སྐུ་ལྔ་རབ་རྫོགས་མ།

༄༅། །སྐུ་ལྔ་རབ་རྫོགས་མ་བཞུགས་སོ།།

༄༅། །རྒྱུད་པ་ཡོངས་རྫོགས་རིང་བརྒྱུད་ལ་གསོལ་བ་འདེབས་པ་ནི། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྙིང་གར་པདྨོའི་ཟེའུ་འབྲུ་ལ། །འབྲལ་བ་མེད་པར་རྟག་པར་བཞུགས་ནས་ཀྱང་། །སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ། །སྐུ་ལྔ་རབ་རྫོགས་བླ་མེད་རྡོ་རྗེ་འཆང་། །རྒྱལ་བའི་སྲས་མཆོག་གསང་བདག་རྡོ་རྗེ་འཛིན། །མཆོག་གི་བྱིན་རླབས་ཞུགས་པའི་ས་ར་ཧ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྣང་བ་དབང་དུ་འདུས་པའི་ལཱུ་ཡི་པ། །སྤྱོད་ལམ་ལམ་དུ་ལོངས་པའི་ཌི་གི་པ། །ས་བཅུ་དབང་ཕྱུག་བློ་གྲོས་རིན་ཆེན་ཞབས། །གསོལ་བ༴ །ལུང་བསྟན་ཕྱིར་མི་ལྡོག་པའི་ཀླུ་སྒྲུབ་ཞབས། །འོད་གསལ་མངོན་དུ་གྱུར་པའི་མ་ཏཾ་ཀི །ཐུགས་དགོངས་མཁའ་ལྟར་དག་པའི་སུ་མ་ཏི། །གསོལ་བ༴ །ཏིང་འཛིན་བརྟན་པ་ཐོབ་པའི་ཐང་ལོ་པ། །ཟག་བཅས་སྒྱུ་ལུས་འབྱོངས་པའི་ཤིང་ལོ་པ། །ཉི་ཟླ་འོད་ཟེར་འབར་བའི་ཀཎ་རི། །གསོལ་བ༴ །ཏིང་འཛིན་ལས་སུ་རུང་བའི་ཌོ་བྷི་བ། །བདག་གཞན་དོན་གཉིས་གྲུབ་པའི་བི་ན་ས། །འདོད་ཡོན་ལམ་དུ་ལོངས་པའི་ལ་ཝཔ། །གསོལ་བ༴ །སྤྲུལ་པའི་སྐྱེས་མཆོག་ཨིནྡྲ་བྷུ་ཏིའི་ཞབས། །རྣལ་འབྱོར་དབང་ཕྱུག་ཆེན་པོ་ཏིལླི་པ། །མཁས་པས་གྲུབ་མཆོག་བརྙེས་པའི་ནཱ་རོ་པ། །གསོལ་བ༴ །མི་གནས་མྱ་ངན་འདས་པའི་རི་ཁྲོད་ཞབས། །བར་དོར་ལུང་བསྟན་ཐོབ་པའི་མེ་ཏྲི་པ། །ཕོ་ཉའི་ལམ་མཆོག་མཐར་ཕྱིན་ཏི་བུའི་ཞབས། །གསོལ་བ༴ །དཀའ་སྤྱད་ཕུལ་དུ་ཕྱིན་པ་མར་པའི་ཞབས། །བདག་མེད་འཁོར་ལོའི་ཞལ་གཟིགས་རྔོག་སྟོན་ཞབས། །འོད་གསལ་རྒྱུན་ཆད་མེད་པའི་རས་ཆེན་ཞབས། །གསོལ་བ༴ །སྐུ་གསུང་མངོན་དུ་གྱུར་པའི་རས་ཆུང་ཞབས། །སྣང་བ་ཆོས་སྐུར་ཤར་བའི་རྒྱལ་བ་ལོ།། དངོས་འཛིན་འཁྲུལ་པ་ཞིག་པའི་དམ་པ་རྗེ། །གསོལ་བ༴ །ཐུགས་རྗེས་འགྲོ་དོན་མཛད་པའི་སྒམ་པོ་པ། །ཐུགས་དགོངས་མཁའ་ལྟར་དག་པའི་མཐའ་རྩ་པ། །ཐམས་ཅད་མཁྱེན་པ་རྩོད་མེད་གྲགས་ཆེན་ཞབས། །གསོལ་བ༴ །བདེ་གཤེགས་ཀུན་གྱི་དཔལ་ལྡན་རིན་པོ་ཆེ། །གྲུབ་ཐོབ་ཀུན་གྱི་རྩོད་མེད་དབུ་སེའི་ཞབས། །གདུལ་དཀའ་གདུལ་མཛད་འགྲོ་མགོན་སྐྱེ་མེད་ཞང་། །གསོལ་བ༴ །ཆོས་སྐུ་མཉམ་ཉིད་ཡངས་པའི་རྗེ་བཙུན་གླིང་། །བློ་འདས་ཆོས་སྐུའི་བདག་ཉིད་འབྲུག་པའི་ཞབས། །ཁྱབ་བདག་ལོངས་སྤྱོད་རྫོགས་སྐུ་སངས་རྒྱས་དབོན། །གསོལ་བ༴ །ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྒོད་ཚང་པ། །ས་གསུམ་འགྲོ་བའི་དཔལ་མགོན་དབུ་རི་པ། །དུས་གསུམ་མཁྱེན་པའི་མངའ་བདག་པ་རི་བ། །གསོལ་བ༴ །འགྲོ་ཀུན་བརྩེ་བས་རྗེས་འཛིན་གཞོན་ནུའི་ཞབས། །སྟོང་ཉིད་སྙིང་རྗེ་དབྱེར་མེད་ཉི་མའི་ཞབས།། ལྷུན་གྲུབ་གཉུག་མར་ཤར་བའི་རྡོར་གླིང་པ། །གསོལ་བ༴། སྤྱན་རས་གཟིགས་ཀྱི་ངོ་བོ་སྤོས་སྐྱ་པ། །ས་ར་ཧ་ཡི་སྤྲུལ་པ་བཅུ་གསུམ་པ། །མ་རིག་མུན་སེལ་འཇམ་དབྱངས་ཆོས་རྗེའི་ཞབས། །གསོལ་བ༴། །བསླབ་གསུམ་རྒྱན་མཛེས་མཁན་ཆེན་རྡོར་རིན་པ། །རྒྱལ་བའི་གསུང་གི་མཛོད་འཛིན་བློ་སེང་ཞབས། །དྲི་མེད་མཁྱེན་བརྩེའི་བདག་ཉིད་ཤེར་སེང་ཞབས། །གསོལ་བ༴། །མཐའ་ཡས་ནུས་པ་ཕུལ་ཕྱིན་ཡེ་ཤེས་མཚན། །ཟག་མེད་བདེ་ལ་རྣམ་རོལ་ནམ་མཁའི་མཚན། །མཆོག་གི་ལམ་བརྙེས་ཤེས་རབ་བཟང་པོའི་ཞབས། །གསོལ་བ༴ །མཁྱེན་བརྩེ་བདག་ཉིད་རྟོགས་ལྡན་རིན་པོ་ཆེ། །ཉམས་རྟོགས་ཕུལ་ཕྱིན་གྲུབ་ཆེན་བློ་གྲོས་མཆོག །གདམས་པའི་གཏེར་མཛོད་འཁྲུལ་ཞིག་རིན་པོ་ཆེ། །གསོལ་བ༴ །ཟབ་ཅིང་རྒྱ་ཆེའི་ཆོས་རྣམས་ཐེག་པའི་མཐའ། །ཡོངས་རྫོགས་གྲུབ་པའི་དབང་ཕྱུག་རིན་པོ་ཆེ། །སྙིགས་དུས་འགྲོ་བ་ཀུན་གྱི་སྐྱབས་གྱུར་པ། །རྒྱལ་དབང་ཆོས་རྗེའི་ཞབས་ལ་གསོལ་བ་འདེབས། །སྙན་བརྒྱུད་གདམས་པའི་གཏེར་མཛོད་ཤཱཀྱའི་མཚན། །བསྟན་པའི་མངའ་བདག་ངག་དབང་ཆོས་ཀྱི་རྒྱལ། །རྒྱལ་བ་ཀུན་དངོས་སྐྱེས་མཆོག་སྤྲུལ་པའི་སྐུ། །གསོལ་བ༴ །བདེ་ཆེན་དགའ་བཞིའི་གར་མཁན་ཀུན་སྤངས་རྗེ། །མཐུ་སྟོབས་དབང་ཕྱུག་ངག་དབང་གྲགས་པ་དང་།།རྒྱལ་བའི་རྒྱལ་ཚབ་ངག་གི་དབང་ཕྱུག་ལ། །གསོལ་བ༴ །སྐལ་བཟང་ཡིད་ཀྱི་ཤིང་རྟ་པདྨ་དཀར། །རྒྱལ་བའི་མྱུ་གུ་མི་ཕམ་ཆོས་རྒྱལ་དང་། །བཀའ་དྲིན་འཁོར་མེད་བསྟན་པའི་ཉི་མ་ལ། །གསོལ་བ༴ །སྙིགས་དུས་འགྲོ་བའི་སྐྱབས་མགོན་པད་དཀར་དབང་། །ཟབ་དོན་གཏེར་འཛིན་ལྷ་དབང་བློ་གྲོས་དང་།མཐུ་ཆེན་བདུད་འདུལ་ངག་དབང་རྣམ་རྒྱལ་ལ། །གསོལ་བ༴ །འཕགས་པ་དགྱེས་པའི་ཁྲིམས་ལྡན་པད་དཀར་འབྱུང་། །མི་སློབ་ཟུང་འཇུག་མངོན་གྱུར་བསོད་ནམས་འོད། །འཆིང་བ་ཀུན་གྲོལ་དམ་ཆོས་རྒྱལ་མཚན་ལ། །གསོལ་བ༴ །པདྨའི་རྒྱལ་ཚབ་བསྟན་འཛིན་རབ་རྒྱས་དང་། །སྤྲུལ་པའི་སྐྱེས་མཆོག་ཀུན་དགའ་རྒྱལ་མཚན་ཞབས། །བྱམས་བརྩེའི་བདག་ཉིད་ངག་དབང་རྒྱལ་མཚན་ལ། །གསོལ་བ༴། །བསླབ་གསུམ་རྣམ་དག་ངག་དབང་ཕྲིན་ལས་དང་།ཕན་བདེའི་རྩ་ལག་ཤཱཀྱ་རིན་ཆེན་ཞབས། །བསྟན་པའི་གསལ་བྱེད་ཡོངས་འཛིན་པཎྜི་ཏར། །གསོལ་བ༴། །རྒྱ་ཆེ་མཁྱེན་པའི་སྤྱན་ལྡན་ཀུན་དགའི་མཚན། །ལུང་རྟོགས་ཡོན་ཏན་ཕ་མཐའ་ཡས་པའི་སྡེ། །སྙིང་པོའི་དོན་གཟིགས་པྲ་ཛྙཱ་སེང་ཧ་ལ། །གསོལ་བ༴ །མཁྱེན་བརྩེའི་དབང་ཕྱུག་འཇམ་དབྱངས་རྒྱལ་མཚན་དང་། །ཉམས་རྟོགས་ཕུལ་ཕྱིན་འཇམ་དཔལ་གྲགས་པའི་ཞབས། །གྲུབ་པའི་གཙུག་རྒྱན་ཤེས་རབ་རྒྱལ་མཚན་ལ། །གསོལ་བ༴། །གདམས་པའི་གཏེར་མཛོད་ཡོན་ཏན་རྒྱལ་མཚན་དང་། །རིམ་གཉིས་མཐར་སོན་ཤཱཀྱ་རྒྱལ་མཚན་ཞབས། །ནཱ་རོའི་རྣམ་འཕྲུལ་འཇིགས་མེད་ཆོས་རྒྱལ་ལ། །གསོལ་བ༴ །མི་ཕམ་རྒྱལ་བའི་སྒྱུ་འཕྲུལ་ཕྲིན་ལས་རྒྱལ། །ཧེ་རུ་ཀ་དཔལ་ཤཱཀྱ་ཤྲཱིའི་ཞབས། །མཐུ་སྟོབས་དབང་ཕྱུག་དཔལ་ལྡན་སེང་གེ་ལ། །གསོལ་བ༴། །ཆོས་ཀྱི་སྤྱན་ལྡན་སྲིད་ཞི་རྣམ་པར་རྒྱལ། །རིགས་ཀུན་ཁྱབ་བདག་ཆོས་ཀྱི་དབང་ཕྱུག་ཞབས། །འགྲོ་བའི་དཔལ་མགོན་ངག་དབང་ཕྲིན་ལས་ལ། །གསོལ་བ༴། །རྡོ་རྗེ་འཆང་དངོས་བསྟན་འཛིན་རྒྱ་མཚོ་དང་། སྐྱབས་ཡུལ་ཀུན་འདུས་ཡེ་ཤེས་སེང་གེའི་ཞབས། །བཀའ་དྲིན་འཁོར་མེད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཚིག་ལ་མ་བརྟེན་སྒྲོ་འདོགས་ནང་ནས་ཆོད། །གནད་ལ་མ་བརྟེན་བྱིང་རྒོད་རང་སར་གྲོལ། །ཐབས་ལ་མ་བརྟེན་བདེ་ཆེན་རྒྱུན་ཆད་མེད། །ཉམས་མྱོང་མཐར་ཕྱིན་དཔལ་ལྡན་འབྲུག་པའི་ཞབས། །གུས་པའི་ལུས་ལས་སྙན་པའི་ངག་ཕྱུང་ནས། །དྭང་བའི་ཡིད་ཀྱིས་གུས་ཤིང་གསོལ་བ་འདེབས།།ཉམས་མྱོང་རྒྱུན་ཆད་མེད་པར་བརྟན་པ་དང་། །རྟོགས་པ་མཆོག་ཏུ་གྱུར་པ་བསྐྱེད་དུ་གསོལ། །ཟག་ལུས་འདི་དང་མ་འབྲལ་བར་དུ་ཡང་། །འཁོར་བའི་སྡུག་བསྔལ་ཚོགས་ཀྱིས་མི་འཆེ་ཞིང་། །མཐུན་རྐྱེན་མ་ལུས་ཕུན་སུམ་ཚོགས་པ་དང་། །འགྲོ་བའི་སྡུག་བསྔལ་སེལ་བའི་མཐུ་ལྡན་ཤོག། །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །རྩ་བ་གྲུབ་ཆེན་གླིང་དང་འཕྲོ་མཐུད་པད་དཀར་གཉིས་པ་དང་གསུམ་པས་སོ།།

Tags:

🔥 Trending searches on Wiki ཇོང་ཁ:

འབྲུག་གཉིས་པའི་རྟོགས་བརྗོད།ཀེ་ན་ཌ་དཔལ་འབྲུག་པའི་བསྟན་སྲུང་སྤྱིའི་གསོལ་ཁ་བསྡུས།སྔགས་དྲུག་ཕྱག་རྒྱ།༡༨༠༠སྒྲ་དབྱངས་བཀག་དམ་གྱི་ཕན་གནོད།སྟགཇ་པཱནཡེ་ཤུའི་ཆོས་ལུགསམེ་མར་མཉམ་མེད་དཔལ་འབྲུག་པ་རིན་པོ་ཆེ་ ཞབས་དྲུང་ངག་དབང་རྣམ་པར་རྒྱལ་བའི་རྣམ་ཐར་མདོར་བསྡུས།༢༠༠༣ཆུ་ཁ་རྫོང་ཁགའགན་འཁྲི། Accountabilityཅེཀ་རི་པབ་ལིཀ་ཀ་ཏར་༡༨༠༢མར་ཀུ་རིགཞལ་ལམ་སྒང་རྫོང་ཁགཀུ་ཝེཊ་༢༠༠༩ཀམ་བོ་ཌི་ཡ་བློན་པོ་ འཇིགས་མེད་འོད་ཟེར་ཕྲིན་ལས།ཨས་ཊི་ཡསྨོན་ལམ་གྲུབ་རྒྱལ་མ།ཇོ་བོ་དུར་ཤིང།གྷེ་བྷོན༡༨༠༡ནེཔ་ཊུནའབྲུག་དང་ཕྱི་རྒྱལ་གྱི་སྲིད་བྱུས།སྐུ་རྗེས་ ལྷ་ཁང་༢༠༠༡ཀྲོང་གསར་རྫོང་ཁག༢༠༢༠སུའིཊ་ཛར་ལེན་ཀམ་བོ་ཌི་ཡ།༢༠༡༨ཀེ་ནི་ཡ་ཁྱིམ་ཐོག་རྒྱ་ནགསྐྱིད་ཆུ་ལྷ་ཁང་བྱའི་རིགས་ཅིགངན་ལྷད།༢༠༡༩ལྷོ་མོན་མི་སྡེ་ཚོགས་པ།ཨིསི་ཊོ་ནི་ཡ་ཨིསི་ཊོ་ནི་ཡདཔལ་རྒ་ལོ་ཐིམ་ཕུག།ཕརཱནསི་ཇཱར་མ་ནིསྒང་སྟེང་གསང་སྔགས་ཆོས་གླིང་རྫོང་ཁགཨཱན་དོ་རཨོ་རྒྱན་དབང་ཕྱུགརྒྱ་གར།རྒྱལ་པོ་འཇིགས་མེད་ཁེ་གསར་རྣམ་རྒྱལ་དབང་པྱུག་🡆 More