བླ་མ་ངག་དབང་རྣམ་པར་རྒྱལ་བའི་སྒྲུབས་ཐབས།

༄༅། །མཐུ་ཆེན་བླ་མའི་ལས་ཚོགས་ལས། བླ་མའི་རྣལ་འབྱོར་རྒྱུན་ཁྱེར་བཞུགས་སོ།།

༈ ན་མོ་གུ་རུ་ཝ་གིནྡྲ་བི་ཛ་ཡེ། འདིར་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་དཔལ་ལྡན་འབྲུག་པ་རིན་པོ་ཆེ་ངག་དབང་རྣམ་པར་རྒྱལ་བ་འདི་ཉིད་རྒྱུན་གྱི་རྣལ་འབྱོར་དུ་ཉམས་སུ་ལེན་པར་བྱེད་པ་ལ། ཐོག་མར་བླ་མ་སྐྱབས་ཡུལ་ཀུན་འདུས་སུ་ཤེས་པའི་སྒོ་ནས། ན་མོ་༑ དཀོན་མཆོག་རྩ་གསུམ་ཀུན་འདུས་ཀྱི། །བླ་མ་ངག་དབང་རྣམ་རྒྱལ་ལ། །བདག་སོགས་མཁའ་མཉམ་འགྲོ་བ་རྣམས། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །ཞེས་ལན་གསུམ་གྱིས་སྐྱབས་སུ་འགྲོ་བ་དང་། དེ་ནས་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་དང་ལྡན་པའི་སྒོ་ནས། མ་གྱུར་མཁའ་མཉམ་སེམས་ཅན་རྣམས། །བྱང་ཆུབ་ཆེན་པོར་འགོད་པའི་ཕྱིར། །ཚེ་དང་ཡེ་ཤེས་མཆོག་འདོད་ནས། །ཟབ་མོའི་ལམ་ལ་འཇུག་པར་བགྱི། །ཞེས་ལན་གསུམ་གྱིས་སེམས་བསྐྱེད་པར་བྱའོ། །དེ་ནས་སྭ་བྷ་ཝས་རང་ཉིད་ཀྱིས་ཕུང་ཁམས་སྐྱེ་མཆེད་སྟོང་པར་སྦྱངས། སྟོང་པའི་ངང་ལས་སྐད་ཅིག་དྲན་རྫོགས་སུ། །རང་ཉིད་དབང་ཆེན་རྟ་མཆོག་རོལ་པའི་སྐུ། །ཁྲོ་གཏུམ་ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར། །ཞལ་གདངས་མཆེ་གཙིགས་ལྗགས་འདྲིལ་སྤྱན་གསུམ་པ། །སྨ་ར་སྨིན་མ་འབར་ཞིང་རལ་པའི་གསེབ། །རྟ་མགོ་ལྗང་ཞུས་རྟ་སྐད་དྲག་ཏུ་འཚེར།།ཕྱག་གཡས་རྡོ་རྗེའི་དབྱུག་ཏོ་ནམ་མཁར་འཕྱར། །གཡོན་པ་ཐུགས་ཀར་སྡིགས་མཛུབ་མེ་འོད་འཕྲོ། །དཔལ་གྱི་ཆས་རྣམས་རྫོགས་པའི་བརྗིད་སྐུ་ལས། །ཡེ་ཤེས་བསྐལ་པའི་མེ་དཔུང་རབ་ཏུ་འབར། །ཞབས་གཉིས་གཡས་བསྐུམས་གཡོན་བརྐྱངས་དོར་སྟབས་ཀྱིས། །བདུད་བཞི་བརྫིས་ཏེ་པད་ཉིའི་གདན་ལ་བཞུགས། །སྤྱི་བོར་སྟོབས་ཆེན་གྱད་དང་སེངྒེ་ཡིས། །བཏེག་པའི་ཁྲི་གཉན་ས་རའི་པགས་པས་བརྒྱན། །པདྨ་ཉི་ཟླ་བརྩེགས་པའི་གདན་གྱི་ཁར། །རྩ་བའི་བླ་མ་རྡོ་རྗེ་འཆང་བ་དངོས། །དཔལ་ལྡན་འབྲུག་པ་ངག་དབང་རྣམ་པར་རྒྱལ། །ཚུལ་ཁྲིམས་ཕུང་པོ་ཡོངས་སུ་རྫོགས་པའི་སྐུ། །དཀར་མ་དམར་བའི་མདངས་ཀྱི་ལེགས་འཁྱུད་པའི། །ཞལ་གྱི་དཀྱིལ་འཁོར་ཁྲོ་འཛུམ་ཉམས་ཅན་ལ། །ཡེ་ཤེས་སྤྱན་འབྲས་སྒྲིབ་མེད་འབུར་ཚུགས་གཟིགས། །སྐུ་ཤ་རྒྱས་ཤིང་ཞལ་རྒྱུན་ཐུགས་ཀར་འཁྱིལ། །དབུ་ལ་སྒོམ་ཞྭ་གསེར་གཡུའི་ཕྲ་ཅན་གསོལ། །སྐུ་ལ་ཆོས་གོས་གསུམ་གྱིས་མཛེས་པར་ཀླུབས། །ཟ་འོག་བེར་ཆེན་ཟླུམ་པོར་འཁྱིལ་བའི་ཀློང་། །ཤེས་རབ་སྟོང་ཉིད་མཚོན་པའི་སྒོམ་ཐག་བཞེས། །ཞབས་གཉིས་རྡོ་རྗེ་སྐྱིལ་མོ་ཀྲུང་དུ་བཞུགས། །ཕྱག་གཉིས་མཉམ་བཞག་སྟེང་ན་ཚེ་བུམ་འཛིན། །ཁམས་གསུམ་ཟིལ་གྱིས་གནོན་པའི་བདག་ཉིད་ཅན། །སྤྱི་བོར་འཇའ་འོད་གུར་ཁང་འཁྲིགས་པའི་ཀློང་། །རིགས་བདག་མགོན་པོ་ཚེ་དཔག་མེད་པ་བཞུགས། །ཐུགས་ཀར་ཙིཏྟ་འོད་ལྔའི་གུར་ཁྱིམ་དུ། །ཡེ་ཤེས་སེམས་དཔའ་ཨོ་རྒྱན་བླ་མ་ཉིད། །མཚོན་གང་པཎྜི་ཏ་ཡི་ཆ་བྱད་ཅན། །ཕྱག་མཚན་རྒྱན་རྫོགས་རོལ་པའི་སྟབས་ཀྱིས་བཞུགས།།དེ་ཡི་ཐུགས་ཀར་འོད་ཀློང་ཟླ་སྟེང་དུ། །ཏིང་འཛིན་སེམས་དཔའ་ཧཱིདམར་མཚན་པའི་མཐར། །མཚན་སྔགས་ཡིག་འབྲུས་གཡས་སུ་འཁོར་བ་ལས། །འོད་འཕྲོས་དོན་གཉིས་བྱས་བསྡུས་ཧྲུལ་ཐིམ། །སྣང་གྲགས་དྲན་ནོ་ཅོག་གི་ཆོས་ཐམས་ཅད། །བླ་མའི་རྡོ་རྗེ་གསུམ་གྱི་རོལ་པ་ལ། །ཁྱབ་གདལ་མོས་གུས་ཆེན་པོའི་ངང་ནས་བཟླ། །དེ་ལྟ་བུའི་བསྐྱེད་རིམ་གྱིས་ལུས་ཐ་མལ་གྱི་ཞེན་པ་བཟློག་པའི་སླད་དུ་གསལ་དག་བརྟན་གསུམ་གྱི་སྒོ་ནས་ཇི་སྲིད་མི་སྐྱོའི་བར་བསྒོམ། དེ་ནས་སྐབས་སུ་ངག་ཐ་མལ་གྱི་ཞེན་པ་བཟློག་པའི་སླད་དུ་བཟླས་བརྗོད་བྱེད་པར་སྤྲོ་ན། ཏིང་འཛིན་སེམས་དཔའ་ལ་རྩེ་གཅིག་ཏུ་དམིགས་པའི་སྒོ་ནས་ངག་ཏུ། ཨོཾ་ཨཱཿ གུ་རུ་ཝ་གིནྡྲ་བི་ཛ་ཡ་པདྨ་ཀཱ་ར་ཨ་པ་རི་མི་ཏ་ཨ་ཡུརྫྙཱན་སིདྡྷི་ཧཱུཾ། ཞེས་ཅི་ནུས་སུ་བཟླས། དེ་ནས་སྐབས་སུ་མོས་གུས་ཀྱིས་གསོལ་བ་འདེབས་པར་སྤྲོ་ན། གསོལ་འདེབས་འཇིག་རྟེན་དབང་ཕྱུག་དང་རྩ་བའི་བླ་མའི་ཞབས་བརྟན་ལ་རུས་འདོན་བྱ། དེ་ནས་ཐུན་འཇོག་ཁར་དབང་བཞི་ལེན་པ་སྤྲོ་ན། རིགས་བདག་དང་ཡེ་ཤེས་སེམས་དཔའ་བླ་མ་ལ་བསྡུ་དབྱེར་མེད་གཅིག་འདྲེས་ཀྱི་ངང་ནས་སྤྱི་བོའི་བླ་མ་རང་ལ་ཞལ་བསྒྱུར། བླ་མའི་གནས་བཞིར་རྡོ་རྗེ་བཞིར་ས་བོན་གསལ་བཏབ་སྟེ། དབང་བཞིའི་བྱིན་རླབས་ཀྱིས་བདག་རྒྱུད་སྨིན་ཅིང་གྲོལ་བར་གྱུར་ཅིག་སྙམ་དུ་འདུན་པར་ཕུར་ཚུགས་སུ་གཏད་དེ། མཚན་རྣམས་ཡོངས་རྫོགས་བླ་མའི་སྐུ། །སྤྱི་བོར་ལུས་ཀྱི་ཐིག་ལེ་ལ།། ཞུགས་ནས་བུམ་དབང་དགའ་བའི་ཆུས། །སད་པའི་དྲི་མ་སྦྱང་དུ་གསོལ། །ལོངས་སྤྱོད་རྫོགས་པ་ཀུན་གྱི་སྐད། །མགྲིན་པར་ངག་གི་ཐིག་ལེ་ལ། །ཞུགས་ནས་གསང་དབང་མཆོག་དགའི་མེས། །རྨི་ལམ་བག་ཆགས་སྲེག་ཏུ་གསོལ། །དཔལ་ལྡན་བླ་མ་ཆོས་ཀྱི་སྐུ། །སྙིང་ཁར་སེམས་ཀྱི་ཐིག་ལེ་ལ། །ཞུགས་ནས་ཤེས་རབ་ཡེ་ཤེས་ཉིས། །གཉིད་འཐུག་མུན་པ་སེལ་དུ་གསོལ།།མགོན་པོ་ལྷན་ཅིག་སྐྱེས་པའི་སྐུ། །ལྟེ་བར་ཡེ་ཤེས་ཐིག་ལེ་ལ། །ཞུགས་ནས་བཞི་པའི་དབང་བསྐུར་བས། །འཕོ་མེད་ཐོབ་པར་བྱིན་གྱིས་རློབས། །དེ་ལྟར་བདག་དང་འགྲོ་རྣམས་ཀྱི། །ལུས་ངག་ཡིད་དང་ཡེ་ཤེས་ཚོགས། །རྡོ་རྗེ་བཞི་དང་མཉམ་སྦྱོར་བས། །སྐུ་བཞིའི་དབང་ཕྱུག་ཐོབ་པར་ཤོག །མཐར་བླ་མ་གདན་ཁྲི་དང་བཅས་པ་འོད་དུ་ཞུ་ནས་རང་ལ་ཐིམ་པར་གྱུར། །རང་ལྷའི་སྣང་ཆ་དང་བཅས་པ་བསྡུས་ཏེ་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་གཅིག་ཏུ་འདྲེས་པར་བསམ། དེ་ནས་སེམས་ཀྱི་ཞན་པ་བཟློག་པའི་སླད་དུ་བླ་མའི་བྱིན་རླབས་ལ་བརྟེན་ནས་ཇི་ཙམ་མཉམ་པར་འཇོག་ནུས་པ་དེ་ཙམ་དུ་བཞག་པར་བྱ། དེ་ལས་ལྡང་དུས་དགེ་བ་སེམས་ཅན་གྱི་དོན་དུ་བསྔོ། དེ་ནས་ཐུན་མཚམས་ཀྱི་སྤྱོད་ལམ་ཐམས་ཅད་དུའང་དེས་རྒྱས་བཏབ་སྟེ་སྣང་གྲགས་བླ་མའི་རོལ་པར་ཤེས་པ་གལ་ཆེའོ། །ཞེས་དག་སྣང་བླ་མའི་རྣལ་འབྱོར་རྒྱུན་ཁྱེར་འདིའང་མཐུ་ཆེན་བླ་མའི་ལས་ཚོགས་ཀྱི་ཆ་ལག་ཏུ་ལུགས་འདིའི་བྱེད་པོ་དགེ་རིན་པས་སྟག་ཚང་འོད་གསལ་སྒང་དུ་འདིའི་བསྙེན་སྒྲུབ་ཀྱི་སྐབས་སུ་བགྱིས་པ་དགེ་ལེགས་སུ་གྱུར་ཅིག །། །།

Tags:

🔥 Trending searches on Wiki ཇོང་ཁ:

རྒྱལ་བ་བྱམས་པའི་སྨོན་ལམ།འབྲུག་དབང་འདུས་རྩེ་ལྷ་ཁང་གྲྀསའབྲུག་གི་དངུལ་ཁང་། Ι Bank of Bhutanབཱརཱ་ཛིལ་ཊོ་ཀི་ཡ༢༠༢༣ཇ་ཏོ་ལཱ་ (Bhutan)མཁས་དབང་ཀརྨ་ཕུན་ཚོགས་ཀྱི་སྐོར།བཀྲིས་གཡང་རྩེ་རྫོང་ཁགརྫོང་ཁ་གོང་འཕེལ་ལྷན་ཚོགསབོད།ལེ་བཱ་ནཱོན་འབྲུག་བཞི་པའི་རྟོགས་བརྗོད།ཨི་རཱན་ཐང་སྟོང་རྒྱལ་པོརྒྱལ་པོ་འཇིགས་མེད་ཁེ་གསར་རྣམ་རྒྱལ་དབང་པྱུག་Daverdisse (ཆོས་ཁང་)བཧ་རེན་སྟགརོན་དོ་ནི་ཡ་ཧྥ་རན་ས་ཀྱི་དར་ཆ།སྤུ་ན་ཁ་ཡེ་ཤུ་ཡོ་ཀོ་ཧ་མཆུ་ཁ་རྫོང་ཁགབོད་སྐདགཞལམ་སྒང་རྫོང་ཁགསྤུ་ན་ཁ་རྫོང་ཁགཀྲོང་གསར་ཇ་པཱནསེམས་ཅན༡༩༩༩སྤྱི་དང་བྱེ་བྲག་འབྲུགསའུཐ་ཨཕ་རི་ཀ་ནོ་ཝེ་སྤེན་པཨཱན་དོ་རརྒྱ་ནགབཀྲིས་སྒང་རྫོང་ཁགཧོང་ཀོངཨར་ཇེན་ཊི་ནམགོན་པོའི་བཤགས་པ།སྐད་སྒྱུརལྟ་རྫོང་བེལ་ཇིཡམརྫོང་ཁགཨེ་སི་ཡ་སྤ་རོ་རྫོང་ཁགམགར་ས་ བཀྲ་ཤིས་མཐོང་སྨོན་རྫོང་o1suiསྐྱབས་རྗེ་བདུད་འཇོམས་བྱ་བྲལ་ཡེ་ཤེས་རྡོ་རྗེ། Ι Chabjey Duedjom Jatrel Yeshey Dorji🡆 More