དམ་ཅན་རྒྱ་མཚོའི་གསོལ་བསྡུས།

༄༅། །དམ་ཅན་རྒྱ་མཚོའི་གསོལ་བསྡུས་བཞུགས་སོ།


༈ རྣམ་སྲས་ཀྱི་གསོལ་བསྡུས་ནི། བེེ༑ ཆོས་ཀྱི་དབྱིངས་ལས་སྐུར་བཞེངས་པའི། །སེར་ཆེན་རྒྱལ་པོ་ཆེན་པོ་ཁྱོད། །གདོད་ནས་མངོན་པར་བྱང་ཆུབ་ཀྱང་། །སེམས་ཅན་སྨིན་རྫོགས་མཛད་པའི་ཕྱིར། །ས་བརྒྱད་སེམས་དཔའི་ཚུལ་བཟུང་ནས། །མི་ཟད་ནམ་མཁའི་མཛོད་ལ་དབང་། །ལྕང་ལོ་ཅན་གྱི་ཕོ་བྲང་དུ། །གསང་བདག་ཕྱག་ན་རྡོ་རྗེ་ཡིས། །ཆོས་ནོར་གཏེར་གྱི་བདག་པོར་བསྐོས། །དཀར་པོ་ལྷ་ཡི་ཚོགས་རྣམས་ཀྱིས། །བྱང་ཕྱོགས་རྒྱལ་པོའི་མངའ་གསོལ་ནས། །ངལ་བསོས་དགེ་བ་ཞེས་སུ་བསྟོད། །ཞལ་ནས་རིན་ཆེན་ཆར་འབེབས་ཏེ། །འཛམ་གླིང་དབུལ་བ་སེལ་བར་མཛད། །ཤཱཀྱ་སེངྒེའི་སྤྱན་སྔར་ཁྱོད། །བསྟན་པ་སྐྱོང་ཞིང་བསྟན་འཛིན་གྱི། །མཐུན་རྐྱེན་སྒྲུབ་པར་ཞལ་བཞེས་ན། །དེ་རིང་རྣལ་འབྱོར་བདག་ཅག་གི །དབུལ་ཕོངས་སྡུག་བསྔལ་སེལ་བའི་ཕྱིར། །དད་དང་གདུང་བས་སྤྱན་འདྲེན་གྱིས། །དེང་སང་སེམས་ཅན་སྐལ་དམན་ཡང་། །སྔོན་གྱི་ཐུགས་དམ་ཉེར་དགོངས་ནས། །རྗེས་སུ་བཟུང་བའི་དུས་བབ་ཀྱིས། །མྱུར་བ་ཉིད་དུ་གཤེགས་སུ་གསོལ། །འཁོར་དང་བཅས་པ་ཐམས་ཅད་ཀུན། །རང་རང་དགྱེས་པའི་གདན་ལ་བཞུགས། །རྒྱ་ཇ་འབྲུ་བཅུད་གསེར་སྐྱེམས་དང་། །ཚོགས་དང་གཏོར་མའི་མཆོད་པ་འབུལ། །བཞེས་ནས་རྣལ་འབྱོར་བདག་ཅག་ལ། །རིན་ཆེན་འབྲུ་དང་གོས་བཟང་དང་། །ཅང་ཤེས་རྟ་དང་འདོད་འཇོའི་བ། །ཟས་དང་ནོར་གྱི་གཡང་ཁུག་ཅིག །གནས་སྐབས་ཚེ་བསོད་མངའ་ཐང་དང་། །འཁོར་དང་ལོངས་སྤྱོད་ལ་སོགས་པ། །འཛད་མེད་འདོད་དགུའི་ཆར་ཆེན་གྱིས། །བསམ་པའི་ཡིད་མཚོ་གང་བར་མཛོད། །མཐར་ཐུག་རང་སེམས་སངས་རྒྱས་ཀྱི། །སྟོབས་སོགས་ཡོན་ཏན་རྩལ་རྫོགས་ཏེ། །རྣམ་མཁྱེན་ཡེ་ཤེས་མཆོག་གི་སྐུ། །ཚེ་འདིར་འགྲུབ་པའི་ཕྲིན་ལས་མཛོད། །ཅེས་པའང་དགེ་རིན་པས་མཛདཔའོ།།

༈ ཚེ་རིང་མའི་གསོལ་བསྡུས་ནི། བྷོཿརང་བཞིན་དབྱིངས་ལས་བཞེངས་པའི་སྐུ། །ལྷན་སྐྱེས་ཡེ་ཤེས་ཌཱ་ཀྐི་མ། །དག་ཞིང་རྣམས་སུ་སྤྱོད་པའི་ཚེ། །རིགས་ལྔའི་ཡུམ་ཆེན་ལྔར་ཡང་གྲགས། །གནས་ཡུལ་དུར་ཁྲོད་ཉུལ་ཙ་ན། །མཁའ་འགྲོ་ཡོངས་ཀྱི་ཚོགས་དཔོན་མཛད། །ལྷག་པར་འཇིག་རྟེན་ཚུལ་བཟུང་ཚེ། །བལ་བོད་གཉིས་ཀྱི་རུ་མཚམས་ན། །མཐོན་མཐིང་རི་ཡི་རྒྱལ་མོའི་མགུལ། །དར་དཀར་གུར་གྱི་ནང་ཤེད་ན། །བཀྲ་ཤིས་ཚེ་ཡི་དབང་ཕྱུག་མ། །ཞལ་བཟང་ཟླ་བ་རྒྱས་པ་འདྲ། །མཛེས་སྡུག་ཀུན་གྱི་ཕུལ་དུ་ཕྱིན། །འཇིག་རྟེན་སྨན་མོ་བཞི་ཡིས་བསྐོར། །ཕྱི་ལྟར་འཇིག་རྟེན་ཚུལ་སྟོན་ཀྱང་། །ནང་ལྟར་རྩ་ཁམས་དག་པའི་ལྷ། །གསང་བ་དབྱིངས་ཀྱི་ཡུམ་ཆེན་ལྔ། །སྲིད་བཞིའི་དཔལ་ཡོན་ལེགས་ཚོགས་ཀུན། །ཁྱེད་ཀྱི་ཕྱག་ཏུ་མངའ་བས་ན། །དེ་རིང་རྣལ་འབྱོར་བདག་ཅག་གི། །དབུལ་ཕོངས་སྡུག་བསྔལ་སེལ་བའི་ཕྱིར། །གདུང་བའི་དབྱངས་ཀྱིས་སྤྱན་འདྲེན་གྱིས། །བརྩེ་བའི་ཐུགས་ཀྱིས་ཉེར་དགོངས་ནས། །དགྱེས་པའི་འཛུམ་བཅས་གཤེགས་སུ་གསོལ། །རང་རང་རིགས་ཀྱི་གདན་ལ་བཞུགས། །སྨན་ཕུད་རྒྱ་ཇ་གསེར་སྐྱེམས་དང་། །ཚོགས་དང་གཏོར་མའི་མཆོད་པ་འབུལ། །བཞེས་ནས་དངོས་གྲུབ་བསྩལ་དུ་གསོལ། །རིག་འཛིན་རྣལ་འབྱོར་བདག་ཅག་ལ། །མ་ཡིས་བུ་ལ་བྱ་བ་ལྟར། །རྐྱེན་སེལ་མཐུན་སྒྲུབ་མི་གཡེལ་བར། །ཆོས་ནོར་དཔལ་གྱི་གཡང་ཁུག་མཛོད། །གནས་སྐབས་ཆོས་བརྒྱུད་འཁོར་འབངས་དང་། །རྨ་གཡང་ཟས་དང་བང་མཛོད་ནོར། །རྐང་བཞི་ཕྱུགས་སོགས་དངོས་གྲུབ་ཀྱིས། །ཡིད་ཀྱི་ཤིང་རྟ་འགེངས་པར་མཛོད། །མཐར་ཐུག་རང་སེམས་སངས་རྒྱས་ཀྱི། །ཡོན་ཏན་མ་ལུས་མངོན་གྱུར་ཏེ། །ཟུང་འཇུག་ཡེ་ཤེས་མཆོག་གི་སྐུ། །ཚེ་འདིར་འགྲུབ་པའི་སྟོངས་གྲོགས་མཛོད། །ཅེས་པའང་དགེ་རིན་པས་སྦྱར་བའོ།།

༈ གཡུ་སྒྲོན་མའི་གསོལ་ཁ་ནི། ཀྱེེ༑ ཡ་གི་དགུང་སྔོན་དཀྱིལ་ཤེད་ན། །དག་པ་འཕྲུལ་གྱི་གཞལ་ཡས་ན། །སྤྲིན་དཀར་བརྩེགས་པའི་ལྡིང་ཁང་ན། །དར་དཀར་གུར་གྱི་ནང་ཤེད་ན། །ཚེ་རབས་སྔོན་ནས་སྒྲུབ་པའི་ལྷ། །སྨན་བཙུན་ཆེན་མོ་གཡུ་སྒྲོན་མ། །འཁོར་དུ་སྨན་བཙུན་འབུམ་སྡེས་བསྐོར། །ཞལ་རས་བཅོ་ལྔའི་ཟླ་བ་འདྲ། །དབུ་སྐྲ་ནག་པོ་སིལ་བུར་ཁྲོལ། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །དར་དཀར་ན་བཟའ་ལྷུབས་སེ་ལྷུབ། །དགུང་སྔོན་དབྱིངས་ནས་བྱོན་རྩ་ན། །སིལ་སིལ་ཁྲོལ་ཁྲོལ་སྒྲ་དང་བཅས། །སྒྱུ་སྐར་ཕྲེང་བ་ཆད་པ་འདྲ། །དམ་ཚིག་ལྡན་པའི་གནས་མཆོག་འདིར། །དར་དཀར་གཡབ་མོ་ལིངས་སེ་ལིང་། །མེ་ཏོག་དྲི་ངན་ཅི་ལི་ལི། །སྤོས་དཀར་དུད་པ་ཐུ་ལུ་ལུ། །སྣང་གསལ་མར་མེ་ལྷབས་སེ་ལྷུབ། །གདུང་སེལ་དྲི་ཆབ་ཁྱིལ་ལི་ལི། །ཞལ་ཟས་སྣ་ཚོགས་སྤུངས་སེ་སྤུང་། །སྒྲ་སྙན་རོལ་མོ་འུ་རུ་རུ། །གསེར་སྐྱེམས་གཡུ་སྐྱེམས་མཚོ་ལྟར་འཁྱིལ། །གཏོར་རྫས་བཟའ་བཏུང་རི་ལྟར་སྤུངས། །སྨན་སྣ་མང་པོ་སྤྲིན་ལྟར་ཐིབས། འོ་ཕུད་ཆར་རྒྱུན་སི་ལི་ལི། །དམ་ཚིག་ལྡན་པའི་རྣལ་འབྱོར་པས། །དད་པའི་གདུང་དབྱངས་སྐྱུ་རུ་རུ། །དེ་རིང་གུས་པས་སྤྱན་འདྲེན་ནོ། །མྱུར་བ་ཉིད་དུ་གཤེགས་སུ་གསོལ། པདྨ་ཟླ་བའི་གདན་ལ་བཞུགས། །མཆོད་དང་གཏོར་མ་འདི་བཞེས་ལ། །དམ་ཆོས་སྒྲུབ་པའི་རྣལ་འབྱོར་པ། །བདག་ཅག་འཁོར་དང་བཅས་པ་ཡི། །མི་མཐུན་རྐྱེན་རྣམས་མ་ལུས་སོལ། །མཐུན་རྐྱེན་ཚེ་དང་བསོད་ནམས་སྤེལ། །ཕྲིན་ལས་བཞི་ལ་མངའ་བརྙེས་ཤིང་། །སྐུ་བཞི་ཡེ་ཤེས་ལྔ་ལྡན་པའི། །རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི། །གོ་འཕང་འགྲུབ་པའི་སྟོང་གྲོགས་མཛོད། །རྗེ་ཤཱཀྱ་རིན་ཆེན་གྱིས་མཛད་པའོ།།

༈ རྒྱལ་ཆེན་སྐུ་ལྔའི་གསོལ་བསྡུས་ནི། ཧཱུྃ༔ སྤྲོས་བྲལ་ཆོས་ཀྱི་སྐུ་ལས་ལོངས་སྐུའི་གདངས། །རིགས་ལྔ་གངས་ཆེན་མཚོ་ཡི་སྒྱུ་འཕྲུལ་གར། །ལེགས་བསྒྱུར་བཅོམ་ལྡན་པདྨ་དབང་ཆེན་གྱི། །ཡང་སྤྲུལ་དྲེགས་པའི་གཙོ་བོ་བེ་ཧ་ར། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྒྱལ་པོ་ལྔ། །ཡབ་ཡུམ་སྲས་དང་མངའ་གཞུག་བྲན་གཡོག་བཅས། །དེང་འདིར་དམ་ལྡན་སྒྲུབ་པའི་རྣལ་འབྱོར་ངས། །དད་པས་འབོད་དོ་མཆོད་པའི་གནས་འདིར་གཤེགས། །དངོས་བཤམས་ཡིད་སྤྲུལ་མཆོད་རྫས་ནམ་མཁའི་མཛོད། །འཛད་མེད་གཏེར་དུ་སྔགས་རྒྱ་ཏིང་འཛིན་གྱིས། །བྱིན་གྱིས་བརླབས་པའི་མཆོད་གཏོར་འདི་བཞེས་ལ། །བདག་དང་བསྲུང་བྱ་མི་མཐུན་ཕྱོགས་ཀུན་ཞི། །ཚེ་བསོད་དཔལ་འབྱོར་སྟོབས་རྒྱས་གང་འདོད་ཡུལ། །དབང་སྡུད་དགྲ་བགེགས་བརླག་སོགས་རབ་འབྱམས་ལས། །ཡོངས་གྲུབ་བསྟན་འགྲོར་ཕན་བདེ་རྒྱ་ཆེན་པོ། །སྤྱོད་ནུས་མཐུ་དང་ནུས་པ་ཕུན་ཚོགས་མཛོད། །ཅེས་པའང་དགེ་རིན་པས་སོ།།

༑ དགེ་བསྙེན་གྱི་གསོལ་ཁ་བསྡུས་པ་ནི། ཀྱེེ༑ མི་མངོན་དབྱིངས་ ལས་བདུད་སྡེར་ཁྲོས་པའི་སྐུ། །རྟ་མཆོག་ཐུགས་སྤྲུལ་ཆེན་པོ་གཤན་པ་ དམར། །ཡང་འཁོར་གཤན་དམར་འབུམ་སྡེའི་ཚོགས་དང་བཅས། །ཐིམ་ཡུལ་བདེ་ཕུའི་གནས་ནས་གཤེགས་སུ་གསོལ། །མཉེས་པའི་མཆོད་རྫས་ནམ་མཁའི་ཕ་མཐར་བརྡལ། །མཐུན་རྫས་བཤོས་བུ་ལྷུན་པོའི་ལྟོས་དང་མཉམ། དམ་རྫས་བདུད་རྩི་ཕྱོགས་ཀྱི་མཚོ་ལྟར་འཁྱིལ། །མ་ལུས་སྟོང་ཁམས་བློ་ཡིས་བླངས་ཏེ་འབུལ། །བཞེས་ནས་དཔལ་ལྡན་འབྲུག་པའི་བསྟན་པ་དང་། །དེ་འཛིན་སྐྱེས་བུའི་སྐུ་ཚེ་འཕྲིན་ལས་སྤེལ། །གནས་སྐབས་བདག་ཅག་འཁོར་དང་བཅས་རྣམས་ཀྱིས། །གང་བཅོལ་འཕྲིན་ལས་ཐོགས་མེད་སྒྲུབ་པ་དང་། །མཐར་ཐུག་བྱང་ཆུབ་ལམ་ལ་ཕྱི་ནང་གི། བདུད་སྡེ་བཅོམ་པའི་གྲོགས་དང་དཔུང་མཛོད་ཅིག །དགེ་རིན་པས་སོ།།

༑ སྒོ་མོའི་གསོལ་བསྡུས་ནི། ཧཱུྃ༑ ཞི་བའི་དབྱིངས་ལས་འགག་མེད་ཁྲོ་ བོའི་སྐུ། །གསང་བདག་ཐུགས་སྤྲུལ་དམ་ཅན་སྒོ་བདུད་པ། །འཁོར་བཅས་འཇིགས་ཤིང་རྔམ་པའི་ལུང་པ་ནས། །སྒྲུབ་ཅིང་མཆོད་པའི་གནས་འདིར་གཤེགས་སུ་གསོལ། །མཉེས་པའི་མཆོད་རྫས་བསྟན་དགྲ་བསྒྲལ་བ་ཡི། །ཁྲག་རྒྱུན་མཚོ་ལྟར་འཁྱིལ་བའི་སྨན་རཀ་དང་། །ཤ་རུས་ལྷུན་ལྟར་བརྗིད་པའི་བ་ལིཏྟ། །མཐུན་རྫས་མ་ཚང་མེད་པར་དམིགསཏེ་འབུལ། །བཞེས་ནས་བསྟན་དང་གདན་ས་སྐྱོང་བ་ཡི། །དཔལ་ལྡན་བླ་མའི་སྐུ་ཚེ་ཕྲིན་ལས་སྤེལ། །གནས་སྐབས་བདག་ཅག་འཁོར་དང་བཅས་རྣམས་ཀྱི། །འགལ་རྐྱེན་སོལ་ལ་མཐུན་རྐྱེན་ཡིད་བཞིན་སྒྲུབས། །མཐར་ཐུག་ཡང་དག་ལས་ལ་བར་གཅོད་པའི། །ཡིད་སྲུབས་དཔུང་ལས་རྒྱལ་བའི་གྲོགས་མཛོད་ཅིག ཅེས་པ་དགེ་རིན་པས་སོ།

༑ རྡོ་རྗེ་དྲག་བཙན་གྱི་གསོལ་བསྡུས་ནི། ཧཱུྃ༑ གཞོམ་མེད་དབྱིངས་ལས་འགགས་མེད་ཐུགས་རྗེའི་རྩལ། །པདྨའི་ཕོ་ཉ་དྲག་པོའི་སྐུར་སྟོན་པ། །བཙན་རྒོད་ཆེན་པོ་རྡོ་རྗེ་དྲག་པོ་རྩལ། །འཁོར་བཅས་མཆོད་པའི་གནས་འདིར་མྱུར་དུ་གཤེགས། །དེང་འདིར་སྔགས་རྒྱ་ཏིང་འཛིན་བྱིན་བརླབས་པའི། །མཆོད་གཏོར་ནམ་མཁའི་མཛོད་ལས་བླངས་ཏེ་འབུལ། །དགྱེས་ཤིང་ཚིམ་པར་བཞེས་ནས་གདན་ས་འདིར། །བཤད་དང་སྒྲུབ་པ་ཚུལ་བཞིན་བྱེད་པའི་སྡེར། །གནས་སྐབས་ལས་དང་བྱ་བ་གང་ལ་ཡང་། །ཉིན་མཚན་གཡེལ་བ་མེད་པའི་སྲུང་སྐྱོབས་དང་། །མཐར་ཐུག་གཞན་ཕན་བྱང་ཆུབ་སྒྲུབ་པ་ལ། །གྲོགས་དང་དཔུང་གཉེན་དམ་པ་མཛད་དུ་གསོལ། །ཅེས་པའང་དགེ་རིན་པས་སོ།།

༈ ར་བྲག་པའི་གསོལ་བསྡུས་ནི། ཀྱི༑ སྲིད་གསུམ་དྲེགས་པ་ཀུན་གྱི་སྡེ་དཔོན་ཆེ། །མི་ཟད་དྲག་ཤུལ་ཆེན་པོའི་སྟོབས་འཆང་། དགྲ་ལྷའི་རྒྱལ་པོ་ལྷ་ཆེན་ར་བྲག་པ། །འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ། །དེང་འདིར་མཆོད་གཏོར་ཕུན་ཚོགས་འདོད་དགུའི་དཔལ། །མ་ཚང་མེད་པ་སྔགས་རྒྱ་ཏིང་འཛིན་གྱིས། །ལེགས་པར་སྤྲུལ་ནས་མཁའ་ཁྱབ་སྤེལ་བ་འདིས། །ཁྱོད་ཀྱི་ཐུགས་དམ་གཉེན་པོ་སྐོང་མདོ་ལ། །འཇིག་རྟེན་ཀུན་ཏུ་བདེ་ལེགས་འབྱུང་བ་དང། །སངས་རྒྱས་བསྟན་པ་ཕྱོགས་བཅུར་རྒྱས་པ་དང་། །བདག་ཅག་མི་མཐུན་འགལ་རྐྱེན་ཞི་བ་དང་། །མཐུན་རྐྱེན་བསམ་དོན་ཡིད་བཞིན་འགྲུབ་པར་མཛོད། །ཅེས་པའང་དགེ་རིན་པས་སོ།།

༈ ཁྱུང་བདུད་ཀྱི་གསོལ་བསྡུས་ནི། ཧཱུྃ༑ རྒྱལ་ཀུན་ཐུགས་ཀྱི་ཟླ་ཤེལ་དྭང་བའི་ངོས། །དར་ཚོན་སྣ་ཚོགས་རྐྱེན་གྱིས་བསྒྱུར་བ་བཞིན། །གང་འདུལ་སྣང་ངོར་ཅིར་ཡང་འཆར་བའི་སྐུ། །རྡོ་རྗེ་ཁྱུང་བདུད་འཁོར་བཅས་གནས་འདིར་གཤེགས། །འདི་ནང་སྔགས་རྒྱ་ཏིང་འཛིན་རྣམ་འཕྲུལ་ལས། །ཅིར་ཡང་མཆོད་པའི་རྫས་སུ་བྱིན་བརླབས་ཏེ། །སྐྱེམས་ཕུད་རྒྱ་མཚོའི་ཀློང་དུ་བ་ལིང་གི །ལྷུན་པོ་དཀར་དམར་རྒྱན་གྱིས་བཀྲ་བ་འདི། །འབུལ་ལོ་འཛད་མེད་དགྱེས་པར་རོལ་ནས་ཀྱང་། །གནས་སྐབས་བདག་ཅག་ཡོན་མཆོད་འཁོར་བཅས་ལ། །འགལ་རྐྱེན་ཉེར་འཚེ་མཐའ་དག་བསྲུང་བ་དང་། །མཐུན་རྐྱེན་ཡར་ངོའི་ཟླ་བཞིན་རྒྱས་པར་མཛོད། །མཐར་ཐུག་བདག་ཅག་བྱང་ཆུབ་སྒྲུབ་པ་ལ། །ཕྱི་ནང་གསང་བའི་བར་ཆད་ཀུན་སེལ་ནས། །ཉམས་དང་རྟོགས་པའི་ཡོན་ཏན་མ་ལུས་པ། །དབྱར་ཀའི་མཚོ་ལྟར་རྒྱས་པའི་འཕྲིན་ལས་མཛོད། །ཅེས་པའང་དགེ་རིན་པས་སོ།

༈ བག་ཡོད་པའི་གསོལ་ཁ་བསྡུས་པ་ནི། ཀྱེེ༑ འབྲུག་སྒོམ་རྗེ་སོགས་གོང་མ་ན་རིམ་གྱི། །སྒྲུབ་གནས་ཁྱད་དུ་འཕགས་པ་གྲུབ་པའི་ཞིང་། །རྟ་མགྲིན་རང་བྱོན་གནས་ཀྱི་བདག་པོ་ཆེ། །བག་ཡོད་བཙན་རྒོད་འཁོར་བཅས་གཤེགས་སུ་གསོལ། །འདི་ནང་སྔགས་རྒྱ་ཏིང་འཛིན་སྤྲིན་ཕུང་ལས། །ཕྱི་ནང་གསང་མཆོད་དབྱར་གྱི་དཔལ་བཞིན་དུ། །འཛད་མེད་ཆར་དུ་བསྙིལ་བའི་མཆོད་གཏོར་རྫས། །བཞེས་ནས་བཤད་སྒྲུབ་བསྟན་པ་རྒྱ་མཚོར་སྤེལ། །དེ་འཛིན་དཔོན་སློབ་སྡེ་དང་བཅས་པ་རྣམས། །ཐུགས་མཐུན་ཁྲིམས་གཙང་བསླབ་གསུམ་ཡོན་གྱིས་ཕྱུག །སྐུ་ཚེ་ཡུན་བརྟན་འཕྲིན་ལས་ཕྱོགས་ཀྱི་མཐར། །རྟག་ཁྱབ་ལྷུན་གྱིས་འགྲུབ་པའི་འཕྲིན་ལས་མཛོད། །ཅེས་པའང་དགེ་རིན་པས་སོ།།

༈ དགོན་བྲག་པའི་གསོལ་བསྡུས་ནི། ཧཱུྃ༑ སྣང་སྲིད་རོལ་པ་དག་པའི་ངང་ཉིད་ལས། །འཇིག་རྟེན་དྲེགས་པའི་རྗེ་བོར་སྐུར་སྟོན་པ། །དགོན་བྲག་བཙན་རྒོད་འཁོར་དང་བཅས་པ་རྣམས། །མ་ཐོགས་མཆོད་པའི་གནས་འདིར་མྱུར་དུ་གཤེགས། །དེང་འདིར་སྔགས་རྒྱ་ཏིང་འཛིན་གྱིས་སྤྲུལ་པའི། །སྨན་རག་གཏོར་མའི་མཆོད་པ་འདི་བཞེས་ལ། །གདུང་འཛིན་སྤྲུལ་སྐུ་དབང་པོའི་སྤྱན་སྔར་རུ། །ཇི་ལྟར་ཁས་བླངས་ཞལ་འཆེ་དམ་བཅས་བཞིན། །གདན་ས་ཆོས་སྡེ་ཆེན་པོ་འདི་ཉིད་ཀྱི། །བཤད་སྒྲུབ་བསྟན་པ་དར་ཞིང་རྒྱས་པ་དང་། །དེ་འཛིན་སྐྱེ་བུའི་འཕྲིན་ལས་གོང་དུ་སྤེལ། །ཆོས་སྲིད་མངའ་ཐང་རྒྱས་པའི་གྲོགས་མཛོད་ཅིག །ཅེས་པའང་དགེ་རིན་པས་སོ།།

༈ སྟང་ཚང་གནས་པོའི་གསོལ་བསྡུས་ནི། ཧཱུྃ༑ རྒྱལ་དབང་པདྨའི་ཕྲིན་ལས་ཕུར་པ་ཡི། །སྒྲུབ་གནས་མཆོག་ཏུ་བསྔགས་པ་སྟག་ཚང་གི། །གནས་དང་གཏེར་གྱི་བདག་པོ་འཁོར་བཅས་རྣམས། །འབོད་པའི་དབྱངས་ལ་གསན་ཏེ་གནས་འདིར་གཤེགས། །བཟང་དགུའི་མཆོད་གཏོར་བདག་གིས་འབུལ་ལགས་ཀྱིས། །དགྱེས་དགུས་བཞེས་ལ་གང་བཅོལ་ཁྱོད་ཀྱིས་སྒྲུབས། །རིག་འཛིན་བླ་མའི་སྤྱན་སྔར་ཁས་འཆེ་བའི། །ཐ་ཚིག་དྲན་ཏེ་བསྟན་དང་དེ་འཛིན་སྐྱོངས། །ཁྱད་པར་དབེན་པར་ངོམ་པའི་རྣལ་འབྱོར་ལ། །གནས་སྐབས་འཚོ་སྐྱོང་ཡོན་གྱི་བདག་པོ་དང་། །མཐར་ཐུག་འཕོ་ཆེན་འཇའ་ལུས་མཁའ་སྤྱོད་ཀྱི། །ཐེམ་སྐས་འཛུགས་ལ་སྡོང་གྲོགས་མཛད་དུ་གསོལ། །ཞེས་པའང་དགེ་རིན་པས་སོ།

༄༅། །བྲག་དཀར་བཙན་གྱི་གསོལ་བསྡུས་ནི། ཀྱེེ༑ བདག་གི་རིགས་རུས་ལྷུན་པོའི་ཕྲག་པ་ནས། །འོང་བའི་ལྷ་བཙན་ཟླ་བ་ཉ་བའི་སྐུ། །བྲག་རི་སྤྲིན་དཀར་འཁྱིལ་བའི་གནས་མཆོག་ནས། །ཞི་འཛུམ་འོད་དཀར་ལྡན་པའི་གནས་འདིར་གཤེགས། །དམ་རྫས་བདུད་རྩིའི་མཆོད་གཏོར་འདི་བཞེས་ལ། །དམ་ཉམས་དགྲ་ལ་སྡང་བས་སྤ་ཀོངས་ཤིག །དམ་ཚིག་ཅན་ལ་བརྩེ་བའི་བུ་བཞིན་སྐྱོངས། །དམ་ཆོས་སྤེལ་བའི་གྲོགས་དང་དཔུང་གཉེན་མཛོད། །དེ་ལྟར་མཆོད་ཅིང་གཉེར་དུ་གཏད་པའི་མཐུས། །གནས་འདིའི་ཆོས་བརྒྱུད་མཁས་དག་གྲུབ་པ་ཡི། །བསྟན་འཛིན་རྒྱུན་མི་ཆད་པར་སྲིད་མཐའི་བར། །ཚེས་པའི་ཟླ་ལྟར་འཕེལ་བའི་ཕྲིན་ལས་མཛོད། །ཅེས་པའང་དགེ་རིན་པས་སོ།།

༈ ཧཱུྃ་མགོན་གྱི་གསོལ་བསྡུས་ནི། ཧཱུྃ༑ རང་བཞིན་ཤེས་པའི་ཧཱུཾ་གི་ང་རོ་ཡིས། །གཟུང་འཛིན་རྟོག་པའི་བྲག་རི་རལ་བའི་ཚེ། ཆོས་ཟད་ཀློང་དུ་ལྷ་འདྲེ་མི་དམིགས་ཀྱང་། །མ་རྟོགས་འགྲོ་ངོར་ཆུ་ཟླའི་རོལ་གར་གྱིས། །རྩལ་སྣང་ཅི་ཡང་འཆར་བའི་མཐུ་སྟོབས་ཅན། །ཀླུད་བདུད་མགོན་པོ་འཁོར་བཅས་གནས་འདིར་གཤེགས། །སྔགས་དང་ཏིང་འཛིན་ཕྱག་རྒྱས་བྱིན་བརླབས་པའི། །མཆོད་གཏོར་ཡོ་བྱད་རྒྱ་མཚོ་འབུལ་གྱིས་བཞེས། །གྲུབ་པའི་བསྟི་གནས་གདན་ས་རིན་སྤུངས་ཀྱི། །བསྟན་དང་དེ་འཛིན་སྡེ་དང་བཅས་པ་ལ། །ཉིན་མཚན་གཡེལ་བ་མེད་པའི་བསྲུངས་སྐྱོབས་ཀྱི། །བྱང་ཆུབ་སྒྲུབ་པའི་ལམ་གྱི་སྡོང་གྲོགས་མཛོད། །ཅེས་པའང་དགེ་རིན་པས་སོ།།

༈ སྤུས་མོ་བཙན་དང་རྡོ་རྗེ་བྲག་བཙན་གྱི་གསོལ་བསྡུས་ནི། ཧཱུྃ༑ གྲུབ་པའི་གནས་འདིར་གཉུག་མར་གནས་པ་ཡི། །བཙན་རྒྱལ་ཆེན་པོ་རྡོ་རྗེ་བྲག་བཙན་དང་། །སྤུས་མོ་བཙན་རྒོད་ཡབ་ཡུམ་འཁོར་དང་བཅས། །ཐོགས་མེད་རྫུ་འཕྲུལ་སྟོབས་ཀྱིས་འདིར་གཤེགས་ཤིག །དེང་འདིར་རང་རང་ལས་དང་མཐུན་པ་ཡི། །མཆོད་གཏོར་ནམ་མཁའི་མཛོད་དུ་སྤེལ་ཏེ་འབུལ། །བཞེས་ནས་གནས་གཞིའི་བདག་པོ་ཁྱེད་རྣམས་ཀྱིས། །གློ་བུར་མགྲོན་དུ་ལྷགས་པ་བདག་ཅག་ལ། །གནས་མགྲོན་དམ་ཚིག་བརྩེ་གདུངས་མི་གཡེལ་བར། །གཞི་བྱས་དུས་དང་གནས་སྐབས་ཐམས་ཅད་དུ། །ཆོས་དང་སྲིད་ཀྱི་ལེགས་ཚོགས་ལྷུན་གྲུབ་ཏེ། །བཤད་སྒྲུབ་བསྟན་པ་རྒྱས་པའི་གྲོགས་མཛོད་ཅིག། །ཅེས་པའང་དགེ་རིན་པས་སོ།

༑ ཨཱ་དྷར་པཏིའི་གསོལ་བསྡུས་ནི། ཀྱེེ༑ གྲུབ་པའི་བསྟི་གནས་གདན་ས་ལྕགས་རི་ཡི། །གཙུག་ལག་ཆོས་འཁོར་སྐྱོང་བའི་སྲུང་མ་ཆེ། །གནས་གཞིའི་བདག་པོ་ཨ་ཡིག་མཚན་འཆང་བ། །འཁོར་བཅས་དགྱེས་པའི་འཛུམ་གྱིས་གནས་འདིར་གཤེགས། །འདི་ན་སྔགས་རྒྱ་ཏིང་འཛིན་གྱིས་སྤྲུལ་པའི། །གང་བཞེད་མཆོད་སྤྲིན་ནམ་མཁའི་མཛོད་དུ་འབུལ། །བཞེས་ནས་བདག་ཅག་དམ་པའི་ཆོས་སྒྲུབ་པའི། །འགལ་རྐྱེན་སེལ་ལ་མཐུན་རྐྱེན་ལེགས་ཚོགས་སྤེལ། །གནས་འདིར་བཤད་སྒྲུབ་བསྟན་པ་རྒྱས་པ་དང་། །དེ་འཛིན་དཔོན་སློབ་སྡེ་དང་བཅས་རྣམས། །ཐུགས་མཐུན་ཁྲིམས་གཙང་བསླབ་གསུམ་ཡོན་གྱིས་ཕྱུག །ཆོས་འབྱོར་ཕུན་སུམ་ཚོགས་པའི་འཕྲིན་ལས་མཛོད། །ཞེས་པའང་དགེ་རིན་པས་སོ།།

༄༅། །གདོང་དཀར་བཙན་གྱི་གསོལ་མཆོད་བསྡུས་པ་ནི། ཧཱུྃ༑ སྐྱེ་མེད་ཆོས་ཀྱི་དབྱིངས་ཉིད་ལས། །འགག་མེད་སྒྱུ་འཕྲུལ་ཤར་བའི་དཔྱིད། །སྒྲུབ་པའི་གནས་མཆོག་གདོང་དཀར་ལ། །སྐྱོང་བའི་བསྟན་སྲུང་མཐུ་རྩལ་ཅན། །རྒྱལ་བའི་བློ་གྲོས་འཁོར་དང་བཅས། །དད་པས་སྤྱན་འདྲེན་གནས་འདིར་གཤེགས། །ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ། །སྨན་རཀ་གཏོར་མ་འདོད་ཡོན་ཚོགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་བྱས་ནས། །མི་ཟད་ནམ་མཁའི་མཛོད་དུ་འབུལ། །རྒྱལ་དབང་པདྨའི་བཀའ་བཞིན་དུ། །སྒྲུབ་མཆོག་རྣལ་འབྱོར་བུ་བཞིན་སྐྱོངས། །བསྟན་ལ་འཚེ་བའི་དགྲ་དང་བགེགས། །མ་ལུས་སྒྲོལ་བའི་འཕྲིན་ལས་མཛོད། །བདག་ཅག་རྒྱུ་སྦྱོར་འཁོར་བཅས་ཀྱི། །རྐྱེན་ངན་བར་ཆད་ཞི་བ་དང་། །བསམ་པ་སྒྲུབས་ལ་རེ་བ་སྐོང་། །བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །ཞེས་པའང་དགེ་ཀུན་རིན་ཆེན་གྱི་ངོར་མཁན་འཇིགས་གྲགས་པས་སོ།།

༑ གཞི་བདག་གི་གསོལ་བསྡུས་ནི། ཧཱུྃ༑ ས་ཡི་ཕྱོགས་འདིར་གཉུག་མར་གནས་པ་ཡི། །དཀར་ཕྱོགས་སྐྱོང་བ་ལྷ་ཀླུ་མཐུ་བོ་ཆེ། །བཙན་དང་བདུད་རིགས་འགོང་པོ་ཐེའུ་རང་སོགས། །ཐམས་ཅད་མིང་ནས་འབོད་དོ་དེང་འདིར་གཤེགས། །འདི་ནང་སྔགས་རྒྱ་ཏིང་འཛིན་བྱིན་བརླབས་པས། གསེར་སྐྱེམས་བ་ལིང་མཆོད་པ་འདི་བཞེས་ལ། །གནོད་འཚེ་རུ་ང་གདུག་རྩུབ་ཀུན་ཞི་ནས། །གཞན་ཕན་བྱང་སེམས་ལྡན་པའི་ལས་མཛོད་ལ། །ཁྱད་པར་གནས་གཞིའི་བདག་པོ་ཁྱེད་རྣམས་ཀྱིས། །གློ་བུར་མགྲོན་དུ་ལྷགས་པར་བདག་ཅག་ལ། །ཇི་སྲིད་གནས་འདི་མ་བཏང་དེ་སྲིད་དུ། །ཆོས་དང་སྲིད་ཀྱི་ལེགས་ཚོགས་སྤེལ་བར་མཛོད། །ཅེས་པ་འང་དགེ་རིན་པས་སོ།།

Reference

དཔལ་ལྡན་འབྲུག་པའི་གསུང་རབ། ༢༠༠༩ དཔལ་ལྡན་འབྲུག་པའི་ལུགས་ཀྱི་ཞལ་འདོན་ཕྱོགས་བསྡེབས་བྱང་ཆུབ་མགྲོད་པའི་ལམ་བཟང་ཞེས་བྱ་བ་བཞུགས་སོ། ཏཱའི་པེ། ཏཱའི་ཝཱན།

Tags:

🔥 Trending searches on Wiki ཇོང་ཁ:

གཏུམ་རྔམ་འཆམ།ཨར་ཇེན་ཊི་ནཨིསི་ཊོ་ནི་ཡ་བོད་སྐད།༢༠༢༤འཇམ་དཔལ་དབྱངས་བལྤ་རཨིསོཨིཛ་རཱེལ་ཐིམ་ཕུ་༢༠༠༢ཀྲོང་གསར་ལྟ་རྫོང་། Trongsa Tadzongསེམས་རྟོགས་ཁ་རྫོང་འབྲུག་རྒྱལ་རྫོང་།ཐཱའི་ལེནཌ་སྡེ་སྲིད་རིན་བྱོན།༢༠༠༠ཀམ་བོ་ཌི་ཡ་ཕིན་ལེནཌ་སྤུ་ན་ཁ་༡༩༩༩ཨྀཊ་ལི་སྐུ་འཁོར་གྱི་རྒྱུད་པ།ལྷག་བསམ།༢༠༠༩བེ་ལ་རུ་སུབཀྲ་ཤིས་རྒྱས་པ་བཅས་བཞུགས་སོ།།གྲྀསསྒང་སྟེང་གསང་སྔགས་ཆོས་གླིང་ཨིཛ་རཱེལསོག་པོ་འབྲུག་གི་དངུལ་ཀྲམ།༢༠༠༤མེ་མར་བངྒ་ལ་དེཤ།མཚན་མཐུན་དགའ་རོགས་སྒྲིག་པ།ཨིསི་ཊོ་ནི་ཡཌེན་མཱཀ་ཨུཛ་བེ་ཀིསི་ཏཱན་འབྲུག་ཡུལ་འཛམ་གླིང་ཡོངས་ཁྱབ་རང་བཞིན་མ་དངུལ།༢༠༠༨Finlandདངོས་ཁམས་རིག་པམཉམ་མེད་དཔལ་འབྲུག་པ་རིན་པོ་ཆེ་ ཞབས་དྲུང་ངག་དབང་རྣམ་པར་རྒྱལ་བའི་རྣམ་ཐར་མདོར་བསྡུས།གཞལམ་སྒང་རྫོང་ཁགརྫོང་ཁ་མོང་སྒར་རྫོང་ཁགའཇར་པན།ནེ་དར་ལེནཌསི་༼ང་བཅུ་དྲུག་མའི་བཤད་པ༽ Nga chudrumaའཇིགས་མེད་ཁེ་སར་རྣམ་རྒྱལ་དབང་ཕྱུགཀེ་ན་ཌ་ཧྥ་རན་ས་ཀྱི་དར་ཆ།མེ་ཏོགབདེ་སྨོན་བསྡུས་པ།ལྟ་རྫོང་། (སྤ་རོ)མ་ལེ་ཤི་ཡ་🡆 More