ཁྲིད་ཀྱི་སྔོན་འགྲོའི་ངག་འདོན་རྡོ་རྗེའི་གྲོང་དུ་འདྲེན་པའི་ཤིང་རྟ།

༄༅། །ཁྲིད་ཀྱི་སྔོན་འགྲོའི་ཆོག་ཁྲིགས་ངག་འདོན་དུ་བཀོད་པ་རྡོ་རྗེའི་གྲོང་དུ་འདྲེན་པའི་ཤིང་རྟ་ཞེས་བྱ་བ་བཞུགས་སོ།།

༄༅། །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །འདིར་སྔོན་འགྲོའི་ཆོག་ཁྲིགས་ཁྱེར་བདེ་བ་ཞིག་འགོད་པར་བྱ་སྟེ། དེ་ཡང་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ལས་དང་པོ་ནི། ནམ་གྱི་ཐུན་ཐ་མ་སྐྱ་རེངས་དང་པོ་བཏང་ཙམ་གྱི་ཚོད་ན་བདེ་བའི་སྟན་ལ་ལུས་དྲང་པོར་བསྲངས་རླུང་རོ་ལན་གསུམ་བསལ་ནས་དབྱངས་གསལ་ལན་གསུམ་བཟླས་པས་ངག་དག་པར་བྱས་ཏེ། རིག་པ་དྭངས་སིང་ངེར་བྱས་ནས་ཐུན་མོང་གི་སྔོན་འགྲོ་ལ་བཞི་ཡོད་པའི་དང་པོ་དལ་འབྱོར་རྙེད་དཀའ་གསལ་བཏབ་པ་ནི།དལ་འབྱོར་འདི་ནི་རྙེད་པ་ཤིན་ཏུ་དཀའ། །སྐྱེས་བུའི་དོན་གྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་སྒྲུབ་ན། །ཕྱིས་འདི་ཡང་དག་འབྱོར་པར་ག་ལ་འགྱུར། །གཉིས་པ་འཆི་བ་མི་རྟག་པ་ནི། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ།། འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས། །འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ། །གསུམ་པ་ལས་རྒྱུ་འབྲས་ནི། དུས་ཀྱིས་བསྙེན་ནས་རྒྱལ་པོ་འགྲོ་བའི་ཚེ། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་། །སྐྱེས་བུ་དེ་ནི་གར་གནས་གར་འགྲོ་ཡང། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང་། །བཞི་པ་འཁོར་བའི་ཉེས་དམིགས་ནི། སྲིད་གསུམ་རྒ་དང་ནད་ཀྱི་སྡུག་བསྔལ་འབར། །འདི་ན་འཆི་མེ་རབ་འབར་མགོན་མེད་དེ། །སྲིད་ལས་བྱུང་ལ་འགྲོ་བ་རྟག་ཏུ་རྨོངས། །བུམ་པར་ཆུད་པའི་བུང་བ་འཁོར་བ་བཞིན། །ཞེས་ངག་ཏུ་བརྗོད་ཅིང་དོན་ཡིད་དང་འདྲེ་ངེས་བསྒོམ་པར་བྱའོ། །གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ་བཞི་ཡོད་པའི་དང་པོ་རྒྱུད་སྣོད་དུ་རུང་བར་བྱེད་པ་སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཁྲིད་ནི། མདུན་གྱི་ནམ་མཁར་ལཾ་ལས་རིན་ཆེན་གཞི། །དག་པའི་ཞིང་ཁམས་རྒྱ་ཁྱོན་ཆེན་པོའི་དཀྱིལ། །བཾ་ལས་བདུད་རྩིའི་རྒྱ་མཚོ་དཀར་ཞིང་དྭངས། །དེ་དབུས་དཔག་བསམ་ཤིང་ཆེན་རབ་རྒྱས་པ། །རྩ་བ་གསེར་ལ་སྡོང་པོ་བེེ་ཌཱུརྱ། །ལོ་འདབ་རིན་ཆེན་སྣ་ཚོགས་འཁྲིགས་པའི་སྟེང་། །རྡོ་རྗེ་རིན་ཆེན་ལས་གྲུབ་སེང་གེའི་ཁྲི། །ལྷབ་ལྷུབ་དར་གྱིས་ཀླུབས་པའི་གདན་སྟེངས་སུ། །པདྨའི་སྙིང་པོ་ཉི་ཟླ་བརྩེགས་པའི་ཁར། །རྩ་བའི་བླ་མ་རིགས་རྣམས་ཀུན་གྱི་བདག །རྡོ་རྗེ་འཆང་དབང་ལོངས་སྤྱོད་རྫོགས་པའི་སྐུ། །མཚན་དཔེའི་རྒྱན་རྫོགས་གཟི་བྱིན་རབ་འབར་བ། །ལྷམ་མེར་གསལ་བ་རང་ལ་དགྱེས་འཛུམ་བཅས། །ཡེ་ཤེས་འོད་ལྔའི་ཀློང་ན་བཞུགས་པ་ཡི། །མཐའ་བསྐོར་བརྒྱུད་པའི་བླ་མ་ཁྲོམ་ཚོགས་ཚུལ། །མདུན་དུ་ཡི་དམ་འཁོར་ལོ་སྡོམ་པ་ལ། །རབ་འབྱམས་རྒྱུད་སྡེའི་ལྷ་ཚོགས་མང་པོས་བསྐོར། །གཡས་སུ་བཅོམ་ལྡན་ཐུབ་པའི་དབང་པོ་ལ། །བདེ་བར་གཤེགས་པ་རྒྱ་མཚོའི་ཚོགས་ཀྱིས་བསྐོར། །རྒྱབ་ཏུ་ཡུམ་ཆེན་ཤེས་རབ་ཕར་ཕྱིན་ལ། །དམ་པའི་ཆོས་ཀྱི་གླེགས་བམ་མང་པོས་བསྐོར།། གཡོན་དུ་འཕགས་མཆོག་སྤྱན་རས་གཟིགས་དབང་ལ། །བྱང་སེམས་དགྲ་བཅོམ་ཆེན་པོའི་ཚོགས་ཀྱིས་བསྐོར། །མཐའ་སྐོར་ཕྱོགས་མཚམས་སྟེང་འོག་ཐམས་ཅད་དུ། །རིག་འཛིན་མཁའ་འགྲོ་ཆོས་སྲུང་རྒྱ་མཚོའི་ཚོགས། །མཁའ་ལ་སྤྲིན་ཕུང་འཐིབས་བཞིན་བཞུགས་པར་གྱུར། །ཅེས་སྐྱབས་ཡུལ་གསལ་བཏབ་ནས། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་སྐྱབས་སུ་མཆིའོ། །བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆིའོ། །བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་འཆིའོ། །སེམས་ཅན་ཐམས་ཅད་ཀྱི་བློ་ཆོས་སུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ། །ཆོས་ལམ་དུ་ལོངས་པར་བྱིན་གྱིས་བརླབ་ཏུ་གསོལ། །ལམ་འཁྲུལ་པ་སེལ་བར་བྱིན་གྱིས་བརླབ་ཏུ་གསོལ། །འཁྲུལ་པ་ཡེ་ཤེས་སུ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ། །རྩ་བའི་བླ་མ་བརྒྱུད་པ་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །མཆེད་གྲོགས་ཆོས་མཛད་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །སྣོད་ཀྱི་འཇིག་རྟེན་དཔལ་ལྡན་བླ་མའི་ཚོགས་ལ་སྐྱབས་སུ་མཆིའོ། །བཅུད་ཀྱི་སེམས་ཅན་ལྷ་དང་ལྷ་མོའི་ཚོགས་ལ་སྐྱབས་སུ་མཆིའོ། །སྣང་སྲིད་དཔལ་ལྡན་བླ་མའི་ཚོགས་ལ་སྐྱབས་སུ་མཆིའོ། །རྟོགས་པས་བདག་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། །ཐུགས་རྗེས་གཞན་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། །རྟེན་འབྲེལ་ཐབས་ལ་མཁས་པར་བྱིན་གྱིས་བརླབ་ཏུ་གསོལ། །འབྲེལ་ཚད་དོན་དང་ལྡན་པར་བྱིན་གྱིས་བརླབ་ཏུ་གསོལ། །ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཕྱོགས་བཅུར་བཞུགས་པའི་བླ་མ་དང་། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཆེ། །དཔའ་བོ་དཔའ་མོ་རྣལ་འབྱོར་ཚོགས། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །དེང་ནས་བརྩམས་ཏེ་མགོན་མེད་བདག །བྱང་ཆུབ་སྙིང་པོ་མ་ཐོབ་བར། །འཁོར་བའི་འཇིགས་པ་ཆེན་པོ་ལས། །བདག་དང་འགྲོ་རྣམས་སྐྱབས་པའི་ཕྱིར། །རྐང་གཉིས་གཙོ་བོ་སྐུ་གསུམ་བདག །བཅོམ་ལྡན་འདས་ལ་སྐྱབས་སུ་མཆི། །འདོད་ཆགས་བྲལ་ཞིང་མྱང་ངན་འདས། །ཞི་བའི་ཆོས་ལ་སྐྱབས་སུ་མཆི། །ཚོགས་ཀྱི་མཆོག་གྱུར་ས་ལ་བཞུགས། །ཕྱིར་མི་ལྡོག་ལ་སྐྱབས་སུ་མཆི། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །བླ་མ་མཆོག་ལ་སྐྱབས་སུ་མཆི། །དངོས་གྲུབ་སྟེར་བའི་ཡི་དམ་ལྷ། །དཀྱིལ་འཁོར་ལྷ་ལ་སྐྱབས་སུ་མཆི། །དཔའ་བོ་དཔའ་མོ་རྣལ་འབྱོར་ཚོགས། །མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི། །གཉུག་མའི་སེམས་ལ་སྐྱབས་སུ་མཆི། །བདག་གི་ལུས་ངག་ཡིད་གསུམ་གྱིས། །སྔོན་ཆད་སྡིག་པ་ཅི་བགྱིས་པ། །མགོན་པོ་ཁྱེད་ཀྱི་སྤྱན་སྔར་བཤགས། །ཕྱིན་ཆད་སྡིག་ལས་ལྡོག་པར་བགྱི། །དེང་ནས་ཁྱེད་ཀྱི་འབངས་སུ་མཆི། །ཁྱེད་ཀྱི་བསླབ་བྱ་རྗེས་སུ་སློབ། །ཁྱེད་ཀྱི་བཀའ་ལས་མི་འདའ་བས། །ཀུན་ནས་ཡོངས་སུ་བསྐྱབ་ཏུ་གསོལ། །ལན་གསུམ། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་ལྟར། །དེ་བཞིན་བླ་མེད་བྱང་ཆུབ་སེམས། །དམ་པར་བདག་གིས་བསྐྱེད་པར་བགྱི། །སྡོམ་པ་ཡི་ནི་ཚུལ་ཁྲིམས་དང་། །དགེ་བའི་ཆོས་རྣམས་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །བླ་ན་མེད་པའི་བྱང་ཆུབ་སེམས།།དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང་། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ།་དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱང་ངན་འདས་ལ་འགོད། །ཅེས་ལན་གསུམ། དེ་ནས། རྒྱལ་བ་ཀུན་དངོས་བླ་མ་ལ། །ལུས་ངག་ཡིད་གསུམ་གུས་པའི་བློས། །སྤྲོ་བའི་སྙིམ་པ་དང་བཅས་པས། །རབ་ཏུ་བཏུད་དེ་གུས་ཕྱག་འཚལ། །དངོས་སུ་བཤམས་དང་ཡིད་ཀྱིས་སྤྲུལ། །ཕྱི་ནང་གསང་བ་བླ་མེད་པ། །མཆོད་སྤྲིན་རྒྱ་མཚོའི་ཚོགས་རྣམས་ཀུན། །རྣམ་པ་ཀུན་ཏུ་མཆོད་པ་འབུལ། །ཐོག་མེད་དུས་ནས་བསགས་པ་ཡི། །ཐུན་མོང་ཁྱད་པར་དང་འགལ་བའི། །མི་དགེ་བཅུ་སོགས་ཉེས་པའི་ཚོགས། །མ་ལུས་འགྱོད་པའི་སྒོ་ནས་བཤགས། །ནམ་མཁའི་མཐར་ཐུག་ཕྱོགས་ཀུན་ཏུ།། འགྲོ་ལ་ཕན་པར་མཛད་པ་ཡི། །དུས་གསུམ་རྒྱལ་བ་སྲས་བཅས་ལ། །དགའ་བའི་སེམས་ཀྱིས་རྗེས་ཡི་རང་། །སྣ་ཚོགས་ཚུལ་གྱིས་གདུལ་བྱ་ལ། །རང་རང་བསམ་པ་ཇི་ལྟར་བར། །ཟབ་པ་དང་ནི་རྒྱ་ཆེ་བའི། །ཐེག་ཆེན་ཆོས་འཁོར་བསྐོར་དུ་གསོལ། །སྐུ་གསུང་ཐུགས་ཀྱི་འཕྲིན་ལས་ཀྱི། །གསང་བ་བསམ་གྱིས་མི་ཁྱབ་པས། །ཇི་སྲིད་འཁོར་བ་དེ་སྲིད་དུ། །མྱ་ངན་མི་འདའ་བཞུགས་སུ་གསོལ། །བདག་གཞན་ཀུན་གྱིས་བསགས་པ་ཡི། །དུས་གསུམ་དགེ་བ་གཅིག་བསྡུས་ནས། །མར་གྱུར་འགྲོ་བ་མ་ལུས་པ། །བྱང་ཆུབ་སྙིང་པོ་ཐོབ་ཕྱིར་བསྔོ། །ནམ་མཁའི་དབྱིངས་རྣམས་ཀུན་ནས་གང་བའི་སྤོས་ཀྱི་ཆུ་གཏེར་འདོད་དགུའི་དཔལ་འབྱུང་རིན་ཆེན་པདྨོ་རིན་ཆེན་འོད་འབྱིན་རྒྱས་པས་ཁྱབ་པའི་སྙིང་པོ་ནོར་བུའི་ཁོར་ཡུག་གི། །ནང་ན་ཞིང་ཁམས་རྒྱ་མཚོའི་ས་གཞི་རིན་ཆེན་ལས་གྲུབ་རིམ་གྱིས་གཞོལ་བ་བཀོད་ལེགས་མ་ལུས་བཀོད་པའི་ཕུལ་གྱིས་འཇིག་རྟེན་ཁམས་རེ་རེའང་འདོད་ཡོན་རྨད་བྱུང་འཕྱུར་བ་གང་། །མཐའ་ཡས་སངས་རྒྱས་ཞིང་གིས་བསྐོར་ཞིང་ཀུན་བཟང་མཆོད་སྤྲིན་མ་ཚང་མེད་པའི་རྒྱན་གྱིས་རྣམ་པར་བརྒྱན་པའི་རྡུལ་རེར་རྒྱལ་བ་སྲས་བཅས་མཛད་པ་ཐམས་ཅད་སྣང་བ་ཅན། །གཅིག་ཏུ་འདུ་ཞིང་སོ་སོར་མ་འདྲེས་བྱིན་གྱིས་བརླབས་པའི་རྣམ་འཕྲུལ་ཇི་བཞིན་དེ་དག་བདག་གིས་དགེ་བའི་སེམས་ཀྱིས་སྤྲུལ་ཏེ་དཔལ་ལྡན་བླ་མར་དད་པས་འབུལ་བར་བགྱི། །ཞིང་ཁམས་རྒྱ་མཚོར་རྡུལ་རེར་རྡུལ་སྙེད་ཀྱི། །སངས་རྒྱས་ཞིང་དང་ཀུན་བཟང་མཆོད་པའི་སྤྲིན། །ཀུན་གྱིས་བརྒྱན་ལྡན་ཇི་སྙེད་འོད་འཕྲོའི་རྩེར། །རྒྱལ་བ་སྲས་བཅས་རྣམ་ཐར་ཀུན་སྣང་ཞིང་། །འཁོར་ཞིའི་འདོད་དགུ་མ་ཚང་མེད་འདུས་པ། །ཆོས་དབྱིངས་ཐམས་ཅད་རྒྱས་པར་འགེངས་པའི་འཕྲུལ། །ནམ་མཁའི་ཁམས་ཁྱབ་སྲིད་པའི་མཐར་གནས་ནས། །ཆོས་ཀྱི་རྒྱལ་པོ་མཆོད་པས་མཉེས་གྱུར་ཅིག །གུ་རུ་ཨི་དཾ་མཎྜལ་ཀཾ་ནིརྱ་ཏ་ཡཱ་མི། །མཉེས་བྱེད་མཎྜལ་བཟང་པོ་འདི་ཕུལ་བས། །བྱང་ཆུབ་ལམ་ལ་བར་ཆད་མི་འབྱུང་ཞིང་། །དུས་གསུམ་རྒྱལ་བའི་དགོངས་པ་རྫོགས་པ་དང་། །སྲིད་པར་མི་འཁྲུལ་ཞི་བར་མི་གནས་ཤིང་། །ནམ་མཁའ་དང་མཉམ་པའི་འགྲོ་རྣམས་སྒྲོལ་བར་ཤོག །ཅེས་མཎྜལ་ཕུལ། དེ་ནས་ཚོགས་ཞིང་བསྡུས་ནས་དགེ་རྩ་བསྔོ་བར་བྱའོ།། གཉིས་པ་འགལ་རྐྱེན་སྡིག་སྒྲིབ་སྦྱོང་བར་བྱེད་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཀྱི་ཁྲིད་ནི། རང་གི་སྤྱི་བོར་པཾ་ལས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུཾ་གིས་མཚན་པ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཚུར་འདུས་ཧཱུྃ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། གཉིས་ཀའང་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་དུ་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོདའཕྲོས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས། ཛཿཧཱུྃ་བཾ་ཧོ༔ བཅོམ་ལྡན་འདས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། ཌྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། སུ་པོཥྱོ་མེ་བྷ་བ།ཨ་ནུ་རཀྟོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿབྷ་ག་ཝན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ། བཛྲི་བྷ་བ། མཧཱ་ས་མ་ཡ་སཏྭ་ཨཱ༔ མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག། གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཅེས་གསོལ་བ་བཏབ་པས། རྡོ་རྗེ་སེམས་དཔའ་ཡབ་ཡུམ་འོད་དུ་ཞུ་ནས་རང་ལ་ཐིམ་པར་གྱུར། །ཅེས་བརྗོད་ཅིང་བསམ་མོ། གསུམ་པ་ཚོགས་རྫོགས་པར་བྱེད་པ་མཎྜལ་གྱི་ཁྲིད་ནི། མདུན་གྱི་ནམ་མཁར་དག་པའི་ཞིང་ཁམས་རྒྱན་དང་བཀོད་པ་རྒྱ་མཚོའི་སྤྲིན་གྱིས་མཛེས་པར། རི་རབ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ་གྲུ་བཞི་བང་རིམ་བཞི་པའི་སྟེང་། སྣ་ཚོགས་པདྨ་འདབ་མ་བཞི་པའི་ལྟེ་བར། བདུད་དང་ལོག་པར་འདྲེན་པ་ཐམས་ཅད་ཟིལ་གྱིས་གནོན་ཞིང་འཇིགས་པ་དང་བྲལ་བའི་བརྡར་སེངྒེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་ཁྲིའི་སྟེང་དུ། ཉེས་པའི་སྐྱོན་གྱིས་མ་གོས་པའི་བརྡར་པདྨ་དང་། མ་རིག་པའི་མུན་པ་སེལ་བའི་བརྡར་ཟླ་བ་དང་། ཡེ་ཤེས་ཀྱི་སྣང་བ་རྒྱས་པའི་བརྡར་ཉི་མ་བརྩེགས་པའི་གདན་ལ། ཆོས་ཐམས་ཅད་ཀྱི་རྩ་བ་གཅིག་ཏུ་འདྲེས་པའི་བརྡར་རྩ་བའི་བླ་མ་རིགས་དྲུག་པ་རྡོ་རྗེ་འཆང་གི་ངོ་བོ། ཆོས་ཉིད་མི་འགྱུར་བའི་བརྡར་སྐུ་མདོག་སྔོན་པོ། སྟོང་པ་ཉིད་དང་སྙིང་རྗེ་གཉིས་སུ་མེད་པའི་བརྡར་རྡོ་རྗེ་དང་དྲིལ་བུ་བསྣོལ་ཐབས་སུ་འཛིན་པ། སྟོང་པ་ཉིད་ཀྱི་གདངས་བདེ་བར་ཤར་བའི་བརྡར་རྡོ་རྗེ་རྣལ་འབྱོར་དབང་མོ་སྐུ་མདོག་དམར་མོ་ལ། དགའ་བའི་ཆ་ཤས་ཡོངས་སུ་རྫོགས་པའི་བརྡར་དགའ་བའི་རྣམ་པར་འགྱུར་བས་དགྱེས་ཤིང་། རྣམ་པར་རྟོག་པ་གཅོད་པ་དང་བདེ་བ་སྐྱོང་བའི་བརྡར་གྲི་གུག་དང་ཐོད་པ་འཛིན་པ་དང་སྦྱོར་བ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པའི་བརྡར་ཕྱག་རྒྱ་དྲུག་གིས་བརྒྱན་ཅིང་། ཡོན་ཏན་མ་ལུས་པ་ཡོངས་སུ་རྫོགས་པའི་བརྡར་མཚན་དང་དཔེ་བྱད་རབ་ཏུ་གསལ་བར་རྫོགས་པ། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་མཛོད་འཛིན་པའི་བརྡར་གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་ཞིང་། ཐུགས་ཇི་ལྟ་བ་རྟོགས་ཤིང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ལྔ་དང་ལྡན་པའི་བརྡར་དྲི་མ་མེད་པའི་འོད་ཟེར་ལྔ་མཁའ་ཁྱབ་ཏུ་འཕྲོ་བ། ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པ་ཅན་དུ་བཞུགས་པར་གྱུར། དེའི་མཐའ་སྐོར་དུ་དུས་གསུམ་གྱི་བླ་མའི་ཚོགས་ཀྱིས་བསྐོར་བ། མདུན་དུ་གླང་པོ་ཆེས་བཏེག་པའི་ཁྲི་པད་ཉིའི་གདན་ལ། བཅོམ་ལྡན་འདས་འཁོར་ལོ་སྡོམ་པ་ལ་ཡི་དམ་ལྷ་ཚོགས་ཀྱིས་བསྐོར་བ། ལྷོར་རྟས་བཏེག་པའི་ཁྲི་པད་ཟླའི་གདན་ལ། རྒྱལ་བ་ཤཱཀྱ་ཐུབ་པ་ལ་དུས་གསུམ་སངས་རྒྱས་རྣམས་ཀྱིས་བསྐོར་བ། །ནུབ་ཏུ་རྨ་བྱས་བཏེག་པའི་ཁྲི་པད་ཟླའི་གདན་ལ། ཡུམ་ཆེན་མོ་ལ་ལུང་རྟོགས་ཆོས་ཀྱིས་བསྐོར་བ། །བྱང་དུ་ཤང་ཤང་གིས་བཏེག་པའི་ཁྲི་པད་ཟླའི་གདན་ལ། །སྤྱན་རས་གཟིགས་ལ་ཐེག་པ་ཆེ་འབྲིང་ཆུང་གསུམ་གྱི་དགེ་འདུན་གྱིས་བསྐོར་བ། །མཐའ་སྐོར་དུ་ཆོས་སྐྱོང་སྲུང་མའི་ཚོགས་བཞུགས་པར་གྱུར། དེ་ནས་ཡན་ལག་བདུན་ལས། དང་པོ་ཕྱག་འཚལ་བའི་ཡན་ལག་ནི། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེངྒེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱི་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག། དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །དེ་དག་བསྔགས་པ་མི་བཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །གཉིས་པ་མཆོད་པ་འབུལ་བ་ནི། ཨོཾ་བཛྲ་བྷུ་མེ་ཨཱཿཧཱུཾ། དབང་ཆེན་གསེར་གྱི་ས་གཞི། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ། ཕྱི་ལྕགས་རི་ཁོར་ཡུག་གིས་བསྐོར་བའི་དབུས་སུ་རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུའི་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ཤར་དུ་ལུས་དང་ལུས་འཕགས། ལྷོར་རྔ་ཡབ་དང་རྔ་ཡབ་གཞན། ནུབ་ཏུ་གཡོ་ལྡན་དང་ལམ་མཆོག་འགྲོ། བྱང་དུ་སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ། གཏེར་ཆེན་པོའི་བུམ་པ། ཉི་མ་ཟླ་བ། དབུས་སུ་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་ཚང་ཞིང་ཡིད་དུ་འོང་བ་དང་བཅས་པ་འདི་ཉིད་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དཔའ་བོ་མཁའ་འགྲོ་དམ་པ་ཆོས་སྐྱོང་བའི་སྲུང་མ་འཁོར་དང་བཅས་པ་རྣམས་ལ་འབུལ་བར་བགྱི། ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། གུ་རུ་ཨི་དམ་མཎྜ་ལ་ཀཾ་ནིརྱཏ་ཡཱ་མི། སྤྲོ་ན་ནམ་མཁའི་དབྱིངས་རྣམས་སོགས་དང་། སྐུ་གསུམ་ཡོངས་རྫོགས་སོགས་ཀྱང་དབུལ་བར་བྱའོ། །མཉེས་བྱེད་མཎྜལ་བཟང་པོ་འདི་ཕུལ་བས། །བྱང་ཆུབ་ལམ་ལ་བར་ཆད་མི་འབྱུང་ཞིང་། །དུས་གསུམ་རྒྱལ་བའི་དགོངས་པ་རྫོགས་པ་དང་། །སྲིད་པར་མི་འཁྲུལ་ཞི་བར་མི་གནས་ཤིང་།།ནམ་མཁའ་དང་མཉམ་པའི་འགྲོ་རྣམས་སྒྲོལ་བར་ཤོག། ཅེས་བརྗོད། མེ་ཏོག་དམ་པ་འཕྲེང་བ་དམ་པ་དང་།།སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང་། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་། །ཕྱེ་མའི་ཕུར་མ་རི་རབ་མཉམ་པ་དང་། །བཀོད་པས་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །གསུམ་པ་སྡིག་པ་བཤགས་པ་ནི། རྒྱས་པར་སྤྲོ་ན་བྱང་ཆུབ་ལྟུང་བཤགས། རྩ་ལྟུང་བཤགས་པ། བླ་མ་རྡོ་རྗེ་འཛིན་པ་སོགས་ཀྱང་བྱ་ཞིང་། དེ་ནས། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །བཞི་པ་རྗེས་སུ་ཡི་རང་བའི་ཡན་ལག་ནི། ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང་། །ལྔ་པ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་ནི། གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་དག། །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ། །དྲུག་པ་མྱ་ངན་ལས་མི་འདའ་བར་གསོལ་བ་ནི། མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང་། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །བདུན་པ་དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ་བ་ནི། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། །བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །ཆོས་རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །དྲིན་ཅན་རྩ་བའི་བླ་མ་དམ་པ་དང་། །དངོས་གྲུབ་སྟེར་བའི་ཡི་དམ་ལྷ་ཡི་ཚོགས། །སྐྱབས་གནས་དམ་པ་དཀོན་མཆོག་གསུམ་པོ་ལ།། གུས་པས་ཕྱག་འཚལ་དད་པས་སྐྱབས་སུ་མཆི། །བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །ཆོས་རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །རྡོ་རྗེ་འཆང་སོགས་དཀར་བརྒྱུད་བླ་མ་དང་། །བླ་མ་ཁྱེད་ཐུགས་འོད་གསལ་མཉམ་ཉིད་དུ། །དབྱེར་མེད་ཆོས་སྐུའི་ངང་དུ་རོ་གཅིག་པའི། །དཀར་བརྒྱུད་ཀུན་འདུས་བླ་མ་རིན་པོ་ཆེ། །བླ་མ༴། ཆོས་རྗེ༴ །ཞི་ཁྲོ་ཡབ་ཡུམ་དཀྱིལ་འཁོར་འཁོར་ལོའི་ཚོགས།།མོས་པ་བཞིན་དུ་ཐ་དད་དེར་སྣང་ནས། །མཆོག་དང་ཐུན་མོང་དངོས་གྲུབ་སྟེར་མཛད་པའི། །ཡི་དམ་ཀུན་འདུས་བླ་མ་རིན་པོ་ཆེ། །བླ་མ༴ །ཆོས་རྗེ༴ །ཕྱོགས་བཅུའི་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། ཟབ་ཅིང་མཐའ་ཡས་ཆོས་རྣམས་ཀུན་གྱི་མཛོད། །རྒྱལ་སྲས་འཕགས་པའི་ཚོགས་རྣམས་འདུས་པའི་དཔྱིད། །དཀོན་མཆོག་གསུམ་འདུས་བླ་མ་རིན་པོ་ཆེ། །བླ་མ༴ །ཆོས་རྗེ༴ །དཔལ་ལྡན་བླ་མ་དྲན་པ་ཙམ་གྱིས་ཀྱང་། །རྐྱེན་དང་བར་ཆད་མི་མཐུན་ཕྱོགས་རྣམས་ཀུན། །བྱིན་རླབས་སྟོབས་ཀྱིས་མ་སྤངས་རང་སར་དག །ཆོས་སྐྱོང་རྒྱལ་པོ་བླ་མ་རིན་པོ་ཆེ། །བླ་མ༴། ཆོས་རྗེ༴ །འདི་དང་ཕྱི་མ་དུས་རྣམ་ཐམས་ཅད་དུ། །སྐྱབས་མགོན་རེ་ས་གཞན་ན་མ་མཆིས་པས། །བླ་མའི་མོས་གུས་གཅིག་པུས་ཆོག་པ་ཡི། །གཅིག་ཆོག་རྒྱལ་པོ་བླ་མ་རིན་པོ་ཆེ། །བླ་མ༴།ཆོས་རྗེ༴།དྲིན་ཅན་རྩ་བའི་བླ་མ་རིན་པོ་ཆེ། །བདག་སོགས་སྙིང་ཁར་པདྨོའི་ཟེའུ་འབྲུ་ལ། །འབྲལ་བ་མེད་པར་རྟག་པར་བཞུགས་ནས་ཀྱང་། །སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ།། བླ་མ༴ །ཆོས་རྗེ༴ །ཚད་གཟུང་མེད་པའི་ཐུགས་རྗེ་ཆེན་པོ་ཡིས། །འབྲལ་བ་མེད་པར་རྟག་པར་རྗེས་གཟུང་ནས། །ཁྱེད་ཀྱི་བཀའ་དྲིན་ཆེན་པོས་ལེགས་བསྐྱངས་ཏེ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩལ་དུ་གསོལ། །བླ་མ༴། ཆོས་རྗེ༴།བདག་དང་སློབ་མ་བརྒྱུད་པར་བཅས་པ་ཡིས། །གསོལ་བ་འདེབས་པའི་བུ་བརྒྱུད་ཐམས་ཅད་ཀྱིས། །བླ་མ་ཁྱེད་ཀྱི་རྣམ་ཐར་འཁྱོངས་པ་དང་།། དོན་གཉིས་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །བླ་མ༴། ཆོས་རྗེ༴། ཚེ་རབས་ཀུན་ཏུ་དཔལ་ལྡན་བླ་མ་དང་། །སྐད་ཅིག་ཙམ་ཡང་འབྲལ་བ་མེད་པ་རུ། །གུས་པའི་སྒོ་ནས་ཞབས་གཉིས་སྤྱི་བོར་ལེན། །ཅི་གསུངས་སྒྲུབ་པས་ཐུགས་དགོངས་རྫོགས་བྱས་ནས། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ཏེ། རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག། །བླམ༴ །ཆོས་རྗེ༴།དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། །སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་། །ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །བླ་མའི་བྱིན་རླབས་སྙིང་ལ་འཇུག་པར་ཤོག། །བླ་མ༴ །ཆོས་རྗེ༴། བླ་མ་སྐུ་ཁམས་བཟང་བར་གསོལ་བ་འདེབས། །མཆོག་ཏུ་སྐུ་ཚེ་རིང་བར་གསོལ་བ་འདེབས། །འཕྲིན་ལས་དར་ཞིང་རྒྱས་པར་གསོལ་བ་འདེབས། །བླ་མ་དང་འབྲལ་བ་མེད་པར་བྱིན་གྱིས་རློབས། །བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །ཆོས་རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །སྤྲོ་ན་མ་ལུས་ཀུན་ཁྱབ་མ་སོགས་ཀྱང་བྱའོ། །མ་ནམ་བཞི་སྐོར་ཅི་རིགས་དང་བླ་མ་ངོ་བོ་ཉིད་སྐུའི་གསོལ་འདེབས་གང་མང་བྱས་ནས་ཚོགས་ཞིང་གཡས་བསྐོར་གྱིས་བསྡུས་ཏེ་རྩ་བའི་བླ་མ་ལ་བསྟིམ། དེ་རང་ལ་བསྟིམ་ནས་གཉིས་མེདཀྱི་ངང་དུ་བཞག་གོ། བཞི་པ་བྱིན་རླབས་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་གྱི་ཁྲིད་ནི། ཨོཾ་སྭབྷཱ་ཝ་ཤུདྡྷཿསརྦ་དྷཱརྨཱཿསྭབྷཱཝ་ཤུདྡྷོཉཱཧཾ། རང་ཉིད་ཀྱི་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་མི་དམིགས་ཏེ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། རང་ཉིད་སྐད་ཅིག་གིས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་པདྨ་རཱ་གའི་འོད་ལྟར་དམར་བ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། ཕྱག་གཡས་གྲི་གུག་འབར་བ་ནམ་མཁའི་མཐོངས་སུ་འཕྱར་བས་རྣམ་པར་རྟོག་པའི་ཟུག་རྔུ་མ་ལུས་པ་གཅོད་ཅིང་། གཡོན་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་འཛིན་པས་ཟག་པ་མེད་པའི་བདེ་བའི་རོས་ཚིམས་པར་མཛད་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་བྱས་པ། ཐལ་ཆེན་སྤངས་པའི་ཕྱག་རྒྱ་ལྔས་བརྒྱན་ཅིང་། གྲུ་མོ་ན་ཡབ་ཧེ་རུ་ཀ་མཚོན་པའི་ཁ་ཊྲཾ་ག་བསྣམས་པ། གཅེར་བུ་བརྒྱད་གཉིས་ལོན་པའི་ལང་ཚོ་ཅན། ཞབས་གཡས་བསྐུམ་གཡོན་བརྐྱང་བས་སྲོག་བྲལ་བའི་སྙིང་ག་མནན་ཏེ་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་སྤྱི་བོའི་ཐད་ཀྱི་ནམ་མཁར་གྱད་དང་སེངྒེས་བཏེག་པའི་རིན་པོ་ཆེའི་ཁྲི་དར་གྱིས་ཀླུབས་པ། པདྨ་ཟླ་ཉི་བརྩེགས་པའི་གདན་ལ། རྩ་བའི་བླ་མ་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་རིགས་དྲུག་པ་ཁྱབ་བདག་རྒྱལ་བ་རྡོ་རྗེ་འཆང་ཆེན་པོ་དང་ཐ་མི་དད་པར་གསལ་བའི་སྤྱི་བོ་ནས་ཡར། བརྒྱུད་པའི་བླ་མ་རྡོ་རྗེ་འཆང་ལ་ཐུག་གི་བར་ཐོ་བརྩེགས་སུ་བཞུགས་པ། དེ་ཐམས་ཅད་ངོ་བོ་ཆོས་ཉིད་དག་པའི་ཀློང་དུ་གཅིག་པ། རྣམ་པ་གང་ལ་གང་འདུལ་གྱི་གཟུགས་ཀྱི་སྐུར་ཤར་བས། རྩ་བའི་བླ་མ་ནས་རྡོ་རྗེ་འཆང་ལ་ཐུག་གི་བར་དགོངས་པ་ལ་མཐོ་དམའ་དང་ཐུགས་རྗེ་ལ་བྲི་གང་མེད་པ་སངས་རྒྱས་ཉག་གཅིག་ཏུ་བཞུགས་པར་གྱུར། །ཅེས་བརྗོད་ཅིང་གསལ་བཏབ། ཕྱག་ཆེན་བརྒྱུད་པའི་གསོལ་འདེབས་ནི། ན་མོ་མཧཱ་མུ་དྲ་ཡ། སྐུ་གསུམ་གྱི་འབྲས་བུ་སྨིན་པའི་ས། །གནས་འོག་མིན་ཆོས་དབྱིངས་ཕོ་བྲང་དུ། །ཆོས་སྐུ་རྡོ་རྗེ་འཆང་ཆེན་ལ་གསོལ་བ་འདེབས། །སེམས་ཉིད་ལྷན་སྐྱེས་ཀྱི་རང་ངོ་འཕྲོད་པ་དང་། །ལམ་གང་ཤར་ལ་སྤང་བླང་མེད་པ་དང་། །སྣང་སྲིད་སྐུ་གསུམ་དུ་འཆར་བར་བྱིན་གྱིས་རློབས། །བྱིན་རླབས་ཀྱི་ཆུ་བོ་འབབ་པའི་ས། །ཤར་ཟ་ཧོར་ནོར་བུའི་དགོན་པ་རུ། །ཏིལླི་ཤེས་རབ་བཟང་པོ་ལ་གསོལ་བ་འདེབས། །སེམས་ཉིད་ལྷན་སྐྱེས༴ །ལམ་གང་ཤར་ལ༴ །སྣང་སྲིད་སྐུ་གསུམ༴། དངོས་གྲུབ་ཀྱི་བདུད་རྩི་འབྱུང་བའི་ས། །བྱང་པུལླ་ཧ་རིའི་དགོན་པ་རུ།། མཁས་པ་ནཱ་རོ་པཎ་ཆེན་ལ་གསོལ་བ་འདེབས། །སེམས་ཉིད་ལྷན་སྐྱེས༴། ལམ་གང་ཤར་ལ༴ །སྣང་སྲིད་སྐུ་གསུམ༴ །མན་ངག་གི་རྒྱ་མཚོ་འཁྱིལ་བའི་ས། །ལྷོ་གྲོ་བོ་ལུང་གི་དགོན་པ་རུ། །སྒྲ་སྒྱུར་མར་པ་ལོ་ཙཱ་ལ་གསོལ་བ་འདེབས། །སེམས་ཉིད༴ །ལམ་གང༴ །སྣང་སྲིད་སྐུ་གསུམ༴ །སྒྲུབ་བརྒྱུད་ཀྱི་གངས་རི་ཆགས་པའི་ས། །ནུབ་ལ་ཕྱི་གངས་ཀྱི་རྭ་བ་རུ། །དབང་ཕྱུག་མི་ལ་རས་པ་ལ་གསོལ་བ་འདེབས། །སེམས་ཉིད༴ །ལམ་གང༴ །སྣང་སྲིད༴། དཀར་བརྒྱུད་ཀྱི་རི་དབང་བརྟན་པའི་ས། །ཤར་དྭགས་ལྷ་སྒམ་པོའི་དགོན་པ་རུ། །ཆོས་རྒྱལ་དྭགས་པོ་ལྷ་རྗེ་ལ༴ །སེམས༴ །ལམ༴ ། སྣང་སྲིད༴། ཁམས་གསུམ་གྱི་རྒྱལ་སྲིད་སྐྱོང་བའི་ས། །དཔལ་ཕག་མོ་གྲུ་ཡི་ནགས་ཁྲོད་དུ། །བདེ་གཤེགས་ཁམས་པ་རྡོར་རྒྱལ་ལ༴ །སེམས༴ །ལམ༴ །སྣང༴། གནས་ལུགས་ཀྱི་རྟོགས་པ་སྐྱོང་བའི་ས། །སྣ་ཕུ་ཆོས་ལུང་གི་དགོན་པ་རུ། གྲུབ་ཐོབ་གླིང་ཆེན་རས་པ་ལ་གསོལ་བ་འདེབས། །སེམས་ཉིད་ལྷན་སྐྱེས༴། ལམ་གང་ཤར༴།སྣང་སྲིད་སྐུ་གསུམ༴།བཤད་སྒྲུབ་ཀྱི་སྙིང་པོ་ལེནཔའི་ས། འབྲུག་ར་ལུང་གཉིས་ཀྱི་གདན་ས་རུ། །འགྲོ་མགོན་གཙང་པ་རྒྱ་རས་ལ། །སེམས༴ །ལམ༴ །སྣང༴ །ཆོས་བརྒྱད་ལ་རོ་སྙོམས་བྱེད་པའི་ས། །སྟག་རི་གངས་ཀྱི་རྭ་བ་རུ།།སངས་རྒྱས་དབོན་ཆེན་རས་པ་ལ༴ །སེམས༴ །ལམ༴།སྣང༴ །ལྷུན་གྲུབ་ཀྱི་རང་ས་འཛིན་པའི་ས། །གདན་ས་ཡ་བཞིའི་བཞུགས་གནས་སུ། །ཆོས་རྗེ་གཞོན་ནུ་སེངྒེ་ལ༴ །སེམས༴ །ལམ༴ །སྣང༴ །བདེ་ཆེན་གྱི་འཁོར་ལོས་སྒྱུར་བའི་ས། །ཡང་དགོན་རྒྱལ་པོའི་ཕོ་བྲང་དུ། །བྱང་སེམས་ཉི་མ་སེངྒེ་ལ༴ །སེམས༴ །ལམ༴ །སྣང་༴ །སྐྱེ་མེད་ཀྱི་ནམ་འཕངས་སྤྱོད་པའི་ས། །བར་འབྲོག་རྡོར་གླིང་གི་དགོན་པ་རུ། །ཆོས་རྗེ་རྡོ་རྗེ་གླིང་པ་ལ༴ །སེམས༴ །ལམ༴། སྣང་༴།ཟབ་རྒྱས་ཀྱི་ཆོས་སྒོ་འབྱེད་པའི་ས། །སྤོས་སྐྱ་དཔལ་གྱི་གཟིམས་ཁང་དུ། །མཚན་ལྡན་སྤོས་སྐྱ་པ་ཆེན་པོ་ལ༴ །སེམས༴ །ལམ༴ །སྣང༴ །ཐེག་ཆེན་གྱི་བསྟན་པ་དར་བའི་ས། །དཀར་བརྒྱུད་ཀྱི་གདན་ཁྲི་ཡངས་པ་རུ། །དྲིན་ཅན་བཅུ་གསུམ་པ་ཆེན་པོ་ལ༴། །སེམས༴། ལམ༴། སྣང༴།སྨིན་གྲོལ་གྱིས་སྐལ་ལྡན་ཚིམས་པའི་ས། །ཟབ་ཡངས་བདེ་ཆེན་གྱི་ཕུག་པ་རུ། །འཇམ་དབྱངས་ཀུན་དགའ་སེངྒེ༴། །སེམས༴།ལམ༴ །སྣང༴།བསླབ་གསུམ་གྱི་མེ་ཏོག་འཁྲུངས་པའི་ས། །གཞན་ཕན་གྱི་སྐྱེད་ཚལ་ཡངས་པ་རུ། །དྲིན་ཅན་བཛྲ་རཏཱ་ལ༴། སེམས༴། ལམ༴ །སྣང་༴ །འཁྲུལ་མེད་ཀྱི་ཉམས་མྱོང་འཆར་བའི་ས། །ཟབ་གསལ་གྱི་ཀུན་དགའ་ར་བ་རུ། །འཇམ་དབྱངས་བློ་གྲོས་སེངྒེ་ལ༴ ། སེམས༴ །ལམ༴ །སྣང༴། གནས་ལུགས་ཀྱི་རང་འོད་གསལ་བའི་ས།། གངས་ཆེན་གྱི་ལྟེ་བ་གངས་བཟངས་སུ། །མཉམ་མེད་མཁྱེན་བརྩེའི་རྟོགས་ལྡན་ལ༴ །སེམས༴ །ལམ༴ །སྣང་༴ །འཁོར་འདས་ལ་མཉམ་པར་སྤྱོད་པའི་ས། །རང་བྱུང་ལྷན་སྐྱེས་ཀྱི་ཕོ་བྲང་དུ། །འཇམ་དབྱངས་ཡེ་ཤེས་རིན་ཆེན་ལ༴ །སེམས༴ །ལམ༴ །སྣང༴། བདག་གཞན་གྱི་དགོས་འདོད་འབྱུང་བའི་ས། །མཉམ་ཉིད་ཀྱི་ཞིང་ཁམས་ཡངས་པ་རུ། །གྲུབ་ཆེན་བློ་གྲོས་མཆོག་ལྡན ལ༴ །སེམས༴ །ལམ༴ །སྣང༴ །སྐལ་ལྡན་གྱི་སེམས་རྒྱུད་གྲོལ་བའི་ས། །རང་རིག་ཡེ་ཤེས་ཀྱི་ཕོ་བྲང་དུ། །དྲིན་ཅན་ཤེས་རབ་བཟང་པོ་ལ། སེམས༴ །ལམ༴ །སྣང༴ །མཁྱེན་གཉིས་ཀྱི་ལོ་ཏོག་རྒྱས་པའི་ས། །རང་བཞིན་རྣམ་དག་གི་ཕོ་བྲང་དུ། །འཁྲུལ་ཞིག་ནམ་མཁའི་རྣལ་འབྱོར་ལ། སེམས༴ །ལམ༴ །སྣང༴ ། སྣང་གྲགས་རྣམས་ཆོས་སྐུར་རོལ་པའི་ས།། ཕྱོགས་བྲལ་གྱི་ནམ་མཁའ་ཡངས་པ་རུ། །མཚུངས་མེད་རྒྱལ་དབང་ཆོས་རྗེ་ལ༴ །སེམས༴ །ལམ༴ །སྣང༴ །སེམས་ཉིད་ཀྱི་གཏེར་ཁ་འབྱེད་པའི་ས།། སྟོང་ཉིད་སྙིང་རྗེའི་ཕོ་བྲང་དུ། །ངག་དབང་ཆོས་ཀྱི་རྒྱལ་པོ་ལ༴ །སེམས༴། ལམ༴ །སྣང༴ །བདེ་སྟོང་ལ་རྒྱུན་ཆད་མེད་པའི་ས། །གནས་རྡོ་རྗེ་བཙུན་མོའི་བྷ་ག་རུ། །ཡོངས་འཛིན་ངག་གི་དབང་ཕྱུག་ལ༴ །སེམས༴ །ལམ༴། སྣང༴ །ཚད་མེད་ཀྱི་ཐུགས་རྗེས་ཁྱབ་པའི་ས། །འཕྲིན་ལས་མཐའ་རྒྱས་ཀྱི་ཕོ་བྲང་དུ། །ཀུན་མཁྱེན་ངག་དབང་ནོར་བུ་ལ༴ །སེམས༴ །ལམ༴། སྣང་༴། །འཁོར་འདས་ཀྱི་བདེ་སྐྱིད་འབྱུང་བའི་ས། །སྣང་སྲིད་དབང་འདུས་ཀྱི་ཕོ་བྲང་དུ། །མི་ཕམ་ཆོས་ཀྱི་རྒྱལ་པོ་ལ༴ །སེམས༴ །ལམ༴ །སྣང༴། འདིར་སྣང་རྣམས་ཆོས་སྐུར་འཆར་བའི་ས། །གཉུག་མ་ལྷན་སྐྱེས་ཀྱི་ཕོ་བྲང་དུ། །ཁྱབ་བདག་བསྟན་པའི་ཉི་མ ལ༴ །སེམས༴ །ལམ༴ །སྣང༴ །འཁོར་འདས་རྣམས་ཆོས་སྐུར་རྟོགས་པའི་ས། །མཉམ་ཉིད་ཡེ་ཤེས་ཀྱི་ཕོ་བྲང་དུ།།མཁས་གྲུབ་ལྷ་དབང་བློ་གྲོས་ལ༴ །སེམས༴ །ལམ༴ །སྣང༴ །མ་རུངས་པའི་ཀླད་པ་འགེམས་པའི་ས། །ཐིམ་ཡུལ་གྱི་བདུད་འདུལ་ཕོ་བྲང་དུ། །ངག་དབང་བདུད་འཇོམས་རྡོ་རྗེ་ལ༴ །སེམས༴ །ལམ= །སྣང༴ །ཆོས་བརྒྱད་རྣམས་མཁའ་ལྟར་དག་པའི་ས། །སྣང་སེམས་དབྱེར་མེད་ཀྱི་ཕོ་བྲང་དུ།། མཁན་ཆེན་བསོད་ནམས་འོད་ཟེར་ལ༴ །སེམས༴ །ལམ༴། སྣང༴ །བྱིན་རླབས་ཀྱི་སྤྲིན་ཕུང་འཕྲོ་བའི་ས། །སྐུ་གསུམ་རྣམ་དག་གི་ཕོ་བྲང་དུ། ། མཚུངས་མེད་ངག་དབང་རྒྱལ་མཚན་ལ༴ །སེམས༴ །ལམ༴། སྣང༴། རྣམ་མཁྱེན་གྱི་འཁོར་ལོས་སྒྱུར་བའི་ས། །གནས་བྱ་རྒོད་ཕུང་པོའི་རི་བོ་རུ། །འདྲེན་མཆོག་ཤཱཀྱ་རིན་ཆེན ལ༴ །སེམས༴ །ལམ༴ །སྣང༴།འཁོར་འདས་དབྱེར་མེད་རྟོགས་པའི་ས། །གནས་ཟབ་ཡངས་མདོ་སྡེའི་བྲག་སྐྱིབས་སུ། །ངག་དབང་ཡོན་ཏན་མཐའ་ཡས་ལ༴ །སེམས༴ །ལམ༴ ། སྣང༴། ཆོས་བརྒྱད་ཀྱི་རྫུན་ཕུག་བརྡིབས་པའི་ས། །གཉུག་མའི་དྲན་རིག་གི་ལྡིང་ཁང་དུ། །རྗེ་བཙུན་འཇམ་དབྱངས་རྒྱལ་མཚན་ལ༴ །སེམས༴། ལམ༴། སྣང༴ །བརྟན་མཁས་ཀྱི་ཡོན་ཏན་རྫོགས་པའི་ས། །བསླབ་གསུམ་རྣམ་དག་གི་ཕོ་བྲང་དུ། །འཇམ་དཔལ་ཤེས་རབ་རྒྱལ་མཚན་ལ༴། སེམས༴ །ལམ༴། སྣང༴ །ལུང་རྟོགས་ཀྱི་འདབ་བརྒྱ་གྲོལ་བའི་ས། །བཤད་སྒྲུབ་ཆོས་ཀྱི་དགའ་ཚལ་དུ། །འདྲེན་མཆོག་ཤཱཀྱ་རྒྱལ་མཚན ལ༴ །སེམས༴ །ལམ༴།སྣང༴། མཐོང་ཐོས་ལ་དགེ་ལེགས་སྟེར་བའི་ས། །ཚད་མེད་ཐུགས་རྗེ་ཡི་ཕོ་བྲང་དུ། །མཐུ་ཆེན་འཇིགས་མེད་ཆོས་རྒྱལ་ལ་གསོལ་བ་འདེབས། །སེམས་ཉིད་ལྷན་སྐྱེས་ཀྱི་རང་ངོ་འཕྲོད་པ་དང་། །ལམ་གང་ཤར་ལ་སྤང་བླང་མེད་པ་དང་། །སྣང་སྲིད་སྐུ་གསུམ་དུ་འཆར་བར་བྱིན་གྱིས་རློབས། །ཞེས་པའི་བར་རམ། ཡང་ན་ཀུན་མཁྱེན་པདྨ་དཀར་པོའི་རྗེས་ཐོག་ཁོ་ནར། རིས་མེད་ཀྱི་གདུལ་བྱ་སྐྱོང་བའི་ས། གནས་གར་བཞུགས་དོན་གྱི་འོག་མིན་དུ། །གྲུབ་དབང་ཤཱཀྱ་ཤྲཱི་ལ༴། །སེམས༴། ལམ༴།སྣང༴། །གང་ལྟར་ཡང་དེའི་འཕྲོར། གྲུབ་རིགས་ཀྱིས་ནགས་ཁྲོད་འགེངས་པའི་ས། །ཤར་བདེ་ཆེན་གྲུབ་པའི་བསྟི་གནས་སུ། །ཁྱབ་བདག་བསྟན་འཛིན་རྒྱ་མཚོ་ལ༴ །སེམས༴ ། ལམ༴། སྣང༴ །ཚེ་གཅིག་ལ་སངས་རྒྱས་སྟེར་བའི་ས། །གནས་སྤྱི་གཙུག་ཉི་ཟླའི་གདན་སྟེངས་སུ། །དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །སེམས་ཉིད་ལྷན་སྐྱེས་ཀྱི་རང་ངོ་འཕྲོད་པ་དང་། །ལམ་གང་ཤར་ལ་སྤང་བླང་མེད་པ་དང་། །སྣང་སྲིད་སྐུ་གསུམ་དུ་འཆར་བར་བྱིན་གྱིས་བརློབས། །བླ་མ་འོག་མ་འོག་མའི་གདུངས་ཤུགས་ཀྱིས་གོང་མ་གོང་མ་རིམ་པ་བཞིན་འོད་དུ་ཞུ་ནས་རྩ་བའི་བླ་མ་ལ་ཐིམ་པར་གྱུར། །དེ་ནས་སྐབས་འདིར་སྤྲོ་ན་རྒྱལ་སྲས་ཐོགས་མེད་ཀྱིས་མཛད་པའི་གསོལ་འདེབས་འདི་ཡང་བྱ་སྟེ། རྒྱལ་བའི་སྐུ་གསུང་ཐུགས་ཀྱི་ངོ་བོ་ཉིད། །ཡོན་ཏན་རིན་ཆེན་དཔག་ཏུ་མེད་པའི་གཏེར། །རྒྱ་ཆེ་རྒྱུན་མི་ཆད་པའི་འཕྲིན་ལས་ཅན། །ཆོས་རྗེ་རིན་པོ་ཆེ་ལ་གསོལ་བ་འདེབས། །འགྲོ་ཀུན་སྲིད་པའི་རྒྱ་མཚོ་ལས་སྒྲོལ་ཞིང་། །མྱང་འདས་དམན་པའི་གཡང་ས་རབ་སྤངས་ཏེ། །བླ་མེད་བྱང་ཆུབ་མཆོག་ལ་སྦྱོར་མཛད་བའི། །ཆོས་རྗེ་རིན་པོ་༴ ། སྐལ་དམན་སེམས་ཅན་འདུལ་བའི་དོན་གྱི་ཕྱིར། དུས་གསུམ་རྒྱལ་བའི་འཕྲིན་ལས་གཅིག་བསྡུས་ནས།ཐ་མལ་ཚུལ་གྱིས་འགྲོ་བ་འདུལ་མཛད་པའི། །ཆོས་རྗེ༴།བདེ་གཤེགས་མང་པོས་བསྒྲལ་བར་མ་ནུས་པའི། །དམུ་རྒོད་གདུལ་དཀའི་སེམས་ཅན་མང་པོ་རྣམས། །བརྒལ་དཀའ་འཁོར་བའི་མཚོ་ལས་སྒྲོལ་མཛད་པའི། །ཆོས་རྗེ༴། གང་ཞིག་གུས་པ་ཆེན་པོས་ཉེར་བསྟེན་ན།། གནས་སྐབས་མཐར་ཐུག་དགོས་འདོད་མ་ལུས་པ། །འབད་རྩོལ་མེད་པ་མྱུར་དུ་སྩོལ་མཛད་པའི། །ཆོས་རྗེ༴ །དོན་མེད་ཚེ་འདིའི་བྱ་བ་སྒྲུབ་སྒྲུབ་ནས། །དོན་ཆེན་ཡལ་བར་ཤོར་བའི་སྙིང་མེད་པོ། །དལ་འབྱོར་མི་ལུས་སྟོང་ལོག་བྱེད་ཉེན་གདའོ། །ཚེ་འདི་བློ་ཡིས་ཐོངས་པར་བྱིན་གྱིས་རློབས། །དེ་རིང་ཙམ་ཡང་མི་འཆིའི་གདེངས་མེད་ཀྱང་། །གཏན་དུ་སྡོད་གྲབས་བྱེད་པའི་ངང་རིང་པོ། །འཆི་ཁར་བྲང་ལག་འཐབ་མོ་འཆོར་ཉེན་གདའོ། །འཆི་བ་རྗེས་སུ་དྲན་པར་བྱིན་གྱིས་རློབས།།ད་ལྟའི་སྡུག་བསྔལ་ཕྲ་མོ་མི་བཟོད་ཀྱང་། ལས་འབྲས་ཁྱད་དུ་གསོད་པའི་སྙིང་ཁམས་ཅན། །འཇིགས་རུང་ངན་འགྲོའི་གཡང་སར་འཆོར་ཉེན་གདའོ། །ཉིན་མཚན་ཆོས་ཀྱིས་འདའ་བར་བྱིན་གྱིས་རློབས། །འགྲོ་བའི་སྡུག་བསྔལ་མཐོང་ཐོས་དྲན་གྱུར་ཀྱང་། །བ་སྤུ་གཡོ་འགུལ་མེད་པའི་སྙིང་རིང་པོ། །རང་གཞན་དོན་གཉིས་རེ་ཐག་ཆད་ཉེན་འདའོ། །བྱམས་དང་སྙིང་རྗེ་འབྱོངས་པར་བྱིན་གྱིས་རློབས། །གཞན་གནོད་གཞི་བཅས་སྤོང་བར་ཁས་བླངས་ནས། །དགྲ་ལ་སྡུག་ལས་ཐོང་བའི་ཕོ་རྒོད་པོ། །རང་གི་སྡོམ་གསུམ་ཡུལ་ནས་འདོན་ཉེན་གདའོ། །གནོད་སེམས་རྩད་ནས་ཐོན་པར་བྱིན་གྱིས་རློབས། །དགེ་སྦྱོར་ཆོས་བཞི་སྒྲུབ་པར་དམ་བཅས་ནས། །ཁ་དྲག་དབང་ཆེ་འདོད་པའི་ང་རྒྱལ་ཅན། །ཁས་བླངས་ཐོག་ཏུ་འཁེལ་བར་མི་གདའོ། །རྟག་ཏུ་དམན་ཆ་འཛིན་པར་བྱིན་གྱིས་རློབས། འགྲོ་ཀུན་ཕན་བདེ་སྒྲུབ་པར་ཁས་བླངས་ནས། །གཞན་གྱི་འབྱོར་ལ་ཁྲོ་བའི་ཕྲག་དོག་ཅན། །ཁས་ལེན་ཆེ་ལ་ཉམས་ལེན་ཆུང་བར་གདའོ། །གཞན་བདེ་དགའ་བ་སྐྱེ་བར་བྱིན་གྱིས་རློབས། །བདག་བས་གཞན་གཅེས་སྒོམ་པར་ཁས་བླངས་ནས། །གནོད་ལེན་གནོད་པས་འཇལ་བའི་ཞེ་བཞག་ཅན། །རང་གཞན་གཉིས་ཕུང་ལས་ལ་འཇུག་ཉེན་གདའོ། གནོད་ལེན་ཕན་པ་སྒྲུབ་པར་བྱིན་གྱིས་རློབས། །ཅིར་སྣང་བདེན་པ་མེད་ཅེས་ཚིག་སྨྲ་ཡང་། །བསྟོད་སྨད་ཙམ་ལ་དགའ་དང་མི་དགའ་སྐྱེ། །ཉམས་ལེན་ཕྱོགས་ཙམ་འགྲུབ་པར་མི་གདའོ། །བདག་འཛིན་རྩད་ནས་ཐོན་པར་བྱིན་གྱིས་རློབས། །ཐོག་མེད་དུས་ཀྱི་དྲིན་ཅན་ཕ་མ་རྣམས། །བཟོད་དཀའི་སྡུག་བསྔལ་དྲག་པོས་གདུངས་གྱུར་ཀྱང་། །བདག་ལ་སྐྱོབ་པའི་ནུས་པ་མི་གདའོ། །མཁྱེན་བརྩེ་ནུས་ལྡན་ཁྱེད་ཀྱིས་ཐུགས་རྗེསཟུངས། །ཚ་བས་གདུངས་ཚེ་བསིལ་བྱེད་དྲིན་ཅན་རྣམས།། དམྱལ་མེ་བཟོད་དཀས་ཡུན་རིང་བསྲེགས་གྱུར་ཀྱང་། །བླུན་པོ་བདག་གིས་ཅུང་ཟད་སྐྱོབ་མ་ནུས། །དེ་དག་མྱུར་དུ་སྐྱོབས་ཤིག་ཐུགས་རྗེ་ཅན། །ལུས་ཀྱི་དྲོད་ཀྱིས་བདག་ལུས་བསྐྱངས་པའི་མ། །གྲང་བས་ཉེན་ནས་ཤ་རུས་གས་གྱུར་ཀྱང་། །བདག་གིས་ཅུང་ཟད་བསྐྱབ་པར་མ་ནུས་པས། །དེ་དག་མྱུར་དུ་སྐྱོབས་ཤིག་ཐུགས་རྗེ་ཅན། །ཡང་ཡང་ནུ་ཞོས་སྐྱོང་བྱེད་མ་རྣམས་ཀྱིས། །ལོ་བརྒྱར་ཟས་སྐོམ་རྙེད་པར་མ་གྱུར་ཀྱང་། །ཆུ་ཐིགས་ཙམ་ཡང་སྦྱིན་པར་མ་ནུས་སོ། །དེ་དག་མྱུར་དུ་སྐྱོབས་ཤིག་ཐུགས་རྗེ་ཅན། །གཅིག་ལ་གཅིག་ཟ་མི་སྡུག་ཕྲད་པ་དང་། །སྡུག་དང་བྲལ་དང་སྐྱེ་རྒ་ན་འཆི་སོགས། །སྡུག་བསྔལ་མང་པོས་ཉམ་ཐག་འགྲོ་བ་རྣམས། །མྱུར་དུ་སྐྱོབས་ཤིག་ཚད་མེད་ཐུགས་རྗེ་ཅན། །སྲིད་པའི་བཙོན་རར་སྡུག་བསྔལ་མང་པོས་གཟིར། །ལས་དང་ཉོན་མོངས་འཆིང་བ་དམ་པོས་བཅིངས། །མགོན་སྐྱབས་མེད་པའི་འགྲོ་བ་འདི་རྣམས་ཀྱི། །མགོན་སྐྱབས་མཛོད་ཅིག་ཚད་མེད་ཐུགས་རྗེ་ཅན། །ཞེས་གདུང་བ་དྲག་པོས་གསོལ་བ་བཏབ་བོ། །དེ་ནས་དབང་བཞི་ལེན་པའི་དམིགས་པ་དང་བསྟུན། མཚན་རྣམས་ཡོངས་རྫོགས་བླ་མའི་སྐུ། །སྤྱི་བོར་ལུས་ཀྱི་ཐིག་ལེ་ལ། །ཞུགས་ནས་བུམ་དབང་དགའ་བའི་ཆུས། །སད་པའི་དྲི་མ་སྦྱང་དུ་གསོལ། །ལོངས་སྤྱོད་རྫོགས་པ་ཀུན་གྱི་སྐད། །མགྲིན་པར་ངག་གི་ཐིག་ལེ་ལ། །ཞུགས་ནས་གསང་དབང་མཆོག་དགའི་མེས། །རྨི་ལམ་བག་ཆགས་སྲེག་ཏུ་གསོལ། །དཔལ་ལྡན་བླ་མ་ཆོས་ཀྱི་སྐུ། །སྙིང་ཁར་སེམས་ཀྱི་ཐིག་ལེ་ལ། །ཞུགས་ནས་ཤེས་རབ་ཡེ་ཤེས་ཉིས། །གཉིད་འཐུག་མུན་པ་སེལ་དུ་གསོལ། །མགོན་པོ་ལྷན་ཅིག་སྐྱེས་པའི་སྐུ། །ལྟེ་བར་ཡེ་ཤེས་ཐིག་ལེ་ལ། །ཞུགས་ནས་བཞི་པའི་དབང་བསྐུར་བས། །འཕོ་མེད་ཐོབ་པར་བྱིན་གྱིས་རློབས། །དེ་ལྟར་བདག་དང་འགྲོ་རྣམས་ཀྱི། །ལུས་ངག་ཡིད་དང་ཡེ་ཤེས་ཚོགས། །རྡོ་རྗེ་བཞི་དང་མཉམ་སྦྱོར་བས། །སྐུ་བཞིའི་དབང་ཕྱུག་ཐོབ་པར་ཤོག །མཐར་བླ་མ་གདན་ཁྲི་དང་བཅས་པ་འོད་དུ་ཞུ་ནས་རང་ལ་ཐིམ་པར་གྱུར། །ཞེས་བླ་མའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དབྱེར་མེད་པའི་ངང་ལ་ལྷོད་ཀྱིས་གློད་ལ་གཞག་གོ །མཐར་དགེ་བ་བསྔོ། སྨོན་ལམ་རྒྱ་ཆེར་གདབ་པར་བྱའོ།། །། ༈ རྟེན་འབྲེལ་རབ་བདུན་མའི་ཁྲིད་ཀྱི་ཐུན་བཏང་ལུགས་ནི། ཐོག་མར་ཚོགས་ཞིང་བསྐྱེད་དེ་ ཕྱོགས་བཅུར་བཞུགས་པའི་བླ་མ་དང་། །སོགས་ལན་གསུམ་གྱིས་སྐྱབས་འགྲོ་དང་། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །སོགས་ཀྱིས་སེམས་བསྐྱེད་བྱ། དེ་ནས། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ སོགས་བཞི་སྐོར་ཚར་བདུན། སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་དམ་པའི་ཆོས་ཐམས་ཅད་ཀྱི་སྙིང་པོ་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ཟབ་མོ་བསྒོམ་པ་ལ་འཇུག་པར་བྱའོ། །དགེ་བའི་རྩ་བ་འདི་ལ་རྟེན་ནས་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག། །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དང་མི་བྲལ་བར་གྱུར་ཅིག། །བདེ་སྡུག་གི་རྒྱུ་ཆགས་སྡང་ཉེ་རིང་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། །ལན་བདུན་བརྗོད། དེ་ནས་རྡོར་སེམས་སྒོམ་བཟླས་ཡིག་བརྒྱ་ཅི་རིགས་བཟླས། །ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན། །སོགས་ནས། བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །ཞེས་པའི་བར་འདོན་བཞིན་པར་ཕྱག་བདུན་བཙལ། བསྐོར་བ་བདུན་བསྐོར་ས་ཡོད་ན་དངོས་དང་མེད་ན་ཡིད་ཀྱིས་བྱ། མཎྜལ་ཚར་བདུན་འབུལ། མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །སོགས་ནས། ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོ། །ཞེས་པའི་བར་བྱ། དེ་རྗེས། རྒྱལ་བ་ཀུན་དངོས་བླ་མ་ལ། །ཞེས་སོགས་ཡན་ལག་བདུན་པ་དྲུག་བཅས་ཡན་ལག་བདུན་པ་ཚར་བདུན། དེ་ནས་ཚོགས་ཞིང་བསྡུ། རང་ལ་བསྟིམ། རངཉིད་གཞུང་བཞིན་སྟོན་པའི་སྐུར་གསལ། སྤྱི་བོའི་ཐད་ཀྱི་ནམ་མཁར་གྱད་དང་སེངྒེས་བཏེག་པའི་རིན་པོ་ཆེའི་ཁྲི་དར་གྱིས་ཀླུབས་པ། པདྨ་ཉི་ཟླ་བརྩེགས་པའི་གདན་ལ་རྩ་བའི་བླ་མ་སྟོན་པ་སངས་རྒྱས་ཀྱི་སྐུར་གསལ་བའི་དབུ་ཐོག་ནས་ཡར། བརྒྱུད་པའི་བླ་མ་སངས་རྒྱས་རྣམ་པར་གཟིགས་ཀྱི་བར་ཐོ་བརྩེགས་སུ་བཞུགས་པ་སོགས་ཕྱག་ཆེན་བླ་མའི་རྣལ་འབྱོར་གྱི་སྐབས་དང་འདྲ་བར། སངས་རྒྱས་ཉག་གཅིག་ཏུ་བཞུགས་པར་གྱུར། །ཅེས་པའི་བར་བརྗོད། དེ་ནས་རྟེན་འབྲེལ་བརྒྱུད་པའི་གསོལ་འདེབས་བྱས་རྗེས། བླ་མ་འོག་མ་འོག་མའི་གདུང་ཤུགས ་སོགས་ནས། རྩ་བའི་བླ་མ་ལ་ཐིམ་པར་གྱུར། ཅེས་པའི་བར་དང་། དེ་རྗེས་བླ་མ་ངོ་བོ་ཉིད་སྐུའི་གསོལ་འདེབས་ཚར་བདུན། སྐྱེ་མེད་ལ་བརྟན་པ་ཐོབ་པར་བྱིན་གྱིས་རློབས། །འགག་མེད་ལ་རྩལ་འབྱོངས་པར་བྱིན་གྱིས་རློབས། །ཇི་ལྟ་བའི་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །ཇི་སྙེད་པའི་རྟེན་འབྲེལ་འཆར་བར་བྱིན་གྱིས་རློབས། །སྣང་བ་རྟེན་འབྲེལ་དུ་འཆར་བར་བྱིན་གྱིས་རློབས། །མཆོག་གི་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས། །ཞེས་ལན་བདུན། དེ་ནས་དབང་བཞི་བླངས་ཏེ། བླ་མ་རང་ལ་བསྟིམ། རང་ཉིད་སྟོན་པའི་སྐུར་སྒོམ་ཞིང་ཟླ་བའི་དཀྱིལ་འཁོར་གསལ་གདབ་པ་སོགས་མཉམ་གཞག་ལ་འཇུག་པརབྱའོ། །ཅེས་རྗེ་བཙུན་གོང་མ་རྣམས་ཀྱི་ཞལ་ནས་སྙན་དུ་བརྒྱུད་པའི་ཐུན་གྱི་ཆོག་ཁྲིགས་རང་བཟོའི་རྙོག་པ་མེད་པར་ཤཱཀྱའི་དགེ་སློང་དཔལ་ཤཱཀྱ་རིན་ཆེན་དྲི་མེད་ལེགས་པའི་བློ་གྲོས་ཀྱིས་བསྡེབས་པ་འདིས་ཀྱང་སྙིང་པོའི་བསྟན་པ་སྒྲུབ་བརྒྱུད་རིན་པོ་ཆེ་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པའི་རྒྱུར་གྱུར་ཅིག། །། Reference

དཔལ་ལྡན་འབྲུག་པའི་གསུང་རབ། ༢༠༠༩ དཔལ་ལྡན་འབྲུག་པའི་ལུགས་ཀྱི་ཞལ་འདོན་ཕྱོགས་བསྡེབས་བྱང་ཆུབ་མགྲོད་པའི་ལམ་བཟང་ཞེས་བྱ་བ་བཞུགས་སོ། ཏཱའི་པེ། ཏཱའི་ཝཱན།

Tags:

🔥 Trending searches on Wiki ཇོང་ཁ:

ཀུརོ་ཤི་ཡList of countriesལེ་ཏོས་ནི་ཡ་སྐུ་རྗེས་ ལྷ་ཁང་ལ་ཊི་ཝེ་ཡ་འབྲུག་གི་འཁྱེག་རི།བཀྲ་ཤིས་ཆོས་རྫོང་མེ་མཁའ་རྒྱ་མཚོའབྲུགབཀྲིས་སྒང་རྟ་མགོསྐད་སྒྱུརའབྲུག་རྗེ་བརྩུན་པདྨམགར་ས་རྫོང་ཁགཟླུམ་བརྩེགས་ལྷ་ཁངམགྱོགས་ཡིགསྤུ་ན་ཁ་མགར་ས་ བཀྲ་ཤིས་མཐོང་སྨོན་རྫོང་༡༨༠༢རྫོང་ཁ་སྤེན་པ༢༠༡༠ལྷ་མོའི་བཤགས་པ།དངུལ་ཀྲམ་རྒྱ་གརདངོས་ཁམས་རིག་པཨཕ་ག་ནིསི་ཏཱན།དག་པ་དབུས་གཙང་ཕྱོགས་ལ། ༼རྫོང་ཁའི་ཞབས་ཁྲ།༽བཀྲིས་གཡང་རྩེ་རྫོང་ཁགནང་ཆོས།སིཔཱེན་རྫོང་ཁཀེ་ན་ཌ་མ་ལེ་ཤི་ཡ།ཁ་ཏར་བྱང་ཀོ་རི་ཡ་ཕ་རག་ཝེ་སེམས་རྟོགས་ཁ་རྫོང་ཁམ་བྷོ་ཌི་ཡ་ལྕགས་རི་རྡོ་རྗེ་གདན་གྱི་གནས།ཁི་རག་ཏེ་ཡ་གྲྀསནེཔ་ཊུནལྗོར་ཇི་ཡ་གྲུབ་ཐོབ་ཇོ་བོ་དཔལ་འབྱོར། Drubthob Jowo Penjorའཇར་པན།རྒྱལ་པོ་འཇིགས་མེད་ཁེ་གསར་རྣམ་རྒྱལ་དབང་པྱུག་མེག་སི་ཁོ་སྡེ་སྲིད་རིན་བྱོན།ཡུ་ནའིཊེཊ་སི་ཊེསབདེ་སྨོན་བསྡུས་པ།སྤ་རོ་རྫོང་ཁགཨས་ཊི་ཡའཇམ་དཔལ་དབྱངས་པདྨ་དགའ་ཚལ་རྫོང་ཁགབྱི་ལིཀམ་བོ་ཌི་ཡ།བྱ་དཀར་གཡུལ་རྒྱལ་རྫོང་འབྲུག་རྒྱལ་རྫོང་ཁྲོམ་སྒྱུར།པར་བཟོ།🡆 More