གཉེ་བོ་ཞེས་པའི་བརྡ་ཆད་

གཉེ་བོ་ཞེས་པའི་བརྡ་ཆད་འདི་ནི་ཤིན་ཏུ་གལ་ཆེན་པོ་དང་རྙིང་པ་ཞིག་ཡིན། འོན་ཀྱང་དེའི་ནང་དོན་ལ་འགྲེལ་བཤད་གནད་ལ་འཕིགས་པ་ཞིག་བྱུང་མི་འདུག་ལ། ཕྱིས་སུ་འབྲི་ཚུལ་སྣ་ཚོགས་ཤིག་མཆིས། «བོད་རྒྱ་ཚིག་མཛོད་ཆེན་མོ»སོགས་ཀྱི་ཚིག་མཛོད་ནང་ལ་གཉེ་བོ་ལ་ཕོ་ཉ་ཞེས་འགྲེལ་འདུག །འོན་ཀྱང་ལོ་རྒྱུས་ཡིག་ཚང་ནང་དུ་གཉེ་བོ་དང་ཕོ་ཉ་གཉིས་བེད་སྤྱོད་ཁ་ཁར་བཏང་ཡོད་ལ། གོ་དོན་ཡང་མི་འདྲ་བ་ཡིན། ད་ཡོད་ཀྱི་ཡིག་ཆའི་ནང་གཉེ་བོ་ཞེས་པ་ཐོན་སྔ་ཤོས་ནི། ཏུན་ཧོང་ནས་ཐོན་པའི་«དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས་»ཞེས་པའི་ཡིག་ཚང་འདི་ཡིན། དེའི་ནང་འདི་ལྟར་བཀོད་ཡོད་དེ། “ཁྱྀ་ལོ་(སྤྱི་ལོ༧༡༠)ལ་བབ་སྟེ།……ཞང་བཙན་ཏོ་རེ་ལྷས:བྱྀན་ལས:སྩོགས་པས། གཉེ་བོ་བགྱྀསྟེ། བཙན་མོ་ཀྀམ:ཤང་ཁོང་ཅོ:ར་སའྀ་ཤ་ཙལ་དུ་གཤེགས།”ཞེས་པའོ། །འདིའི་ཐོག་ནས་ག་རེ་ཤེས་ཀྱི་འདུག་ཟེར་ན། གཉེ་བོ་ནི་ཕོ་ཉ་ཙམ་མ་ཡིན་པར། བག་མ་བསུ་མཁན་གྱི་ཕོ་ཉའམ་སྐུ་ཚབ་ཡིན་པ་དང་། གྱིམ་ཤིང་ཀོང་ཇོ་བག་མར་བསུ་མཁན་གྱི་གཉེ་བོ་ནི་ཞང་བཙན་ཏོ་རེ་ལྷས་བྱིན་ལ་སོགས་པ་ཡིན་པ་གསལ་པོ་བསྟན་ཡོད། «རྒྱལ་རབས་གསལ་བའི་མེ་ལོང»«ཆོས་བྱུང་མཁས་པའི་དགའ་སྟོན»སོགས་སུ། རྒྱ་བཟའ་ཀོང་ཇོ་བསུ་དུས་རྒྱ་གར་དང་། སྟག་གཟིག་སོགས་ནས་ཀོང་ཇོ་བསུ་མཁན་གཉེ་བོ་མི་བརྒྱ་རྟ་བརྒྱ་སླེབས་པ་དང་གཉེ་བོ་རྣམས་རིག་པ་འགྲན་ཚུལ་གསལ་པོར་བཀོད་ཡོད་ལ། སྡེ་དགེ་བསྟན་འགྱུར་གྱི་«སོ་སོར་ཐར་པའི་མདོའི་འགྲེལ་པ»ལས། སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ། ཁྱིམ་བདག་ལ་བུ་མོ་ཞར་མ་ཞིག་ཡོད་པ་དེས། དར་ལ་བབ་ཀྱི་བར་དུ་སུས་ཀྱང་མ་འདོད་ནས་……དེ་ནས་ལེན་པའི་གཉེ་བོ་སྦྱིན་པར་ཞར་མའི་མས་ཁུར་བ་མང་པོ་བྱས་པ་དང་། དྲུག་སྡེ་རྣམས་དེར་ཕྱིན་ནས་རྒན་མོ་ལ་ཁུར་བ་བླངས་པ་དང་། རྒན་མོ་ལག་མོ་ཆེ་དེས་ཀྱང་ལྷུང་བཟེད་རྣམས་ཁུར་བས་བཀང་སྟེ་བྱིན་པས་གཉེ་བོ་ཟན་ཆད་ནས་ཁྲོས་ཏེ། ཞར་མ་བོར་ནས་ཁྱིམ་བདག་དང་རྒན་མོ་མ་དད་པར་གྱུར།ཞེས་པ་དང་། རྗེ་སྒམ་པོ་པས་མཛད་པའི་«ཏཻ་ལོ་ནཱ་རོའི་རྣམ་ཐར»ལས། གཉེ་བོ་གཉིས་ཀྱིས་བག་མ་ཅིག་ཁྲིད་ནས་འོང་གིས། བག་མ་དེ་ལ་མེ་ཏོག་གི་རྒྱན་འདི་ཐོགས་ཅིག །དེར་གཉེ་བོ་མགུ་ནས་ཁྱོས་མ་སྟེར་དུ་འོང་སྟེ། དེ་ཙ་ན་མ་ལེན་པར་བག་མའི་ནུ་མ་ཉེད་ཅིག་གསུང་། དེ་ནཱ་རོ་པས་དེ་ལྟར་བྱས་ནས། དེར་གཉེའོ་འཁྲོས་ནས་ནཱ་རོ་པ་བཏགས་སོ། །ཞེས་པ་སོགས་བཀོད་འདུག ། དུས་ཕྱིས་སུ་ཡིག་མཁན་གྱི་དག་ཆ་ཐོན་མ་ཐོན་དབང་གིས། བག་མ་བསུ་མཁན་གྱི་སྐུ་ཚབ་ཏེ་གཉེ་བོ་ལ་འབྲི་སྟངས་སྣ་ཚོགས་ཤིག་བྱུང་འདུག །ཕྱིས་ཀྱི་ཡིག་ཚང་«མ་ཎི་བཀའ་འབུམ་»སོགས་སུ་གཉའ་བོ་ཞེས་བཀོད་ཡོད་པ་དང་། དེ་མིན་གཉེ་པོ་དང་། གཉའ་བོ། གཉེའུ། གཉའོ་སོགས་ཅི་རིགས་བྲིས་པ་མ་ཟད། མངའ་རིས་སྟོད་དུ་གཉའ་བོ་ཞེས་དང་། ནག་ཆུའི་ས་ཆ་ཁ་ཤས་དང་འབྲི་གུང་ནང་སོགས་སུ་གཉེ་དཔོན་(འདྲེན་ཀློག་བྱས་ན་ཕལ་ཆེར་གཉེད་པོན་ལྟ་བུའི་སྒྲ་ཐོན་སྲིད་སྙམ་)ནམ་གཉེན་དཔོན་ཞེས་དང་། སྔར་ལྷ་སའི་ཁུལ་དུ་གཉེ་དཀར་རམ་གཉེན་དཀར། ཨ་མདོའི་ཡུལ་གྱི་«གཉེན་བཤད་ཐོས་པ་ཀུན་དགའ་»ལས་གཉེན་རྒྱལ་པོ་ཞེས་པ་སོགས་ཅི་རིགས་འབོད་བཞིན་ཡོད། ལྷག་པར་དུ་གཉེ་བོ་ནི་གཉེན་སྟོན་སྐབས་ཀྱི་ལས་སྣེ་གཙོ་བོ་ཞིག་ཡིན་སྟབས། ཉེན་དཔོན་ཞེས་ཁང་པ་རྙིང་པ་ལ་འགྲེལ་བཤད་གསར་པ་བརྒྱབ་པའི་སྣང་ཚུལ་ཡང་འདུག་སྙམ། དོན་དུ་ཆུ་འགོ་གངས་ལ་ཐུག་པ་ཇི་བཞིན་ཡིག་ཆ་རྙིང་པ་ཁུངས་ཐུབ་ལ་གཞི་བཅོལ་ནས་གཅིག་གྱུར་ཏུ་བྲིས་ན། བག་སྟོན་སྐབས་སུ་གཉེ་བོས་བཏང་བའི་གླུ་ལ་གཉེ་གླུ་དང་། གཉེ་བོས་གླེང་བའི་མོལ་བར་གཉེ་བཤད། ལྟ་བུའོ། ། འཕན་ཡུལ་སོགས་སུ་གཉེ་བོ་ལ་ཞང་ཆེན་ཞེས་འབོད་སྲོལ་ཡོད། དེ་ནི་སྔར་གྱི་རྒྱལ་རྒྱུད་སོགས་སུ་ཨ་ཁུ་ནི་རྒྱལ་སྲས་ཀྱི་འགྲན་ཟླ་གཙོ་བོ་ཞིག་ཡིན་ཞིང་། ཞང་པོ་ནི་རྒྱལ་སྲས་དང་གྲུ་གཅིག་ལ་བསྡད་པའི་སྐྱིད་སྡུག་མཉམ་མྱོང་མཁན་ཡིན་སྟབས། ཞང་པོས་བློན་པོ་དང་གཉེ་བོ་བྱས་པ་མང་། ཡུལ་གོམས་གཤིས་ལུགས་མང་པོ་ཞིག་ཁ་མིག་ཡར་ལྟོས་བྱས་ནས་དར་བཞིན་ཡོད་སྟབས། གནས་ཚུལ་དམིགས་གསལ་མིན་ཚེ། གཉེ་བོ་མང་ཆེ་བ་ཞང་པོས་བྱེད་སྟབས་ཞང་ཆེན་ཞེས་ཐོགས་སོ། ། ལར་གཉའ་བོ་ཞེས་ནི་དཔང་པོའི་དོན་དུ་ཡིན་པ་«སྨོན་ལམ་ཚིག་མཛོད»ནང་ལུང་དང་བཅས་པ་ཁ་གསལ་དུ་གསུངས་འདུག་ལ། འདུལ་བའི་དཔེ་ཆ་ཁག་ནང་གཉའ་བོ་ཞེས་གསལ་བ་དག་དཔང་པོའི་དོན་ལ་འཇུག་པ་ལྟ་བུ་འདུག་སྙམ་པས། གཉེ་བོའི་དོད་དུ་བྲིས་པའི་གཉའ་བོ་དང་། དཔང་པོའི་དོན་གྱི་གཉའ་བོ་གཉིས་འཁྲུལ་མི་ཉན་ནོ་ཞེས་ཞོར་དུ་བརྗོད་པ་ལགསོ། །

Tags:

🔥 Trending searches on Wiki བོད་སྐད:

གངས་རིན་པོ་ཆེ།བཀའ་འགྱུར་རོ་ཅོག་གི་སྙིང་པོ་བསྡུས་པའི་གཟུངས་བཞུགས་སོ་སློབ་དཔོན་ཐུ་མི་སམ་བྷོ་ཊ།ཀརྨ་བཀའ་བརྒྱུད་རེ་སཱ། (གསུང་རབ།)འཛམ་གླིང་སྤྱི་བསང་ནིའུ།མྱུར་མཛད་མ།ཁ་ཆར་གྱི་ལྷ་ཁང༌རྐང་ལམ་ཕྲ་མོལྦེ་ཁེ་རིག་མཛོདཨོ་སི་ཀར་ཝེལ་ཌེ།འབྲུག་གི་རྒྱལ་དར།ཡིག་བརྒྱ་ར་མོ་ཆེའི་གཙུག་ལག་ཁང་།གླང་རྔ།སེར་པོ།ཐེ་སླ།འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན།ཀརྨ་ཞྭ་དམར་ཡེ་ཤུའི་འཁྲུངས་སྐར།མི་དགེ་བ་བཅུཀེ་རི་སི།ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན།ཤིང་པད་མ།བལ་པོའི་སྐད།ཧེ་རླུང་།གཅན་ཚ།ཁི་ནོ་ཏོ་མོ་ནོ་རི།འཁོར་ལོ།ཧོང་དུ་ར་སི༡༩༨༡སྲིད་པའི་འཁོར་ལོ།རྨ་བྱ།འབྲས་སྤུངས་དགོན།ཁ་ཏར།སྲིད་པ་འཁོར་ལོ་བྱང་གཏེར།ལོ་ཙཱ་བ་སྐ་ཅོག་ཞང་གསུམ་མདོ་སྨད་དུ་འཁྲུངས་པའི་མི་སྣ་གལ་ཆེན་ཁག་ཅིག་སྒྲོལ་མའི་ལོ་རྒྱུས་སའོ་པའུ་ལོརོ་ཀ་ཧྥོར། (ཆུར་བ།)འཁྱིལ་ཆུང་།མཆོད་རྟེན་བྱུང་ཚུལཔུ་ལ་ཁེ་བོད་པའི་དགོན་སྡེའི་ཐོ།རྒྱུད་བཞི་ནང་བསྟན།དབྱར་རྩྭ་དགུན་འབུ་སྤྲིན།སྲིད་པའི་འཁོར་ལོ་འགག་བརྡར་གྱི་སྒྲ།ཆར་པ།དུག་སེལ།ཁ་ན་ཌ།བྱང་ཀོ་རི་ཡ།མཆོད་རྟེན་ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ཧོར་ཚོ་པ་དགུ་ཏཻ་ལོ་པ།ལོ་སྐོར་བཅུ་གཉིས་མཛོ།ལུང་ཤར་རྡོ་རྗེ་ཚེ་རྒྱལ།རང་བཞིན་བརྗོད་པའི་རྒྱན་བཞི་རྒྱལ་ཐངརྒྱ་གར་གི་ལོ་རྒྱུས།ཕུར་པ།ཐ་སི་མ་ནི་ཡཱ།རི་རྩེ་དྲུགཞེ་ཆེན་རྒྱལ་ཚབ་ཆོས་འབྱུང་ལྷ་མང་ཆོས་ལུགས།🡆 More