མེ་ཏོགཤིང་།
ཆུ་ཁ་རྫོང་ཁག་ སྦོང་སྒོར་རྒེད་འོག་ སྐྱུང་ཁ་གཡུས་ཚན་ནང་ལུ་ ཕྱེམ་ལ་འབུཔ་དང་ ཕོད་ཙེ་འབུཔ་གིས་ འདབ་མ་ཀོ་པི་དང་མེ་ཏོག་ཀོ་པི་ཚུ་ལུ་ གནོདཔ་བཀལ་ཏེ་ཡོདཔ་སྦེ་ཨིན་མས། འདི་ཡང་ གཡུས་ཚན་འདི་ནང་གི་ཁྱིམ་གུང་༡༠ གྱི་ འདབ་མ་ཀོ་པི་དང་ མེ་ཏོག་ཀོ་པི་ཚུ་ག་རང་ འབུཔ་གི་རིགས་གཉིསཔ་འདི་གིས་ ཁྱབ་ཚར་ཏེ་ཡོདཔ་ཨིན་མས། མི་སེར་ཚུ་གིས་སླབ་མི་ནང་ འཕྲལ་ཁམས་ཅིག་ཁར་ འབུཔ་གི་རིགས་དེ་ལས་བརྟེན་ཏེ་ འདབ་མ་ཀོ་པི་ ས་ཆ་ཨེ་ཀར་༢ ལྷགཔ་ཅིག་ མེདཔ་གཏང་ཡོདཔ་སྦེ་བཤད་ཅི། ད་རུང་ སོ་ནམ་པ་ཚུ་གིས་སླབ་མི་ནང་ ཨ་རྟག་འབད་བ་ཅིན་ དུས་ཚོད་འ་ནིམ་ཅིག་ཁར་ལས་ ཚོད་བསྲེ་འདི་ཚུ་ འབོར་ཆེ་ཏོག་ཏོ་སྦེ་བསྡུ་སྟེ་ འོང་འབབ་བཟོ་ཚུགས་དོ་ཡོད་རུང་ དུས་ཅི་ ཁོ་རང་བཟའ་ནི་ཡང་མེད་པར་ ལཱ་ཁག་གཏང་ནི་མས་ཟེར་ཨིན་མས། འདི་མ་ཚད་ ཚོད་བསྲེ་འདི་ཚུ་གུ་ སྨན་རྫས་ཚུ་གཏོར་ཡོདཔ་ཨིན་རུང་ འདི་གིས་ སླ་ཁེལ་མ་ཚུགསཔ་ཟེར་ཨིན་མས། འདི་ལུ་ རྒེད་འོག་སོ་ནམ་རྒྱ་སྐྱེད་ཡིག་ཚང་གིས་བཀོད་མི་ནང་ ཚོད་བསྲེ་ཚུ་ འབུཔ་ལས་ཉེན་སྲུང་འབད་ནིའི་དོན་ལུ་ ནངས་པ་ རྒྱལ་ཡོངས་སྔོ་ཤིང་སྲུང་སྐྱོབས་ལྟེ་བའི་ནང་ལས་ ཆུ་གི་སྨན་རྫས་ཚུ་ ལྷོད་ནི་ཨིནམ་ལས་ སྨན་རྫས་འདི་ཚུ་ ཤུལ་མའི་ ཚོད་བསྲེ་བཙུགས་ནི་གི་དུས་ཚོད་ཁར་ མི་སེར་ཚུ་ལུ་ བཀྲམ་སྤེལ་འབད་འོང་ཟེར་ཨིན་མས། སྐྱུང་ཁ་གཡུས་ཚན་འདི་ ཐིམ་ཕུག་དང་ ཕུན་ཚོགས་གླིང་གི་གཞུང་ལམ་ཁར་ ཆགས་ཏེ་ཡོདཔ་ཨིན་མས།
བཀྲ་ཤིས་གཡང་རྩེ་རྫོང་ཁག་ འཇམ་མཁར་རྒེད་འོག་ དགེ་ཅུང་གཡུས་ཚན་ནང་ལས་ སོ་ནམ་པ་༣ གྱིས་ ན་ཧིང་ སྤྱི་ཟླ་ ༡༡ པའི་ནང་ མོ་བཏབ་ཀྱི་ཐོག་ལུ་ ཨེ་མ་ཧོནམོ་གི་རིགས་མ་འདྲཝ་༤ བཙུགས་ནི་འགོ་བཙུགས་ནུག ཁོང་ཆ་ཁྱབ་ཀྱིས་ ཨེ་མའི་ལཱ་འདི་ཡང་ རྫོང་ཁག་འདི་ནང་ ཨེ་མ་ཧོནམོ་མ་ལང་པའི་དཀའ་ངལ་སེལ་ནི་གི་དོན་ལུ་ འབད་ནི་འགོ་བཙུགས་ཡོདཔ་ཨིན་རུང་ འཐོན་ཤུགས་འདི་ ཁོང་གི་རེ་བ་བསྐྱེད་དོ་བཟུམ་ཅིག་རང་ བསྡུ་མ་ཚུགས་པར་འདུག ད་རེས་ དགེ་ཅུང་གཡུས་ཚན་གྱི་བྱཱ་ཞིང་ཚུ་ནང་ ཨེ་མ་དང་ གཞན་མི་ཚོད་བསྲེ་ཚུ་བཙུགས་ཏེ་ཡོདཔ་ད་ བྱཱ་ཞིང་ཚུ་ཡང་ འདས་པའི་ལོ་༡༠ ལྷགཔ་ཅིག་གི་རིང་ ཟ་སྤྱོད་མ་འབད་བར་བཞག་པའི་ཤུལ་ལུ་ ད་རེས་འགོ་དང་པ་ གནམ་དགུན་གྱི་ཨེ་མ་བཙུགས་ནི་གི་ལཱ་ཚུ་ འབད་ནི་འགོ་བཙུགས་ནུག ཁོང་ཆ་ཁྱབ་ཀྱིས་ འཐོན་ཤུགས་ལེགས་ཤོམ་སྦེ་བསྡུ་ཚུགས་ནི་གི་དོན་ལུ་ ཨེ་མ་ཚུ་ཡང་ ཆུ་ཤོག་ཚུ་ལག་ལེན་འཐབ་སྟེ་ བཙུགས་ཡོདཔ་ཨིན་རུང་ འཐོན་ཤུགས་འདི་ ལེགས་ཤོམ་སྦེ་བསྡུ་མ་ཚུགསཔ་ཨིན་རུང་ ཨེ་མ་གི་ལཱ་ཚུ་འབད་ནི་ལས་ སེམས་དཔའ་མ་ཞུམ་པར་འདུག དགུན་གྱི་ཨེ་མའི་ལཱ་འབད་མི་ བསོད་ནམས་ཕུན་ཚོགས་ཀྱིས་སླབ་མི་ནང་ ཁོང་ཆ་ཁྱབ་ཀྱིས་ ཨེ་མ་གིས་མ་དོ་བར་ སྒོགཔ་ཚུ་ཡང་བཙུགས་མི་དང་བསྟུན་ སྒོགཔ་གི་འཐོན་ཤུགས་འདི་ ལེགས་ཤོམ་སྦེ་རང་ བསྡུ་ཚུགས་ཏེ་ཡོདཔ་སྦེ་བཤད་ཅི། ད་རུང་ ཁོ་གིས་སླབ་མི་ནང་ ད་རེས་ཀྱི་མོ་བཏབ་ལས་འགུལ་བརྟེན་ ཁོང་ཆ་ཁྱབ་ལུ་ ཉམས་མྱོང་ལེ་ཤ་ཐོབ་ཡོདཔ་ལས་ སང་ཕོད་ལས་ ཨེ་མ་ཚུ་ ཕྱི་སུ་ཅིག་སྦེ་བཙུགས་འོང་ཟེར་ཨིན་མས། འདི་བཟུམ་སྦེ་ ཁོང་ཆ་ཁྱབ་ཀྱིས་སླབ་མི་ནང་ འགོ་ཐོག་ལུ་ ཨེ་མ་ཚུ་ ལེགས་ཤོམ་སྦེ་སྐྱེས་ཡོད་རུང་ བར་ན་ལས་ སྐམ་ནི་འོག་བཙུགས་ཡོདཔ་སྦེ་ཨིན་མས། མི་སེར་སོ་ནམ་པ་ཚུ་ལུ་ ཨེ་མ་གི་ལཱ་ཚུ་འབད་ནི་ནང་ ཧེང་སྐལ་རང་ སེམས་ཤུགས་ཐོབ་བཅུག་ནི་གི་དོན་ལུ་ ཆུ་མཛོད་ཁང་དང་ར་ཝ་ དེ་ལས་ ཆུ་གཏོར་ནི་གི་མཐུན་རྐྱེན་དང་ཆུ་ཤོག་ཚུ་ཡང་ བཀྲམ་སྤེལ་འབད་ནུག འདི་འབདཝ་ལས་ ཁོང་སོ་ནམ་པ་ཚུ་གིས་ མཐུན་རྐྱེན་འདི་ཚུ་གི་དོན་ལས་ ཟད་འགྲོ་བརྒྱ་ཆ་༢༠ ལས་བརྒལ་ བཏང་མ་དགོ་པར་འདུག བཀྲ་ཤིས་གཡང་རྩེ་ འཇམ་མཁར་རྒེད་འོག་གི་ སོ་་ནམ་རྒྱ་སྐྱེད་ལྟ་རྟོག་པ་ བུ་དྷ་ཀུ་མར་རའི་གིས་སླབ་མི་ནང་ ད་རེས་ ཨེ་མ་ལེགས་ཤོམ་སྦེ་ སྐྱེ་མ་བཏུབ་མི་འདི་ཡང་ ཨེ་མའི་བཏབ་ནི་གི་དུས་ཚོད་མེནམ་ད་ལུ་ བཏབ་ཡོདཔ་ལས་ཨིནམ་ད་ དུས་ཚོད་འགྱུར་བཅོས་འགྱོ་བའི་སྐབས་ ལེགས་ཤོམ་སྦེ་ སྐྱེས་ནི་གི་ རེ་བ་ཡོདཔ་སྦེ་བཤད་ཅི། ད་རུང་ ཁོ་གིས་སླབ་མི་ནང་ ཨེ་མ་ཚུ་མེ་ཏོག་ཤར་ནི་འགོ་བཙུགས་ཏེ་ ཟླཝ་ཕྱེད་ད་༢ འགྱོ་ཡོདཔ་ད་ ཨེ་མ་ལ་ལུ་ཅིག་ ལེགས་ཤོམ་སྦེ་རང་ སྐྱེ་དོ་ཡོདཔ་ཨིན་རུང་ ལ་ལུ་ཅིག་ ལེགས་ཤོམ་སྦེ་སྐྱེ་མ་བཏུབ་པར་ འདུག་ཟེར་ཨིན་མས། འདི་འབདཝ་ལས་ དངུལ་ཀྲམ་འབུམ་༤ ལྷགཔ་ཅིག་གནས་པའི་ལས་འགུལ་འདི་ ཆུད་ཟད་མི་འགྱོ་ནི་བཟུམ་ཅིག་ཡོདཔ་ཨིན་མས།
དབང་འདུས་ཕོ་བྲང་རྫོང་ཁག་ ཀ་གཞི་རྒེད་འོག་གི་ ཀླུལ་གཡུས་ཚན་གྱིས་ ཕྲལ་ཁམས་ཅིག་ཁར་ སོ་ནམ་གྱི་ཐོན་སྐྱེད་མ་འདྲཝ་༡༠ ངོས་སྦྱོར་གྱི་དོན་ལུ་ འགོ་འབྱེད་འབད་ཡི། ངོས༌སྦྱོར་ཡོད་པའི་ཐོན་སྐྱེད་ཚུ་ཡང་ ཀེ་བ་དང་མེ་ཏོག་ཀོ་པི་ དེ་ལས་ དུང་ཅུང་སྒོགཔ་དང་ ཕྱེ་གི་རིགས་འདི་ཚུ་ཨིན་མས། གཡུས་ཚན་འདི་ སོ་ནམ་དང་ནགས་ཚལ་ལྷན་ཁག་གིས་ རང་བཞིན་སོ་ནམ་གྱི་དཔེ་སྟོན་གཡུས་ཚན་ཅིག་སྦེ་ངོས་ལེན་འབད་དེ་ ལོ་གཅིག་གི་རྒྱབ་ལས་རང་ ཐོན་སྐྱེད་ཚུ་བཏོན་ཚུགས་ཏེ་འདུག མི་ཚུ་གིས་སླབ་མི་ནང་ རང་བཞིན་སོ་ནམ་གྱི་ལཱ་འདི་ ད་རེས་འགོ་བཙུགསཔ་ཅིག་རང་འབདཝ་ལས་ ད་ལས་ཕར་ ཐོན་སྐྱེད་ལེ་ཤ་ཅིག་རང་ བཏོན་ནི་གི་རེ་བ་ཡོད་ཟེར་བཤད་ཅི། ཁོང་ཆ་ཁྱབ་ཀྱིས་ ད་རེས་ སོ་ནམ་གྱི་ལཱ་ཚུ་ ནང་འདྲེན་འབད་མི་ ཡུ་རི་ཡ་དང་སུ་ཕ་ལ་བཟུམ་གྱི་ལུད་ཚུ་མ་བླུགས་རུང་ ནོ་གི་ཨ་ཝ་དང་མལ་ལུད་ཚུ་བླུགས་ཏེ་ འབད་དོ་ཡོདཔ་ཨིན་མས། ད་རུང་ ཁོང་གིས་སླབ་མི་ནང་ མལ་ལུད་རྐྱངམ་ཅིག་བླུགས་མི་འདི་གིས་ཡང་ ཚོད་བསྲེ་དང་ལོ་ཐོག་གི་ཐོན་ཤུགས་འདི་ ལེགས་ཤོམ་སྦེ་རང་བཏོན་ཚུགས་དོ་ཡོདཔ་མ་ཚད་ ས་ཡང་ ལེགས་ཤོམ་སྦེ་རང་ བཞག་ཚུགས་པས་ཟེར་ཨིན་མས། སོ་ནམ་གྱི་ལས་རིམ་འདི་ལས་བརྟེན་ཏེ་སྦེ་ ཧེ་མ་གཡུས་ཁ་ལུ་མ་སྡོད་མི་ཚུ་ཡང་ ལོག་འོང་སྟེ་ཡོདཔ་ཨིན་མས། རང་བཞིན་སོ་ནམ་ཐོན་སྐྱེད་འགོ་འབྱེད་ཀྱི་ལས་རིམ་འདི་ནང་ལུ་ སྤ་རོ་ལུ་ཡོད་པའི་ རྩི་མ་ཁ་རང་བཞིན་སོ་ནམ་གྱིས་ཁ་ཐུག་ལས་ཡང་ ངོས་སྦྱོར་འབད་དེ་ཡོད་པའི་ཐོན་སྐྱེད་ཚུ་ གསལ་སྟོན་འབད་ཡི། ཁོང་ཆ་ཁྱབ་ཀྱིས་ ཉ་ཁག་ཅུ་དང་ཆུམ་ དེ་ལས་ ཚོད་བསྲེ་ཚུ་ ནང་འདྲེན་འཐབ་མི་ལུད་མ་བླུགས་པར་ མལ་ལུད་ཚུ་བླུགས་ཞིམ་ལས་ བཏོན་དོ་ཡོདཔ་ཨིན་མས། ཐོན་སྐྱེད་འདི་ཚུ་བཏོན་མི་དང་འབྲེལ་ ཀླུལ་གཡུས་ཚན་གྱི་ཁྱིམ་གུང་པ་ལྔ་གིས་ རང་བཞིན་སོ་ནམ་གྱི་ལཱ་འདི་ ལེགས་ཤོམ་སྦེ་རང་འགྱོ་བའི་རེ་བ་བསྐྱེད་དེ་འདུག གཞུང་གིས་འབད་རུང་ ཁོང་ཆ་ཁྱབ་ཀྱི་སོ་ནམ་གྱི་ལཱ་ལུ་ རྒྱབ་སྐྱོར་ཡོདཔ་སྦེ་རང་ ཁས་ལེན་འབད་དེ་ཡོདཔ་ཨིན་མས། གཞུང་གིས་ ད་རེས་ཀྱི་འཆར་ལོ་ནང་ལུ་ རང་བཞིན་གྱི་གཙོ་རིམ་ལས་རིམ་གྱི་དོན་ལས་ མ་དངུལ་ དངུལ་ཀྲམ་ཐེར་འབུམ་༡བགོ་བཀྲམ་འབད་དེ་འདུག
This article uses material from the Wikipedia ཇོང་ཁ article མེ་ཏོག, which is released under the Creative Commons Attribution-ShareAlike 3.0 license ("CC BY-SA 3.0"); additional terms may apply (view authors). Content is available under CC BY-SA 4.0 unless otherwise noted. Images, videos and audio are available under their respective licenses.
®Wikipedia is a registered trademark of the Wiki Foundation, Inc. Wiki ཇོང་ཁ (DUHOCTRUNGQUOC.VN) is an independent company and has no affiliation with Wiki Foundation.