འཇིགས་མེད་ཐེག་མཆོག་

This page is not available in other languages.

རྣམ་གསལ་མཚན་དཔེའི་འོད་ཀྱི་དྲ་བས་མཛེས།།རྣམ་དག་ལམ་གྱིས་འགྲོ་ཀུན་སྲིད་ལས་སྒྲོལ།།རྣམ་ཀུན་མཁྱེན་པའི་ཐུགས་ཀྱིས་ཆོས་ཀུན་གཟིགས།།རྣམ་འདྲེན་སྟོན་པ་ཤཱཀྱ་སེང་གེར་འདུད།།ཕྱག་ན་པད་དཀར་འདབ་ཀྱི་འཛུམ་གྲོལ་བའི།།སྙིང་རྗེ་ལྷ་ཡི་སྒྱུ་འཕྲུལ་ངུར་སྨྲིག་གར།།གསེར་ལྗོངས་འགྲོ་བའི་མགོན་གྱུར་རྣམ་འདྲེན་རྗེའི།།སྐུ་ཡི་ཕྲེང་བའི་ཞབས་པད་གཙུག་གིས་མཆོད།།འཇིགས་མེད་རིགས་པའི་རྣམ་དཔྱོད་ཆེར་རྒྱས་པས།།ཤེས་བྱའི་ཕ་མཐའ་གཞལ་བའི་བློ་གྲོས་ཀྱིས།།བསྟན་ལ་འཆད་རྩོད་རྩོམ་པའི་ལེགས་མཛད་ཅན།།བཤེས་གཉེན་སྨྲ་བའི་ཟླ་བར་སྙིང་ནས་འདུད།།དེ་ཡི་བུ་སློབ་རྒྱུ་སྐར་དབུས།།ཟླ་བ་གཞོན་ནུ་ལྟར་བརྗིད་པའི།།མཁྱེན་རབ་འོད་དཀར་སྙེ་མ་འབུམ།།འཛུམ་པའི་སྨྲ་མཁས་གྲགས་པ་མཐོ།།དེ་ཡི་བརྗོད་པ་རྒྱ་མཚོའི་རླབས།།ཕྱོགས་སུ་རྩེན་པའི་ཆ་ཙམ་གྱི།།ཚིག་ཕྲེང་མུ་ཏིག་དོ་ཤལ་ཅན།།སྙན་པའི་ངག་གི་དབྱངས་ཀྱིས་སྤྲོ།།       ༈གསེར་ལྗོངས་ལང་ཚོ་དར་མའི་སྨད་ཀྱི་ཕྱོགས།།ནོར་འཛིན་གཡུ་དཀར་མེ་ལོང་ཕྱིས་འདྲ་བར།།འབྲུ་དྲུག་སྙེ་མ་དུད་པའི་ཞིང་ས་དང་།།བཟའ་ཤིང་ལོ་འབྲས་རྒྱས་པའི་བཀོད་པ་ན།།མུ་ཏིག་ཚོམ་བུ་འཐོར་འདྲའི་གྲོང་ཁྱེར་ནི།།རྒྱུ་སྐར་གྲངས་ལས་བརྒལ་བའི་ཡུལ་དེ་རུ།།རིགས་རུས་ཆོ་འབྲང་གཙང་མའི་ཞིང་ས་རུ།།དགེ་ལེགས་འཛམ་བུའི་ལྗོན་བཟང་འདི་ཉིད་འཁྲུངས།།འཇམ་དཔལ་དབྱངས་དངོས་རིགས་པའི་བློ་གྲོས་ཀྱིས།།རྗེས་བཟུང་བྱིན་རླབས་བསྲུང་བའི་རྟེན་རྫས་དང་།།གྲིབ་སེལ་བདུད་རྩིའི་བུམ་ཆུ་སོགས་གནང་སྟེ།།རྡོ་རྗེ་ཚེ་བརྟན་ཞེས་བྱའི་མིང་དབང་སྩལ།།ཐོག་མར་རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་།།ངུར་སྨྲིག་གར་བསྒྱུར་སྐྱབས་མཆོག་ཨ་རོལ་རྗེས།།པདྨའི་རིགས་མཆོག་སྤྱན་རས་གཟིགས་དབང་གིས།།དབང་བསྐུར་རྡོ་རྗེའི་ལམ་གྱིས་སྨིན་པར་བྱས།།ན་ཆུང་བྱིས་པའི་མྱུ་གུ་ལ།།ཐུགས་རྗེའི་བདུད་རྩིའི་ཆབ་ཀྱི་རྒྱུན།།ཡང་ཡང་བྲན་པས་བློ་གྲོས་ཀྱི།།སྔོ་ལྗང་འདབ་ཀྱི་འཛུམ་རྒྱ་གྲོལ།།བློ་ལྡན་བྱིས་པའི་གྲོགས་དང་བཅས།།རིག་སློབ་པད་མའི་རྫིང་བུ་རུ།།ཤེས་བྱའི་མེ་ཏོག་མཚར་སྡུག་ཅན།།རང་གི་ལུས་ལ་རྒྱན་དུ་བཏགས།།       ༈དེ་ཚེ་མཆོག་གསུམ་དད་པའི་སྤྲིན།།ཡིད་ཀྱི་མཁའ་ལ་རབ་དཀྲིགས་པས།།སྒོ་གསུམ་དད་པའི་འཁྲི་ཤིང་གཞོན།།ས་ལ་དུད་པའི་ཟློས་གར་ངོམ།།གཞན་ཡང་འཇིགས་མེད་རིགས་པའི་བློ་གྲོས་ཞེས།།འཇམ་དཔལ་མི་ཡི་གར་བསྒྱུར་གང་དེ་ལ།།རིང་ནས་འདྲིས་པའི་ཐུགས་བསྐྱེད་ཉི་ཟེར་གྱིས།།དད་པའི་པདྨོ་དབང་མེད་འདབ་གྲོལ་བས།།དགྱེས་འཛུམ་ཞལ་དཀྱིལ་ཟླ་བའི་དཀྱིལ་འཁོར་ཅན།།ཐོག་མར་མཇལ་བས་དགའ་སྤྲོས་ཡིད་དབང་བརྟས།།དམ་པའི་ཞལ་སྒོ་དབྱར་གྱི་ཆུ་གཏེར་ལས།།འཇམ་དཔལ་མཚན་དབྱངས་བརྗོད་པའི་འབྲུག་སྒྲའི་དབྱངས།།སྙན་པར་སྒྲོག་པས་ཡིད་ཀྱི་མདོངས་མཐའ་ཡིས།།དགའ་མགུའི་མཇུག་སྒྲོའི་གུར་གྱི་མཛེས་སྡུག་ངོམ།།ཤར་ཕྱོགས་རིགས་པའི་དཔའ་བོའི་གདན་ས་པ།།རྩོད་དུས་མཁས་དབང་གདོང་ལྔའི་དབང་པོ་དང་།།མཁས་གྲུབ་ཆེན་པོ་དུ་མའི་ཞབས་པད་རྡུལ།།སྤྱི་བོར་བཀོད་དེ་བརྡ་དག་རིག་པའི་གཞུང་།།འཛིན་སྐྱོང་རྡོ་རུས་ཐུག་པའི་སློབ་སྦྱོང་ཚུལ།།ཕྱོགས་རེ་ཙམ་མིན་གཞུང་དོན་ལྷུན་རྫོགས་པའི།།ཤེས་བྱའི་རི་མོ་མཁྱེན་པའི་མེ་ལོང་ངོས།།གསལ་བར་འཆར་ཏེ་གཞན་ལའང་འདོམས་པར་མཛད།།མིག་མདའི་ལོ་ལ་རང་ཞིང་སློབ་ཆེན་དུ།།ཞུགས་ཏེ་རྒྱ་བོད་རིག་པའི་གཞུང་ལུགས་དང་།།ཚན་རིག་ཤེས་བྱ་ཕྲ་མོའི་རིགས་ལམ་སོགས།།གསལ་བར་མཁྱེན་པའི་སྙན་པ་ཕྱོགས་སུ་འབར།།རིག་བྱེད་རྒྱ་མཚོའི་འཇིངས་བརྒལ་བས།།དགོས་འདོད་རིན་ཆེན་ནོར་གྱི་གཏེར།།འབད་མེད་ཐོབ་པས་མིག་སྐྱའི་བུས།།ཕྲག་པ་དོག་པའི་བརྟུལ་ཞུགས་བཟུང་།།མཁས་མང་ནམ་མཁའི་རྒྱུ་སྐར་དག།རང་མཐོང་འོད་ཀྱིས་ཁེངས་པའི་རི།།སྙིལ་བའི་ཟླ་བ་གཞོན་ནུའི་འཛུམ།།གསེར་ལྗོངས་འཛིན་མའི་མཁའ་ན་ངོམ།།དབང་པོའི་མིག་གིས་མ་མཐོང་ཞིང་།།ཚངས་པའི་ཡིད་ཀྱིས་མ་ཟིན་པའི།།ཕྲ་ཞིབ་ཤེས་བྱའི་གཟིགས་མོ་ཀུན།།ཤེས་རབ་སྤྱན་གྱིས་གསལ་ལེར་གཟིགས།།ལྔ་རིག་གངས་དཀར་ལྷུན་པོ་ཆེར།།དབང་བསྒྱུར་སེང་གེ་དཀར་མོའི་བུས།།རྣམ་དཔྱོད་རིགས་པའི་མཆེ་སྡེར་གྱིས།།རྒོལ་ངན་གླང་པོར་འཇིགས་པ་སྦྱིན།།གྲགས་པ་མཁའ་ལྡིང་དཀར་པོའི་ཁྱུ།།སྲིད་པ་ཡངས་པའི་མཁར་བསྐྱོད་པས།།འཕུར་ལྡིང་གར་གྱི་རྩེད་འཇོ་ཡིས།།སྙན་པ་སྲིད་པའི་རྩེ་རུ་ཁྱེར།།འཕུང་སྦྱོར་སྲིད་པ་འཕྱོན་མའི་འཛུམ།།ངན་གཡོའི་གྱ་གྱུའི་རྫུ་བག་ལ།།གཏིང་ནས་ཞེན་ལོག་ངེས་འབྱུང་གིས།།ཟིན་པའི་ཐར་བ་དོན་གཉེར་བློས།།བསླབ་ཁྲིམས་ངུར་སྨྲིག་རྒྱན་འཆང་བར།།མངོན་འདོད་ཡིད་ཀྱི་རྦ་རླབས་རྩེན།།ལག་པ་རི་བོའི་ལོ་ལ་དུས་མཐའ་འདིའི།།ཐུབ་པའི་རྒྱལ་ཚབ་བརྟན་མཁས་གཉིས་ལྡན་པའི།།མཁན་པོ་འཇིགས་མེད་རིགས་པའི་བློ་གྲོས་ལས།།ད་ཆོག་ཉེས་མེད་ཕུན་སུམ་ཚོགས་པའི་སྒོས།།དགེ་བསྙེན་རབ་བྱུང་དགེ་ཚུལ་དགེ་སློང་གི།སྡོམ་གསུམ་རིམ་གྱིས་མནོས་པས་ཚུལ་ཁྲིམས་ཀྱི།།ཕུང་པོ་ཡོངས་སུ་རྫོགས་པའི་སྐལ་ལྡན་གྱུར།།དེ་ནས་ལྟུང་བ་སྡེ་ལྔའི་བཅས་རང་གི།ཕྲ་རགས་ཉེས་པས་ནམ་ཡང་མ་གོས་པར།།ལེགས་པར་སྲུང་བས་ཤཱཀྱའི་བསྟན་པ་ལ།།འཕགས་ཆེན་ཉེ་བར་འཁོར་གྱི་རྣམ་ཐར་བསྐྱངས།།ཁོར་ཡུག་མཛེས་པའི་དགའ་ཚལ་དུ།།རིག་པའི་པདྨོའི་བཅུད་མྱོང་བའི།།ན་གཞོན་བུང་བའི་ཁྱུ་ཚོགས་དག།རྒྱང་དུ་བོར་བའི་སྲེད་མེད་བུས།།སྲིད་པའི་ཚང་ཚིང་འཁྲིགས་པའི་དབུས།།རྙི་ལས་ཤོར་བའི་རི་དྭགས་བཞིན།།བས་མཐའི་སྤང་ལྗོངས་ཉམས་དགའ་བར།།གཅིག་པུར་སྡོད་པའི་དྲང་སྲོང་གིས།།ཆགས་བྲལ་ཐུབ་པའི་དཀའ་ཐུབ་བསྟེན།།དམ་བཅའ་ལྕགས་ཀྱི་གོ་ཁྲབ་ལ།།མདའ་ལྔ་ཡིས་ཀྱང་མ་ཕུག་པར།།ལུས་མེད་ངོ་ཚས་ངུ་འབོད་ལ།།དཀར་ཕྱོགས་ལྷ་ཡིས་གད་མོ་དགོད།།       ༈དེ་ནས་གསེར་ལྗོངས་རྣམ་འདྲེན་བླ་མ་ཡི།།གདན་ས་བདེ་ཆེན་ཆོས་འཁོར་གླིང་ཆེན་གྱི།།ཆོས་ཀྱི་གྲྭར་ཞུགས་བཤེས་གཉེན་སཾགྷའི་དྲུང་།།དཀའ་ཆེན་ལྔ་ཡི་གཞུང་དང་ཐལ་ཕྲེང་སོགས།།རྒྱ་བོད་ཡིག་ཆ་སྣ་ཚོགས་གུང་སྒྲིག་སྟེ།།ཞིབ་མོར་བསླབ་ཅིང་འཛིན་སྐྱོང་བགྲོ་གླེང་གིས།།སྦྱངས་པ་གོ་ཐོབ་ཙམ་དང་ཚིག་རིས་ཀྱིས།།མ་ཚིམས་གོ་རིགས་ཟུང་དུ་འབྲེལ་བ་ཡིས།།བརྡར་ཤ་བཅད་དེ་སྦྱང་བ་མཐར་ཕྱིན་བྱས།།གཞན་ཡང་མཁས་བཙུན་ལུང་རིགས་རྒྱ་མཚོ་དང་།།གཡེར་གཤོང་འཇམ་དབྱངས་དགེ་འདུན་རྒྱ་མཚོ་སོགས།།བཤེས་གཉེན་མཁས་གྲུབ་དུ་མའི་ཞབས་བསྟེན་ཏེ།།མདོ་སྔགས་སྤྱི་དང་བྱང་ཆུབ་ལམ་རིམ་གྱི།།ཟབ་ཁྲིད་སྙན་བརྒྱུད་ལུང་དང་བཤད་ལུང་སོགས།།གསན་པས་དམ་ཆོས་བདུད་རྩིས་ཐུགས་རྒྱུད་བཀང་།།བཤེས་གཉེན་འདུལ་འཛིན་དགེ་འདུན་བསམ་གཏན་ལས།།རྒྱལ་བའི་བཀའ་འགྱུར་ཡོངས་ཀྱི་ལྗགས་ལུང་དང་།།ཁྱད་པར་བཤེས་གཉེན་སཾགྷའི་ཞལ་སྔ་ལས།།འཇམ་མགོན་བླ་མ་ཡབ་སྲས་རྣམ་གསུམ་དང་།།རྡོ་རྗེ་འཆང་ཆེན་ཨ་བྷྱའི་གསུང་འབུམ་སོགས།།མདོ་སྔགས་གཞུང་ལུགས་དུ་མའི་ལྗགས་ལུང་རྒྱུན།།ལེགས་པར་གསན་པས་ཆོས་ཀྱི་དགའ་སྟོན་མྱོང་།།ཀུན་གཟིགས་པཎ་ཆེན་ཆོས་ཀྱི་རྒྱལ་མཚན་དྲུང་།།རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པ་ཡི།།དབང་བཞི་མནོས་ཏེ་སྒོ་གསུམ་དྲི་མ་སྦྱངས།།སྐུ་བཞི་འགྲུབ་པའི་ནུས་པ་མཐུ་ལྡན་བཞག།དེ་ནས་ཚོ་འདུ་གྲུབ་པ་ཆེན་པོ་དང་།།ལྷན་དུ་གསང་ཆེན་རྡོ་རྗེ་འཇིགས་བྱེད་ཀྱི།།བསྙེན་པའི་རིམ་པ་ཚད་ལྡན་ཕྱག་བཞེས་ལྟར།།ཐུན་བཞིའི་ལམ་ལས་རྣལ་འབྱོར་མཆོག་ལ་བརྩོན།།དེ་ནས་རྒྱུད་སྡེ་འོག་མ་རྣམ་གསུམ་དང་།།ཁྱད་པར་བླ་མེད་རྒྱུད་ཀྱི་བསྐྱེད་རྫོགས་སོགས།།གསང་ཆེན་ལམ་ལ་སྦྱང་བརྩོན་ཉམས་ལེན་གྱིས།།རྒྱུད་སྡེ་རྒྱ་མཚོའི་ཕ་རོལ་མཐར་ཕྱིན་མཛད།།སྒྲ་སྙན་སྨན་རྩིས་ལ་སོགས་ཐུན་མོང་བའི།།རིག་པའི་གནས་ལ་སྦྱང་བ་ཕུལ་ཕྱིན་ནས།།སྣ་ཚོགས་གདུལ་བྱར་གང་འཚམ་མཛུབ་ཁྲིད་སོགས།།མཆོག་དམན་བུ་སློབ་དུ་མ་ཐབས་ཀྱིས་བསྐྱངས།།དམ་པའི་ཞལ་སྒོའི་པད་མ་ལས།།དམ་ཆོས་སྦྲང་བཅུད་མངར་མོའི་རྒྱུན།།རྐང་དྲུག་གཞོན་ནུས་གླུ་གར་བཅས།།ངོམས་མེད་འཐུང་བས་བདེ་དགས་མྱོས།།       ༈ཁྱོད་ཡོན་གསེར་གྱི་ལྷུན་པོ་ཆེ།།ནོར་འཛིན་ལྟོ་བས་མ་ཐེག་པ།།ཁྱབ་འཇུག་འདེགས་པར་མ་བཟོད་པས།།འཇུག་པ་བཅུ་བའི་རྫུན་ཚིག་བརྡོལ།།གཞོན་ནུ་ཉིད་ནས་ལྷན་སྐྱེས་ཀྱི།།ཡོན་ཏན་འོད་དཀར་ཟེགས་མ་ཡིས།།མཁས་དགུའི་ཡིད་ཀྱི་ཨུཏྤལ་འདབ།།གྲོལ་བས་འཇིག་རྟེན་ངོ་མཚར་འཛིན།།གསང་གསུམ་སྣང་བའི་འོད་རླབས་ཀྱིས།།ཀུན་ཡིད་རྨོངས་པའི་མུན་སེལ་ཏེ།།ལྔ་རིག་ནགས་མཐར་རབ་རྩེན་པའི།།འདབ་ལྡན་བྱེ་བས་མགྲིན་དབྱངས་ལེན།།བཅུ་ཕྲག་རིག་པའི་རྒྱ་མཚོ་ལ།།གཟིངས་ཀྱིས་བགྲོད་པའི་དེད་དཔོན་གྱིས།།ལེགས་བཤད་ནོར་བུའི་དོ་ཤལ་ཅན།།རང་གི་བུ་ལ་རྒྱན་དུ་བྱིན།།ནམ་ཞིག་བདེ་ལྡན་ཞིང་གི་མགོན་པོ་ཡི།།འཕྲིན་ལས་འོད་ལྔ་ལས་བྱུང་སློབ་གླིང་དུ།།རིག་པའི་ལེགས་བཤད་འཇོ་བའི་བཤེས་གཉེན་དུ།།འབོད་པའི་བཀའ་ལུང་གསེར་གྱི་ཕྱག་དམ་ཕེབས།།དེ་ནས་འཛམ་གླིང་གྲགས་འབར་པེ་ཅིན་དུ།།བྱོན་ཏེ་ལྔ་རིག་པདྨོའི་སྐྱེད་ཚལ་ལ།།ལེགས་བཤད་སྙན་དགུའི་ཆར་བ་འདོད་འཇོ་བས།།རྣམ་འདྲེན་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དཀྲིགས།།གཞན་ཡང་རོང་རྒན་དགེ་འདུན་དར་རྒྱས་དང་།།ཁྲི་རྒན་སྤྲུལ་བའི་སྐུ་མཆོག་རྣམ་གཉིས་ཀྱི།།བཀའ་ལྟར་རྡོ་རྗེ་རྫོང་དང་ཚ་རྒྱ་སོགས།།དགོན་ཁག་དུ་མར་ལམ་རིམ་བློ་སྦྱོང་དང་།།རིག་གནས་ལ་སོགས་ཆོས་ཀྱི་ཆར་ཆེན་ཕབ།།གསེར་ལྗོངས་སྐྱབས་མགོན་བདུན་པའི་ཡང་སྲིད་ཆེད།།གཡེར་གཤོང་འཇམ་དབྱངས་དགེ་འདུན་རྒྱ་མཚོ་དང་།།སྐྱབས་མཆོག་ཁ་སོ་ཚང་དང་རོང་རྒན་ཚང་།།རྒྱལ་ཁབ་འགོ་འདྲེན་ཁག་དང་ལྷན་ཅིག་ཏུ།།བདེ་ལྡན་བཀོད་པའི་གནས་མཆོག་ལྷ་ལྡན་དུ།།བྱོན་ཏེ་རྣམ་འདྲེན་རྒྱལ་བའི་གདུང་འཚོབ་ཆེ།།ལྷ་མིའི་གཙུག་རྒྱན་ཤཱཀྱ་མུ་ནེའི་དྲུང་།།སྣ་ལྔའི་མཆོད་སྤྲིན་མཁའ་ལ་རབ་དཀྲིགས་ཏེ།།བདེན་སྐུལ་གསོལ་འདེབས་དབྱངས་དང་ལྷན་ཅིག་ཏུ།།བརྟགས་འབྲས་མཚན་གྱི་ཅོད་པན་སྤྱི་བོར་བབས།།སྤྲོ་དགའི་རྒྱ་མཚོ་འཕྱུར་བའི་རྦ་རླབས་ཀྱིས།།གདུལ་བྱ་རྒྱ་མཚོའི་སྙིང་ལ་བསིལ་བ་སྦྱིན།།དཔལ་འབྱོར་རྒྱ་མཚོའི་སྒོ་བརྒྱ་ལེགས་ཕྱེ་བས།།ལུས་ཅན་རྒྱ་མཚོ་མྱོས་པའི་དགའ་སྟོན་སྤེལ།།ཐུགས་རྗེ་འོད་དཀར་རྒྱས་པའི་ཞལ།།གསེར་ལྗོངས་འཛིན་མར་རབ་ཆགས་པས།།ཕན་བདེ་གཏེར་གྱི་མྱུ་གུའི་འབྲས།།དད་དམ་གཙང་མའི་ཞིང་སར་སྨིན།།དད་པའི་ལག་སོར་རབ་རྩེན་པས།།གསོལ་འདེབས་རྒྱུད་མངས་དབྱངས་ཀྱི་སྒྲས།།སྙན་གྱི་པདྨོའི་སྦུབས་གྲོལ་བས།།དགེ་ལེགས་མཚན་གྱི་རོལ་མོ་འཁྲོལ།།དགའ་དད་སྤྲོ་བའི་རླབས་ཀྱི་ཕྲེང་།།ཕན་ཚུན་འགྲན་པའི་ཟློས་གར་གྱི།།རང་རྩལ་ངོམ་པའི་ཡོ་ལང་གི།རྫོགས་ལྡན་གསར་བའི་དགའ་སྟོན་སྤེལ།།རྩེ་མོ་ཐེག་པའི་ལོ་ལ་གདན་ས་ཡི།།ཁྲི་འཛིན་བླ་སྤྲུལ་ལས་སྣ་གཙོ་བྱས་ཏེ།།ཞིང་ཆེན་ཁུལ་རྫོང་འབྲེལ་ཡོད་འགོ་ཁྲིད་བཅས།།ལྷན་འཛོམས་གྲོས་མཐུན་སྒོ་ནས་གང་ཉིད་ལ།།གསེར་ལྗོངས་སྐྱབས་མཆོག་ཐུབ་པ་ཆེན་པོ་ཡི།།ཡོངས་འཛིན་མཚན་གྱི་མེ་ཏོག་གཙུག་ཏུ་བཙུགས།།       ༈རྒྱལ་བུ་མྱུ་གུ་གཞོན་ནུ་ལ།།རིག་པའི་ག་བུར་གཙང་མའི་ཆབ།།དྲངས་པས་ཡོན་ཏན་འབྲས་བུའི་བཅུད།།ལྷུན་རྫོགས་སྤྱོད་བཟང་སྙེ་མ་དུད།།ཁྱོད་ཀྱི་ལེགས་གསུང་དར་དིར་དབྱངས།།དབང་པོའི་སྙན་དུ་ལེགས་སིམ་པས།།མཁྱེན་རྩལ་རི་མོ་འབུམ་གཟིགས་ཀྱིས།།ཤེས་བྱའི་མཁའ་དབྱིངས་དོག་པོར་སྒྲུབ།།དབང་ཕྱུག་རལ་བར་གཡས་འཁྱིལ་བའི།།སྙན་པའི་དབྱངས་སྒྲོག་གངྒཱ་མ།།ཧུབ་ཀྱིས་འཐུང་བའི་དྲང་སྲོང་ནི།།མཁྱེན་རབ་གཏེར་གྱི་གོང་བུར་གྱུར།།ཐབས་མཁས་རྔ་ཡབ་དཀར་པོའི་འཇོ་སྒེག་གིས།།ཉེས་སྤྱོད་ཚ་བའི་གདུང་སེལ་ལྷོ་རླུང་ལས།།ཞི་དུལ་བསིལ་བའི་བདེ་དགའི་དཔལ་བྱིན་པས།།སྤྱོད་བཟང་ཐུབ་པའི་ཉན་ཐོས་གཉིས་པར་གྱུར།།རྣམ་འདྲེན་བླ་མའི་སྒྱུ་འཕྲུལ་གཞོན་ནུ་ཡིས།།གཞུང་ཆེན་ལྔ་ཡི་གསན་སྦྱོང་མཛད་པའི་སྐབས།།སྨྲ་མཁས་དཔྱོད་ལྡན་མཚན་ཞབས་བཅུ་ཕྲག་གིས།།བགྲོ་གླེང་གཏམ་གྱི་ཞབས་འདེགས་ཚུལ་བཞིན་བསྒྲུབས།།གསང་སྔགས་རྒྱུད་གྲྭའི་འདུས་སྤྱིའི་ཐུགས་འདོད་ལྟར།།རྒྱུད་པའི་སློབ་དཔོན་དམ་པར་ཞལ་བཞེས་ཏེ།།ཐུན་མོང་རིག་གནས་སྤྱི་དང་ལམ་སྔགས་ཀྱི།།བཤད་ཁྲིད་དང་བཅས་བསླབ་སྟོན་གནད་སྨིན་གནང་།།གཞན་ཡང་དཀྱིལ་འཁོར་སོ་སོའི་ཐིག་རྩ་དང་།།ལས་བཞིའི་ཐབ་ཐིག་ཁྱད་པར་ལྕགས་མཁར་གྱི།།སྦྱོར་དངོས་མཇུག་གི་ཞལ་ཤེས་སྙན་བརྒྱུད་སོགས།།རྡོ་རྗེ་གསང་བའི་མན་ངག་བཀའ་རྒྱའི་ཚོགས།།རྡོ་རྗེའི་བུ་ལ་གསང་བར་གདམས་པ་མཛད།།དཔལ་ཆོས་མཁན་ཆེན་མཆོག་གི་བཀའ་ལུང་ལྟར།།སོ་ནག་དགོན་པར་བྱོན་ཏེ་དགེ་འདུན་སྡེར།།དགའ་ལྷ་སྐྱབས་འགྲོ་སྤྱོད་འཇུག་ལ་སོགས་པའི།།ཟབ་རྒྱས་ཆོས་ཀྱི་བདུད་རྩིས་ཚིམ་པར་མཛད།།གྲུབ་ཆེན་སྐྱབས་མགོན་ཚོགས་དྲུག་ཞབས་དཀར་གྱི།།སྤྲུལ་བའི་སྐུ་མཆོག་དམ་པའི་ཡོངས་འཛིན་དུ།།བཀུར་བས་ཆོས་སྲིད་ཟུང་གི་བསླབ་སྟོན་དང་།།བརྡ་སྤྲོད་རིག་གཞུང་དག་གི་སློབ་ཁྲིད་ཀྱི།།ཡོན་ཏན་ནོར་བུས་ཐུགས་རྒྱུད་གང་བར་བྱས།།མཁྱེན་རྩལ་གཤོག་པའི་གར་སྟབས་ཀྱིས།།ཤེས་བྱའི་ནམ་མཁའི་རྩེར་འཛེགས་པས།།ཞབས་སེན་ལི་ཁྲིའི་སྙེ་མ་ཡིས།།ཆེ་དགུའི་གཙུག་ལ་ཐིག་ལེ་བཀོད།།ཁྱོད་གསུང་ཛཱ་ཏིའི་མེ་ཏོག་གསར།།ཕྱོགས་ཀྱི་བུ་མོའི་རྒྱན་བྱས་པས།།ལང་ཚོ་གསར་བའི་མཛེས་སྡུག་གིས།།བརྒྱ་བྱིན་མིག་སྟོང་དབང་མེད་བཀུག།ཆེར་སྙིགས་དུས་ཀྱི་མཇུག་མ་ལ།།ལེགས་མཛད་སྤྱོད་པའི་བཅུད་ལེན་གྱིས།།ཐུབ་བསྟན་ལང་ཚོའི་སྲོག་བཟུང་བས།།བསྔགས་བརྗོད་ལྷ་ཡི་རྫ་རྔ་བརྡུངས།།རྔ་ཡུལ་ཀིརྟིའི་ནང་བསྟན་སློབ་གླིང་དུ།།སློབ་ཚོགས་བློ་གསལ་རྐང་བ་དྲུག་པའི་ཁྱུར།།བརྡ་དག་རིག་པའི་པདྨོའི་བཅུད་བྱིན་པས།།མྱོས་པའི་གར་གྱིས་མགྲིན་དབྱངས་ལྷུང་ལྷུང་སྒྲོག།ལི་ཁྲིའི་རྒྱ་མཚོའི་ཟློས་གྱུར་འདུས་པའི་སྡེར།།དྲང་ངེས་རྣམ་འབྱེད་རྟོག་བདུན་འགྲེལ་ཆེན་སོགས།།མདོ་དང་རྒྱུད་སྡེའི་རྒྱ་བོད་གཞུང་མང་གི།ཟབ་ཁྲིད་རི་གཟར་འབབ་ཆུ་བཞིན་དུ་འཇོ།།མཚོ་སྔོན་བོད་བརྒྱུད་ནང་བསྟན་སློབ་གླིང་གི།བླ་མའི་འཛིན་གྲྭ་སྐྱོང་བའི་སློབ་དཔོན་དུ།།བྱོན་ཏེ་སྙན་ངག་མངོན་བརྗོད་སྡེབ་སྦྱོར་དང་།།ཚད་མ་ལོ་རྒྱུས་ལ་སོགས་སྐབས་བབ་ཀྱི།།མཛུབ་ཁྲིད་ཞིབ་རྒྱས་གང་འཚམ་བསླབ་བྱ་སོགས།།འདོད་ཆོས་སྣ་ཚོགས་ཆུ་བོའི་རྒྱུན་བཞིན་སྩལ།།གཞན་ཡང་ལྷོ་ནུབ་ནུབ་བྱང་མཚོ་སྔོན་གྱི།།མི་རིགས་སློབ་ཆེན་དག་གི་དགེ་སློབ་ལ།།གངས་ཅན་རིག་པའི་གཞུང་དང་ལོ་རྒྱུས་ཀྱི།།རང་ལུགས་གསལ་བཤད་ལོག་རྟོག་དྲི་མ་བསལ།།རང་རིགས་དགེ་བའི་བསླབ་སྟོན་སྣ་ཚོགས་ཀྱིས།།གཞོན་ནུའི་སྙིང་ལ་རྒྱ་སྟག་རུས་པ་བཙུགས།།ལྔ་རིག་ཚལ་ན་རྩེད་འཇོ་མཁན།།བློ་གསལ་རི་དྭགས་མིག་ཅན་ལ།།ལེགས་བཤད་མེ་ཏོག་གསར་བའི་ཕྲེང་།།ཕངས་མེད་རྣ་བའི་རྒྱན་དུ་བྱིན།།སེང་གེ་དཀར་མོའི་གོམ་སྟབས་ཀྱིས།།རིག་པའི་གད་རྒྱངས་མཐོན་པོར་བསྒྲགས།།རིགས་མཐའི་ཕྲག་པ་རབ་དོག་པས།།དམོད་མོའི་སྦྲུལ་གྱི་རླངས་པ་ཡིས།།རང་རིག་ཚལ་ལ་འཇིགས་སྦྱིན་པ།།ཁྱོད་ངག་གནམ་ལྕགས་མདའ་ཡིས་བརླགས།།ཁྱོད་དྲིན་ལག་པའི་མཛུབ་ཀྱི་རིས།།གངས་རིའི་ཐོད་དུ་བབས་པའི་རྗེས།།དུས་ཀྱི་མཐར་ཡང་རབ་གསལ་བ།།ཁ་བ་རི་བོའི་དཔལ་དུ་བརྗིད།།སྨྲ་བྱེད་པདྨོའི་ལྟེ་བ་ལས།།ཟེགས་པའི་སྡེབ་ལེགས་སྙན་པའི་ཚིག།མཚོ་བྱུང་མགྲིན་པའི་གླིང་བུ་ལས།།མཐོན་པོའི་དབྱངས་ཀྱི་སྙན་པ་འཛིན།།ཁྱོད་ཀྱི་གྲགས་པའི་བ་དན་ལ།།དགེ་དབང་གཉིས་པའི་མཚན་གྱི་རིས།།རང་བྱུང་སྙན་པར་བབས་པའི་དབྱངས།།ཕྱོགས་ཀྱི་འཛིན་མའི་ཁྱོན་དུ་སྒྲོག།ལྟག་ཆུ་ཆད་པའི་རྫིང་བུའི་རྗེས་འགྲོ་བའི།།རིག་པའི་པདྨོའི་འཛུམ་རྒྱ་ལྷོད་པ་ན།།ཁྱོད་མགྲིན་ཡུར་བར་དྲངས་པའི་ལེགས་བཤད་ཆུས།།ལྷ་ཡི་དགའ་ཚལ་གསར་བའི་མཛེས་སྡུག་བསྐྲུན།།ཐུབ་བསྟན་གསེར་གྱི་མཆོད་སྡོང་ལྷམ་མེར་བའི།།དགེ་ལེགས་འོད་ཀྱི་སྣང་བ་འགོག་མེད་དུ།།འཆར་བས་འཇིག་རྟེན་ཀུན་ཏུ་ཕན་བདེའི་དཔལ།།མངོན་དུ་བཞད་པའི་དགེ་མཚན་བླ་ན་འབར།།       ༈འོན་ཏང་དུས་ཀྱི་སྤྱོད་པའི་ཚ་རླབས་ཀྱིས།།བསོད་ནམས་དབྱར་གྱི་ཆུ་གཏེར་རིམ་བྲི་བས།།རིག་བྱེད་ཀླུ་དབང་ལོ་ལ་རང་ཉིད་ཀྱིས།།སྟོབས་ལྔའི་མན་ངག་སྦྱར་བའི་ཉམས་ལེན་དང་།།སྐྱེ་མཆེད་རགས་པའི་བཀོད་པ་ཡོངས་བསྡུས་ཏེ།།འོད་མཐའ་ཡས་པའི་དྲུང་དུ་བདེ་བར་གཤེགས།།དམིགས་བུས་བོར་བའི་ལོང་བ་ཇི་ལྟ་བུའི།།རང་སློབ་ཡོངས་ཀྱིས་སྐྱོ་གདུང་སྨྲེ་སྔགས་བཅས།།དགོངས་རྫོགས་མཆོད་པའི་སྤྲིན་ཕུང་རབ་དཀྲིགས་ཏེ།།ཐུགས་རྗེ་བསྐུལ་བའི་གསོལ་འདེབས་ལས་ལ་འབད།།མཁྱེན་རབ་རྩལ་དགུའི་ཁེངས་ལྡན་པའི།།སེང་གེ་དཀར་མོ་གངས་རིའི་རྒྱན།།གསེར་ལྗོངས་འཛིན་མའི་དཔག་བསམ་ལྗོན།།ཐུབ་བསྟན་ནགས་ཀྱི་ཚལ་ན་བརྗིད།།མང་ཐོས་དུལ་བའི་དྲང་སྲོང་ནི།།དམར་སེར་གོས་ཀྱི་མཚར་སྡུག་ཅན།།སྤྱོད་བཟང་མ་ལ་ཡ་ཡི་དྲི།།ལྷན་སྐྱེས་ལུས་དང་དབྱེར་མེད་བྱས།།དྲི་མེད་གསུང་དབྱངས་གངྒཱའི་རྒྱུན།།འཇོ་བས་དུས་ཀྱི་སྟོན་པར་གླེང་།།ལེགས་བྱས་ཟླ་ཤེལ་དྭངས་མའི་དཀྱིལ།།འཇིག་རྟེན་དྲེགས་པའི་གཙུག་ན་གསལ།།དེ་ལྟར་གསེར་ལྗོངས་ཡུལ་གྱི་འཛིན་མ་ཡི།།རིག་བྱེད་སྨྲ་བའི་ཁེངས་པ་རབ་མཐོ་བའི།།སྤྱི་བོར་ངལ་གསོ་ཐོབ་པའི་དྲང་སྲོང་ལ།།བསྟོད་ཚིག་ནོར་བུའི་ཅོད་པན་གཙུག་ལ་བཏགས།།སྒྲོ་སྐུར་གཏམ་གྱིས་རྙོག་པའི་གྱ་གྱུའི་ཆུ།།མ་འདྲེས་དྲང་པོའི་གཏམ་གྱི་གངྒཱ་མ།།དབང་ཕྱུག་རལ་བར་འཁྱིལ་བའི་སྙན་དབྱངས་ཀྱིས།།གདོང་བཞིའི་རྣ་བ་བདུད་རྩིའི་གཏེར་དུ་སྒྲུབ།།གང་དེའི་རྟོགས་པ་བརྗོད་པའི་འཁྲི་ཤིང་ནི།།ཚིག་ཕྲེང་མེ་ཏོག་འོ་མའི་དོག་པ་ཅན།།དོན་བཟང་གཡུ་ཡི་ལོ་འདབ་རབ་འཁྲིགས་པའི།།ལེགས་བཤད་མྱ་ངན་མེད་པའི་ལྗོན་བཟང་ཉིད།།བློ་ཆུང་མགྲིན་པའི་དྲིལ་ཆུང་དཀྲོལ་བའི་སྒྲ།།འོག་མིན་ཞིང་དུ་བསྒྲགས་པའི་སྙན་པ་ཡིས།།རྒྱལ་བ་དག་ཀྱང་ཏིང་འཛིན་ལས་བསླངས་ཏེ།།སྙན་དབང་པདྨོ་རྒྱས་པའི་སྦུབས་སུ་བཟུང་།།འདི་ཡི་དགེ་བས་ཐུབ་བསྟན་ནོར་འཛིན་ཁྱོན།།དགེ་ལེགས་སྤྲིན་གྱི་མེ་ཏོག་འབུམ་དཀྲིགས་ཏེ།།ཕན་བདེ་དཔྱིད་ཀྱི་དཔལ་མོའི་འཛུམ་བཞད་པའི།།རྫོགས་ལྡན་གསར་བའི་དཔལ་ཡོན་རྒྱས་གྱུར་ཅིག།  །། 
       ཅེས་བཅུ་ཕྲག་རིག་པའི་གནས་མཐའ་དག་ལ་མཁྱེན་རབ་ཀྱི་སྣང་བ་རབ་ཏུ་འབར་བའི་མཁས་དགུའི་གཙུག་རྒྱན༧གསེར་ལྗོངས་ཡུལ་གྱི་སྐྱབས་མགོན་བརྒྱད་པ་ཆེན་པོའི་ཡོངས་འཛིན་གཞོན་པ། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་འཇིགས་མེད་ཐེག་མཆོག་ཚང་གི་ལེགས་མཛད་རྨད་དུ་བྱུང་བའི་རྟོགས་པ་བརྗོད་པ་འཁྲི་ཤིང་གཞོན་ནུའི་མེ་ཏོག་ཅེས་བྱ་བ་འདི་ནི། སྒྲུབ་བརྒྱུད་བསྟན་པའི་མངའ་བདག་ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོའི་སྐུ་འཕྲེང་བརྒྱད་པ། ༧སྐྱབས་མགོན་ཤར་ཐམས་ཅད་མཁྱེན་པ་རྗེ་བཙུན་བསྟན་འཛིན་འཇིགས་མེད་སྐལ་ལྡན་དཔལ་བཟང་པོ་དང་། སྐྱབས་མགོན་ཚོགས་དྲུག་ཞབས་དཀར་བའི་མཆོག་སྤྲུལ་རིན་པོ་ཆེ་འཇིགས་མེད་བསྟན་པའི་རྒྱལ་མཚན། རོང་བོ་དགོན་ཆེན་གྱི་དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་ཆོས་གྲགས། དགེ་སློང་དགེ་འདུན་དཔལ་འབྱོར། དགེ་འདུན་ཆོས་འཕེལ། བློ་བཟང་བཀྲ་ཤིས། སངས་རྒྱས་རྒྱ་མཚོ་སོགས་ནས་གོས་ཆེན་བུབ། ཇ་བཅུ། སྒོར་བརྒྱ་ཕྲག་འགའ། བཀྲ་ཤིས་པའི་ལྷ་རྫས་སྲིད་དུ་རིང་བ་དང་བཅས་ནན་གྱིས་བསྐུལ་བར་བརྟེན། ༧ཤཱཀྱའི་དགེ་སྦྱོང་བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་ནས་རབ་བྱུང་བཅུ་བདུན་པའི་ལྕགས་སྟག་ལོའི་ཁྲུམས་སྟོད་ཟླ་བའི་ཡར་ཚེས་ལ་གཙོས་དགའ་ལྡན་ཆོས་གླིང་ནས་བྲིས་པ་དགེ་ལེགས་འཕེལ།། 

Tags:

🔥 Trending searches on Wiki བོད་སྐད:

ཡོ་རོབ་གླིང་།སྒྲོལ་མའི་རྒྱུད་ཀྱི་འབྱུང་ཁུང་།གློག་བརྙན།ཧེ་ནོ།ཕ་དམ་པ་སངས་རྒྱས།རིས་ཡགཕུ་ན་ཕུ་ཊི།འདོད་པའི་བསྟན་བཅོས།ཨ་ཕ།བི་སའོ།སྙིང་ཐིག་སྔོན་འགྲོ་ཨོག་ལེན།ཝ་ཤིན་ཏྲོན།སྐྲག་པ།བར་དོའི་དྲུག་ཁྲིད་ཀྱི་ཟིན་བྲིས་ཀུན་གསལ་མེ་ལོང་རྒྱུད་དྲུགགུ་རུའི་རྣམ་ཐར།དགེ་འདུན་རྒྱ་མཚོ་མི་ཕམ་སྐད་གཉིས་ཤན་སྦྱར་སྟོད་རོ་མ།གྲངས་གནས་ཀྱི་ཀློག་སྟངས་ལི་སྨིད།ལོ་རྟགས་ཀྱི་བདུན་ཟུར་དབྱིན་ཡིག༢༠༢༢ལོའི་ཁ་ཐར་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེགས།རང་བྱུང་གྲངས།ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་༡༧༠༥ལོ།ཚེ་ཐར་གྱི་ཕན་ཡོན་བཞུགས་སོ།།ཝི་ཏི་ནམ།རྒྱ་ཡིགཨི་སི་ར་ཨེལ།སི་ཝེ་དེན།པོར་ཊོ་-ནོ་བོ།འཛམ་གླིང་འཁྲུག་ཆེན་དང་པོ།ཨུ་རུ་གུ་ཡེ།བེ་ཏ།ལོན་ཊོན།སྒོ་ཕྱུགས་སེམས་ཅན།ཁྰ་ལེ་ཧྥོར་ནི་ཡ།གླང་མདུན་དཔལ་འབྱོར་རྒྱ་གར་གི་ལོ་རྒྱུས།གུ་རུ་ཆོས་ཀྱི་དབང་ཕྱུག་ལི་པི་ཡ།ལྷ་མོ་དབྱངས་ཅན་མ་ལ་བསྟོད་པ།རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན།དགེ་འདུན་ཆོས་འཕེལ།དངོས་ཁམས་རིག་པ་རོས་ནེ་དེ་ཁར་ཏེ།བྱ་རྒོད།རིག་འཛིན་འཇའ་ཚོན་སྙིང་པོ།ལོ་བདུན་རིང་གི་བོད།དུང་དཀར་ཚིག་མཛོད་ཆེན་མོ་འཕྲེད་ཐིགཨིསུ་ཊོ་ནིཡ།ཨའོ་ལིན་ཕིག་ལུས་རྩལ་འགྲན་ཚོགས།ཆོས་སྒོ་བ་རྡོ་རྗེ་ཡེ་ཤེས་༧༨ (གྲངས་ཀ།)རྒྱལ་སྤྱིའི་སྒྲ་རྟགས།མཐུན་གསུམཞོགས་དུང་།པོ་ཅ་ཆུའུ།ཨན་ཀ་ར།ཞབས་བྲོ།པུ་ཨེ་ནོ་སི་ཨས་རི་སིརྒྱལ་ཆེན་བཞིའི་རིགས་ཀྱི་ལྷ་ཧེལ་སིན་ཀི།ཧི་རོ་ཧི་ཐོ།🡆 More