རྡོ་སྦིས་་ཡུལ་ནི་རྨ་ཡུལ་སྟོད་སྨད་བར་གསུམ་དུ་ཕྱེད་པའི་བར་མ། རྨ་ཆུའི་ལྷོ་ཕྱོགས། ལུང་བའི་ལྷོ་བྱང་རིང་ལ་ཤར་ནུབ་དོག སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་༣༢་ཡས་མས། གཞུང་ཆུ་བྱང་དུ་བབས་ཏེ་རྨ་ཆུ་དང་འདྲེས། བྱང་མ་གཏོགས་ཕྱོགས་གསུམ་དུ་མགོ་གཡའ་དང་རྫ། སྐེད་བྲག་དང་སྤང་ལས་གྲུབ་པ། ལྕགས་རི་ལྟར་རི་བརྒྱུད་ཆེན་པོ་གཅིག་ལ་ཤར་དུ་མཚོ་ནག་སྟོང་རི་རྒྱ་མོཀ༼རྒ་མོ༽། ལྷོར་ཨ་མྱེས་ད་རྒྱལ་སྤུན་གསུམ། ནུབ་ཏུ་ཨ་མྱེས་གུང་ཡེ་དང་། ཡན་ལག་གི་རི་ཕྲན་གཉིས་ལ། ཨ་མྱེས་དཔལ་མཁར་དང་། ཨ་མྱེས་ཁྱུང་རྩེ་སོགས་ཀྱིས་སྐོར་བ། སྟོང་རི་རྒྱ་མོ་དང་གནས་རི་ཏན་ཏིག་བར་ནས་རྨ་ཀླུང་ཕྱུག་མོ་ཤར་དུ་བྱམས་པ་འབུམ་གླིང་གི་ཕྱོགས་སུ་དྲག་ཏུ་འབབ། ཀ་ཆུ་མཁར་རྙིང་ཡུལ་དེའི་ཤར་ལྷོར་སྤྱི་ལེ་བརྒྱད་ཅུའི་མཚམས་དང་། ལྷོ་རུ་ཕྱོགས་བཅུ་གཉན་ཆེན། ལྷོ་ནུབ་ན་གཡུང་དྲུང་མཁར་རྙིང་། ལར་ཁ་བྱང་གཏད་ཀྱི་ལུང་བ། ཤར་ནུབ་ཀྱི་རི་བརྒྱུད་ནས་ཐང་གཤོངས་སུ་ཟུག་པའི་རི་ཕྲན་དག་ནི་སྟག་གི་རི་མོ་དང་འདྲ་ལ། ཡུལ་དེའི་ཁྱད་ཆོས་ཤིག་ཡིན།
ནུབ་ཀྱི་རི་ཕྲན་རྣམས་ཀྱི་བྱང་ངོས་དག་ཏུ་ནགས་ཚལ་ཆུང་ཆུང་ལ། གསོམ་ཤིང་དང་སྟག་ཤིང་། གླང་མ། སྨན་རྩྭའང་འགའ་རེ་ཡོད།
ཤར་ནས་ནུབ་ཏུ་ཟུག་པའི་རི་ཕྲན་དག་ནི་ས་དམར་ཡིན། གཞུང་ཆུའི་གཡས་གཡོན་གྱི་གཞོང་དང་རི་ཕྲན་དག་གི་བར་གསེང་ན་རྡོ་སྦིས་དུ་ཁ་སྟོང་། སྡེ་བ་ཉེར་གསུམ། མི་གྲངས་གཅིག་ཁྲི་ཉིས་སྟོང་ཙམ། སྟོད་སྨད་བར་གསུམ་དུ་གནས་ཡོད།
རི་དྭགས་གནའ་བ། དགོ་བ། ཤྭ་བ། གླ་བ། གཅན་ཟན་སྤྱང་ཀི ཝ། གཡི། ཕྱུགས་སྲོག་འབྲི་གཡག མཛོ་མཛོ་མོ། བ་བ་མོ། རྟ་དྲེལ་བོང་གསུམ་ཤིན་ཏུ་ཉུང་། རོང་འབྲོག་འདྲེས་མར་གནས། ཤར་གྱི་འདམ་རིའི་མགོ་དང་ལུང་སྟོད་མཚམས་དག་རི་མ་དང་། ནུབ་ཀྱི་རི་འདབས་དམའ་ས་དང་། གཞུང་ཆུའི་གཡས་གཡོན་རྣམས་ཆུ་མ། འབྲུ་རིགས། གྲོ ནས། སྲན་གསུམ། སྲད་མ། ཤིང་ཏོག་གི་རིགས་ཉུང་། མཁར་ཤུལ་རྙིང་བ་བཞི་ཙམ་ཡོད་ཀྱང་ལོ་རྒྱུས་ཤེས་མཁན་ཉུང་།
ཆོས་རྒྱལ་མྱ་ངན་མེད་ཀྱི་སྐབས་དགྲ་བཅོམ་ལྔ་བརྒྱས་བཞེངས་པའི་མཆོད་རྟེན་ནི་ལུང་བའི་སྨད་སྟོད་དུ་གནས། ་ནང་སོའི་རྒྱུད་པ་ཡོད་ཀྱང་ངོ་ཤེས་མཁན་ཉུང་། མི་རྣམས་ནི་རྟབ་བེ་རྟོབ་བེ། ཚབ་བི་ཚུབ་བི། ཡུལ་སྐད་ལ་བརྡ་རྙིང་མང་བས་རིན་ཐང་ཆེ། ཆོས་ལུགས་ནི་བོན་༼གདོད་བོན༽དང་དམ་ཆོས་འདྲེས་མར་བྱེད། ཧ་ལམ་སྡེ་རེ་ལ་དགོན་རེ་ཡོད། དེ་དག་ལ་སྒོམ་གྲྭ་དང་སྒར་དུ་འབོད། བླ་མ་ཚད་དང་ལྡན་པ་ཧ་ཅང་དཀོན། གྲྭ་བ་རྣམས་གྲོང་ཆོག་བདའ་ཤེས་པ་ཙམ་གྱིས་འཐུས། སྒམ་པ་ལ་མཐོང་མེད། ཕྱུག་པོ་ལ་དབང་ཐང་ཆེ། འགྲན་སེམས་ཆེ། གདོང་ན་འཛུམ་མེད། ཕ་ཡུལ་དུ་འདུག་མཁན་ནི་འདྲ་མེད་དུ་རྩི། ཤེས་ཡོན་པ་རྣམས་འཆི་ཁར་མ་གཏོགས་ཕ་ཡུལ་དུ་མི་ལོག ཆོས་གོ་མཁན་ཉུང་ལ་རྨོངས་དད་ཆེ། བྱིས་པའི་རྒྱུགས་ལྷ་ལ་བཅོལ། ཤ་མེད་པར་སྐུ་རིམ་མི་བྱ། སྨྱུང་གནས་ནི་ཡོང་སྒོ་བཟང་བོ་རྩི། མ་བྱིན་ལེན་ལ་སྐྱོན་དུ་མི་རྩི། དུ་འཐེན་དང་ཆང་འཐུང་མང་། རྡོ་རྩིག་བཟོ་ལས་སྐད་གྲགས་ཆེ། སྙིང་ཆུང་། ཡུལ་དུ་ཕྱིའི་དགྲ་བྱུང་ནའང་མ་གོ་ཁུལ་བྱེད། རྐང་ཐང་དུ་འགྲོ་ན་ངོ་ཚ་རྩི། ཕྱི་ཡོང་མགྲོན་པོ་ལ་ཡོལ་ནས་འགྲོ བུད་མེད་ལོ་ཆུང་གི་གདོང་མི་སྟོན། འགྱིག་ལྭ་གྱོན། གཡུ་རྫུན་དང་བྱུ་རྫུན་རྒྱན་དུ་འདོགས། མནའ་མ་རིན་གྱིས་ཉོ། གཞན་སྐྱོན་གསང་ཁུལ་གྱིས་གླེང་། ས་བོན་དང་མཉམ་དུ་ཞིང་ལ་དུག་འདེབས། བོད་ཟས་ལས་དེང་རབ་ཀྱི་ཟས་ཡག་པར་རྩི། སྐྱེས་ཆེན་དམ་པ་འགའ་རེ་འཁྲུངས་མྱོང་། ༼མུ་འགོད༽
This article uses material from the Wikipedia ཇོང་ཁ article རྡོ་སྦིས་གསེར་མོ་གཞོངས, which is released under the Creative Commons Attribution-ShareAlike 3.0 license ("CC BY-SA 3.0"); additional terms may apply (view authors). Content is available under CC BY-SA 4.0 unless otherwise noted. Images, videos and audio are available under their respective licenses.
®Wikipedia is a registered trademark of the Wiki Foundation, Inc. Wiki ཇོང་ཁ (DUHOCTRUNGQUOC.VN) is an independent company and has no affiliation with Wiki Foundation.