རྟགས་ཀྱི་འཇུག་པ་

སློབ་དཔོན་ཨ་ནུས་མཛད་པའི་ལུང་དུ་སྟོན་པ་རྟགས་ཀྱི་འཇུག་པ་ཞེས་བྱ་བཞུགས་སོ། ། རྒྱ་གར་སྐད་དུ། བྱཱ་ཀ་ར་ཎ་ལིངྒ་བ་ཏཱ་ར་ནཱ་མ། བོད་སྐད་དུ། ལུང་དུ་སྟོན་པ་རྟགས་ཀྱི་འཇུག་པ་ཞེས་བྱ་བ། ཕོ་ཡི་ཡི་གེ་འབའ་ཞིག་ལ། ། སྡེ་པ་ཕྱེད་དང་བརྒྱད་གནས་པའང་། ། སྡེ་ཚན་ལྔ་རུ་དྲིལ་བྱས་ནས། ། ཕོ་དང་མ་ནིང་མོ་དང་ནི། ། ཤིན་ཏུ་མོ་དང་བཞི་བཞི་རུ། ། སྡེ་པ་བཞི་པ་ཡན་ཆད་དབྱེ། ། ལྷག་མ་བཅུ་བཞི་གནས་པ་ལ། ། ཙ་སོགས་གསུམ་ནི་ཅ་སོགས་སྦྱར། ། ཝ་ནི་བ་དང་སྦྱར་བར་བྱ། ། ལྷག་མ་དྲུག་ནི་མོ་རུ་སྦྱར། ། ར་ལ་ཧ་ནི་མོ་གཤམ་སྟེ། ། ཨ་ནི་མཚན་མེད་ཅེས་ཀྱང་བྱ། ། མོ་ཡི་ཡི་གེའི་ནང་ནས་ནི། ། འཇུག་པའི་ཡི་གེ་བཅུ་དབྱུང་བྱ། ། འཇུག་པ་བཅུ་ཡི་ནང་ནས་ནི། ། སྔོན་འཇུག་ཡི་གེ་ལྔ་དབྱུང་བྱ། ། སྔོན་འཇུག་ཡི་གེ་ལྔ་པོ་ལ། ། ཕོ་དང་མ་ནིང་མོ་དང་ནི། ། ཤིན་ཏུ་མོ་དང་བཞི་རུ་དབྱེ། ། དེ་དག་རེ་རེའང་བཞི་བྱེད་དེ། ། གང་ལ་འཇུག་བྱེད་གང་གིས་བྱེད། ། ཇི་ལྟར་འཇུག་བྱེད་ཅི་ཕྱིར་བྱེད། ། གང་ལ་འཇུག་པ་བྱེད་ཅེ་ན། ། ཕོ་ནི་ཕོ་དང་མོ་ལ་འཇུག ། མོ་ནི་མོ་དང་མ་ནིང་ལ། ། མ་ནིང་ཡང་ནི་ཕོ་མོ་ལའོ། ། ཤིན་ཏུ་མོ་ནི་མ་ནིང་དང་། ། མོ་དང་ཤིན་ཏུ་མོ་ཉིད་ལའོ། ། ཕོ་ནི་མ་ནིང་ལ་མི་འཇུག ། མོ་ནི་ཕོ་ལ་འཇུག་པ་མིན། ། མ་ནིང་རང་ལ་རང་མི་འཇུག ། རང་གི་སྡེ་དང་ཕྲད་པ་ན། ། ཕོ་ཡང་མོ་ལ་འཇུག་མི་འགྱུར། ། མ་ནིང་མོ་ཡང་དེ་བཞིན་ནོ། ། ཇི་ལྟར་འཇུག་པར་བྱེད་ཅེ་ན། ། ཕོ་ནི་དྲག་པའི་ཚུལ་གྱིས་ཏེ། ། མ་ནིང་རན་པར་འཇུག་པ་ཡིན། ། མོ་ནི་ཞན་པའི་ཚུལ་གྱིས་ཏེ། ། ཤིན་ཏུ་མོ་ནི་མཉམ་པས་སོ། ། ཅི་ཕྱིར་འཇུག་པར་བྱེད་ཅེ་ན། ། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། ། མ་ནིང་གཉིས་ཀ་ད་ལྟར་ཆེད། ། མོ་ནི་བདག་ད་མ་འོངས་ཕྱིར། ། ཤིན་ཏུ་མོ་ནི་མཉམ་ཕྱིར་རོ། ། རྗེས་འཇུག་ཡི་གེ་བཅུ་པོ་ལ། ། ཕོ་མོ་མ་ནིང་གསུམ་དུ་དབྱེ། ། ཕོ་ལ་སྐྱེས་བུ་རབ་འབྲིང་གསུམ། ། མོ་ལ་མོ་དང་ཤིན་ཏུ་མོ། ། མ་ནིང་འགྱུར་དང་མཚན་གཉིས་དང་། ། མཚན་མེད་དག་དང་གསུམ་དུ་འདོད། ། དེ་ཡང་བྱེད་པ་བཞི་བྱེད་དེ། ། གང་ལ་འཇུག་བྱེད་གང་གིས་བྱེད། ། ཇི་ལྟར་འཇུག་བྱེད་ཅི་ཕྱིར་བྱེད། ། གང་ལ་ཡི་གེ་ཐམས་ཅད་ལ། ། གང་གིས་བཅུ་པོ་དེ་དག་གིས། ། ཇི་ལྟར་རྣམ་པ་གཉིས་ཡིན་ཏེ། ། སྒྲ་ཡི་འཇུག་ཚུལ་དོན་གྱི་ཚུལ། ། ཕོ་གསུམ་མོ་གཉིས་མ་ ནིང་གསུམ། ། དྲག་ཞན་བར་མ་གསུམ་དུ་འཇུག ། དྲག་པ་གསུམ་ཉིད་ནང་ཕྲད་དམ། ། གལ་ཏེ་ཞན་པ་ནང་ཕྲད་ན། ། དེ་ལའང་ནང་གི་ཆ་ཤས་ཀྱིས། ། དེ་ཡང་དྲག་ཞན་གཉིས་སུ་དབྱེ། ། མ་ནིང་གསུམ་དུ་གང་གཏོགས་པ། ། དྲག་དང་ཕྲད་ན་དྲག་པར་འགྱུར། ། ཞན་དང་ཕྲད་ན་ཞན་པར་འགྱུར། ། གཉིས་ཀ་དག་དང་ཕྲད་གྱུར་ན། ། དེ་ནི་གཉིས་ཀ་ཅན་དུ་འགྱུར། ། གཉིས་ཀ་དག་དང་མ་ཕྲད་ན། ། གང་དུ་ཡང་ནི་མི་འགྱུར་རོ། ། དེས་ན་འགྱུར་དང་མཚན་གཉིས་དང་། ། མཚན་མེད་དག་དང་གསུམ་དུ་འདོད། ། དེ་ནི་སྒྲ་ཡི་འཇུག་ཚུལ་ལོ། ། དོན་ནི་རྣམ་པ་གཉིས་ཡིན་ཏེ། ། སྔ་མ་གང་ལྟར་འགྱུར་བ་དང་། ། ཕྱི་མ་གང་ལྟར་འགྱུར་བའོ། ། སྔ་མ་སྔོན་འཇུག་ལྔ་བཞིན་སྦྱར། ། ཕྱི་མ་དག་གི་འདྲེན་ཚུལ་ནི། ། ཕོ་ཡིས་ཕོ་ཡི་མིང་མཐའ་དྲང་། ། མོ་ཡིས་མོ་ཡི་མིང་མཐའ་དྲང་། ། མ་ནིང་གིས་ནི་མ་ནིང་ངོ་། ། མིང་མཐའ་དེ་དག་ཉིད་ཀྱིས་ནི། ། དེ་ཉིད་རང་གི་སྒྲ་མཐུན་པའི། ། ཆོས་དངོས་ལས་དང་བྱེད་པ་དང་། ། སྦྱིན་དང་འབྱུང་ཁུངས་འབྲེལ་བ་དང་། ། གནས་དང་བོད་པའི་སྒྲ་ཡང་དྲང་། ། གཞན་ཡང་སླར་བསྡུ་ལྷག་བཅས་དང་། ། འབྱེད་སྡུད་བསྣན་དང་བདག་པོ་དང་། ། དགག་སྒྲུབ་རྒྱན་དང་དུས་ལའང་འཇུག ། དེ་དག་སྔ་ཤུགས་འདྲེན་པས་འབྱུང་། ། དེ་དག་ནང་གསེས་གང་འཇུག་པ། ། མཐའ་སྦྱར་འོག་མའི་མིང་དོན་ལས། ། སྤྱི་ འཇུག་ཡོད་དམ་བྱེད་པ་ཡོད། ། དེ་བཞིན་ཆེད་བྱེད་རྟེན་བྱེད་དང་། ། ལས་བྱ་བླང་བྱ་བསྒྲུབ་པར་བྱ། ། སྔོན་དུ་འོས་པ་གནས་པའང་། ། གཞན་ཡང་ཚིག་དོན་འོག་མ་ལས། ། བསྡུ་རྒྱུ་ཡོད་དང་མེད་པ་དང་། ། གོང་མ་ལས་ཀྱང་དེ་བཞིན་ཏེ། ། རྣམ་གྲངས་དག་ཀྱང་བཀོད་པ་ལས། ། བསྐྱར་བ་ཡོད་དང་མེད་པ་དང་། ། ཕོ་སྒྲ་དང་ནི་མོ་སྒྲ་དག ། མིང་གི་མཐའ་ན་ཡོད་མེད་དང་། ། རྒྱན་དུ་གྱུར་པ་རྣམས་ལ་ཡང་། ། དོན་ལ་བསྙེགས་པ་ཡོད་མེད་དང་། ། བསྟན་བྱ་ལྷག་མ་ཡོད་མེད་དང་། ། ཚིག་དོན་རྫོགས་དང་མ་རྫོགས་ཀྱིས། ། དེ་དག་ནང་གསེས་རྣམ་པར་དབྱེ། ། ཅི་ཕྱིར་འཇུག་པར་བྱེད་ཅེ་ན། ། ཡི་གེའི་ཁོངས་ནས་མི་དབྱུང་སྟེ། ། མིང་གི་ཁོངས་ནས་ཚིག་ཕྱུང་ནས། ། ཚིག་གིས་དོན་རྣམས་སྟོན་པར་བྱེད། ། མོ་ཡི་ཡི་གེ་མེད་པ་ན། ། ཕོ་ཡིག་བརྗོད་པ་མེད་པར་འགྱུར། ། ཕོ་ཡིག་དེ་དག་རྣམས་ལ་ཡང་། ། འཇུག་པར་བཅས་པ་མེད་ན་ནི། ། མིང་དང་ཚིག་ཀྱང་གསལ་མི་ནུས། ། མིང་ཚིག་གསལ་བ་མེད་ན་ནི། ། དོན་རྣམས་བརྗོད་པར་མི་འགྱུར་རོ། ། དེ་ལྟར་གྱུར་ན་འཇིག་རྟེན་དུ། ། དོན་མཚོན་བརྗོད་པ་ཀུན་ཀྱང་མེད། ། རིག་བྱེད་སྨྲ་བའང་ཡོད་མི་འགྱུར། ། ཉན་ཐོས་རང་རྒྱལ་སངས་རྒྱས་ཀྱི། ། བསླབ་པ་རྣམས་ཀྱང་མེད་པར་འགྱུར། ། ཇི་ལྟར་འཇིག་རྟེན་སེམས་ཅན་རྣམས། ། ཕུང་པོ་ཁམས་དང་སྐྱེ་མཆེད་དང་། ། གྲུབ་མཐའ་གཞན་ཡང་ཡོད་ན་ཡང་། ། རང་ཉིད་ཀྱིས་ནི་མི་ཤེས་བཞིན། ། དེ་བཞིན་ཡི་གེའི་འཇུག་ཚུལ་རྣམས། ། སྨྲ་བ་ཀུན་ལ་གནས་གྱུར་ཀྱང་། ། རང་ཚུལ་དེ་ཉིད་མི་ཤེས་པས། ། དོན་ལ་སྦྱོར་བ་ག་ལ་ཤེས། ། དེ་ཕྱིར་སྨྲ་བའི་དབང་ཕྱུག་གི ། རྗེས་སྨྲས་འདི་ཀུན་རྟོགས་གྱུར་ཅིག །

Tags:

🔥 Trending searches on Wiki བོད་སྐད:

ཨུ་རུ་སུ།པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་མཚན་མངོན་སུམ་གྱི་ཚད་མ་ཆགས་སྤྱོད་ཀྱི་རྒྱུ་རྩལ་གྱི་ལོ་རྒྱུས།གེ་རེན་ལཆོས་ཅན་བརྗོད་པའི་སྒྲ་གེ་སར་རྒྱལ་པོ།རིལ་བུ་ཕྱོགས་བཅུའི་མུན་སེལ་གཏམ་པད་མའི་ཚལ་གྱི་ཟློས་གར་སྨྱུང་གནས།ཨོ་སི་མིམ།བསམ་གཏན་བཞི་པའི་གནས་རིགས་བརྒྱད་རིག་འཛིན་འཇའ་ཚོན་སྙིང་པོ།མཁའ་འགྲོ།སྙན་ངག་ལེའུ་དང་པོ་ཐུན་མོང་མ་ཡིན་པའི་རྒྱན་གྱི་རྣམ་གཞག། བེ་རི་འཇིགས་མེད།ཁཱར་ལ་མར་ཁེ་སི།ཡོ་རོབ་གླིང་།ཉན་ཐོས་ལུགས་ཀྱི་དཔྱད་ཞིབ་མངོན་རྟོགས་རྒྱན་བརྒྱན་དྲུག་མཆོག་གཉིས་སྟོད་པ།རོཀ དོག​འབའ་ཆོས་སྡེ་དགོན།གཉའ་ཁྲི་བཙན་པོ་ལྕང་སྐྱ་རོལ་པའི་རྡོ་རྗེ་རོང་ཟོམ་རྣམ་ཐར་རྒྱལ་རྩེ་དཔལ་འཁོར་ཆོས་སྡེ།ཞི་བ་ལྷ།ལམ་གྱི་གཙོ་བོ་རྣམ་གསུམ་གྱི་སྙིང་འགྲེལ་སྐལ་བཟང་རྣ་བའི་དགའ་སྟོན།།ཕ་རི།རྒྱལ་བ་དགེ་འདུན་རྒྱ་མཚོ།ཁ་རི་སི་ཐོའོ་ཧྥུ་ཀོ་ལུན་སྤུ་སི།སྡེ་དགེརྣམ་དབྱེ་བདུན་པ་གནས་གཞི་ཁ་ན་ཌ།ཆོས་ལུགས།མཁས་འཇུག་སྡོམ་བྱང་ལང་ཚོའི་རྦབ་ཆུམི་ཕམ་མཁས་འཇུག་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་མཛད་པའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ།ཆུ་ཤེལ་དབང་པོ་རིག་བྱེད་བཞི།ཁོ་ཕེན་ཧ་ཀེན།བསམ་གྱིས་མི་ཁྱབ་པ་ལྔ་སྲས་དགའ་བོ་སྨིན་གླིང་གཏེར་ཆེན་འབྲུག་ཡུལ།སྐུ་འབུམ་དགོན།ཨེ་ཏི་མོན་ཐོན།སུད་སི།བསྟན་འགྱུར་དཀར་ཆག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ།འོད་དཔག་མེད།ཟི་ལིང་།ས་ཡི་སྙིང་པོ།དུང་དཀར་ཚིག་མཛོད་ཆེན་མོ་གྲངས་ཀྱི་མངོན་བརྗོད་ཀྱི་སྡོམ་ཚིགབླ་མ།དམུ་དགེའི་དགོན་གྱི་ངོ་སྤྲོད།གཏེར་སྟོན་སངས་རྒྱས་གླིང་པ་ལོ་རྒྱུས།ལག་གཡེམ།སྲོང་བཙན་སྒམ་པོ།རྡོ་རྗེ་བྲག་དགོན།ཁྱད་པར་དུ་འཕགས་པའི་བསྟོད་པ་ཁ་ཏར།སྡོམ་གསུམ་རབ་དབྱེ་ཀོ་ཀིའི་གླུ་དབྱངས། (Google)གངས་འདབས་ཀྱི་རོལ་དབྱངས།🡆 More