སྐྱབས་རྗེ་བདུད་འཇོམས་བྱ་བྲལ་ཡེ་ཤེས་རྡོ་རྗེ། Ι Chabjey Duedjom Jatrel Yeshey Dorji

“སྔོན་ཚེ་རིག་འཛིན་ནུས་ལྡན་རྡོ་རྗེ་རྩལ། །མ་འོངས་བདེ་གཤེགས་མོས་པ་མཐའ་ཡས་ཞབས། །ད་ལྟ་པད་འབྱུང་རྒྱལ་ཚབ་བྲོག་བན་དངོས། །འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལ་གསོལ་བ་འདེབས།།” ཞེས་གདུང་སྲས་འཕྲིན་ལས་ནོར་བུའི་གསུང་འབུམ་པོད་དང་པ་ (༢༠༠༩ ཤོག IX) བཀོད་དེ་ཡོད་དོ་བཟུམ་ མཆོད་བརྗོད་གསོལ་འདེབས་ཚིག་གི་མེ་ཏོག་ སྔོན་དུ་གཏོར་ཞིནམ་ལས་ དུས་ངན་སྙིགས་མ་ལྔ་བདོའི་དུས་ཚོད་ལུ་ སངས་རྒྱས་གཉིས་པ་ ཨོ་རྒྱན་གྱི་སློབ་དཔོན་ཆེན་པོའི་སྐུ་ཤ་རློན་པ་ མིའི་གཟུགས་ལུ་སྤྲུལ་པའི་ཚུལ་བཟུང་སྟེ་འབྱོན་པའི་ སྐྱབས་མཆོག་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་མཆོག་གི་སྐུ་ཚེ་ཐོག་ཐ་བར་གསུམ་གྱི་རྣམ་ཐར་མདོར་བསྡུས་ཅིག་བཀོད་ནི་ཨིན།

སྐྱབས་རྗེ་བདུད་འཇོམས་བྱ་བྲལ་ཡེ་ཤེས་རྡོ་རྗེ། Ι Chabjey Duedjom Jatrel Yeshey Dorji

ལུང་བསྟན་དང་འཁྲིལ་བའི་ སྐུ་ཚེ་ཐོག་མའི་ལོ་རྒྱུས།

དེ་ཡང་ ཐོག་མ་ ཨོ་རྒྱན་བདེ་ཆེན་གླིང་པའི་གཏེར་ལུང་ལས། “མ་འོངས་བོད་ཡུལ་གངས་རི་རྩེ་དགུའི་ཤར༔ རང་བྱུང་ཕག་མོའི་གསང་བའི་ཞིང་ཁམས་སུ༔ རྗེ་ཡི་རིགས་ལས་འབྲོག་བན་རྣམ་རོལ་ནི༔ ཛྙཱ་ནའི་མིང་ལྡན་སྔགས་ཀྱི་བརྟུལ་ཞུགས་འཛིན༔ ཆ་ལུགས་མ་ངེས་བྱིས་སྤྱོད་ཤེས་རབ་ཅན༔ གཏེར་གསར་འབྱིན་ནམ་གཏེར་རྙིང་བསྟན་པ་སྐྱོང་༔ འབྲེལ་ཚད་རྔ་ཡབ་དཔལ་རིར་འཁྲིད་པ་འབྱུང་༔” (སྔ་གྱུར་རྙིང་མའི་བྱུང་བ་མདོ་ཙམ་བརྗོད་པ་ ༡༩༩༡ ནང་བཀོད་མི་ནང་) ཟེར་ལུང་བསྟན་བཀོད་དེ་ཡོད་མི་ལྟར་དུ་ ཨོ་རྒྱན་གུ་རུའི་ཐུགས་སྲས་ རྗེ་འབངས་ཉེར་ལྔའི་ཡ་གྱལ་ འབྲོག་བན་ཁྱེའུ་ཆུང་ལོ་ཙཱའི་སྐུ་ཡི་སྤྲུལ་པ། དབྱིངས་ཕྱུག་ཡེ་ཤེས་མཚོ་རྒྱལ་གྱི་གསུང་གི་སྤྲུལ་པ། རྒྱལ་དབང་པདྨ་ཀ་རའི་ཐུགས་ཀྱི་སྤྲུལ་པ་རྣམ་གསུམ་ གཅིག་ཁར་འདུས་ཏེ་ འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་བསོད་ནམས་སྤྱི་མཐུན་ལས་གྲུབ་པའི་ བདུད་འཇོམས་སྐུ་ཕྲེང་གཉིས་པ་ རིག་འཛིན་ཆེན་པོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་རིན་པོ་ཆེ་མཆོག་ གངས་ཅན་བོད་ཀྱི་ཤར་ཕྱོགས་ སྦས་ཡུལ་རྒྱལ་པོ་གསུམ་གྱི་ཡ་གྱལ་ པདྨ་བཀོད་ཟེར་ས་ལུ་ ཡབ་བྱ་ཁྲིའི་རྒྱུད་པ་ ཀཿཐོག་གནམ་པའི་རྒྱལ་རྒྱུད་གམ་པ་དཔོན་ཚང་གི་སྲས་ ཀཿཐོག་སྤྲུལ་སྐུ་ནོར་བུ་བསྟན་འཛིན་དང་། ཡུམ་གཏེར་ཆེན་རཏྣ་གླིང་པའི་གདུང་རྒྱུད་ལས་ རྣམ་རྒྱལ་སྒྲོལ་མ་གཉིས་ཀྱི་སྲས་འབད་ཤིང་ཕོ་འབྲུག་ སྤྱི་ལོ་༡༩༠༤ལུ་ ངོ་མཚར་བའི་རྟགས་མཚན་དང་བཅས་སྐུ་འཁྲུངས་ནུག།

སྐུ་ཕྲེང་རིམ་འབྱོན།

སྐུ་ཕྲེང་དང་པ་   གཏེར་བཏོན་བདུད་འཇོམས་གླིང་པ། ༼༡༨༣༥-༡༩༠༤༽

སྐུ་ཕྲེང་གཉིས་པ་ བདུད་འཇོམས་བྱ་བྲལ་ཡེ་ཤེས་རྡོ་རྗེ། ༼༡༩༠༤-༡༩༨༧༽

སྐུ་ཕྲེང་གསུམ་པ་ བདུད་འཇོམས་སངས་རྒྱས་པདྨ་བཟད་པ། ༼༡༩༩༠-༢༠༢༢༽

ངོས་འཛིན་བྱུང་ཚུལ།

དེ་ལས་ བདུད་འཇོམས་སྐུ་གོང་མ་ ཁྲག་འཐུང་གླིང་པའི་ཞལ་བཀོད་དང་ལུང་བསྟན་དང་འཁྲིལ་ སྐུ་གོང་མའི་སློབ་མ་ རྫ་ཕུག་ཁུང་སྤྲུལ་སྐུ་འགྱུར་མེད་ངེས་དོན་དབང་པོ་དང་། གླིང་བླ་མ་ཐུབ་བསྟན་ཆོས་འབྱོར་གྱིས་གཙོས་པའི་ སློབ་མ་ཚུ་གིས་ པདྨ་བཀོད་དུ་བྱོན་ཞིནམ་ལས་ རིག་འཛིན་བླ་མ་མཆོག་གིས་ཡང་སྲིད་ ངེས་བདེན་ཨིནམ་སྦེ་ ངོས་འཛིན་བྱུང་སྟེ་ ཨོ་རྒྱན་འགྲོ་འདུལ་གླིང་པ་ཟེར་མཚན་གསོལ་ཏེ་ སྐུ་གོང་མའི་ཁྲི་ལུ་ ཁྲི་མངའ་གསོལ་ཕུལ་ནུག།

སྐུ་ཡོན་བཞེས་ཚུལ།

དེ་ལས་ རིམ་པ་བཞིན་དུ་ ཨོ་རྒྱན་ཆོས་འབྱོར་རྒྱ་མཚོ་ལས་ སྐྱབས་འགྲོའི་སྡོམ་པ་དང་ འཇམ་དཔལ་དབྱངས་དངོས་ མི་ཕམ་ཆོས་རྗེའི་ཞལ་སློབ་ ཉག་རོང་མཁན་ཆེན་འཇམ་དཔལ་བདེ་བའི་ཉི་མ་ ཡང་ན་ ཕན་བདེའི་འོད་ཟེར་ཅན་ལས་ ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་ཞུ་སྟེ་ སྨིན་གླིང་རྡོར་འཛིན་རྣམ་གྲོལ་རྒྱ་མཚོ། ངག་དབང་དཔལ་ལྡན་བཟང་པོ། བླ་མ་དཀོན་མཆོག་རབ་བརྟན། བླ་མ་པདྨ་བསྟན་འཛིན། ཨ་དགེ་དགེ་འདུན་རབ་རྒྱས། མཁན་ཆེན་མཉྫུའི་མཚན་ཅན། རྟོགས་ལྡན་བརྟན་པ་རབ་རྒྱས། ཁམས་རི་བོ་ཆེའི་རྗེ་དྲུང་ཕྲིན་ལས། སྔགས་བཙུན་དགེ་འདུན་རྒྱ་མཚོ་ལ་སོགས་པ་ མཁས་ཤིང་གྲུབ་པ་བརྙེས་པའི་རིག་འཛིན་ གྱངས་ཁ་མ་ཆོདཔ་ཅིག་གི་སྐུ་མདུན་ལུ་བཅར་ཏེ་ སུམ་རྟགས་དང་སྙན་ངག་ལ་སོགས་པ་ གཞུང་དང་རིག་གནས་ དེ་ལས་ གསང་སྔགས་ཀྱི་ཆོས་འཁོར་ཡོངས་རྫོགས་གསན་བསམ་མཛད་གནང་པའི་ཁར་ སྨྱོ་ཤུལ་མཁན་ཆེན་ངག་དབང་དཔལ་བཟང་པོ། དེའི་དངོས་སློབ་ བྱ་བྲལ་བ་སངས་རྒྱས་རྡོ་རྗེ། བླ་མ་ཨོ་རྒྱན་རིག་འཛིན། ཀཿཐོག་ཕྱག་ཚ་སྤྲུལ་སྐུ། མཆོག་སྤྲུལ་འགྱུར་མེད་རྡོ་རྗེ། སྤུ་སྟོད་ཕུ་ལུང་དགོན་གྱི་སྤྲུལ་སྐུ་སངས་རྒྱས་བཅས་པའི་རྩ་བའི་བླ་མ་མང་རབ་ཅིག་བསྟེན་ཏེ་ ཕན་ཚུན་ཟབ་ཆོས་ཀྱི་བརྗེ་སོར་དང་བགྲོ་གླེང་ཚུ་ རྒྱུན་མ་ཆད་པ་རང་གནང་ནུག།

དེ་ཚུ་གི་ནང་ལས་ ཕུག་ཁུང་སྤྲུལ་སྐུ་རིན་པོ་ཆེ་འགྱུར་མེད་ངེས་དོན་དབང་པོ་དང་ གཏེར་སྟོན་ཟིལ་གནོན་ནམ་མཁའི་རྡོ་རྗེ་གཉིས་ལས་ རང་བཞིན་རྫོགས་པ་ཆེན་པོའི་གནས་ལུགས་ཀྱི་ངོ་སྤྲོད་དང་ བཀའ་གཏེར་གྱི་ཆོས་ཡོངས་རྫོགས་གསན་ཡོདཔ་མ་ཚད་ མཁྱེན་ཀོང་རྣམ་གཉིས་དང་ ཆོས་རྗེ་མི་ཕམ་རིན་པོ་ཆེ་སོགས་ནས་བརྒྱུད་པའི་ གསང་བ་སྙིང་ཐིག་གི་རྒྱུད་ལུང་མན་ངག་ཐམས་ཅད་དང་ ཁྲག་འཐུང་བདུད་འཇོམས་གླིང་པའི་གཏེར་ཆོས་ཚུ་ གསན་གནང་ཞིནམ་ལས་ ལུང་གི་རྒྱུན་ཙམ་དུ་མ་བཞག་པར་ ཉམས་བཞེས་སྒྲུབ་པ་ལུ་ཡང་ མཐར་སོན་གནངམ་ལས་ དེ་ཚུ་གི་ཆོས་བདག་གི་འགན་བཞེས་ཏེ་ བསྟན་པ་འཛིན་སྐྱོང་སྤེལ་ནིའི་ ཕྱག་འགན་བཞེས་གནང་ནུག།

སྐྱབས་རྗེ་གི་མཛད་རྣམ་བསྡུས་པ།

དུས་ངན་སྙིགས་མ་ལྔ་བདོའི་དུས་ཚོད་ལུ་ སྐྱབས་རྗེ་མཆོག་གིས་ གང་ལ་གང་འདུལ་གྱི་འགྲོ་དོན་མཛད་ཚུལ་གྱི་ཐོག་ལུ་ མནོ་བསམ་གཏང་རུང་ སྨྲ་བསམ་བརྗོད་དུ་མེད་པ་ཅིག་ཨིན་རུང་ རང་གི་ཐོས་རྒྱ་དང་འཁྲིལ་དག་པ་ཅིག་བཀོད་པ་ཅིན་ དེ་ཡང་ གཏེར་བཞེས་པའི་སྐོར་ལས་འབད་རུང་ དགུང་ལོ་བཅུ་གསུམ་ལུ་ གུ་རུ་དངོས་སུ་མཇལ་བའི་ཉམས་སྣང་ཅིག་ནང་ བུམོ་དག་པ་ཅིག་གིས་ ཤོག་སེར་བརྡ་ཡིག་ཅན་ འཕུལ་མི་ལས་འགོ་བཟུང་སྟེ་ གཏེར་ཡང་རྒྱུན་ཆད་མེད་པར་བཞེས་ཡོདཔ་ཨིན། དེ་ཚུ་གི་སྐོར་ལས་ རྣམ་ཐར་རྒྱས་པ་གཟིགས་གནང་།

དེ་ལས་ སྐྱབས་རྗེ་རིན་པོ་ཆེ་མཆོག་གི་ སྐུ་གསུང་ཐུགས་ཀྱི་ཡོན་ཏན་ བསམ་བརྗོད་ལས་འདས་པ་ཡོདཔ་ལས་ འགྲོ་དོན་ཡང་ ནམ་མཁའ་ལས་དཔངས་མཐོ་བ་ རྒྱ་མཚོ་ལས་གཏིང་ཟབ་པ་ ཞིང་རྡུལ་ལས་གྲངས་མང་བ་འབད་མཛད་དེ་བཞུགས་པའི་བར་ན་རང་ བོད་ཀྱི་རང་བཙན་རྒྱ་ཡི་ཕྱོགས་པའི་དུས་སྐབས་ཅིག་ལུ་ བོད་ལས་སྐུ་ཟུར་ཏེ་ འབྲུག་དང་རྒྱ་གར་ཚུ་ནང་བཞུགས་གནང་པའི་ཁར་ ཤུལ་ལས་འཛམ་གླིང་དབུས་དང་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཚུ་ནང་ཡང་ འགྲོ་དོན་རྒྱ་ཆེཝ་སྦེ་མཛད་གནང་ཡོདཔ་ཨིན།

སྐུ་ཚེ་ཐ་མ།

མཇུག་ར་ འཛམ་གླིང་སྐྱེ་འགྲོའི་བསོད་ནམས་ཀྱི་མ་ཐེག་པར་ སྐྱབས་རྗེ་རིན་པོ་ཆེ་མཆོག་ བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེཝ་སྦེ་མཛད་དེ་བཞུགས་པའི་བར་ན་རང་ སྤྱི་ལོ་༡༩༨༧ ལུ་ དགུང་གྲངས་གྱ་གསུམ་བཞེསཔ་དང་ གཟུགས་སྐུའི་འགྲོ་དོན་ རེ་ཞིག་རྫོགས་པའི་ཚུལ་སྟོན་གནང་སྟེ་ དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་གནང་ནུག་གོ།

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

རྒྱབ་རྟེན་དཔེ་ཐོ།

གདུང་སྲས་འཕྲིན་ལས་ནོར་བུའི་གསུང་འབུམ་པོད་དང་པ། (༢༠༠༩) ཧོང་ཀོང་གྱི་གླིང་དཔེ་སྐྲུན་ཚད་ཡོད་ཀུང་སི།

བསོད་ནམས་དོན་གྲུབ། (༡༩༩༡) སྔ་གྱུར་རྙིང་མའི་བྱུང་བ་མདོ་ཙམ་བརྗོད་པ། མི་རིགས་དཔེ་སྐྲུན་ཁང་།

བྱ་བྲལ་སངས་རྒྱས་རྡོ་རྗེ། (༢༠༡༧) དཔལ་རྒྱལ་བ་ཀཿཐོག་པའི་གདན་རབས་བརྒྱུད་འཛིན་དང་བཅས་པའི་བྱུང་བ་བརྗོད་པ་རིན་པོ་ཆེའི་ཕྲེང་བ། (Vol. 1). Taipei, Taiwan: The Corporate Body of the Buddha Educational Foundation.

Tags:

སྐྱབས་རྗེ་བདུད་འཇོམས་བྱ་བྲལ་ཡེ་ཤེས་རྡོ་རྗེ། Ι Chabjey Duedjom Jatrel Yeshey Dorji སྐྱབས་རྗེ་བདུད་འཇོམས་བྱ་བྲལ་ཡེ་ཤེས་རྡོ་རྗེ། Ι Chabjey Duedjom Jatrel Yeshey Dorji ལུང་བསྟན་དང་འཁྲིལ་བའི་ སྐུ་ཚེ་ཐོག་མའི་ལོ་རྒྱུས།སྐྱབས་རྗེ་བདུད་འཇོམས་བྱ་བྲལ་ཡེ་ཤེས་རྡོ་རྗེ། Ι Chabjey Duedjom Jatrel Yeshey Dorji སྐུ་ཕྲེང་རིམ་འབྱོན།སྐྱབས་རྗེ་བདུད་འཇོམས་བྱ་བྲལ་ཡེ་ཤེས་རྡོ་རྗེ། Ι Chabjey Duedjom Jatrel Yeshey Dorji ངོས་འཛིན་བྱུང་ཚུལ།སྐྱབས་རྗེ་བདུད་འཇོམས་བྱ་བྲལ་ཡེ་ཤེས་རྡོ་རྗེ། Ι Chabjey Duedjom Jatrel Yeshey Dorji སྐུ་ཡོན་བཞེས་ཚུལ།སྐྱབས་རྗེ་བདུད་འཇོམས་བྱ་བྲལ་ཡེ་ཤེས་རྡོ་རྗེ། Ι Chabjey Duedjom Jatrel Yeshey Dorji སྐྱབས་རྗེ་གི་མཛད་རྣམ་བསྡུས་པ།སྐྱབས་རྗེ་བདུད་འཇོམས་བྱ་བྲལ་ཡེ་ཤེས་རྡོ་རྗེ། Ι Chabjey Duedjom Jatrel Yeshey Dorji སྐུ་ཚེ་ཐ་མ།སྐྱབས་རྗེ་བདུད་འཇོམས་བྱ་བྲལ་ཡེ་ཤེས་རྡོ་རྗེ། Ι Chabjey Duedjom Jatrel Yeshey Dorji རྒྱབ་རྟེན་དཔེ་ཐོ།སྐྱབས་རྗེ་བདུད་འཇོམས་བྱ་བྲལ་ཡེ་ཤེས་རྡོ་རྗེ། Ι Chabjey Duedjom Jatrel Yeshey Dorji

🔥 Trending searches on Wiki ཇོང་ཁ:

མེཀ་སི་ཀོསའུ་དི་ཨེ་ར་སྦི་ཡ་འབྲུག་འབྲུག་རྒྱང་བསྒྲགས་ལས་འཛིནའབྲུགཐིམ་ཕུག།སྒང་སྟེང་གསང་སྔགས་ཆོས་གླིང་སྔགས་དྲུག་ཕྱག་རྒྱ།བར་ཆད་ལམ་སེལ་མ།ཨྀཊ་ལི་ཞོང་གར་རྫོང་༢༠༢༢བསམ་རྩེ་རྫོང་ཁགརྡོ་གར་རྡོབ་རྗི་རྫོང་འབྲུག་ཡུལ་འབྲུག་ཙན་དན་མེ་ཏོགརླུང་རྟ་བསྡུས་པ།ཐིམ་ཕུགབེལ་ཇིཡམར་ཤི་ཡཱན་ཕེ་ཌི་རེ་ཤཱནབོདརྒྱལ་ཡོངས་དུས་ཆེན།ཧྥ་རན་ས་ཀྱི་དར་ཆ།གཞལམ་སྒང་རྫོང་ཁགཤྲཱྀ་ལངཀ་རིགས་གསུམ་དགོན་པབཀྲིས་སྒང་རྫོང་ཁག།ཨེ་ཤར་ཡཧཱ་རྫོང་ཁག༢༠༢༣བྱ་རྒྱུ་བཟོ་ཐངས།མ་ཀའོཏ་ཇག་ཀིསི་ཏཱན་མ་ཤོག།ལྟ་རྫོང་། (སྤ་རོ)བངྒ་ལ་དེཤསྤ་རོ་ རིན་སྤུང་རྫོང་བྱ་རོགས་སྒང་ལྷ་ཁང་། Ι Jurugang Monasteryདར་དཀར་ན་རྫོང་ཁགནམ་ཟླ་དུས་བཞི།ཐཱའི་ལེནཌ་བྷེ་ལ་རོ་སུ་པོ་ལེནཌིཡེ་ཤུའི་ཆོས་ལུགསབསམ་གྲུབ་ལྗོངས་མཁར་བངྒ་ལ་དེཤ།སེམས་ཅན༢༠༢༤འབྲུ་སྣ་དགུ།༢༠༠༤ཡུ་ནའི་ཊེཊ་ཀིང་ཌམ🡆 More