སྡེ་དགེའི་ལོ་རྒྱུས་སྤྱི་དོན་ཟླ་ཤེལ་གསར་པའི་མེ་ལོང༌། 德格历史纲要 ཐུབ་བསྟན་ཕུན་ཚོགས། 土登彭措 དཀར་ཆག
==ཁོར་ཡུག==
ལེའུ་དང་པོ། སྡེ་དགེའི་ཡུལ་གྲུ་བཤད་པ། ས་བཅད་དང་པོ། གླིང་ཡུལ་དང་སྡེ་དགེའི་མངའ་ཁོངས་ཀྱི་
གཅིག། ཐོག་མར་གླིང་གི་མངའ་ཁོངས་བཤད་པ། འཕོ་འགྱུར་བཤད་པ། གཉིས། བར་དུ་སྡེ་དགེའི་མངའ་ཁོངས་བསྐྱེད་ཚུལ། གསུམ། ཐ་མ་སྡེ་དགེ་དང་གླིང་ཚང་སོ་སོའི་ས་ཁོངས།
ས་བཅད་གཉིས་པ། སྡེ་དགེའི་རང་བྱུང་འཁོར་ཡུག་གི་ཁྱད་ཆོས།
གཅིག རོང་ཁུལ་གྱི་ཐོན་ཁུངས། གཉིས། འབྲོག་ཁུལ་གྱི་ཐོན་ཁུངས།
ལེའུ་གཉིས་པ། སྡེ་དགེའི་རྒྱལ་རབས་བཤད་པ། ས་བཅད་དང་པོ། སྡེ་དགེའི་གདུངས་རབས་ཀྱི་བྱུང་ཁུངས་རགས་
ཙམ་བསྟན་པ།
ས་བཅད་གཉིས་པ། སྡེ་དགེའི་རྒྱལ་རབས་རིམ་བྱུང་ངོ་སྤྲོད་མདོར་བསྡུས། ས་བཅད་གསུམ་པ། སྡེ་དགེའི་སྲིད་དོན་འཛིན་སྐྱོང་གི་སྒྲིག་གཞི་དང༌།
གོ་གནས་རིམ་པ།
ལེའུ་གསུམ་པ། སྡེ་དགེ་རྒྱལ་པོའི་ཆབ་སྲིད་ལམ་ལུགས་བཤད་པ། ས་བཅད་དང་པོ། སྤྱི་སྡེ་དགེའི་ཁྲིམས་སྲོལ་དང་ལམ་ལུགས་འགའ་ཞིག ས་བཅད་གཉིས་པ། བོད་ཀྱི་བཀའ་བློན་ས་དབང་ཆེན་མོའི་བཅའ་ཡིག ས་བཅད་གསུམ་པ། ཁྲལ་འུ་སོགས་ཀྱི་ཁྲིམས་སྲོལ་འགའ་ཞིག་གི་སྐོར།
གཅིག ཁྲལ་པའི་འོས་འགན། གཉིས། ཁོལ་པའི་འོས་འགན། གསུམ། འུ་ལག་གི་ལས་འགན། བཞི། གླ་པ་ལ་གླ་ཆ་སྤྲོད་སྲོལ་སྐོར། ལྔ། སྐྱེད་དང་བུ་ལོན་བཏང་ཚུལ།
ས་བཅད་བཞི་པ། ཉེས་ཅན་ལ་ཁྲིམས་ཆད་གཅོད་ཚུལ། ལེའུ་བཞི་པ། དབུ་བླ་ཁག་ལྔ་བཤད་པ། ས་བཅད་དང་པོ། དཔལ་སྤུངས་དགོན་པ། ས་བཅད་གཉིས་པ། ཀཿ་ཐོག་དགོན་པ། ས་བཅད་གསུམ་པ། དཔལ་ཡུལ་དགོན་པ། ས་བཅད་བཞི་པ། རྫོགས་ཆེན་དགོན་པ། ས་བཅད་ལྔ་པ། ཞེ་ཆེན་དགོན་པ། ས་བཅད་དྲུག་པ། སྡེ་དགེ་རྒྱལ་པོའི་མངའ་ཁོངས་སུ་ཡོད་
པའི་དགོན་སྡེའི་གྲངས།
ལེའུ་ལྔ་པ། དམིགས་གསལ་གྱི་མི་སྣ་འགའ་ཞིག་གྱི་ལོ་རྒྱུས། ས་བཅད་དང་པོ། རླབས་ཆེན་གྱི་མཆོད་ཡོན་རྣམ་གཉིས། ས་བཅད་གཉིས་པ། མཁྱེན་ཀོང་རྣམ་གཉིས། ས་བཅད་གསུམ་པ། རྒྱལ་ཁམས་འགྲིམས་པའི་མཁས་པ་རྣམ་གཉིས། ས་བཅད་བཞི་པ། དམིགས་བསལ་གྱི་ཆབ་སྲིད་མི་སྣ་རྣམ་གཉིས། ས་བཅད་ལྔ་པ། གནའ་རབས་སྡེ་དགེའི་མི་སྣ་གྲགས་ཅན་འགའ་ཞིག ཟུར་བཀོད། དང་པོ། གླིང་ཚང་གདུངས་རབས་རེའུ་མིག ཟུར་བཀོད། གཉིས་པ། སྡེ་དགེའི་གདུངས་རབས་རེའུ་མིག གཅིག། འབུམ་དཀར་ཆག་ནང་གི་གདུང་རབས་རེའུ་མིག གཉིས། དཀར་འགྱུར་དཀར་ཆག་ནང་གི་གདུང་རབས་རེའུ་མིག གསུམ། བསྟན་འགྱུར་དཀར་ཆག་ནང་གདུང་རབས་རེའུ་མིག བཞི། གུ་བཀྲའི་ཆོས་འབྱུང་ནང་གི་གདུང་རབས་རེའུ་མིག ལྔ། སྡེ་དགེའི་རྒྱལ་རབས་དགེ་ལེགས་ནོར་བུའི་ཕྲེང་བའི་ནང་གི་
གདུང་རབས་རེའུ་མིག
མཇུག་རྩོམ།
ཁ་བ་ཅན་ཞེས་གདོད་མའི་དུས་ནས་གྲགས། ། གླིང་རྗེ་དཔོན་གྱིས་ཟལ་མོ་སྒང་འདིར་བཟུང༌། ། སྡེ་དགེའི་ཡུལ་ཞེས་བླ་ཆེན་དམ་པས་བསྐྲུན། ། ཆོས་དང་རིག་གཞུང་ཆོས་རྒྱལ་ཆེན་པོས་སྤེལ། །
གདོད་མའི་ལྷ་ཡིས་བྱིན་པའི་ནགས་ཚལ་དང༌། ། ས་གཞི་དལ་གྱིས་བསྐོར་བའི་འབྲི་ཟླའི་ཀླུང༌། ། ཆུ་སྐྱེས་སོ་ཕྲེང་བཞད་པའི་རྩྭ་ཐང་སོགས། ། རང་བྱུང་མཛེས་པའི་དཔལ་ཀུན་གནས་འདིའི་བརྒྱན། །
ནོར་ལུག་མདོ་བའི་ཁྱུ་ཚོགས་སྤྲིན་ལྟར་འཁྲིགས། ། ལོ་ལེགས་གསེར་མདོག་སྙེ་མས་གཡབ་མོ་བརྡེབ། ། འདོད་རྒུའི་འཚོ་བའི་ཟས་གོས་ཆར་ལྟར་འབབ། ། ཞིང་འབྲོག་ཟུང་ལྡན་སོ་ནམ་ཡུལ་འདིར་རྒྱས། །
བཙན་པོའི་གཉའ་གཅོག་ཉམས་ཅུང་མཐའ་ནས་སྐྱོང༌། ། མི་སྲུན་དཔའ་བཀོང་བསྟན་དགྲའི་གཤེད་མའི་དཔུང༌། ། ཁྲ་རླག་སྤྱང་གསུམ་སེང་ཆེན་རྒྱལ་པོ་སོགས། ། དགྲ་འདུལ་དཔའ་བོའི་ཁྱུ་ཚོགས་འདི་ན་བཞུགས། །
གངས་ལྗོངས་ཤེས་རིག་ཆོས་མཛོད་སྤར་ཁང་དང༌། ། རིས་མེད་གྲུབ་མཐའི་དགོངས་བཅུད་མཛོད་ཆེན་ལྔ། ། དཀར་ནག་རྩིས་དང་སྨན་གྱི་སྦྱོར་སྡེབ་སོགས། ། ཚན་རིག་རྒྱ་མཚོའི་རྦ་རླབས་འདི་ནས་འཕྱོ། །
དཔོན་གྱི་ཐོབ་ཐང་འབངས་ཀྱིས་འདེམས་བསྐོས་བྱེད། ། འབངས་མིའི་སྐྱིད་སྡུག་དཔོན་གྱི་ཁྲིམས་ལ་རགས། ། གཅིག་ལ་གཅིག་བརྟེན་དམངས་གཙོ་ཆེན་པོའི་ལུགས། ། གནའ་བོའི་དུས་ནས་སྡེ་དགེའི་ཡུལ་འདིར་དར། །
དཀར་ནག་རྒྱ་བོད་སྐད་ཡིག་ཐོགས་པར་མེད། ། རིས་མེད་གྲུབ་མཐའ་ཀུན་ལ་མངོན་པར་བྱང༌། ། སྒྲ་ཚད་བཟོ་གསོ་སྨྲ་བའི་སློབ་དཔོན་ཆེ། ། གངས་ལྗོངས་མཁས་གྲུབ་ཁྱུ་གཅིག་འདི་ནས་བྱུང༌། །
རང་ཡུལ་སྐྱིད་པ་རང་གཞན་ཀུན་གྱིས་འདོད། ། རང་གི་ལོ་རྒྱུས་གཞན་ལས་བཙལ་འདིར་སྐྱོ། ། རང་རེའི་ཕ་མེས་མཛད་པའི་ཕྱག་རྗེས་འདི། ། རང་རིགས་གཞོན་ནུའི་ཚོགས་ཀྱི་ཆེད་དུ་སྤེལ། །
ལེའུ་དང་པོ། སྡེ་དགེའི་ཡུལ་གྲུ་བཤད་པ།
ས་བཅད་དང་པོ། གླིང་ཡུལ་དང་སྡེ་དགེའི་མངའ་ཁོངས་ ཀྱི་འཕོ་འགྱུར་བཤད་པ།
གཅིག གནའ་བོའི་གླིང་གི་མངའ་ཁོངས་བཤད་པ།
གནའ་དུས་སྡེ་དགེ་རྒྱལ་པོས་དབང་བསྒྱུར་བྱ་ཡུལ་ནི། བོད་གངས་ཅན་ལྗོངས་ཀྱི་ཤར་ཕྱོགས་ཆུ་བོ་ཆེན་པོ་འབྲི་ཆུའི་ཤར་ནུབ་གཉིས་སུ་ཆགས་ཡོད་ཅིང༌། དེང་དུས་ས་གཤིས་རིག་པ་ལྟར་ན་ཨེ་ཤའི་ཡའི་གླིང་གི་མདོ་དབུས་མཐོ་སྒང་གི་དབུས་སུ་ཤར་ཐིག་90་100 བར་དང༌། བྱང་ཐིག་ 31་33 བར་དུ་ཆགས་ཡོད། གནའ་བོའི་ཡིག་ཆ་རྣམས་སུ་བཤད་པ་ལྟར་ན། བོད་ཡུལ་འདིར་མདོ་དབུས་ཁམས་གསུམ་དུ་དབྱེ་བའི་ལུགས་སྲོལ་ལྟར་ན་ཁམས་ཕྱོགས་ཀྱི་ཁོངས་དང༌། མདོ་སྟོད་སྨད་གཉིས་སུ་དབྱེ་སྐབས་མདོ་སྨད་ཀྱི་ཁོངས་སུ་ཕྱེས་ཡོད་པ་རེད། དེ་ཡང་མདོ་སྟོད་ནི་སོག་ལ་སྐྱ་བོ་མན་ཆད་དང༌། རྨ་ཆུའི་ཁུག་པ་ཡན་ཆད་མདོ་སྟོད་མིའི་ཆོལ་ཁ་ཟེར་བ་དང༌། མདོ་སྨད་ནི་རྨ་ཆུའི་ཁུག་པ་མན་ཆད་ནས། རྒྱའི་མཆོད་རྟེན་དཀར་ཆུང་ཡན་ཆད་ལ་མདོ་སྨད་རྟའི་ཆོལ་ཁ་ཞེས་ཟེར། དེས་ན་ཡུལ་འདི་རྨ་ཆུ་ཁུག་པའི་ས་ཐིག་གི་འོག་ཏུ་གནས་ཡོད་པ་འདྲ། སྔར་གྱི་ཡིག་རྙིང་རྣམས་སུ་ཁམས་སྡེ་དགེའི་རྒྱལ་ཁམས་དང༌། མདོ་སྨད་སྡེ་དགེའི་རྒྱལ་ཁམས་ཞེས་གཉིས་ཀ་བྲིས་ཡོད་པ་འདི་ནི་དོན་ལ་ས་ཁོངས་དབྱེ་སྲོལ་མི་འདྲ་བའི་ལུགས་གཉིས་ཡིན་པར་ཤེས་སླ། «སྡེ་དགེ་རྫོང་གི་ལོ་རྒྱུས་དེབ་ཐེར»། ལས། “ལྕགས་ར་སྡེ་ཤོག་ལྷས་དགེ་གྲོང་གི་གནའ་ཤུལ་དུར་གླིང་སོགས་ལས་རྙེད་པའི་གནའ་རྫས་ལ་བརྟགས་ན། ཧ་ལམ་སྤྱི་ལོའི་སྔོན་གྱི་དུས་རབས་10་པ་ཙམ་ན་ཡུལ་འདིར་འཚོ་སྡོད་བྱ་མཁན་གྱི་སྤྱོད་ཆས་ཡིན་པར་རྟོགས།” ཞེས་གསལ། སྤྱི་བཏང་ཉེ་དུས་ཆབ་མདོ་ཁ་རོ་དང༌། བྲག་མགོ་ཁ་ས་མཚོའི་གནའ་ཤུལ་དང་གནའ་དུར་རྙེད་པའི་གནའ་རྫས་རྙིང་པ་དག་ལ་བརྟགས་ན་ཡུལ་འདིར་བོད་མིའི་འགྲོ་བ་འཚོ་སྡོད་བྱས་ཡོད་པ་མ་ཟད། གནའ་བོའི་བོན་ལུགས་ཀྱི་འབྱུང་རྩིས་རིག་གནས་དེ་དར་ཁྱབ་ཆེན་པོ་བྱུང་ཡོད་པའི་རྟགས་མཚན་མང་པོ་ཡོད་པ་རེད། འོན་ཀྱང་དུས་དེར་ཡུལ་འདིའི་མིང་ལ་གང་ཟེར་བ་དང༌། ཡུལ་དེའི་མངའ་བདག་གང་ཞིག་ཡོད་པར་ལོ་རྒྱུས་ཡིག་ཆ་དག་ལས་ད་ཕན་གསལ་པོར་མ་མཐོང༌། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་ཡུལ་འདིར་ཁམས་ཀློང་ཐང་ཞེས་འབོད་ཅིང༌། སྡེ་འབངས་དང་རིག་གནས་ཀྱི་ལྟེ་གནས་ལྟ་བུ་དེ་དེང་དུས་འདན་ཁོག་གི་ཡུལ་འདི་ཡིན་འདུག གནའ་བོའི་ཡིག་ཆ་མང་ཆེ་བའི་ནང་ལྡན་ཁོག་ཅེས་འབྲི་སྲོལ་ཡོད་ཅིང༌། ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་ཡུལ་སྟོད་སྨད་ཀུན་གྱི་ས་ཁོངས་བདག་ཏུ་བཟུང་ཆེད། མཐའ་འདུལ་དང༌། ཡང་འདུལ། རུ་གནོན་བཅས་ཀྱི་ལྷ་ཁང་བཅུ་གཉིས་བཅས་བཞེངས་པའི་སྐབས་སུ་རུ་གནོན་གྱི་ལྷ་ཁང་བཞིའི་ཡ་གྱལ་ཁམས་ཀློང་ཐང་སྒྲོལ་མ་ལྷ་ཁང་ཡུལ་འདིར་བཞེངས་པ་ད་ལྟ་ཡང་གནས་ཡོད་པ་རེད། རྒྱ་ནག་གི་ས་ཁྲ་རྙིང་པའི་ནང་དུ་ཡུལ་འདིར་གླིང་ཞེས་བོད་སྐད་རང་སོར་དུ་རྒྱ་ཡིག་བྲིས་འདུག ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་སློབ་དཔོན་པདྨ་འབྱུང་གནས་ཀྱི་དངོས་སློབ་གྲུབ་པ་ཐོབ་པའི་རྗེ་འབངས་ཉེར་ལྔའི་ནང་གི་ལྡན་མ་རྩེ་མང་ཡང་ད་ལྟའི་འདན་ཁོག་གི་ཡུལ་འདིར་འཁྲུངས་པ་ཡིན་འདུག དེ་ཡང་ཁམས་ཀློང་ཐང་ཞེས་པ་ནི་དེང་དུས་འབྲི་ཆུ་ཤར་ནུབ་ཀྱི་ཁམས་ཕྱོགས་ཡུལ་གྲུ་ཕལ་ཆེའི་སྤྱི་མིང་ཞིག་ཡིན་པ་དང༌། འབྲི་ཆུའི་སྨད་ཕྱོགས་ཀྱི་སྡེ་དགེ་དང༌། དཔལ་ཡུལ་སོགས་ཀྱི་རོང་ཁུལ་འདི་དག་ལ་མདོ་ཁམས་རོང་ཆེན་བཅོ་བརྒྱད་ཀྱི་ཡ་གྱལ་རྔོད་ཨ་རབ་རོང་ཞེས་འབོད་སྲོལ་ཡོད་པ་སི་ཏུ་ཆོས་འབྱུང་གི་རྣམ་ཐར་ལས་གསལ། ཧ་ལམ་བོད་རྒྱལ་གླང་དར་མ་བཀྲོངས་ནས་བོད་སིལ་བུར་འཐོར་བ་དང་ཡུལ་འདིར་གླིང་གི་ཁྱིམ་རྒྱུད་དེ་མངའ་ཐང་དང་སྟོབས་འབྱོར་རྒྱས་པའི་འགོ་ཚུགས། དེ་རྗེས་མི་རབས་ཁ་ཤས་ཀྱི་རྗེས་སུ་གླིང་གི་ཁྱིམ་རྒྱུད་དེ་སྟོད་གླིང་གསེར་པ་མཆེད་བརྒྱད། བར་གླིང་འོམ་བུ་ཚོ་དྲུག སྨད་གླིང་མུ་སྤྱང་སྡེ་བཞི་ཞེས་བྱུང་ཞིང་འབྲི་ཟླ་ཟལ་མོའི་སྒང་གི་ཡུལ་གྲུ་སྟོད་སྨད་ཀྱི་ཞིང་འབྲོག་གི་སྡེ་པ་ཐམས་ཅད་གླིང་གི་བདག་ཏུ་བཟུང་ཡོད་ཅིང༌། སྡེ་དགེའི་དཔོན་རབས་དང་པོ་བོ་ཐར་བཀྲ་ཤིས་སེང་གེ་ཡུལ་འདིར་སྡེ་དཔོན་ཐོག་མར་གྱུར་སྐབས་ཡུལ་འདིའི་སྤྱིའི་དཔོན་པོ་གླིང་དཔོན་ཟེར་བས་བདག་ཏུ་བཟུང་ཡོད་ཚུལ་སྡེ་དགེའི་རྒྱལ་རབས་ལས་གསལ། རབ་བྱུང་དང་པོའི་ས་སྟག་སྤྱི་ལོ་103
This article uses material from the Wikipedia བོད་སྐད article སྡེ་དགེ, which is released under the Creative Commons Attribution-ShareAlike 3.0 license ("CC BY-SA 3.0"); additional terms may apply (view authors). དེ་མིན་གྱི་མཆན་འགྲེལ་ཡོད་ན་མ་གཏོགས། དྲ་བའི་ནང་དོན་ CC BY-SA 4.0 སྟེང་དུ་ཡོད། Images, videos and audio are available under their respective licenses.
®Wikipedia is a registered trademark of the Wiki Foundation, Inc. Wiki བོད་སྐད (DUHOCTRUNGQUOC.VN) is an independent company and has no affiliation with Wiki Foundation.