ཞེས་པའི་དེ་དག་གི་སྒྲས། བཤད་མ་ཐག་པའི་ཆོས་དངོས་ལས་དང་སོགས་ནས། དུས་ལ་འཇུག་ཅེས་པའི་བར་བསྟན་ཅིང།མཐར་སྦྱར་འོག་མའི་མིང་དོན་ལས། །ཞེས་པའི་མིང་དོན་དེ། སྤྱི་འཇུག་ཡོད་དམ་སོགས་ནས། མ་རྫོགས་ཀྱི། ཞེས་པའི་བར་གྱི་བསྟན་བྱ་ཡིན་པས་འོག་མ་ཤས་ཆེ་བའི་མིང་དོན་གང་ཡོད་ཀྱི་རྒྱུ་མཚན་ལས་མིང་མཐར་རྣམ་དབྱེ་དང་ཕྲད་གང་འཐོབ་ལྟ་དགོས་པ་གསལ་བོར་གཞུང་གིས་ཟིན་པ་ལ། དེ་འདྲའི་རྣམ་གཞག་གང་ཡང་མེད་པའི་འབྲེལ་མེད་ཀྱི་ལུང་འདྲེན་དང་བཤད་པ་མང་དུ་བྱས་པ་སོགས་སོ། །འཕྲོས་དོན།གཉིས་པ་འཕྲོས་དོན་ནི། སྐབས་འདིར་སྤྱིར་རྣམ་དབྱེ་དང་ཕྲད་ཀྱི་དོན་ཤེས་པ་གལ་ཆེ་བར་སྣང་བས་ཅུང་ཟད་བཤད་ན། རྣམ་དབྱེ་ཞེས་པ་ནི་ལེགས་སྦྱར་གྱི་སྐད་ལ་མིང་གི་མཐར་སྦྱར་བས་ཚིག་ཏུ་འགྲུབ་པར་བྱེད་པའི་རྐྱེན་སི་སོགས་བདུན་གསུམ་ཉི་ཤུ་རྩ་གཅིག་པོ་རྣམས་ཏེ། དོན་ཐོབ་ཀྱི་དབང་གིས་དོན་རྗོད་པར་བྱེད་པའི་སྐད་རིགས་ཐམས་ཅད་ལ་རྣམ་དབྱེ་དེ་རྣམས་མེད་པ་མི་སྲིད་པས་མཁན་པོ་འདིས་བོད་ཀྱི་སྐད་ལའང་ལེགས་སྦྱར་དང་བསྟུན་ནས་རྣམ་དབྱེ་དེ་རྣམས་ཀྱི་འཇུག་པ་གསལ་བར་མཛད་པ་ཡིན་ནོ། །དེའང་ལེགས་སྦྱར་ལ་ཨཽ་གཉིས། བྷྱཱ་མྲ་གསུམ། བྷྱསྲ་གཉིས། ཨོསྲ་གཉིས་རྣམས་སྦྱོར་ཡུལ་དོན་ཐོབ་ཀྱིས་དབྱེ་བ་ལས་རྐྱེན་གྱི་ངོ་བོ་གཉིས་སུ་མེད་པས་རྐྱེན་གྱི་ངོ་བོ་བཅུ་དྲུག་ཏུ་ངེས་པ་ཡིན་ཡང་བོད་སྐད་ལ་དེ་དང་མི་མཚུངས་པས། ལ་དོན། འབྲེལ་བ། བྱེད་པ་སྟེ་རྣམ་དབྱེའི་རྐྱེན་གྱི་ངོ་བོ་གསུམ་དུ་ངེས་ཤིང་གཉིས་ཚིག་དང་མང་ཚིག་མཚོན་པའི་སྒྲ་དག་ཀྱང་རྣམ་དབྱེའི་ཡན་ལག་ཏུ་འཇུག་པའི་ཕྲད་ཙམ་མོ། །ལ་ན་ཏུ་དུ་ལ་སོགས་པ་རྐྱེན་དེ་རྣམས་ཀྱི་ནང་གསེས་ནི་མིང་མཐའ་ཕྲད་པའི་རྣམ་འགྱུར་ཙམ་ལས་རྐྱེན་གྱི་ངོ་བོ་སོ་སོ་བ་མ་ཡིན་ཏེ། ལེགས་སྦྱར་ལ་བྷིསྲ་ཨཻསྲ་སུ་བསྒྱུར་བ་དང་། ངི་སྨིནྲ་དང་ངེ་སྨི་དང་ང་ལྡན་རྣམས་ཡཻ་ཡཱསྲ་ཡཱུསྲ་ཡཱམྲ་དུ་བསྒྱུར་བ་སོགས་དང་མཚུངས་པའི་ཕྱིར་རོ། །རྣམ་དབྱེ་དེ་རྣམས་ཀྱང་དོན་ལ་སྦྱོར་ཚུལ་གྱི་སྒོ་ནས་དབྱེ་ན་ལེགས་སྦྱར་དང་མཐུན་པར་རིགས་བདུན་དང་རེ་རེའང་གཅིག་ཚིག་གཉིས་ཚིག་མང་ཚིག་གིས་བསྒྱུར་བས་ཉི་ཤུ་རྩ་གཅིག་ཉིད་དུ་བསྒྱུར་རོ། །དེའང་མི་ཟད་པ་མ་གཏོགས་པའི་ལེགས་སྦྱར་གྱི་མིང་ཐམས་ཅད་ལ་རྟགས་ཀྱི་དབྱེ་བ་ཡོད་པས་དེའི་ཆེད་དུ་རྣམ་དབྱེ་དང་པོ་སྦྱིན་པ་ཡིན་ཡང་འདིར་དེ་མེད་པས་མིང་དོན་ཙམ་ལ་རྣམ་དབྱེ་དང་པོ། ལས་ཀྱི་དོན་ལ་གཉིས་པ། བྱེད་པ་པོའ་ིདོན་ལ་གསུམ་པ། ཆེད་དུ་བྱ་བའི་དོན་ལ་བཞི་པ། འབྱུང་ཁུངས་སམ་གང་ལས་འབྲལ་བའི་དོན་ལ་ལྔ་པ། འབྲེལ་བའི་དོན་ལ་དྲུག་པ། གནས་གཞིའི་དོན་ལ་བདུན་པ་རྣམས་འཇུག་ཅིང་། བརྒྱད་པ་བོད་པ་ཞེས་ཟེར་ཡང་བོད་པའི་ཡུལ་ལ་རྣམ་དབྱེ་དང་པོ་ཉིད་འཇུག་ཅིང་ཀྱེ་དང་ཀྭ་སོགས་ནི་བོད་པ་གསལ་བྱེད་ཀྱི་སྒྲ་ཡིན་གྱི་རྣམ་དབྱེ་མ་ཡིན་པས་ལོགས་སུ་དབྱེར་མེད་དོ། །དེ་ལ་རྣམ་དབྱེ་དང་པོའ་ིགཅིག་ཚིག་གིས་མིང་དོན་གྱི་ངོ་བོ་ཙམ་ཞིག་སྟོན་པ་ནི། བུམ་པ། རྟག་པ། བསྟནད་པ། བྱས་པ། བསྒྲུབས། བསྒྲུབ། སྒྲུབ།ལྟ་བུ་སྟེ། བོད་སྐད་ལ་རྣམ་དབྱེའི་རྗེས་ལོགས་པ་མེད་པས་མིང་ཙམ་དེ་ཉིད་ཡིན་ཞིང་མིང་ལ་ནི་བདག་གཞན་དང་དུས་གསུམ་གྱི་དབྱེ་བ་ཅན་རྣམས་དང་མིང་རྐྱང་ཡང་རུང་སྟེ་ཁྱད་པར་མེད་དོ། །དཔེར་ན་ལེགས་སྦྱར་གྱི་སྐད་དུ། ཀྲྀཏ། ཀ་ར་ཎ། ཀཱཪྻ། ལྟ་བུ་དུས་གསུམ་དང་བདག་གཞན་གྱི་དབྱེ་བ་ཡོད་པའི་སྒྲ་རྣམས་ཀྱང་མིང་ཙམ་ཉིད་དུ་མཚུངས་པ་ལ་རྣམ་དབྱེས་ཚིག་ཏུ་བསྒྲུབ་དགོས་པ་བཞིན་ནོ། །དང་པོའ་ིགཉིས་ཚིག་དང་མང་ཚིག་དག་གིས་ནི་ལྡོག་པ་ཅུང་ཟད་དང་བཅས་པའི་མིང་དོན་གྱི་ངོ་བོ་ཙམ་སྟོན་ཏེ། ལྷག་དག། ལྷ་རྣམས། བུམ་པ་དག། བུམ་པ་རྣམས། བསྒྲུབ་པ་དག། བསྒྲུབ་པ་རྣམས། སྒྲུབ་བྱེད་དག། སྒྲུབ་བྱེད་རྣམས། ལྟ་བུའོ། །འདིར་དག་དང་རྣམས་ཞེས་པའི་སྒྲའང་ཚིག་ཕྲད་ཙམ་ལས་རྣམ་དབྱེའི་རྐྱེན་དངོས་མ་ཡིན་ཏེ། ད་དུང་དེ་དག་གི་མཐའ་ལ་རྣམ་དབྱེ་གཞན་འཇུག་པའི་ཕྱིར། དེས་ན་ཕྲད་འདི་དག་མིང་གང་གི་མཐར་སྦྱར་ཡང་རུང་རྣམ་དབྱེ་དང་པོའ་ིགཉིས་ཚིག་གམ་མང་ཚིག་མཚོན་ནུས་ཤིང་རྣམ་དབྱེའི་རྐྱེན་གཞན་རྣམས་ཀྱང་འདི་དག་གི་ མཇུག་ཏུ་སྦྱར་བས་སོ་སོའ་ིགཉིས་ཚིག་གམ་མང་ཚིག་ཏུ་འགྱུར་རོ། །དག་ཅེས་པའི་སྒྲའང་སྤྱིར་གཉིས་ཚིག་ཁོ་ན་ལ་འཇུག་པའི་ངེས་པ་མེད་དེ་ཕལ་ཆེར་མང་ཚིག་ལ་སྦྱོར་བ་ཤས་ཆེ་ཞིང་། གཉིས་ཁོ་ན་ལ་འཇུག་པའི་ཕྲད་བོད་སྐད་ལ་མེད་པས་དེའི་དོད་དུ་གཅིག་ལ་མི་འཇུག་ཅིང་གཉིས་ཡན་ཆད་ལ་འཇུག་པའི་སྒྲ་ལོ་ཙཱ་བ་རྣམས་ཀྱིས་སྤྱིའི་སྒྲ་བྱེ་བྲག་ལ་སྦྱར་ནས་གཉིས་ཚིག་ཏུ་མཛད་པ་ཡིན་ནོ། །དེས་ན་དག་གི་སྒྲ་མང་ཚིག་ལ་སྦྱོར་བ་མི་འཐད་ཅེས་སྨྲ་བ་ནི་ལེགས་སྦྱར་གྱི་ལད་མོ་ཐལ་ཆེས་པའི་གསུང་དུ་སྣང་ངོ་། །འགའ་ཞིག་གིས་ཐམས་ཅད་དང་ཀུན་དང་མཐའ་དག་སོགས་ཀྱང་རྣམ་དབྱེའི་མང་ཚིག་ཏུ་འདོད་ཀྱང་མིང་དང་རྣམ་དབྱེ་མ་ཕྱེད་པར་ཟད་དོ། །རྣམ་དབྱེ་གཉིས་པ་ལ་སོགས་པས་ནི་དོན་གྱི་ལྡོག་པ་ཁོ་ན་སྟོན་གྱི་ངོ་བོ་ནི་ནམ་ཡང་མི་སྟོན་ཏེ། དཔེར་ན། བུམ་པ་ལ། ཞེས་པས་དེའི་བྱ་བའམ་ཆེད་དོན་རྣམ་རྫས་གཞན་ལྡན་པའི་དོན་དང་། བུམ་པའི་ཞེས་པས་དེ་དང་འབྲེལ་བའི་དོན་དང་། བུམ་པས་ཞེས་པས་དེའི་བྱེད་པའི་དོན་སྟོན་པས་ཚིག་དེ་དག་གིས་བུམ་པ་རང་གི་ངོ་བོ་ཙམ་མ་ཡིན་པར་དའི་ལྡོག་པ་སྟོན་པ་ལྟ་བུའོ། །དེ་ལ་ལ་དོན་རྣམས་རྣམ་དབྱེ་གཉིས་པ་ལས་ལ་འཇུག་པའི་ཚུལ་ནི། དཔེར་ན། ལྷ་ལ་ཕྱག་འཚལ། གཟུགས་ལ་ལྟ། ཤར་དུ་འགྲོ། ལྟ་བུའི་ལྷ།གཟུགས། ཤར་རྣམས་ནི་ཕྱག་འཚལ་བ་དང་། ལྟ་བ་དང་འགྲོ་བ་རྣམས་ཀྱི་བྱ་བ་འཇུག་པའི་ཡུལ་ཡིན་པས་དེ་དག་ལ་ལས་ཀྱི་རྣམ་དབྱེ་འཇུག་པ་ཡིན་ནོ། །ཞིབ་མོར་དཔྱད་ན། གཟུགས་ལ་ལྟ་བར་བྱེད་ལྟ་བུ། གཟུགས་ལ་ལས་ཀྱི་དོན་དང་། ལྟ་བ་ལ་བྱ་བའི་དོན་དུ་སྟེ་གཉི་ག་ལ་རྣམ་དབྱེ་གཉིས་པ་འཇུག་ཅིང་ཕྱི་མ་ལ་གཞུང་འདིར་དེ་ཉིད་ཀྱི་སྒྲས་གསུངས་སོ། །དེ་བཞིན་དུ་བུམ་པར་ཆུ་བླུགས་ཞེས་པ་ལྟ་བུ་བུམ་པ་ལ་བྱ་བ་བླུགས་པའི་ཡུལ་ཡིན་པས་གཉིས་པའམ་ཆུ་བརྟེན་པའི་ཆ་ནས་གནས་གཞི་སྟེ་རྣམ་དབྱེ་གཉིས་གང་རུང་འཇུག་ཅིང་། ཆུ་ནི་བླུགས་པར་བྱ་རྒྱུའི་ལས་ཉིད་ཡིན་པས་དེ་ཉིད་ཀྱི་དོན་ལ་གཉིས་པ་ཁོ་ན་འཇུག་མོད། ཕྱི་མ་འདི་རིགས་ཀྱི་རྣམ་དབྱེ་བོད་སྐད་ལ་མེད་པ་མང་ངོ་། །རྣམ་དབྱེ་གསུམ་པ་བྱེད་པ་པོ་ལ་འཇུག་པ་ནི། ལྷས་བསྟན། རྡོ་རྗེས་ཕུག། ཁོད་ཀྱིས་སྐྱོང་། བདག་གིས་བརྗོད་ལྟ་བུ་སྟེ། བསྟན། ཕུག། སྐྱོང།བརྗོད་རྣམས་བྱ་བ་ཡིན་པས་དེ་བྱེད་མཁན་གྱི་དོན་དུ་རིམ་པར། ལྷ། རྡོ་རྗེ། ཁྱོད། བདག་རྣམས་ལ་རྣམ་དབྱེ་གསུམ་པ་བྱེད་པ་པོའ་ིཚིག་འཇུག་པ་ཡིན་ནོ། །དེའང་ཞིབ་མོར་དཔྱད་ན། བདག་གིས་རིག་སྔགས་ཀྱིས་ཚེ་སྒྲུབ་ལྟ་བུར་བདག་དང་རིག་སྔགས་གཉི་ག་སྤྱིར་བྱེད་པ་པོ་ཡིན་པས་གཉིས་ཀ་ལ་རྣམ་དབྱེ་གསུམ་པ་འཇུག་ཀྱང་། བདག་བྱེད་པོ་གཙོ་བོ་དང་རིག་སྔགས་བྱེད་པོ་ཕལ་བ་ཡིན་པའི་དབྱེ་བ་ཡོད་ཅིང་། ཡང་ན་བདག་བྱེད་པ་པོ་དང་རིག་སྔགས་ནི་བྱེད་པ་ཙམ་ཡིན་པའི་བྱེ་བྲག་ཤེས་པར་བྱ་དགོས་སོ། །རྒྱུ་མཚན་གྱི་དོན་ལ་གསུམ་པ་འཇུག་པའང་རྒྱུ་མཚན་དེས་དེ་ལྟར་འགྲུབ་པར་བྱེད་པས་བྱེད་པ་པོ་དང་མཚུངས་པའི་ཕྱིར་རོ། །རྣམ་དབྱེ་བཞི་པ་ཆེད་དུ་བྱ་བའི་དོན་ལ་འཇུག་པ་ནི། ལོ་ཏོག་ལ་ཆུ་འདྲེན། ནོར་འཚོང་དུ་འགྲོ། སློང་མོ་པ་ལ་ཟན་སྦྱིན། ལྟ་བུ། ཆུ་འདྲེན་པ་དང།འགྲོ་བ་དང་། ཟན་སྦྱིན་པ་རྣམས་བྱ་བ་ཡིན་ཞིང་། དེ་གང་གི་དོན་ནམ་ཆེད་དུ་བྱ་བའི་ཡུལ། ལོ་ཏོག། ནོར་འཚོང་། སློང་མོ་པ་རྣམས་ལ་བཞི་པ་དགོས་ཆེད་ཀྱི་རྣམ་དབྱེ་འཇུག་པ་ཡིན་ནོ། །དེས་ན་བྱ་བ་གང་ཞིག་བྱ་བའི་དོན་གྱི་ཡུལ་དེ་ལ་ཕན་གདགས་པའི་ཆེད་དུ་འཇུག་པའི་ལ་དོན་དྲུག་པོ་རྣམས་ནི་རྣམ་དབྱེ་བཞི་པ་ཞེས་བྱ་བ་ཡིན་ལ། དཔེར་ན། ཤའི་ཆེད་དུ་ཕྱུགས་གསོད་པར་བྱེད། ལྟ་བུ་ལ་མཚོན་ན། གསོད་པ་བྱ་བ། ཕྱུགས་ནི་ལས། ཤ་ནི་བྱ་བའི་དོན་གྱི་ཡུལ་ཡིན་པས་གསོད་པའི་བྱ་བས་ཤ་ཐོབ་པ་ལ་ཕན་འདོགས་པར་བྱེད་པ་དང་། སློང་མོ་པར་ཟན་སྦྱིན་ཟེར་བ་ལ། སྦྱིན་པ་ནི་བྱ་བ། ཟན་ནི་ལས། སློང་མོ་པ་བྱ་བའི་དོན་གྱི་ཡུལ་ཡིན་པའི་ཕྱིར་སྦྱིན་པས་སློང་མོ་པར་ཕན་འདོགས་པ་སོགས་གོ་དགོས་ཤིང་། བར་དུ་ལས་ཀྱི་ཚིག་མེད་ཀྱང་ཤའི་ཆེད་དུ་གསོད། སློང་མོ་པར་སྦྱིན་སོགས་ཀྱང་བཞི་པའི་དོན་དེ་ཉིད་ལས་མི་འདའོ། །འོ་ན་ལེགས་སྦྱར་ལ་བྱ་བའི་དོན་གྱི་ཡུལ་དེར་ཕན་འདོགས་པ་མ་ཡིན་པར་ཡང་བཞི་པ་འཇུག་པ་མང་དུ་མཐོང་བ་ཅི་སྙམ་ན། ལེགས་སྦྱར་ལའང་སྤྱིར་བཏང་གི་འཇུག་ཡུལ་འདི་དང་མཐུན་ཀྱང་དམིགས་བསལ་མི་མཐུན་པ་ནི། མགོ་བོར་དབྱུག་པས་བསྣུན་པའི་དོན་ལ། མསྟ་ཀཱ་ཡ་དཎྜཾ་ད་དཱ་ཏི། མགོ་བོར་དབྱུག་པ་སྦྱིན་ཞེས་དང་། བུམ་པར་ཆུ་བླུགས་པའི་དོན་ལ།གྷ་ཊཱ་ཡ་ཛ་ལཾ་ད་དཱ་ཏི། བུམ་པར་ཆུ་སྦྱིན། ཞེས་པ་ལྟ་བུ་ཡོད་པ་ནི་སྦྱིན་པའི་ཡུལ་ལ་བཞི་པ་འཇུག་པ་སྤྱིར་བཏང་པས་འདིར་བསྣུན་པ་དང་། བླུགས་པ་ལ་སྦྱིན་པའི་སྒྲས་བསྟན་པའི་ཚེ་ཚིག་ཙམ་གཙོ་བོར་བྱས་ནས་དེའི་ཡུལ་ལ་བཞི་པ་སྦྱར་བ་ཡིན་གྱི་སྐབས་དེའི་སྦྱིན་པ་སྦྱིན་པ་དངོས་མ་ཡིན་པ་བཞིན་དུ་དེའི་ཡུལ་གྱི་རྣམ་དབྱེ་བཞི་པའང་བཞི་པ་དངོས་མ་ཡིན་ཏེ། སྔ་མ་གཉིས་པ་དང་ཕྱི་མ་བདུན་པར་དོན་གྱིས་འཐོབ་པ་ལ་བཞི་པ་སྦྱར་བ་ཙམ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ན་མསྲ་སོགས་ཀྱི་ཡུལ་ལ་བཞི་པ་འཇུག་པའང་དོན་ཐོབ་ཀྱི་བཞི་པའི་འཇུག་ཡུལ་དངོས་མ་ཡིན་ཡང་། འཇིག་རྟེན་པའི་ཉེར་སྤྱོད་ལས་དེ་བཞིན་དུ་འཇུག་པ་སྟེ་སྐབས་འདིར་མ་ཟད་རྣམ་དབྱེ་གཞན་དང་གཞན་ལའང་འདི་འདྲའི་རིགས་མང་དུ་འབྱུང་བ་རྣམས་རྣམ་དབྱེ་དེ་དངོས་ཀྱི་དོན་དུ་མི་འགྱུར་བས་ཙམ་པོ་པ་ཞེས་བྱའོ། །བོད་འདིར་ནི་དམིགས་བསལ་དེ་འདྲ་དབྱེ་བ་ལ་དགོས་པ་མེད་པས་དོན་འཐོབ་ཉིད་ཀྱི་དབང་དུ་བྱེད་དགོས་པ་ཡིན་ནོ། །ཡང་གསོད་པའི་ཕྱིར་དུ་མཚོན་བསྣུན། ཞེས་པ་ལྟ་བུར་མཚོན་བསྣུན་པས་གསད་བྱ་ལ་ཕན་གདགས་ཟེར་བའི་དོན་མ་ཡིན་གྱི། མཚོན་བསྣུན་པའི་བྱ་བས་བྱ་བའི་དོན་གྱི་ཡུལ་གསོད་པ་ལ་ཕན་འདོགས་པར་བྱེད་པ་ཡིན་ནོ། །སྐབས་འདིར་འགའ་ཞིག་གིས་དོན་དང་ཆེད་དང་ཕྱིར་ཞེས་པའི་སྒྲ་རྣམས་རྣམ་དབྱེ་བཞི་པར་བྱས་པ་མི་འཐད་དེ། དེ་རྣམས་རྣམ་དབྱེ་འཇུག་ཡུལ་གྱི་མིང་ཙམ་ཡིན་པའི་ཕྱིར་ཏེ་དེ་དག་ལ་རྣམ་དབྱེ་ཞུགས་པས།དོན་དུ། དོན་གྱི། དོན་གྱིས། ལྟ་བུར་འགྱུར་བའི་ཕྱིར། དཔེར་ན། ལེགས་སྦྱར་ལ་དེའི་ཆེད་དུ་ཞེས་པར། ཏ་ད་རྠཱ་ཡ། ཞེས་འབྱུང་བའི་ཨརྠའི་སྒྲ་དེ་རྣམ་དབྱེ་མ་ཡིན་པ་བཞིན་ནོ། །རྣམ་དབྱེ་ལྔ་པ་འབྱུང་ཁུངས་ལ་འཇུག་པ་ནི། སངས་རྒྱས་ལས་ཆོས།གསེར་ཁ་ནས་གསེར། རྒྱ་མཚོ་ལས་ཆུ་བོ་འབྱུང་། བྲག་རི་ནས་རྦབ་ ལྷུང་།མཛོད་ནས་ནོར་བླངས། ལྟ་བུ་སྟེ། ཆོས། གསེར། ཆུ་བོ། རྦབ། ནོར་རྣམས་ཀྱི་འབྱུང་ ཁུངས་རིམ་པ་བཞིན། སངས་རྒྱས། གསེར་ཁ། རྒྱ་མཚོ། བྲག་རི།དཀོར་མཛོད་རྣམས་ཡིན་པས་དེ་དག་ལ་རྣམ་དབྱེ་ལྔ་པ་འཇུག་པ་ཡིན་ཞིང།རྟ་ལས་ལྷུང་། འཛེག་སྐས་ལས་བབས། ཤར་ཕྱོགས་ནས་འོད་བྱུང། ལྟ་བུ་ལྷུང་བ་དང་། བབས་པ་དང་། འོད་རྣམས་ཀྱི་འབྱུང་ཁུངས་དངོས་རྟ་དང།སྐས་དང་ཤར་རྣམས་མ་ཡིན་ཡང་འཕྲལ་དུ་དེ་དང་དེ་དག་ལས་འབྱུང་བའི་རྒྱུ་མཚན་གྱིས་རྣམ་དབྱེ་ལྔ་པ་སྦྱར་བ་དང་། དུ་བའི་རྟགས་ལས་མེ་ཡོད་པར་རྗེས་སུ་དཔག་གོ། ལྟ་བུ་རྒྱུ་མཚན་གྱི་དོན་ལའང་རྟགས་དེ་ལས་རྗེས་སུ་དཔག་པའི་ཚད་མ་སྐྱེ་བས་འབྱུང་ཁུངས་ལྟར་སྣང་བའི་ཕྱིར་ལྔ་པ་སྦྱར་བ་དང་། བུད་མེད་རྣམས་ལས་སྔོ་བསངས་མཛེས། ལྟ་བུ་ཡོན་ཏན་སོགས་ཀྱི་སྒོ་ནས་ལོགས་སུ་བཀར་བ་སྟེ་བུད་མེད་རྣམས་ཀྱི་ནང་ནས་བློས་ཁྱད་པར་ཕྱེ་ནས་ཕྱུང་བ་ཡིན་པའི་ཕྱིར་འབྱུང་ཁུངས་དང་འདྲ་བའི་དོན་གྱི་ལྔ་པ་སྦྱར་བ་སོགས་ཤེས་པར་བྱའོ། །ལེགས་སྦྱར་ལ་ནི་གང་ལས་འབྲལ་བའི་དོན་ལ་ལྔ་པ་བཤད་ཅིང་དོན་དེས་ལྔ་པའི་འཇུག་ཡུལ་ཐམས་ཅད་ལ་ཁྱབ་པར་ཡང་བཤད་པ་མཐོང་བས་བོད་སྐད་ལའང་ཞིབ་མོར་བརྟགས་ན་འཆད་ཚུལ་དེ་འབྱར་པར་སེམ་མོ། །རྣམ་དབྱེ་དྲུག་པ་འབྲེལ་བའི་དོན་ལ་འཇུག་པ་ནི། ཕྱུག་པོའ་ིནོར། ཁྱིམ་གྱི་ལྷ། ཆོས་ཀྱི་སྐུ། བདག་གི་དོན། ཤིང་གི་ཡལ་ག། ལྟ་བུ། ནོར། ལྷ། སྐུ།དོན། ཡལ་ག་རྣམས་རིམ་པ་བཞིན། ཕྱུག་པོ། ཁྱིམ། ཆོས། བདག། ཤིང་རྣམས་དང་འབྲེལ་བ་ཡིན་པའི་ཕྱིར། དེ་དག་ལ་རྣམ་དབྱེ་དྲུག་པ་འཇུག་ཅིང་འདིར་གོང་དུ་བསྒྲུབ་བྱ་ཞེས་གསུངས་པས་ཞིབ་མོར་བརྟགས་ན་དྲུག་སྒྲ། འི།གྱི། ཀྱི། རྣམས་བསྒྲུབ་ བྱ་ནོར་དང་། ལྷ་དང་། སྐུ་རྣམས། བདག་པོ་ཕྱུག་པོ་དང་། རྟེན་གནས་ཁྱིམ་དང་། ཞི་བའི་ཆོས་རྣམས་དང་འབྲེལ་བའི་སྒྲུབ་བྱེད་དུ་འགྲོ་བ་ལྟ་བུར་གོ་དགོས་སོ། །འབྲེལ་བའང་བདག་ཉིད་གཅིག་པའི་འབྲེལ་བ་བརྗོད་པ། ཆོས་ཀྱི་སྐུ། རྒྱ་མཚོའི་ཆུ། གསེར་གྱི་བུམ་ པ་ལྟ་བུ་དང་། ཕྱུག་པོའ་ིནོར་ལྟ་བུ། བདག་པོ་དང་ཡུལ་གྱི་འབྲེལ་བ། ཁྱིམ་གྱི་ལྷ་ལྟ་བུ་རྟེན་དང་བརྟེན་པའི་འབྲེལ་བ། ཤིང་གི་ཡལ་ག་ལྟ་བུ་ཡན་ལག་དང་ཡན་ལག་ཅན་གྱི་འབྲེལ་བ་སོགས་དུ་མར་འགྱུར་བ་སྟེ་རྟོགས་པར་སླའོ། །ལ་དོན་དྲུག་པོ་རྣམ་དབྱེ་བདུན་པ་གནས་གཞི་ལ་འཇུག་པ་ནི། ཤིང་ལ་བྱ། ཁྱིམ་དུ་མི། བུམ་པར་ཆུ། གདན་ལ་འདུག། ས་ལ་ཉལ། རྒྱབ་ཏུ་རི་ཡོད།ལྟ་བུ། བྱ། མི། ཆུ། འདུག། ཉལ། རི་རྣམས་ཀྱི་རྟེན་གནས་སམ་གནས་པའི་གཞི་ནི། ཤིང་། ཁྱིམ། བུམ་པ། གདན། ས། རྒྱབ་ཕྱོགས་རྣམས་ཡིན་པས་དེ་དག་ལ་རྣམ་དབྱེ་བདུན་པ་འཇུག་པ་ཡིན་ཞིང་། དེ་བཞིན་དུ་ཆུ་ལ་ཞུགས།ཁུང་དུ་འཛུལ། གཡུལ་དུ་གོ་བགོས། གཡུལ་དུ་བསད། ལྟ་བུ་རྣམས་ཀྱང་ཞུགས་པ་དང་འཛུལ་བ་དང་གོ་བགོས་པ་དང་བསད་པ་རྣམས་ཀྱི་བྱ་བ་དེ་དག་གི་རྟེན་རིམ་བཞིན་དུ་ཆུ་ལ་སོགས་པ་དེ་དག་ཡིན་པས་ལ་དོན་གྱི་རྣམ་དབྱེ་དེ་རྣམས་བདུན་པའི་དོན་དུ་འགྱུར་བ་ཡིན་གྱི་རྣམ་དབྱེ་གཉིས་པ་ལས་ཀྱི་དོན་མ་ཡིན་པར་ཤེས་པར་བྱའོ། །ཡང་སྐྱེས་བུ་ཞིག་གིས་སྐྱེས་བུ་གཞན་ཞིག་ལ་མཛུབ་མོའ་ིབརྡས་བསྟན་ནས་མཛུབ་མོའ་ིརྩེ་འདི་ན་གླང་པོ་ཆེ་བརྒྱ་ཡོད་དེ་ཟེར་བ་ལྟ་བུ་ལ་མཛུབ་མོའ་ིརྩེ་དེར་གླང་པོ་ཆེ་དེ་རྣམས་བརྟེན་པ་མ་ཡིན་ཀྱང་མཛུབ་མོའ་ིརྩེ་དེས་མཚོན་པའི་ཡུལ་ཕྱོགས་དེར་གླང་པོ་ཆེ་མཐོང་བའི་མིག་ཤེས་སྐྱེ་བའི་རྐྱེན་བྱེད་པའི་ཆ་ནས་རྟེན་དང་འདྲ་བའི་ཕྱིར་བདུན་པ་འཇུག་པ་དང་། སྡིག་པ་ལ་འཇིགས། སེང་གེ་ལ་སྐྲག་སོགས་གང་ལས་འཇིགས་པ་འབྱུང་བའི་གནས་དེ་ལ་རྣམ་དབྱེ་ལྔ་པ་འཇུག་པ་ལེགས་སྦྱར་གྱི་ལུགས་ཡིན་ཡང་། བོད་སྐད་ལ་འཇིགས་པ་སྐྱེ་བའི་ཡུལ་ལམ་རྟེན་དུ་གྱུར་བའི་ཆ་ནས་བདུན་པ་ཉིད་སྦྱོར་བ་དང་། སྨག་ལ་རྐུན་མ་འབྱུང་། ཉི་མ་ཤར་བ་ན་གཉིད་སད། ལྟ་བུ་གནས་སྐབས་དེ་དང་དེར་བརྟེན་ནས་དེ་འདྲ་འབྱུང་བས་དངོས་སུ་མ་བརྗོད་ཀྱང་དོན་ཐོབ་ཀྱིས་དུས་བརྗོད་པ་ལ་བདུན་པ་སྦྱར་བ་དང་། ཚེས་གསུམ་ལ་ལྷ་མཆོད། དཔྱིད་ལ་ཁུ་བྱུག་གྲགས། སྟོན་དུས་སུ་བཙས་མ་བརྔ་ལྟ་བུ། དུས་དངོས་སུ་བརྗོད་པ་ལ་བདུན་པ་སྦྱར་བ་སྟེ་འདི་དག་གིས་མཚོན་ནས་འཇུག་ཡུལ་གྱི་བྱེ་བྲག་ཐམས་ཅད་ཞིབ་མོར་རྟོགས་པར་བྱའོ། །དེ་ལྟར་རྣམ་དབྱེའི་འཇུག་ཚུལ་ཕྱོགས་ཙམ་བསྟན་ནས་ཚིག་གི་ཕྲད་ཅེས་བྱ་བ་ནི་སྤྱིར་མིང་ཙམ་གཉིས་སམ་དུ་མ་སྦྲེལ་བའི་ཚེ་བར་དུ་མཚམས་སྦྱོར་བའམ་དོན་གསལ་བ་ལ་ཕན་འདོགས་པར་བྱེད་ཅིང་འགའ་ཞིག་དེ་འདྲའི་ཐོག་མཐའ་གཉིས་དང་མིང་རྐྱང་ཙམ་ལའང་དོན་གསལ་བའམ་བརྗོད་བདེ་བ་ལ་ཕན་འདོགས་པར་བྱེད་པའི་སྒྲའི་རྣམ་པ་ཞིག་སྟེ་དེའང་། མིང་ངམ་ཚིག་གཞན་ལ་མ་སྦྱར་ན་དེ་ཉིད་རྐྱང་བ་བརྗོད་པས་དོན་གསལ་བར་མི་མཚོན་པའི་ཕྲད་ནི། བཤད་མ་ཐག་པའི་རྣམ་དབྱེའི་རྐྱེན། ལ། ན། ཏུ། དུ། སུ།རུ། ཀྱི། གྱི། གི། འི། སོགས་དང་རྣམ་དབྱེ་ལ་མི་གཏོགས་པའི། ལ། ན། ཀྱི།གྱི། གི། ཡི། ནས་རྣམས་དང་། གོ། ངོ་། དོ། ནོ། བོ། མོ། འོ། རོ། ལོ། སོ། ཏོ།པ། པོ། བོ། མ། མི། ཅན། ནི། ཕྱིར། ཀྱེ། ཀྭ། ཅིང་། ཞིང་། ཤིང་། ཅེས། ཞེས།ཤེས། ཅིག། ཞིག། ཤིག། ཅེའོ། ཞེའོ། ཤེའོ། ཅེ་ན། ཞེ་ན། ཤེ་ན། གུ། ཀྱང།འང་། ཡང་། གམ། ངམ། དམ། ནམ། བམ། མམ། འམ། རམ། ལམ། སམ།དག། རྣམས། ཏེ། སྟེ། དེ། ལྟ། ལྟར། བཞིན། སྙེད། དང་། ལོ། ལ་སོགས་པ་རྣམས་ཡིན་མོད་ཀྱི་རྣམ་དབྱེ་རྣམས་ལོགས་སུ་བཤད་པས་ལྷག་མ་རྣམས་གཟུང་བར་བྱའོ། །དེ་རྣམས་ཀྱང་མིང་ཚིག་ལ་ཇི་ལྟར་སྦྱོར་ན།དག་ལ་གསལ་ན་ལེགས་མོད་ཀྱི། །བསྟན་གྱི་འཇུག་གི་འཆད་བྱ་ཡི། །མཁས་པར་བྱས་ནས་ཚུལ་བརྟག་གོ།བྱ་བ་བཟང་ངོ་ལེགས་བཀོད་དོ། །འབྱོན་ནོ་འགྲུབ་པོ་དོན་བསམ་མོ། །བྱ་འོ་ཕྱར་རོ་ལྷ་རྒྱལ་ལོ། །བལྟས་སོ་བསྟན་ནོ་ལྷ་ཆོས་པ། །སྒྲུབ་བོ་དགའ་བོ་གསར་མ་པ། །མ་རྙོག་མི་ལྟུང་དགེ་བ་ཅན། །ད་ནི་ཅི་ཕྱིར་ཀྱེ་ཀྱེ་བུ། །ཀྭ་ཡེ་གྲོགས་དག་བརྒོད་ཅིང་མཆིས། །བདེ་ཞིང་དགྱེས་ཤིང་ཡོད་ཅེས་ཐོས། །གསལ་ཞེས་མཛེས་ཤེས་ཞད་ཅིག་གདའ། །ས་མཐར་ཤེས་ཞེས་སྦྱོར་བ་འདི་བཞིན་འཐད་ཀྱང་འཁྲུལ་གཞི་འབྱུང་བར་གཟིགས་ནས་མཁས་པ་ཕྱི་མ་རྣམས་ཀྱིས་མཛད་པ་བཞིན་ད་ལྟར་ལག་རྒྱུན་ལ་མི་བྱེད དོ། །ནམ་ཞིག་གྲོས་ཤིག་གདབ་ཅེ་འོ། །སུ་ཡོད་ཅེ་ན་གང་ཞེ་ན། །མ་བྱས་ཤེ་ན་བྱོས་ཤིག་གུ །འཁོད་ཀྱང་འགྲོ་བའང་དྲན་ན་ཡང་། །རྒྱུག་གམ་འདོང་ངམ་སྡོད་དམ་ཅི། །མདུན་ནམ་རྒྱབ་བམ་ལེགས་སམ་མམ། །བྱའམ་འཆར་རམ་ཅང་ཐལ་ལམ། །རྒྱས་སམ་དེ་དག་དཔལ་འབྱོར་རྣམས། །མཁས་ཏེ་འཆད་དེ་ཀུན་ཆུབ་སྟེ། །དེ་ལྟ་དེ་ལྟར་དེ་བཞིན་སླད། །ཇི་སྙེད་བདེ་དང་ལྡན་ནོ་ལོ། །ལྟ་བུ་དང་། ཡང་སྦྱར་ཡུལ་ལ་མི་ལྟོས་པར་ཡང་རང་ཉིད་ཀྱི་བརྗོད་དོན་གསལ་བར་མཚོན་པ་ཅན་གྱི་འཕྲད་ནི། གང་། ཅི། དེ། འདི། སུ། ཡང་། ནམ། སླར། འོ་ན། ལ་ལ། ཇི། ཞེས་པ་ལྟ་བུ་འཕྲད་རྐྱང་བ་རྣམས་དང་། ཕྲད་གཉིས་གསུམ་སོགས་འདུས་པ། གང་དག །དེ་དག །གང་ རྣམས། དེ་རྣམས། ཇི་སྙེད། དེ་སྙེད། གང་ལྟར། ཇི་ལྟར། གལ་ཏེ་ན། གལ་ཏེ། ཅི་ཞིག །སུ་ཞིག །ཅི་ཕྱིར། གང་ཕྱིར། དེ་སླད། དེ་ལྟ་ན། འོན་ཀྱང། ཅིའང་། ཅི་ནས་ཀྱང་། ཡང་ཡང་། སླར་ཡང་། ཅི་ཞིག་ན་དེ། ནམ་ཞིག་སུའང་ཅི་ཞེ་ན། ཞེས་པ་ལྟ་བུ་རྣམས་དང་། འོ་ན་ཞེས་པ་བསྡུས་པས་འོན་དང། ཅིངའ་ཞེས་པ་བསྡུས་པས་ཅང་དང་། གང་ལ་ལ་ཞེས་པ་བསྡུས་པས་ག་ལ་དང་། གང་ལ་ཞེས་པ་བསྡུས་པས་གལ་ཞེས་པ་ལྟ་བུ་རྣམས་སོ། །དེས་ན་ཚིག་ཕྲད་ཀྱི་རིགས་འདི་འདྲ་ཤིན་ཏུ་མང་བས་འདིར་ཕྱོགས་ཙམ་མཚོན་པའི་ཕྱིར་ཅུང་ཟད་བཀོད་ཀྱི་ཞིབ་མོར་ཡི་གེར་འབྲིར་མ་ལངས་སོ། །འདིར་འགའ་ཞིག་གིས་ལེགས་སྦྱར་གྱི་སྐད་ནི་པཱ་ཏ་བསྒྱུར་བ་ཚིག་ཕྲད་ཡིན་པའི་རྒྱུ་མཚན་གྱིས་བོད་སྐད་ཀྱི་ཚིག་ཕྲད་གང་ཡིན་པ་རྣམས་ཀྱང་ལེགས་སྦྱར་གྱི་ནི་པཱ་ཏ་རྣམས་དང་བསྒྲིག་རུང་བ་ཞིག་དགོས་སོ་སྙམ་དུ་བསམས་ནས་སྨྲ་སྒོ་རྩ་འགྲེལ་ལ་དགག་པ་བརྗོད་པའི་ཞར་དུ་གཞུང་འདི་ལའང་ཟུར་ཟ་བ་དང་། བྱེ་བྲག་རྟོགས་བྱེད་ཆེན་མོ་ལའང་སྐྱོན་གདགས་པར་བྱེད་མོད། དགོངས་པ་ཅན་ཞིག་ཡིན་ན་མ་གཏོགས་མཁས་པའི་གསུང་དུ་མ་མཐོང་སྟེ། སྤྱིར་ལོ་ཙཱ་བ་རྣམས་ཀྱིས་ནི་པཱ་ཏ་ཞེས་པ་ཚིག་ཕྲད་དུ་བསྒྱུར་མོད་ཀྱི། ལེགས་སྦྱར་གྱི་ནི་པཱ་ཏ་ཡིན་ཚད་བོད་སྐད་ཀྱི་ཚིག་ཕྲད་ཡིན་དགོས་པ་དང་། བོད་སྐད་ཀྱི་ཕྲད་ཡིན་ཚད་ནི་པཱ་ཏ་ཡིན་དགོས་པའི་ཁྱབ་པ་སུ་ཞིག་གིས་ཁས་བླངས། ཁྱེད་ཉིད་ཀྱིས་ཁས་བླངས་པས་ནི་གཞན་ལ་གནོད་བྱེད་དུ་མི་འགྱུར་ཏེ། ད་དུང་དམ་བཅའ་དེ་བསྒྲུབ་དགོས་ཤིང་བསྒྲུབས་ཀྱང་མི་འགྲུབ་པའི་ཕྱིར་རོ། །ཅིའི་ཕྱིར་ན་སྔོན་གྱི་ལོ་ཙཱ་བ་རྣམས་ཀྱིས་ནི་པཱ་ཏ་ཚིག་ཕྲད་དུ་སྒྱུར་པའི་དགོངས་པ་ནི། ལེགས་སྒྱར་གྱི། ཙ། པཱ། ཨེ་བ་ལ་སོགས་པ་ནི་པཱ་ཏ་རྣམས་ཕལ་ཆེར་ཚིག་གི་ཕྲད་ལ་འབྱུང་བ་ཤས་ཆེ་བས་ཡིན་གྱི། བོད་སྐད་ཀྱི་ཚིག་ཕྲད་དང་ནི་པཱ་ཏ་གཉིས་ཡིན་ཁྱབ་མཉམ་དུ་དགོངས་པས་དེ་བཞིན་དུ་བསྒྱུར་བ་མ་ཡིན་པའི་ཕྱིར་ཏེ། ལེགས་སྦྱར་གྱི་ནི་པཱ་ཏ་ལ་ཡོད་པའི། སྭར། ཤཱི་གྷྲཾ། ཏཱུརྞཾ། ཀརྟ་བྱཾ། སྭསྟི།མི་ཐྱཱ། ཨུཙྪསྲ། ལྟ་བུ་རྣམས་རིམ་བཞིན་བསྒྱུར་པའི། མཐོ་རིས། མགྱོགས་པ། མྱུར་བོ། བྱ་བ། བདེ་ལེགས། བརྫུན། མཐོན་པོ་ལྟ་བུ་རྣམས་བོད་སྐད་ཀྱི་ཚིག་ཕྲད་མ་ཡིན་པ་དང། བོད་ཀྱི་སྐད་ལ་ཚིག་ ཕྲད་དུའང་བགྲང་ཆོག་པའི་རྣམ་དབྱེའི་རྐྱེན་གྱི་གྱི་ལ་ན་ལྟ་བུ་ཡོད་ཀྱང། ལེགས་སྦྱར་ལ་དེའི་དོད།སྱ། ཡཱསྲ། ཡཱམྲ། ལྟ་བུ་རྣམས་རྣམ་དབྱེའི་རྐྱེན་གྱི་རྗེས་ཙམ་ལས་ནི་པཱ་ཏ་མ་ཡིན་པའི་ཕྱིར་རོ། །སྤྱིར་ཡང་ནི་པཱ་ཏ་ཞེས་པ་སྒྲ་ཐད་ཀློག་ཏུ་བསྒྱུར་ན་ངེས་ཚིག་ཅེས་བྱ་ཞིང་ངེས་པའི་དོན་ཡང་ནི་པཱ་ཏ་ཡིན་པ་རྣམས་ལ་རྟགས་གསུམ་གྱི་དབྱེ་བ་མེད་པ་དང་། རྣམ་དབྱེའི་རྣམ་འགྱུར་ཕལ་ཆེར་མེད་པས་སྒྲའི་གཟུགས་ངེས་པའི་དོན་ཡིན་ཞིང་དེ་དག་ལ་མིང་གི་རྣམ་གྲངས་གཞན་མི་ཟད་པ་ཞེས་ཀྱང་བྱ་ལ། བོད་ཀྱི་ཚིག་ཕྲད་ཅེས་བཏགས་པ་ནི་ཚིག་གི་བར་བར་དུ་མཚམས་སྦྱོར་བའི་འཕྲད་དུ་འབྱུང་བ་ཤས་ཆེ་བའི་རྒྱུ་མཚན་གྱིས་དེ་སྐད་ཅེས་བྱ་བས་མིང་དོན་གྱི་རྒྱུ་མཚན་ཡང་མཚུངས་པ་མ་ཡིན་ནོ། །དེས་ན་བྱེ་རྟོགས་སུ་བོད་བརྡ་ཉིད་ཀྱི་དབང་དུ་བྱས་ནས་སྐབས་སྐབས་ནས་ཚིག་གི་འཕྲད་དུ་འབྱུང་བ་ཞེས་མདོར་བསྟན་ནས་འཕྲད་དུ་འབྱུང་བ་རྣམས་བཀོད་པ་ལ་ནི་པཱ་ཏ་མ་ཡིན་པ་འགའ་ཞིག་མཐོང་བ་ལ་སྐྱོན་དུ་སྨྲ་བ་ནི་ཡ་ཆའོ། །དེ་བཞིན་དུ་སྨྲ་སྒོ་རྩ་འགྲེལ་དུ་གང་ལ་ཞེས་པ་བསྡུས་པས་གལ་དང་ཅི་ཞིག་ན་ཞེས་པ་སྟེ་ནར་བསྒྱུར་ནས་སྦྱར་བས་གལ་ཏེ་ན་ཞེས་གྲུབ་པར་བཤད་པ་སུན་འབྱིན་པའང་ལེགས་བཤད་ཡིན་མིན་བརྟག་དགོས་ཏེ། གལ་ཏེ་ཞེས་པ་དེའི་སྐད་དོད་ཡ་དི་དང་ངེས་པར་སྦྱར་དགོས་ན། ཡ་དི་ཞེས་པ་ཡ་ཏ་ལ་དུས་བརྗོད་པའི་དོན་དུ་རྣམ་དབྱེ་བདུན་པའི་དི་བྱིན་ནས་ཚིག་ཕྲད་ཀྱི་ལུགས་སུ་བསྒྲུབས་ཤིང་ཚིག་ཕྲད་དུ་གྱུར་པ་ཏ་དི་དང་ཏརྷི་ལྟ་བུ་ཡིན་པས་བོད་སྐད་གང་ལ་ཞེའམ་གང་ཚེ་ཞེས་པར་འགྱུར་བས་སྨྲ་སྒོའ་ིའཆད་ཚུལ་དེ་ཕྱོགས་གཅིག་ནས་འགྲིག་པ་མ་ཡིན་ནམ། དེ་བས་ཡ་དིའི་མཐའ་དེ་སྒྲུབ་ཚུལ་ཅི་ཡིན་མ་མཁྱེན་པའི་ཚུལ་བསྟན་པ་དེ་ག་མཚང་ཆེ་བར་དོགས་སོ། །ཡང་ལེགས་སྦྱར་ལ་རྣམ་དབྱེའི་རྐྱེན་དང་ནི་པཱ་ཏ་མི་མཚུངས་པ་ཐུགས་མད་ཀྱང་། བོད་སྐད་གཞིར་གཞག་གི་རྣམ་དབྱེའི་རྐྱེན་ལ་ཚིག་ཕྲད་དུ་བརྗོད་པ་མི་འགལ་ཏེ། རྐྱེན་དེ་དག་ཚིག་ཕན་ཚུན་མཚམས་སྦྱོར་བའི་ཕྲད་ཀྱི་དོན་ལས་མི་འདའ་བའི་ཕྱིར་རོ། །རྣམ་དབྱེ་རྐྱེན་ཙམ་དང་ཚིག་ཕྲད་མིང་ངམ་ཚིག་ཡིན་པས་ཁྱད་ཆེའོ་སྙམ་པ་སྲིད་ཀྱང་། གང་སྨོས་སྦྱོར་ཡུལ་གཞན་མེད་པར་རང་ཉིད་གཅིག་པུ་བརྗོད་ན་དོན་མི་གསལ་བའི་ཕྲད་རྐྱང་དེ་རྣམས་ཀྱང་རྐྱེན་ཙམ་ཡིན་གྱི་མིང་ཚིག་གང་ཡང་མ་ཡིན་ནོ། །འོ་ན་ལེགས་སྦྱར་གྱི་ཙ་དང་ཙེཏྲ་བསྒྱུར་བའི་དང་དང་ན་ལྟ་བུའང་རྐྱེན་དུ་འདོད་དགོས་པས་ཧ་ཅང་ཐལ་ལོ་སྙམ་ན་གོང་སྨོས་ལྟར་སྐད་གཉིས་དོན་ཐོག་ཏུ་དབབ་དུས་མཚུངས་ཕྱིན་རྐྱེན་དང་མིང་སོགས་ཡིན་མཉམ་དགོས་པར་བསམས་པ་ནི་དེ་བས་ཀྱང་ཐལ་ཆེས་ཏེ། དཔེར་ན། ནཱ་རཱ་ཡ་ཎ། ཞེས་པར་ན་ར་སྲེད་མེད་དང་། ཨཱ་ཡ་ན་ཎ་ཀྱི་རྐྱེན་དོན་བུར་བསྒྱུར་བ་ན་བོད་སྐད་བུ་ཞེས་པ་མིང་ཡིན་གྱི་རྐྱེན་མ་ཡིན་པ་དང་། སརྦཱི་ཡ་ཞེས་པར་སརྦྦ་ཀུན་དང་ཨཱི་ཡའི་དོན་ཕན་པར་བསྒྱུར་བ་ན་ཕན་པ་རྐྱེན་མ་ཡིན་པ་སོགས་མཐའ་ཡས་པའི་ཕྱིར་རོ། །ལེགས་སྦྱར་གྱི་ལུགས་ལའང་༼ཀྟྭཱ་༽ དང་ཏ་བྱ་དང་ཏུ་མུན་ལ་སོགས་པ་རྐྱེན་ཡིན་མོད་ཀྱི་དེའི་མཐའ་ནི་པཱ་ཏའང་ཡིན་པས་རྐྱེན་དང་ནི་པཱ་ཏ་རྣམ་པ་ཀུན་ཏུ་འགལ་བར་བསམས་ནའང་མི་རུང་ངོ། །ཡང་སྐད་དོད་ལ་རྣམ་དབྱེ་དབྱི་བར་མི་ངེས་པའི་རྒྱུ་མཚན་གྱིས་གང་ཅི་དེ་སོགས་ཚིག་ཕྲད་མིན་ཞེས་གསུངས་པའང་བྱེ་བྲག་མ་ཕྱེ་པའི་གསུངས་ཏེ། དེ་དག་གི་སྐད་དོད་ཡཏྲཏཱཏ་ཀིཾ་སོགས་རྒྱུ་མཚན་སོགས་ཀྱི་དོན་ལ་འཇུག་པའི་ཚེ། ནི་པཱ་ཏ་ཡིན་པ་འཆི་མེད་མཛོད་སོགས་སུ་གསལ་ཞིང་སརྦ་ནཱ་མའི་སྐབས་སུ་ནི་པཱ་ཏ་མ་ཡིན་པའང་སྒྲ་གཞུང་རྣམས་སུ་གསལ་བས་དེ་དག་མ་ཕྱེད་པར་སྤོམ་ཡོར་གྱིས་གཞན་ལ་རྒོལ་བར་སྣང་བའི་ཕྱིར་རོ། །དེས་ན་འཆི་མེད་མཛོད་སོགས་གཟིགས་པའི་ཞལ་རྦད་ཀྱང་དེ་ཙམ་དུ་བས་སོ། །ཡང་དོན་དམ་པར་དབྱེར་མེད་ན་ཞེས་པ་ལྟ་བུའི་ན་དེ་ལ་དོན་འཆད་པའི་ནུས་པ་མེད་པར་བཤད་འདུག་པ། ཕྱི་ཚིག་མི་མཐུན་པར་སྟོན་པའི་ནུས་པ་ནའི་སྒྲ་དེ་ལ་མེད་ན་དོན་དམ་དུ་དབྱེར་མེད་ཅེས་ཚིག་སྔ་མ་དང་ཀུན་རྫོབ་ཏུ་དབྱེར་ཡོད་ཅེས་ཚིག་ཕྱི་མ་དག་སོ་སོའ་ིངོ་བོ་བརྗོད་པ་ཙམ་ཡིན་པའི་ཕྱིར་དེ་གཉིས་ལ་མི་མཐུན་པར་སྟོན་པའི་ནུས་པ་དེ་བས་ཀྱང་མེད་དོ། །གཞན་ཡང་མི་འཐད་པ་དུ་མ་ཞིག་སྣང་ཡང་དགག་པའི་སྤྲོས་པ་མ་བྱས་ལ། སྨྲ་སྒོ་རྩ་འགྲེལ་དང་སྨྲ་བ་ཀུན་ལ་འཇུག་པའི་སྒྲའི་བསྟན་བཅོས་རྩ་འགྲེལ་འདི་རྣམས་ལའང་མི་འཐད་པ་ཤིན་ཏུ་མང་ཞིང་མཁས་པ་གཞན་གྱིས་གནོད་བྱེད་བརྗོད་པ་གནད་དུ་སོང་བའང་མང་བར་སྣང་བས་འཕགས་ཡུལ་མཁས་པའི་ལེགས་བཤད་ནི་མིན་པར་ངེས་མོད། འོན་ཀྱང་སུམ་ཅུ་པའི་སྐབས་སུ་འགའ་ཞིག་དྲངས་པ་སོགས་གཞུང་འདིའི་དོན་དང་སྐབས་འགར་མཐུན་པའི་ལེགས་བཤད་མང་དག་ཀྱང་འདུག་པས་རྣམ་པ་ཀུན་ཏུ་འདོར་བྱ་ནི་མ་ཡིན་ནོ། །རྗེས་འཇུག་གི་དགོས་པ་དངོས་བཤད་པ།དེ་ལྟར་གལ་ཆེ་བའི་འཕྲོས་དོན་ཅུང་ཟད་བཤད་ནས། བཞི་པ་རྗེས་འཇུག་གི་ཡི་གེ་རྣམས་དགོས་པ་ཅིའི་ཕྱིར་འཇུག་པ་འཆད་པ་ལ། རྗེས་འཇུག་གི་དགོས་པ་དངོས་བཤད་པ་དང་། ཞར་བྱུང་ཡི་གེའི་འཇུག་པ་སྤྱིའི་དགོས་པ་བཤད་པ་གཉིས། དང་པོ་ནི།ཅི་ཕྱིར་འཇུག་པར་བྱེད་ཅེ་ན། །ཡི་གེའི་ཁོངས་ནས་མིང་དབྱུང་སྟེ། །མིང་གི་ཁོངས་ནས་ཚིག་ཕྱུང་ནས། །ཚིག་གིས་དོན་རྣམས་སྟོན་པར་བྱེད། །ཅེས་པས་བསྟན་ཏེ། རྗེས་འཇུག་གི་ཡི་གེ་བཅུ་པོ་དེ་རྣམས་དགོས་པ་ཅིའི་ཕྱིར་དུ་འཇུག་པར་བྱེད་ཅེ་ན། སྔོན་འཇུག་ཡོད་མེད་གང་ཡང་རུང་བའི་མིང་གཞིའི་ཡི་གེ་གཅིག་གམ་གཉིས་སམ་དུ་མ་འདུས་པ་ཡིན་ཡང་རུང་རྗེས་འཇུག་ཡི་གེ་གང་རུང་ཞིག་མ་ཞུགས་པར་དོན་གྱི་ངོ་བོ་སྟོན་པའི་མིང་དུ་གྲུབ་པ་མི་སྲིད་པས་ཡི་གེའི་ཁོངས་ནས་མིང་དབྱུང་བར་བྱ་བའི་ཕྱིར་དང། མིང་གཅིག་གམ་གཉིས་སམ་དུ་མ་སྦྲེལ་དུ་ཟིན་ཀྱང་མཚམས་སྦྱོར་བར་བྱེད་པའམ་དོན་གསལ་བར་བྱེད་པའི་རྣམ་དབྱེ་དང་ཕྲད་སོགས་ཕལ་ཆེར་རྗེས་འཇུག་ལས་བྱུང་ཞིང་རྗེས་འཇུག་ལ་ལྟོས་པ་དེ་རྣམས་མ་ཞུགས་ན་དོན་གྱི་ཁྱད་པར་བརྗོད་པའི་ཚིག་ཏུ་འགྲུབ་པ་མི་སྲིད་པས་མིང་གི་ ཁོངས་ནས་ཚིག་དབྱུང་བའི་ཕྱིར་འཇུག་སྟེ། དེ་ལྟ་བུའི་ཚིག་གིས་འཇིག་རྟེན་དུ་དོན་རྣམས་རྗོད་པར་བྱེད་པའི་ཕྱིར་དོན་མཚོན་པའི་བརྗོད་པ་ཇི་སྙེད་པའང་རྗེས་འཇུག་གི་ཡི་གེ་རྣམས་འཇུག་པའི་དགོས་པར་གྲུབ་བོ་ཞེས་སོ། །སྐབས་འདིར་མིང་ཚིག་བརྗོད་པ་གསུམ་པོ་ཇི་ལྟར་དབྱེ་བའི་ཚུལ་ནི།བྱཱ་ཀ་ར་ཎའི་ལུགས་ལ་རྣམ་དབྱེའི་མཐའ་ཅན་ནི་ཚིག་གོ། རྣམ་དབྱེ་མེད་པ་ནི་མིང་ངོ་། །ཞེས་འབྱུང་ཡང་། བོད་སྐད་ལ་རྣམ་དབྱེ་དང་པོའ་ིགཅིག་ཚིག་མིང་ཙམ་ལས་ལོགས་སུ་དབྱེར་མེད་ཅིང་། དག་དང་རྣམས་ཀྱི་ཕྲད་ཀྱིས་གཉིས་ཚིག་དང་མང་ཚིག་མཚོན་ཡང་ད་དུང་དེ་དག་གི་མཐར་རྣམ་དབྱེ་གཞན་འཇུག་པ་སོགས་ཀྱིས་རྣམ་གཞག་དེ་ལྟ་བུ་སྦྱར་དུ་མི་རུང་བ་དང་། ཆོས་མངོན་པའི་ལུགས་ཀྱི་ཡི་གེ་དུ་མ་འདུས་པ་ལས་མིང་། མིང་དུ་མ་འདུས་པ་ལས་ཚིག་ཅེས་གསུངས་པའང་སྤྱིར་བཏང་རགས་པ་ཙམ་ཡིན་པས་འདིར་ཕྲ་བའི་དབང་དུ་བྱས་ན་མི་འབྱོར་བས་སྐབས་འདིར་ནི་བོད་སྐད་གཞིར་གཞག་གིས་གང་ཞིག་ཡི་གེ་གཉིས་སམ་མང་པོ་འདུས་པའང་རུང་དོན་གྱི་ངོ་བོ་ཙམ་སྟོན་པའི་སྒྲ་ནི་མིང་ཡིན་ཞིང་། མིང་དེ་ཉིད་རྣམ་དབྱེའམ་ཕྲད་གང་རུང་དང་ལྡན་པས་དོན་གྱི་ཁྱད་པར་སྟོན་པར་བྱེད་པ་རྣམས་ནི་ཚིག་དང་། ཚིག་མང་པོ་སྦྲེལ་ནས་དོན་དང་ལྡན་པའི་ངག་གི་ཕྲེང་བར་གྲུབ་པ་ནི་བརྗོད་པ་ཞེས་བྱའོ། །དེའང་བསྟན་བཅོས་འདི་ཡི་ལུགས་ཀྱིས་དབྱངས་ཡིག་སྲོག་ཞུགས་མི་བཞེད་པས་དེ་ལྟ་བུ་ཡི་གེ་གཅིག་ཡིན་ཡང་བཤད་མ་ཐག་པ་ལྟར་རྗེས་འཇུག་དངོས་སུ་མེད་ཀྱང་དོན་གྱིས་ཐོབ་པས་དའ་ཞེས་ཡི་གེ་གཉིས་སུ་འགྱུར་བ་དེ་ལྟ་བུ་ནི་ཡི་གེ་གཉིས་ཚོགས་པའི་མིང་གི་མཚན་གཞི་དང་། དེ་བཞིན་དུ། དཔལ། དགའ་བ། སྒྲུབ་པ། བསོད་ནམས་ལྟ་བུ་རིམ་བཞིན་ཡི་གེ་གསུམ་བཞི་ལྔ་དྲུག་འདུས་པའི་མིང་དུ་ཤེས་པར་བྱ་ཞིང་ཡི་གེ་དེ་ལས་མང་བ་འདུས་པའི་མིང་རྣམས་ཀྱང་མཚོན་པར་བྱའོ། །ཡང།སྒྱུ་འཕྲུལ་ཆེན་མོ། རྡོ་རྗེ་འཛིན་དབང་། སྲེད་མེད་བུ། ལྟ་བུ་རྣམས་ནི་ཚིག་གཉིས་སམ་མང་པོ་བསྡུས་ནས་མིང་གཅིག་ཏུ་བྱས་པ་སྟེ། དོན་གྱི་ཁྱད་པར་དེ་དག་དང་ལྡན་པའི་མིང་ཅན་དེའི་ངོ་བོ་ཙམ་བརྗོད་པའི་ཕྱིར་མིང་ལས་མི་འདའོ། །འདི་འདྲ་ཕལ་ཆེར་ལ་བར་གྱི་རྣམ་དབྱེ་དང་ཕྲད་རྣམས་བསྡུས་པ་མང་ཡང་མ་བསྡུས་པའང་། དེ་བཞིན་གཤེགས་པ། ཀུན་ཏུ་བཟང་པོ། འཁོར་ལོའ་ིདབང་ཕྱུག། ལྟ་བུ་ཅི་རིགས་པར་འབྱུང་བས་དེ་འདྲ་རྣམས་ལ་ཕྲད་དང་རྣམ་དབྱེ་ཡོད་པས་ཚིག་ཏུ་འཁྲུལ་བར་མི་བྱ་སྟེ་སྤྱི་ལྡོག་ནས་མིང་ཅན་དེའི་དོན་གྱི་ངོ་བོ་ཙམ་སྟོན་པས་མིང་ཉིད་ཡིན་པའི་ཕྱིར། དཔེར་ན། ལེགས་སྦྱར་ལ། ཀེ་ཤ་ཞེས་པ་མགོར་ཉལ་ཏེ་མིང་དེའི་ནང་ན་དོན་གྱི་ཁྱད་པར་སྟོན་པའི་ཚིག་མངོན་གྱུར་དུ་ཡོད་ཀྱང་སྤྱི་ལྡོག་ནས་སྒྲའི་ངོ་བོ་ཙམ་ཞིག་ལས་མི་སྟོན་པའི་ཕྱིར་མིང་ཡིན་པ་ལྟ་བུའོ། །ཡང་ལྷ་མོ་དང་སྦྱིན་སྐྱེས་ལྟ་བུ་ནི་ལེགས་སྦྱར་ལ་མིང་གཅིག་ཉིད་ལ་མོ་རྟགས་དང་བུ་བརྒྱུད་ཀྱི་རྐྱེན་སོགས་ཀྱིས་བསྒྱུར་བ་ཡོད་ཀྱང་བོད་སྐད་ལ་དེ་འདྲའི་རྐྱེན་མེད་པས་མིང་གཉིས་བསྡུས་པ་ཡིན་ཞིང་། བདེ་བ་ཅན་ལྟ་བུ་ཕྲད་ཀྱི་མཐའ་ཡིན་ཡང་ཞིང་ཁམས་ཀྱི་མིང་དུ་བྱེད་པའི་ཚེ་དོན་གྱི་ངོ་བོ་སྟོན་པའི་ཆ་ནས་མིང་ཡིན་ཞིང་། བདེ་བ་དང་ལྡན་པ་ཙམ་བརྗོད་རྒྱུ་ཡིན་ན་དོན་གྱི་ཁྱད་པར་སྟོན་བྱེད་ཡིན་པས་ཚིག་ཏུ་འགྱུར་ཏེ་སྐབས་ཐོབ་ཀྱིས་ཤེས་པར་བྱའོ། །དེ་བཞིན་དུ་འཕྲད་རྣམས་ལའང། གང། དེ། འདི། ལྟ་བུ་རྣམས་ལ་མིང་ཙམ་དང། གང་དག། གང་ཕྱིར། དེ་ལྟ་བུ། འོན་ཀྱང་། དེ་ལྟ་ན། ལྟ་བུ་རྣམས་ཚིག་དང་། ན། ལ། སྟེ། ལྟ་བུ་རྣམས་མིང་ཚིག་གང་ཡང་མ་ཡིན་པར་གོ་དགོས་ཤིང་། རྣམ་དབྱེ་གཉིས་པ་ནས་བདུན་པའི་བར་དང་། གཉིས་དང་མང་པོའ་ིཚིག་ཕྲད་དང། བོད་པའི་སྒྲ་སོགས་སྦྱར་བ་རྣམས་ནི་ཚིག་ཁོ་ན་ཡིན་ནོ། །དེས་ན་ཕྲད་ཙམ་གྱིས་ཚིག་ཏུ་གྲུབ་པ་རྣམས་ཀྱི་མཐར་ནི་སླར་ཡང་ཕྲད་དང་རྣམ་དབྱེ་ཅི་རིགས་པར་འཇུག་པ་ཡོད་ལ་རྣམ་དབྱེས་ཚིག་ཏུ་གྲུབ་པ་རྣམས་ཀྱི་མཐར་ནི་སླར་རྣམ་དབྱེ་འཇུག་པ་མ་ཡིན་ཞིང་འཕྲད་འགའ་ཞིག་འཇུག་པ་ཡོད་དེ། དཔེར་ན། དེ་ཡིས་ཀྱང། ཁྱོད་ཀྱི་ནི་ལྟ་བུ་རྣམས་སོ། །ཚིག་བསྡུས་ནས་མིང་དུ་གྱུར་པ་དེ་རྣམས་ཀྱི་མཐར་ཡང་ཕྲད་དམ་རྣམ་དབྱེ་སྦྱར་བས་དོན་གྱི་ཁྱད་པར་སྟོན་པར་བྱེད་ན་ཚིག་ཏུ་འགྱུར་བ་སོགས་ཞིབ་མོའ་ིབློས་དཔྱད་པར་བྱ་སྟེ་ཁྱད་པར་མཐའ་དག་ནི་འདིར་འབྲི་བར་མ་ལངས་སོ། །ཡང་བརྗོད་པ་ཞེས་བྱ་བའང་སྤྱིར་མིང་ཚིག་ཡི་གེ་གང་ཡང་རུང་ངག་གིས་བརྗོད་པས་ཐམས་ཅད་ལ་སྦྱར་དུ་རུང་ཡང། སྙན་ངག་གི་གཞུང་དུ་བརྗོད་པ་དང་གཏམ་གཉིས་རིགས་ གཅིག་པར་བཤད་པ་བཞིན་མིང་ཚིག་བརྗོད་པ་གསུམ་དུ་དབྱེ་བའི་བརྗོད་པ་ནི་ཚིག་ཏུ་མ་འདུས་པའི་ངག་གི་ཕྲེང་བ་ཉིད་ཡིན་ཞིང་། དེ་ལ་མིང་གཞན་གཏམ་ཞེས་ཀྱང་བྱ་སྟེ། པདྨ་དཀར་པོ་ལྟར་རྣམ་པར་མཛེས་པའི་བྱང་ཆུབ་སེམས་དཔའ་མཁས་པ་རྣམས་ནི་འཇིག་རྟེན་གྱི་རྒྱན་དུ་གྱུར་པ་ཡིན་ནོ།། ཞེས་པ་ལྟ་བུའོ། །འདི་ཐད་ཀྱི་ཞ་ལུའི་འགྲེལ་བར་གནས་བརྒྱད་ཆེན་མོའ་ིརྗེས་སུ་འབྲང་བའི། སྒྲ་དང་སྐད། མིང་དང་མཚན་མ། བརྡ་དང་ཐ་སྙད།ཚིག་དང་དོན་ཏེ་ཡི་གེ་འཇུག་པའི་གནས་བརྒྱད་ཀྱི་བཤད་པ་ཞིག་འབྱུང་བ་ཕལ་ཆེར་ལེགས་བཤད་དུ་ཡོད་ཀྱང་། བོད་སྐད་ཟུར་ཆག་ཏུ་མཛད་པ་ཅུང་མི་ལེགས་ཏེ། སྐད་རིགས་བཞི་ནི་འཕགས་ཡུལ་གྱི་དབང་དུ་བྱས་ནས་བཞག་ལ།སྙན་ངག་མེ་ལོང་དུ།བསྟན་བཅོས་རྣམས་ལ་ལེགས་སྦྱར་ལས། །གཞན་པ་ཟུར་ཆག་ཉིད་དུ་བརྗོད། །ཅེས་འབྱུང་བའང་འཕགས་ཡུལ་གྱི་དབང་དུ་བྱས་པའི་ཕྱིར། གཽ་ཌཱ་ལ་སོགས་པ་ཡུལ་འཁོར་ཆེན་པོ་ལ་བརྟེན་པའི་རང་བཞིན་གྱི་སྐད་རྣམས་ནི། ཏྭ་མ་ལ་ཏུ་མི་དང་། ཨ་ཧཾ་ལ་ཧ་མི་དང་། སཱ་དྲྀ་ཤ་ལ་ས་རི་ཥ་དང་། ཨགྣི་ལ་ཨ་གིན་དང་། རཏྣ་ལ་ར་ཏན་ལྟ་བུ་ལེགས་སྦྱར་གྱི་ཟུར་ཉམས་པ་ཁོ་ན་ཡིན་པ་དང་། རྒྱ་གར་མཐའ་འཁོབ་ཀྱི་བ་ལང་རྫི་ལ་སོགས་པའི་སྐད་རྣམས་ནི་རང་བཞིན་གྱི་སྐད་དེ་རྣམས་ཉིད་ལས་ཟུར་ཉམས་པར་འདོན་པ་ཙམ་ཡིན་པ་དང། ཤ་ཟའི་སྐད་ཅེས་པའང་ཟློས་གར་གྱི་བསྟན་བཅོས་སུ་འབྱུང་སྟེ།ཨཱཪྻཔུ་ཏྲ་ཞེས་པར། ཨཛྫ་ཨུཏྟ་དང་། ཡ་དྱེ་བཾ་ཞེས་པར། ཛ་ཨི་ཨེ་དྷཾ་དང་།ཀུ་ལ་པྲ་བྷོ་ཞེས་པར། ཀུ་ལཔྲ་ཧུཎོ་ཞེས་པ་ལྟ་བུ་ལེགས་སྦྱར་གྱི་ཟུར་ཤིན་ཏུ་ཉམས་པ་ཙམ་ཡིན་པས་སྐད་རིགས་དེ་དག་ཐམས་ཅད་ལེགས་སྦྱར་ལས་ཟུར་ཆག་པ་ཉིད་དུ་མཚུངས་པའི་ཕྱིར་ལེགས་སྦྱར་ལས་གཞན་པའི་སྐད་ཐམས་ཅད་ཟུར་ཆག་ཏུ་གསུངས་པ་ཡིན་གྱི། བོད་དང་རྒྱ་ནག་ལྟ་བུའི་སྐད་རྣམས་ནི་ལེགས་སྦྱར་གྱི་ཟུར་ཆག་པ་མ་ཡིན་པའི་ཕྱིར་ཟུར་ཆག་ཏུ་འཇོག་པའི་རྒྱུ་མཚན་ཅིའང་མེད་དོ། །འོན་ཀྱང་བོད་དང་རྒྱ་ནག་སོགས་ཀྱི་ཡུལ་དབུས་པའི་སྐད་བསྟན་བཅོས་སུ་གྲགས་པ་རྣམས་ལ་ལྟོས་ནས་སོ་སོའ་ིམཐའ་འཁོབ་པའི་སྐད་སོགས་དེ་ལས་མ་དག་པར་འདོན་པ་རྣམས་ཡུལ་དེ་དང་དེའི་ཟུར་ཆག་གི་སྐད་ཡིན་ནོ་ཞེས་སྨྲ་ན་ནི་འོས་པ་ཙམ་མོ། །དེས་ན་བོད་སྐད་རྒྱ་གར་གྱི་སྐད་རིགས་བཞིའི་ཁོངས་སུ་མི་ཆུད་པས་སྐད་རིགས་དེ་བཞི་ལས་འདི་ཡིན་ཞེས་ངོས་གཟུང་མི་དགོས་ཀྱང་རུང་མཐུན་སྦྱོར་ན་རང་བཞིན་གྱི་སྐད་ཡིན་བྱས་པས་ཆོག་སྟེ་པྲཱ་ཀྲྀ་ཏ་ཞེས་པ་ཕལ་བ་ལ་འཇུག་པས། རྒྱ་གར་གྱི་ཡུལ་འཁོར་ཆེན་པོར་གྲགས་པའི་ཕལ་སྐད་བཞིན་དུ། བོད་ཡུལ་གྱི་ཕལ་སྐད་དམ་རང་བཞིན་གྱི་སྐད་ཡིན་པའི་ཕྱིར་རོ། །ཡང་མིང་གི་སྐབས་སུ་བརྡ་སྤྲོད་པའི་ལུགས་ཀྱི་རྣམ་དབྱེའི་མཐའ་ཅན་ཞེས་བྱུང་ཡང་ཡིག་ནོར་དུ་གོར་མ་ཆག་སྟེ་ཁོང་ལྟ་བུའི་མཁས་པ་ཆེན་པོ་ལ་དེ་ཙམ་གྱི་འཁྲུལ་བ་ག་ལ་འབྱུང། ཞ་ལུའི་གསུང་གི་རྗེས་ཟློས་མཛད་པར་རློམ་མཁན་ཕྱིས་ཀྱི་འགྲེལ་བྱེད་ཅིག་གིས་ནི་དེ་ཙམ་ལའང་རྟོག་དཔྱོད་མ་ཞུགས་པར་ཚིག་དེ་ཉིད་བཤུས་ཤིང་མིང་གི་ངེས་ཚིག་ནཱ་མའི་སྒྲ་ལས་དྲངས་ཏེ་ལེགས་པར་བཤད་པ་མ་རྟོགས་ནས་གཞན་དུ་དྲངས་པ་དང་། སྨྲ་བར་བྱེད་པའི་དུས་ཅན་གྱི་བདག་ཉིད་ཅེས་པའི་འབྲུ་དོན་མ་གོ་བར་སྨྲ་བར་བྱེད་པའི་འདུས་བྱས་ཀྱི་བདག་ཉིད་ཅེས་འདོན་པ་དང་། ཐ་སྙད་ཀྱི་དོན་ལ་འགལ་བ་མང་པོ་སྤྲོས་པ་སོགས་རྗེས་ཟློས་བྱེད་ཕྱིན་རྗེས་ཟློས་གྱུར་མོ་ལུགས་དེ་ལེགས་པ་ལ་དེའང་མིན་པའི་མཁས་ཁྱད་འདོད་པས་རྗེས་ཟློས་ཀྱང་མ་འཁྱོར་བ་དེར་གདའོ། །ཞར་བྱུང་ཡི་གེའི་འཇུག་པ་སྤྱིའི་དགོས་པ་བཤད་པ།གཉིས་པ་ཞར་བྱུང་ཡི་གེའི་འཇུག་པ་སྤྱིའི་དགོས་པ་བཤད་པ་ལ། ཡི་གེའི་འཇུག་པ་རྣམས་ཀྱི་རང་བཞིན་གྱི་དགོས་པ་བཤད་པ་དང་། ཡི་གེའི་འཇུག་པ་ཇི་ལྟར་སྦྱོར་བའི་ཚུལ་གྱི་བསྟན་བཅོས་འདི་ཉིད་བརྩམས་པའི་དགོས་པ་བཤད་པ་གཉིས། དང་པོ་ལ་དགོས་པ་ལྡོག་ཕྱོགས་ནས་བསྟན་པ་དང་། ཉིང་དགོས་ལྡོག་ཕྱོགས་ནས་བསྟན་པའོ། ། དང་པོ་ནི།མོ་ཡི་ཡེ་གི་མེད་པ་ན། །ཕོ་ཡིག་བརྗོད་པ་མེད་པར་འགྱུར། །ཕོ་ཡིག་དེ་དག་རྣམས་ལ་ཡང་། །འཇུག་པར་བཅས་པ་མེད་ན་ནི། །མིང་དང་ཚིག་ཀྱང་གསལ་མི་ནུས། །མིང་ཚིག་གསལ་བ་མེད་ན་ནི། །དོན་རྣམས་བརྗོད་པར་མི་འགྱུར་རོ། །ཞེས་པས་བསྟན་ཏེ། མོ་ཡི་ཡི་གེ་གི་གུ་སོགས་ཨཱ་ལི་བཞི་པོ་མེད་ན་ཕོ་ཡིག་ཀཱ་ལི་རྣམས་ཁོ་ནས་བརྗོད་པ་མེད་པར་འགྱུར་ཏེ་ཨཱ་ ལི་རྣམས་ལ་ལྟོས་པའི་བརྗོད་པ་དེ་སྙེད་མི་ཚང་བར་འགྱུར་བའི་ཕྱིར་དང་། ཕོ་ཡིག་ ཀཱ་ལི་དེ་དག་རྣམས་ལའང་ཨཱ་ལི་དང་ལྡན་མི་ལྡན་ཇི་ལྟར་ཡང་འཇུག་པར་བཅས་པ་སྟེ་འཇུག་པའི་ཡི་གེ་བཅུ་མེད་པར་གྱུར་ན་ནི་དོན་གྱི་ངོ་བོ་སྟོན་པའི་མིང་དང་དོན་གྱི་ཁྱད་པར་སྟོན་པའི་ཚིག་ཀྱང་གསལ་བར་མི་ནུས་ཏེ། ཡི་གེའི་ཁོངས་ནས་མིང་ཕྱུང་སྟེ། །ཞེས་སོགས་བཤད་མ་ཐག་པ་ལྟ་བུའི་རྒྱུ་མཚན་གྱི་ཕྱིར་དང་། མིང་དང་ཚིག་གསལ་བར་གྱུར་པ་མེད་ན་ནི་དོན་གྱི་རྣམ་པ་རང་དང་གཞན་ལ་མཚོན་ཞིང་གོ་བར་བྱེད་པའི་བརྗོད་པ་རྣམས་ཀྱང་མེད་པར་འགྱུར་རོ། །དེས་ན་ཨཱ་ལི་རྣམས་ནི་ཀཱ་ལིའི་ཡི་གེ་རྣམས་ཀྱི་བརྗོད་པའི་ཡན་ལག་ཡོངས་སུ་རྫོགས་པའི་ཕྱིར་དང་། འཇུག་པའི་ཡི་གེ་རྣམས་ནི་མིང་ཚིག་གསལ་བར་བྱ་བའི་ཕྱིར་དང་། ཡི་གེའི་འཇུག་པ་མཐའ་དག་དང་ལྡན་པའི་མིང་ཚིག་རྣམས་ནི་དོན་ཇི་སྙེད་པ་དག་མཚོན་ཅིང་བརྗོད་པའི་ཕྱིར་འཇུག་པར་མཁས་པ་རྣམས་ལ་རབ་ཏུ་གྲགས་ཤིང་གྲུབ་པའང་ཡིན་པས་ཡི་གེ་དང་ཡི་གེའི་ཚོགས་དང་སྦྱོར་བ་དེ་རྣམས་ནི་རང་གི་ངང་གིས་དོན་ནམ་དགོས་པ་དང་བཅས་པ་ཡིན་ནོ་ཞེས་པའོ། །འདིར་འགྲེལ་བྱེད་ཁ་ཅིག་གིས་མོ་ཡིག་ཅེས་པ་མིང་གཞི་ཕོ་མོ་མ་ནིང་གསུམ་དུ་དབྱེ་བའི་མོ་ཡིག་རྣམས་ལ་ངོས་བཟུང་ནས་དེ་ནས་ཕྱུང་བའི་འཇུག་པའི་ཡི་གེ་རྣམས་མེད་ན་མིང་གཞིའི་ནང་ཚན་ཕོ་ཡིག་རྣམས་ཀྱི་བརྗོད་པ་དོན་མེད་པར་འགྱུར་ཞེས་བཀྲལ་མོད། ཤིན་ཏུ་མི་འཐད་དེ། སྤྱིར་མོ་ཡིག་རྣམས་ཞེས་ཟེར་ཡང་ཡང་ཏིག་འཇུག་པའི་ཡི་གེ་བཅུར་དམིགས་རྩེ་གཏད་པས་དེ་དག་མེད་ན། ཕོ་ཡིག་ཀ་ཅ་ཏ་པ་ཙ་ལྔ་པོའ་ིབརྗོད་པ་དོན་མེད་པར་འགྱུར་ཞེས་འཇུག་པའི་ཡི་གེ་རྣམས་མེད་པའི་ཉེས་པ་དེ་འཇུག་ཡུལ་གྱི་ཡི་གེ་ཐམས་ཅད་དང་སྦྱར་རིགས་པ་ལ་ཕོ་ཡིག་ཉི་ཚེ་བ་དེ་རྣམས་ཁོ་ན་དང་སྦྱར་བ་ལ་དམིགས་བསལ་གྱི་དགོས་པ་ཅིའང་མེད་པའི་ཕྱིར་དང་། མོ་ཡིག་འཇུག་པ་བཅུར་ཁས་བླངས་ནས་ཕོ་ཡིག་ཀཱ་ལི་ཐམས་ཅད་ལ་འདོད་ནའང་མི་རུང་སྟེ་འཆད་འགྱུར། འཇུག་པར་བཅས་པ་མེད་ན་ནི། །མིང་དང་ཚིག་ཀྱང་གསལ་མི་ནུས། །ཞེས་པ་དང་ཟློས་པར་འགྱུར་བའི་ཕྱིར་རོ། །འདི་ལྟར་འཆད་མཁན་ཕྱི་མ་ཞིག་གིས་ཞ་ལུ་བའི་གསུང་རྒྱབ་སྐྱོར་དུ་དྲངས་མོད་ཀྱི། ཞ་ལུ་བས་ནི་འདིར་བསྟན་གྱི་ཕོ་མོ་སོ་སོར་གང་ཡིན་ངོས་བཟུང་བ་མི་འདུག་ཀྱང་ཁོ་རང་གིས་ཤླཽ་ཀ་སྔ་ཕྱིའི་འགྲེལ་བའི་མཚམས་མ་ཕྱེད་པས་ནོངས་པར་སྣང་ངོ་། །རྒྱས་འགྲེལ་དེ་ཙམ་གྱི་ཐུགས་ཁུར་བ་བཞེས་པ་ལ་ཁུངས་སུ་མཛད་རྒྱུའི་ཕྱག་དཔེ་དེར་ཐུགས་རྟོག་ཞིབ་མོ་ཙམ་ཡང་མི་མཛད་པ་ནི་ཡ་མཚན་པའི་གནས་སོ། །འགྲེལ་བྱེད་འདིས་མོ་ཡིག་འདིར་བསྟན་གྱི་ཨཱ་ལི་བཞི་ལ་ངོས་འཛིན་མཁན་ཚོར་དགག་པ་མང་དུ་མཛད་མོད། ཕྱོགས་སྔ་དེ་རྣམས་ཀྱིས་དབྱངས་ཡིག་སྲོག་ཞུགས་ཀྱི་ཐ་སྙད་བོད་ཡིག་ལ་སྦྱར་བ་ཡོད་ན་ནི་སྐྱོན་དེ་དག་འགྲོ་བར་སྣང་ཡང་ཕལ་ཆེར་གྱིས་ཨཱ་ལི་ཞེས་པ་གི་གུ་སོགས་ལ་བསམས་པ་འདྲ་བས་དེ་ལྟ་ན་ཕྱོགས་སྔའི་ནམ་མ་ལངས་པར་དགག་ གཞག་གི་ཉི་མ་ཤར་ཟེར་བ་དེ་བྱུང་སྣང་ངོ་། །ཉིང་དགོས་ལྡོག་ཕྱོགས་ནས་བསྟན་པ།གཉིས་པ་ཉིང་དགོས་ལྡོག་ཕྱོགས་ནས་བསྟན་པ་ནི།དེ་ལྟར་གྱུར་ན་འཇིག་རྟེན་དུ། །དོན་མཚོན་བརྗོད་པ་ཀུན་ཀྱང་མེད། །རིག་བྱེད་སྨྲ་བའང་ཡོད་མི་འགྱུར། །ཉན་ཐོས་རང་རྒྱལ་སངས་རྒྱས་ཀྱི། །བསླབ་པ་རྣམས་ཀྱང་མེད་པར་འགྱུར། །ཞེས་པས་བསྟན་ཏེ། དེ་ལྟར་མིང་ཚིག་བརྗོད་པ་ཐམས་ཅད་མེད་པར་གྱུར་ན་འཇིག་རྟེན་འདིར་དོན་མཚོན་པར་བྱེད་པའི་བརྗོད་པ་སྟེ་ལུང་དུ་སྟོན་པའི་སྒྲ་སྐད་ཐམས་ཅད་མི་འབྱུང་བས། དེ་ལ་བལྟོས་པའི་འཇིག་རྟེན་པ་དང་ཐུན་མོང་བའི་བཟོ་གནས་དང་རྩིས་དང་སྙན་ངག་སོགས་རིག་བྱེད་སྨྲ་བ་རྣམས་ཀྱང་ཡོད་པར་མི་འགྱུར་ཞིང་། འཇིག་རྟེན་ལས་འདས་པར་འཇུག་པའི་ཤེས་བྱ་ཐུན་མོང་མིན་པ་ཉན་ཐོས་དང་རང་སངས་རྒྱས་དང་རྫོགས་པའི་སངས་རྒྱས་ཀྱི་བསླབ་པ་རྣམས་སྟོན་ཞིང་སྨྲ་བའོང་མེད་པར་འགྱུར་བ་དེའི་ཕྱིར། མིང་ཚིག་བརྗོད་པ་ཐམས་ཅད་ལེགས་པར་སྦྱར་བ་འཇིག་རྟེན་དུ་ཡོད་པའི་རང་བཞིན་གྱི་དགོས་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཤེས་བྱ་དང་བསླབ་བྱ་མཐའ་དག་ཅི་རིགས་པར་སྟོན་ཅིང་སྨྲ་བ་འབྱུང་བ་དང་། དེ་དག་ལ་ཞུགས་ཤིང་བླང་དོར་ཕྱིན་ཅི་མ་ལོག་པར་བྱས་པ་ལ་བརྟེན་ནས་འདི་དང་གཏན་གྱི་བདེ་བ་དམ་པ་ཕུན་སུམ་ཚོགས་པར་འབྱུང་བ་རྣམས་ཡིན་ནོ། །ཞེས་པའི་དོན་ཏོ། །འདིར་རིག་བྱེད་ཅེས་པ་མཚོན་སྦྱིན་སོགས་རིག་བྱེད་བཞི་པོ་ཁོ་ན་ལ་འདོད་པ་ནི་ཁྱབ་ཆུང་བས་མི་ལེགས་ཏེ་བོད་བརྡ་སོར་གཞག་གིས་ཐུང་མོང་བའི་ཤེས་བྱ་རིག་གནས་ཐམས་ཅད་ལའང་རིག་བྱེད་ཅེས་པའི་སྒྲ་འཇུག་པའི་ཕྱིར་རོ། །ཡང་ན། མོ་ཡི་ཡི་གེ་མེད་ན་ནི། །སོགས་ནས། བསླབ་པ་རྣམས་ཀྱང་མེད་པར་འགྱུར། །ཞེས་པའི་བར་གྱི་གཞུང་འདིས་གོང་སྨོས་ལྟར་རྗེས་འཇུག་ཁོ་ནར་མ་ཟད་ཡི་གེའི་འཇུག་པ་སྤྱིའི་དགོས་པ་བསྟན་པ་ཡིན་མོད་ཀྱི། ཡི་གེའང་བོད་ཡུལ་ཁོ་ནའི་དབང་དུ་མ་བྱས་པར་སྤྱི་ཁྱབ་ལ་སྦྱར་དུ་རུང་བའི་དབྱངས་སམ་ང་རོ་ཙམ་ལ་མོ་ཡིག་དང་། གསལ་བྱེད་དམ་ང་རོས་འདྲེན་པའི་ཡི་གེའི་རྣམ་ཆ་ཐ་དད་པ་རྣམས་ལ་ཕོ་ཡིག་དང་ཡི་གེ་དེ་རྣམས་དོན་མཚོན་པའི་བརྗོད་པ་ལ་ ཇི་ལྟར་འཇུག་པ་དེ་ལྟར་སྦྱོར་བ་ལ་འཇུག་པར་བཅས་པ་ཞེས་དགོངས་པའི་དབང་དུ་བྱས་ནས། ཚིག་དོན་ལྷག་མ་རྣམས་དང་སྦྲེལ་ཏེ་བཤད་ནའང་དཔྱོད་ལྡན་དག་གི་བློ་ལ་འཇེབས་པར་འགྱུར་རོ། །ཡི་གེའི་འཇུག་པ་སྟོན་པའི་བསྟན་བཅོས་འདིའི་དགོས་པ་བསྟན་པ།གཉིས་པ་ཡི་གེའི་འཇུག་པ་སྟོན་པའི་བསྟན་བཅོས་འདིའི་དགོས་པ་བསྟན་པ་ལ་དངོས་དང་། དགོས་པ་དེ་འགྲུབ་པར་སྨོན་པའོ། །དང་པོ་ནི།ཇི་ལྟར་འཇིག་རྟེན་སེམས་ཅན་རྣམས། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གྲུབ་མཐའ་གཞན་ཡང་ཡོད་ན་ཡང་། །རང་ཉིད་ཀྱིས་ནི་མི་ཤེས་བཞིན། །དེ་བཞིན་ཡི་གེའི་འཇུག་ཚུལ་རྣམས། །སྨྲ་བ་ཀུན་ལ་གནས་གྱུར་ཀྱང་། །རང་ཚུལ་དེ་ཉིད་མི་ཤེས་པས། །དོན་ལ་སྦྱོར་བ་ག་ལ་ཤེས། །དེ་ཕྱིར་སྨྲ་བའི་དབང་ཕྱུག་གི །རྗེས་སྨྲས།ཞེས་གསུངས་ཏེ། དཔེ་ཇི་ལྟར་ན་འཇིག་རྟེན་གྱི་སེམས་ཅན་རྣམས་ལ། གཟུགས་ཕུང་ལ་སོགས་པའི་ཕུང་པོ་དང་། མིག་གི་ཁམས་ལ་སོགས་པའི་ཁམས་དང་། མིག་གི་སྐྱེ་མཆེད་ལ་སོགས་པའི་སྐྱེ་མཆེད་རྣམས་རང་རང་ལ་ཡོད་པར་མ་ཟད། གྲུབ་པའི་མཐས་བཞག་པ་གཞན་ཡང་གྲངས་ཅན་པའི་དེ་ཉིད་ཉེར་ལྔ་དང་། ནང་བའི་ཐེག་ཆེན་ལུགས་རྣམ་ཤེས་ཚོགས་བརྒྱད་སོགས་གཞན་དང་གཞན་ཡང་ཡོད་ཅིང་། ཐོག་མ་མེད་པའི་དུས་ནས་ལྷན་ཅིག་ཏུ་འགྲོགས་པ་ཡིན་ཡང་ཐོག་མ་ནས་དེ་ལྟ་བུའི་རྣམ་གཞག་རང་ཉིད་ཀྱིས་ཤེས་པ་མེད་པ་དེ་བཞིན་དུ། རང་རང་གི་ཡི་གེ་རྣམས་ཇི་ལྟར་འཇུག་པའི་ཚུལ་ཡང་ཡུལ་སོ་སོའ་ིལུང་སྟོན་པའི་སྒྲ་སྐད་ཀྱི་སྨྲ་བ་ཐམས་ཅད་ལ་རང་བཞིན་གྱིས་གནས་པ་སྟེ་མེད་པ་མི་སྲིད་ཀྱང་གཞན་གྱིས་བརྡ་སྤྲད་པ་ལ་སོགས་པའི་རྐྱེན་མེད་པར་ཐོག་མ་ནས་ཡི་གེ་རྣམས་མིང་ཚིག་སོགས་ལ་ཇི་ལྟར་འཇུག་པའི་རང་ཚུལ་དེ་ཉིད་ཀྱང་མི་ཤེས་ན་མིང་ཚིག་ལ་སོགས་པ་དེ་རྣམས་བྱེ་བྲག་ཕྱེ་ནས་དོན་ལ་ཇི་ལྟ་བར་སྦྱོར་བའི་ཚུལ་ག་ལ་ཤེས་ཏེ་མི་ཤེས་སོ། །དེ་བས་ན་ཐུ་མི་བདག་གིས་གངས་ཅན་པ་རྣམས་ལ་རབ་ཏུ་བརྩེ་བའི་བློས་འདི་དང་གཏན་གྱི་བདེ་བ་སྒྲུབ་པའི་ཐབས། ཐུན་མོང་དང་ཐུན་མོང་མིན་པའི་རིག་བྱེད་དང་བསྟན་བཅོས་དང་བསླབ་པ་གསུམ་དང་ཐོས་བསམ་སྒོམ་གསུམ་སོགས་ལེགས་པར་སློབ་ཅིང་ཤེས་སུ་རུང་བ་བརྡ་ཇི་ལྟར་སྦྱོར་བའི་ཚུལ། ཡི་གེ་དང་མིང་དང་ཚིག་གི་འཇུག་པ་རྣམས་ཚུལ་བཞིན་དུ་རྟོགས་པ་ལ་རག་ལས་པར་མཐོང་ནས་དགོས་པ་ཁྱད་པར་ཅན་དེ་ལྟ་བུའི་ཆེད་དུ་ཡུལ་འདི་ཉིད་ཀྱི་སྐད་དང་རྗེས་སུ་འཚམ་པའི། ཡི་གེའི་འཇུག་པ་གསལ་བར་བྱེད་པའི་བསྟན་བཅོས་འདི་འཕགས་ཡུལ་ལ་སོགས་པའི་སྨྲ་བའི་དབང་ཕྱུག་མཁས་པ་རྣམས་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་འཆད་པའི་ཚུལ་གྱི་རྗེས་སུ་འབྲངས་ནས་སྨྲས་པ་ཡིན་ནོ། །ཞེས་སོ། །དེ་འགྲུབ་པར་སྨོན་པ།གཉིས་པ་ནི།འདི་ཀུན་རྟོགས་གྱུར་ཅིག།ཅེས་པ་སྟེ། དེ་ལྟར་ཡི་གེའི་འཇུག་པ་ལེགས་པར་སྦྱར་བའི་ཚུལ་འདི་གངས་ཅན་གྱི་སྐྱེ་བོ་ཀུན་གྱིས་རྟོགས་ནས་མིང་ཚིག་བརྗོད་པ་ཐམས་ཅད་ལ་རྨོངས་པ་མེད་པར་སྨྲ་བའི་དབང་ཕྱུག་ཆེན་པོར་གྱུར་ཅིག། ཅེས་པ་སྟེ།ཞར་ལ་སྔར་སྨོས་པའི་ཉིང་དགོས་དེ་རྣམས་ཀྱང་འགྲུབ་པའི་སྨོན་ལམ་མཛད་པ་ཡིན་ནོ། །དེ་ལྟར་རྟགས་ཀྱི་འཇུག་པའི་གཞུང་གི་ཚིག་དོན་གྱི་ཆ་རྣམས་ཇི་ལྟར་དཔོག་པ་རེ་ཞིག་བཤད་ཟིན་ཏོ། །མཇུག་རྩོམ།འདིར་སྨྲས་པ།གང་དག་ཐར་མཆོག་བདེ་ཆེན་དབྱིག་ཐོབ་ཕྱིར། །ངེས་དོན་སྙིང་པོའ་ིརྒྱ་མཚོར་འཇུག་འདོད་ན། །མིང་ཚིག་བརྗོད་གཞི་ཡི་གེའི་སྦྱོར་བའི་གྲུ། །བློ་ལྡན་དེད་དཔོན་ཚོགས་ཀྱིས་བསྟེན་བྱ་ཡིན། །གྲགས་པའི་གཏེར་གྱུར་ཡོན་ཏན་བྱེ་བའི་མཛོད། །མཁས་པའི་ཁང་བཟང་རྩེ་མོར་འཛེག་འདོད་ན། །བརྡ་དང་ཐ་སྙད་རྣམ་པར་སྦྱོར་བ་ཡི། །འཛེག་སྐས་འདི་ལ་མི་བརྟེན་ཐབས་གཞན་ཅི། །ལྷ་དང་མི་མཆོག་རྣམས་ཀྱི་དཔལ་གང་ཡིན། །དཔག་བསམ་ཟླ་བ་བདུད་རྩིའི་རྗེས་འགྲོ་བ། །དེ་དག་ལེགས་བྱས་ཆུ་གཏེར་ལས་འབྱུང་མོད། །དེ་ཡང་རིགས་ལམ་རི་དབང་འདིར་ལྟོས་སོ། །དེང་དུས་ཆེར་སྙེམས་སྤྱི་བརྟོལ་ཅན་འགའ་ཞིག།ཡིག་སྡེབ་ཙམ་ལའང་བློ་མིག་ལྡོང་བཞིན་དུ། །འཆད་ཉན་བྱིས་པའི་ཟློས་གར་སྒྱུར་བ་ལ། །མཁས་རློམ་དེ་དག་གྱི་ནར་མ་གྱུར་ཏམ། །བརྡ་སྤྲོད་ཤེས་པས་དོན་ལ་མི་རྨོངས་དང་། །ཐ་སྙད་ལ་བརྟེན་དོན་དམ་རྟོགས་པ་དང་། །རྟོགས་པའི་བསྟན་པ་ལུང་ལ་རག་ལས་ཞེས། །རིགས་པར་སྨྲ་བའི་བྲག་ཅ་ཟློ་བཞིན་དུ། །གཙུག་ལག་དང་འགལ་ལུང་དོན་འཆད་རློམ་དང་། །ལུང་དང་འགལ་བའི་སྒོམ་སྒྲུབ་བྱེད་པ་རྣམས། །བསམས་ཀྱིན་ཁོང་ནས་གད་མོ་འཚོར་ན་ཡང་། །སྙིགས་མའི་རང་མདངས་བཅོས་སུ་ཅི་ཞིག་ཡོད། །དེ་ཕྱིར་རྣམ་བཤད་མུ་ཏིག་ཕྲེང་མཛེས་འདིའང་། །མཁས་མཆོག་ཐུ་མིའི་དགོངས་པ་གསལ་བྱེད་པའི། །རྒྱན་དུ་སྔ་འགྲེལ་གཞན་གྱིས་བསྒྲུན་མིན་པར། །གྲུབ་པ་གཟུར་གནས་རྣམས་ཀྱིས་མཁྱེན་འགྱུར་མོད། །ཕལ་ཆེར་བླུན་པས་དོན་དུ་མི་གཉེར་ཞིང་། །བློ་ལྡན་འགའ་ཡང་ཕྱོགས་ལྷུང་ཟུག་རྔུ་ལྡང་། །དེ་འདྲས་གཞན་ལ་ཕན་པར་མི་འགྱུར་ཡང་། །རང་ཉིད་ལྷག་བསམ་དཀར་བའི་རྒྱན་བྱེད་དོ། །འདི་ལ་མཁས་པ་དག་གིས་རྣམ་བཤད་པར། །རིགས་དང་མི་རིགས་ཅུང་ཟད་དཔྱད་པ་ཡང་། །སྡང་དང་ཕྲག་དོག་དབང་གིས་མ་ལགས་ཏེ། །བློ་ལྡན་རྣམས་ཀྱི་བློ་གྲོས་འཕེལ་སླད་དུའོ། །དེ་ཕྱིར་ཇི་ལྟར་དཔྱོད་པའི་ཚུལ་འདི་ལས། །བརྩམས་ཏེ་གཟུ་བོར་གནས་པའི་མཁས་རྣམས་ཀྱིས། །རིགས་པའི་སྣང་བྱེད་འབུམ་ཕྲག་སླར་སྤྲོས་ནས། །མཁན་པོའ་ིདགོངས་དོན་པད་མ་འབྱེད་པར་མཛོད། །གང་འདིར་བདག་བློ་དམན་པའི་དབང་གྱུར་པས། །མ་བཤད་པ་དང་ལོག་པར་བཤད་པ་སོགས། །མཁྱེན་སྤྱན་ཡངས་པ་རྣམས་ཀྱིས་བཟོད་མཛོད་ལ། །ནོངས་པའི་དྲི་མ་རྣམས་པར་སྦྱང་དུ་གསོལ། །གཞན་གྱི་ལད་མོ་མིན་པར་རང་སྟོབས་ཀྱིས། །ལེགས་པར་བཤད་པ་པུཎྞ་རཱི་ཀའི་ཕྲེང་། །འགའ་ཞིག་བདོག་པར་རློམ་པའང་མཁས་རྣམས་ཀྱི། །མགུལ་དང་སྙན་གྱི་རྒྱན་དུ་མཛེས་གྱུར་ཅིག།ཅེས་སུམ་ཅུ་བ་དང་རྟགས་ཀྱི་འཇུག་པའི་གཞུང་གི་རྒྱས་འགྲེལ་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས་འདི་ནི་དོན་གཉེར་ཅན་དུ་མས་སྔོན་དུ་ཡང་ཡང་བསྐུལ་བ་ལ་བརྟེན་ནས་ལྡོམ་བུ་པ་གཙུག་ལག་ཆོས་ཀྱི་སྣང་བ་ཞེས་བྱ་བས་རང་ལོ་སུམ་ཅུ་བ་ལ་གཞུང་སྔ་མའི་འགྲེལ་པ་བརྩམས་པ་གཡེང་བའི་རྐྱེན་དུ་མས་འཕྲོར་ལུས་ཤིང་། སླར་རང་ལོ་སུམ་ཅུ་རྩ་བདུན་དུ་སོན་པ་མེ་འབྲུག་ལོར། གྲུབ་པའི་རིགས་སུ་འཁྲུངས་ཤིང་གཙུག་ལག་མང་པོར་གཟིགས་པའི་སྤྱན་རས་པད་མའི་འདབ་མ་ལྟར་ཡངས་པ་གངས་ཅན་གྱི་སའི་དབང་ཕྱུག་དམ་པའི་བཀའི་མདུན་ན་འདོན་ཆེན་པོའ་ིཆེན་པོར་གྱུར་པ་ཞབས་དྲུང་མདོ་མཁར་བ་ཚེ་རིང་དབང་རྒྱལ་གྱི་ཞལ་སྔ་ནས་མེ་ཏོག་དང་བཅས་ཏེ་དངོས་སུ་སྐུལ་བར་མཛད་པ་དང་། སླར་ཡང་བཀའ་དྲིན་གྱི་སྒོ་ནས་ཡང་ཡང་སྐུལ་བར་མཛད་པས་བཀའ་བཞིན་བགྱིད་པར་ཡིད་ལ་བརྣག་ཀྱང་སྐབས་འགར་བསྙེན་སྒྲུབ་སོགས་ཆོས་ལྡན་གྱི་བྱ་བ་དང་ཕལ་ཆེར་བཟློག་ཏུ་མེད་པའི་གཞན་དབང་གི་ཁོལ་བོ་ཉིད་དུ་འཕྱན་པའི་རྣམ་པར་གཡེང་བ་བར་མེད་དུ་གཏིབས་པས་རེ་ཞིག་འགྱང་ཡང་། རང་ལོ་བཞི་བཅུ་རྩ་ལྔ་པར་སོན་པ་རབ་བྱུང་བཅུ་གཉིས་པ་མིག་དམར་ཤིང་ཕོ་བྱི་བའི་ལོར་སྔར་བརྩམས་ཟིན་པ་རྣམས་ལ་དག་ཐེར་དང་། སྔ་མའི་འཕྲོས་དང་རྟགས་འཇུག་གི་འགྲེལ་བ་བཅས་སྦོ་ཟླ་བའི་དབང་ཕྱོགས་ཟླ་བ་གྲོ་ཞུན་གྱི་འགྲུབ་སྦྱོར་དང་ལྡན་པའི་རྒྱལ་བའི་ཚེས་ཀྱི་ནམ་ལངས་འཁྲུལ་མེད་བདུད་རྩི་ཐུན་མཚམས་དང་ལྡན་པའི་དུས་དགེ་བར་ཐུབ་བསྟན་ཆོས་འཁོར་གྱི་གཙུག་ལག་ཁང་དུ་ཡོངས་སུ་གྲུབ་པ་འདིའི་དགེ་བས་བདེ་བར་གཤེགས་པའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་ལུས་ཅན་མཐའ་དག་སྨྲ་བའི་དབང་ཕྱུག་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་གྱུར་ཅིག། སརྦ་ཀཱ་ལེ་ཤྲེ་ཡོ་བྷ་བ་ཏུ།། །།

Tags:

🔥 Trending searches on Wiki བོད་སྐད:

བོད་ཡུལ།དགའ་ལྡན་ལྷ་བརྒྱ་མ་འདོད་གསོལ་སྨོན་ལམ་དང་བཅས་པ་བཞུགས་སོ།།ཆབ་མདོ།༡༧༧༤ལོ།ཀུན་དགའ་བོ་ལོ་ཚོང་ལས།རྒྱ་གར་སྐད།མི་དགེ་བཅུ།བཞང་བཞའ་ཀོ་ཝོའུ་སོ་དབྱིན་ཇིའི་སྐད།ཀ་མད་སུམ་ཅུ་མ་ལི།བོད་ཀྱི་རྡོ་རིང་ཆེན་པོ་གཉིས་སྣང་ས་འོད་འབུམ་ཨ་མེ་རི་ཁ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ།གདུགས་དཀར་མཆོག་གྲུབ་མ་སྐྱེ་དགུའི་བདག་མོ་བོད་ཀྱི་དེང་རབས་རྩོམ་རིགཁ་ན་ཌ།དགེ་བ་བཅུ་ཆང་རགཔུ་ལ་ཁེ།བོད་ཀྱི་སྙན་ངགཐེག་ཆེན་ཚུལ་འཇུག་མཁན་སློབ་ཆོས་གསུམ།ཀྲུང་གོའི་རང་སྐྱོང་ལྗོངས།བཙན་པོ་རིམ་བྱོན་གྱི་མཚན་བྱང་།པཎ་ཆེན་སྐུ་ཕྲེང་རིམ་བྱོན། བེ་རི་འཇིགས་མེད།སྣང་སྲིད་རིག་པ།ཉིང་ཁྲི།རྗེ་བཙུན་ཐོགས་མེད།ཀུན་གཞིའི་རྣམ་ཤེས་སྨན་ཆོག་མི་ཕམ་མཁས་འཇུག་སྤྱོད་འཇུག་གི་འབྲུ་འགྲེལ་དབུ་མའི་ལམ་གྱི་སྒྲོན་མ་སྒྲོལ་མ་ཉེར་གཅིག་དང་འགྲེལ་བཤདཚོ་ཁག་གི་ཆགས་སྤྱོད།པཎ་ཆེན་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་དཀྱིལ་འཁོར།ཞང་ཞུང་གི་ཡི་གེ་འཕགས་པ་བཀྲ་ཤིས་བརྩེགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བཞུགསོ།།གཉའ་ཁྲི་བཙན་པོ་གསང་སྔགས་གསར་རྙིང་སློབ་དཔོན་དབྱུག་པ་ཅན་ཨ་རབ་སྐད།རྒྱུད་བླ་མ་བཀྲ་ཤིས་རྟགས་བརྒྱད།རོ་ཀ་ཧྥོར། (ཆུར་བ།)ནད་རིགས་བཞི་བརྒྱ་རྩ་བཞི་བློ་སྦྱོང་ཚིག་རྐང་བརྒྱད་མ་ཁྲི་སྲོང་ལྡེ་བཙན།ལུགས་ཀྱི་བསྟན་བཅོས་ལྷ་དང་དཔལ་འདུ་བའི་ནོར་བུ་ལེ་པ་ནོན།ས་སྐྱའི་གོང་མ་དག་གི་ལོ་རྒྱུས་འབྲས་སྤུངས་དགོན།ལྷ་བསང་།མཁས་འཇུག་སྡོམ་བྱང་མི་གཡོ་བ།དཔལ་དུས་ཀྱི་འཁོར་ལོ་རང་བཞིན་བརྗོད་པའི་རྒྱན་བཞི་ལྕགས།བདེ་སྨུག་ཀླུ་ཀུན་ཏུ་དགའ་བའི་ཟློས་གར་གྱི་མཆན་དཔྱད་རགས་བསྡུས།ཀོ་ལྦིའེ་ལོ།སྲིད་པ་འཁོར་ལོ་དུབ་ལིན།དགའ་ལྡན་ཁྲི་ཐོག་ང་བཞི་བ་ཁྲི་ཆེན་ངག་དབང་མཆོག་ལྡན།🡆 More