བསྭོ། མཁའ་ཀློང་འོད་དུ་འབར་བའི་གསས་མཁར་ན། །འཇའ་ཟེར་མེ་དཔུང་འཁྲིགས་པའི་གུར་ནང་དུ། །ལེགས་ཉེས་ལྟང་འཛིན་བསྟན་པའི་བཀའ་སྲུང་མཆོག །ཀུན་ཏུ་བཟང་མོ་སྐྱེ་མེད་དབྱིངས་ཀྱི་ཡུམ། །བ་ག་ཀློང་ཆེན་རྫུ་འཕྲུལ་མཁའ་ཡི་དབལ། །མུ་ལ་ཙ་མེད་དབང་བསྒྱུར་སྲིད་པའི་རྒྱལ། །དཀར་སེར་དམར་སྨུག་ནག་སྔོའི་དུས་དྲུག་འགྱེད། །མཁའ་འགྱིང་ལྷ་མོ་སྣང་སྲིད་ཞི་བའི་ལྕམ། །དུས་ཡུམ་ལྷ་མོ་ཚེ་ནོར་རྒྱས་པའི་མ། །བཀའ་གསང་ལྷ་མོ་འགྲོ་བ་དབང་སྡུད་ཡུམ། །བདེ་འགྲོ་གསང་ཡུམ་འཇིགས་བྱེད་དྲག་པོའི་སྐུ། །བྱ་ར་མ་གསུམ་བསྟན་པའི་མེལ་ཚེ་མཆོག །རྫུན་འཕྲུལ་སྨན་བཞི་སྒྲུབ་ལ་གྲོགས་མཛད་མ། །ཡུམ་སྲས་སྡེ་ལྔ་བོན་གྱི་གཉེར་མཛད་རྗེ། །སྒྲ་བླའི་རྒྱལ་མོ་ནུས་མཐུའི་སྟོབས་མོ་ཆེ། །ཀུ་མ་ར་ཙ་འབྲོག་སྨན་འབུམ་གྱི་གཙོ། །གཅེན་ལྷ་མིག་དགུ་དཔལ་མགོན་བརྒྱ་རྩའི་བདག །ལྷ་ཆེན་དཔལ་འབར་མཐུ་རྩལ་སྟོབས་དབང་ཆེ། །ནག་མོ་ཆེན་མོ་གྱི་གྲན་བགེགས་ཀྱི་བཤེད། །འབྱམས་པ་ཁྲག་མགོ་བདུད་སྡེ་བྱེད་བའི་མགོན། །དམག་དཔོན་བཙན་རྒྱལ་བགེགས་དཔུང་འཇོམས་པའི་དཔལ། །ཨ་བསྭེ་རྒྱལ་བ་གཡུང་དྲུང་དགྲ་འདུལ་རྩལ། །ཀུ་བེ་ར་ནི་གནོད་སྤྱིན་ནོར་གྱི་ལྷ། །རྨ་གཉན་པོམ་ར་འཛམ་གླིང་ཡུལ་སའི་མགོན། །ཉི་པང་སད་ནི་སྡེ་བརྒྱད་དྲེགས་པའི་རྒྱལ། །དེ་བཞིན་བོན་སྐྱོང་ཕོ་རྒྱུད་མོ་རྒྱུད་དང་། །གཞན་ཡང་ཞིང་ཁམས་ཡོངས་ལ་དབང་སྒྱུར་བའི། །ཡུལ་ལྷ་གཞི་བདག་དྲག་རྩལ་ཅན་གྱི་ཚོགས། །རང་རང་སྤྲུལ་བའི་འཁོར་དཔུང་གྲངས་མེད་བཅས། །སྔོན་ཚེ་རིག་འཛིན་གོང་མའི་སྤྱན་སྔ་རུ། །ཐ་ཚིག་ཞལ་གྱིས་བཞེས་བཞིན་མ་བརྙེལ་བར། །མྱུར་མགྱོགས་གློག་ལྟར་ཆས་ནས་གཤེགས་སུ་གསོལ། །སྒྲུབ་གཤེན་དད་པའི་བསམ་སྦྱོར་རྣམ་དག་གིས། །དྲི་ཞིམ་བསང་དུད་ནམ་མཁའི་མཐར་གཏུགས་ནས། །གཟུགས་སྒྲ་དྲི་རོ་ཇི་རྙེད་འདོད་ཡོན་ཚོགས། །ཏིང་འཛིན་དམིགས་མེད་ཆེན་པོས་སྦྱང་སྤེལ་གྱིས། །ཁྱེད་ལ་འབུལ་ལོ་དགྱེས་པར་བཞེས་མཛོད་ཅིང་། །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ། །ཐུགས་ཉིད་ཡེ་ཤེས་ཁྱུང་གི་ལྡིང་སྟབས་ཀྱིས། །ཚེ་སྲོག་ནུབ་མེད་ནམ་མཁའ་ལྟ་བུར་སྲེངས། །གསུང་དབྱངས་འགག་མེད་འབྲུག་སྒྲ་ཆེར་སྒྲོགས་པས། །དབང་ཐང་འབྱོར་བ་དབྱར་གྱི་མཚོ་ལྟར་སྐྱིལ། །ཡོན་ཏན་ངང་ཚུལ་སེང་ཆེན་རྔམ་པ་ཡིས། །ཀླུང་རྟ་གངས་རིའི་མདངས་ལྡན་ཡར་ལ་སྐྱེད། །འཕྲིན་ལས་རྟ་མཆོག་སྤྲིན་གྱི་ཤུགས་ཅན་གྱིས། །བླ་དཔལ་ཆར་སྤྲིན་རླུང་གིས་དེངས་མེད་མཛོད། །སྲོག་ལུས་དབང་ཐང་ཀླུང་རྟ་བླ་དཔལ་རྣམས། །བོན་སྐྱོང་སྲུང་མའི་མཐུ་རྩལ་ནུས་པ་ཡིས། །ཀླུང་རྟའི་རྒུ་པ་མིང་ཙམ་མི་གནས་པར། །ཁྱད་པར་བླ་མའི་སྐུ་ཚེ་བསྟན་པ་དང་། །གྲྭ་སློབ་སྨིན་གྲོལ་མཐའ་ནས་རྒྱས་པའི་ཕྱིར། །དམ་ཅན་སྲུང་མའི་ཐུགས་དམ་མ་གཡེལ་བར། །ཀླུང་རྟ་དགུང་དུ་སྤོར་ལ་འགལ་རྐྱེན་སོལ། །ཐོས་བསམ་སྒོམ་སྒྲུབ་འཆད་རྩོད་རྩོམ་པ་དང་། །བསྟན་པ་འཛིན་སྐྱོང་སྤེལ་བའི་སྲོལ་འཛུགས་ཕྱིར། །དམ་ཅན་སྲུང་མའི་ཐུགས་དམ་མ་གཡེལ་བར། །ཀླུང་རྟ་དགུང་དུ་སྤོར་ལ་འགལ་རྐྱེན་སོལ། །རིག་པའི་གནས་ལྔ་མངོན་ཤེས་མཐུ་སྟོབས་དང་། །ཚེ་ནོར་དཔལ་འབྱོར་རབ་ཏུ་རྒྱས་པའི་ཕྱིར། །དམ་ཅན་སྲུང་མའི་ཐུགས་དམ་མ་གཡེལ་བར། །ཀླུང་རྟ་དགུང་དུ་སྤོར་ལ་འགལ་རྐྱེན་སོལ། །མཁས་བཙུན་བཟང་གསུམ་འཛོམས་པའི་དགོན་སྡེ་དང་། །སྐྱེ་འགྲོ་ཀུན་ལ་བཀའ་བརྒོ་བཙན་པའི་ཕྱིར། །དམ་ཅན་སྲུང་མའི་ཐུགས་དམ་མ་གཡེལ་བར། །ཀླུང་རྟ་དགུང་དུ་སྤོར་ལ་འགལ་རྐྱེན་སོལ། །རྣམ་དཀར་་ལས་དང་བསོད་ནམས་གཟི་མདངས་བསྐྱེད། །དཔལ་ཡོན་གྲགས་སྙན་ཡོངས་སུ་རྒྱས་པའི་ཕྱིར། །དམ་ཅན་སྲུང་མའི་ཐུགས་དམ་མ་གཡེལ་བར། །ཀླུང་རྟ་དགུང་དུ་སྤོར་ལ་འགལ་རྐྱེན་སོལ། །གདུལ་བྱར་གྱུར་པའི་ཉེ་འཁོར་སྦྱིན་བདག་གང་། །ཚེ་བསོད་མངའ་ཐང་ལོངས་སྤྱོད་རྒྱས་པའི་ཕྱིར། །དམ་ཅན་སྲུང་མའི་ཐུགས་དམ་མ་གཡེལ་བར། །ཀླུང་རྟ་དགུང་དུ་སྤོར་ལ་འགལ་རྐྱེན་སོལ། །གར་འགྲོ་གར་འདུག་བྱེས་དང་ཚོགས་ལ་སོགས། །འདོད་དོན་བདེ་བླག་ཕུན་སུམ་ཚོགས་པའི་ཕྱིར། ། དམ་ཅན་སྲུང་མའི་ཐུགས་དམ་མ་གཡེལ་བར། །ཀླུང་རྟ་དགུང་དུ་སྤོར་ལ་འགལ་རྐྱེན་སོལ། །དེ་ལྟར་བདག་དང་བདག་གིས་འཁོར་འདབ་ལ། །མི་མཐུན་རྐྱེན་ངན་གང་གིས་མི་ཚུགས་པར། །ལས་ཀྱི་ཀླུང་རྟ་དགུང་དུ་བསྐྱོད་ནས་ཀྱང་། །སངས་རྒྱས་གཡུངས་དྲུང་བོན་གྱི་དབུ་འཕང་བསྟོད། །ཟད་མེད་བསོད་ནམས་ལོངས་སྤྱོད་ཆར་བཞིན་ཕོབས། །གང་བཅོལ་ལས་རྣམས་མྱུར་དུ་གྲུབ་པར་མཛོད། །ཀི་ཀི་བསྭོ་བསྭོ་ཆེའོ་ལྷ་རྒྱལ་ལོ། །ཞེས་བོན་སྐྱོང་དམ་ཅན་རྒྱ་མཚོའི་ཀླུང་རྟ་སྤྲིན་གྱི་ཤུགས་ཅན་ཞེས་བྱ་བ་འདི་ནི། །འཁོར་བའི་འདུ་བྱེད་དུག་གི་ཚང་ལྟར་རིང་དུ་དོར་བའི་ཚུལ་ཁྲིམས་རྣམ་པར་དག་པའི་ཚངས་སྤྱོད་པ་ཁྲི་ཀའི་རྟོགས་ལྡན་དམ་པ་བློ་གྲོས་རྒྱལ་བ་བསྟན་པའི་རྒྱལ་མཚན་གྱིས་བསྐུར་ངོར་མ་ལྡོག་ཙམ་དུ།༧མདའ་ཆེན་སྐྱང་སྤྲུལ་རྒྱལ་པའི་གདན་ས་འཛིན་པའི་སྤྲུལ་མིང་བ་ལུང་རྟོགས་བསྐལ་བཟང་རྒྱ་མཚོས་རེབ་གོང་གཡུང་དྲུང་བདུད་འདུལ་གླིང་གི་འཚམས་ཁང་དུ་འདི་བཞིན་བགྱིས་པའི་
This article uses material from the Wikipedia བོད་སྐད article བོན་སྐྱོང་དམ་ཅན་རྒྱ་མཚོའི་ཀླུང་རྟ་སྤྲིན་གྱི་ཤུགས་ཅན་, which is released under the Creative Commons Attribution-ShareAlike 3.0 license ("CC BY-SA 3.0"); additional terms may apply (view authors). དེ་མིན་གྱི་མཆན་འགྲེལ་ཡོད་ན་མ་གཏོགས། དྲ་བའི་ནང་དོན་ CC BY-SA 4.0 སྟེང་དུ་ཡོད། Images, videos and audio are available under their respective licenses.
®Wikipedia is a registered trademark of the Wiki Foundation, Inc. Wiki བོད་སྐད (DUHOCTRUNGQUOC.VN) is an independent company and has no affiliation with Wiki Foundation.