སློབ་དཔོན་ཆེན་པོ་པདྨ་སམ་བྷ་བ་

སློབ་དཔོན་འདི་ནི་བོད་ལ་བཀའ་དྲིན་ཆེ་བའི་ཨ་ཙརྱ་གསུམ་གྱི་ནང་ཚན་དང་པོ་ཡིན་། འདི་ཡི་རྣམ་ཐར་དང་ལོ་རྒྱུས་ཐོག་བཤད་སྲོལ་མི་འདྲ་བ་སྣ་ཚོགས་འདུག་ཅིང་། གསང་ཆེན་རྙིང་མའི་ཆོས་རྒྱུད་འཛིན་པ་རྣམས་ཀྱི་གསུང་སྲོལ་འགའ་ཞིག་ལྟར་ན་། སློབ་དཔོན་འདིར་ཡབ་ཡུམ་མེད་པར་པདྨའི་མཚོའི་ནང་ནས་བརྫུས་སྐྱེས་སུ་འཁྲུངས་པར་གསུངས་ཤིང་། 《རིན་ཆེན་གཏེར་མཛོད་》ཀྱི་དབུར་བཞུགས་པ་ཇོ་ནང་ཏཱ་ར་ན་ཐས་མཛད་པའི་《སློབ་དཔོན་པདྨའི་རྣམ་ཐར་ཡིད་ཆེས་གསུམ་ལྡན་》གྱི་ནང་། སློབ་དཔོན་འདི་ཉིད་ནུབ་ཕྱོགས་ཨོ་རྒྱན་གྱི་རྒྱལ་པོའི་སྲས་སུ་འཁྲུང་པའི་ཡབ་དང་ཡུམ་གྱི་མཚན་ཡང་གསལ་བར་མཛད་འདུག་ གཞན་ཡང་སློབ་དཔོན་འདི་དུས་ཚོད་ཇི་ཙམ་ལ་འཁྲུངས་པ་དང་། དགུང་ལོ་ཇི་ཙམ་བཞུགས་པ་། བོད་དུ་ལོ་ཇི་ཙམ་བཞུགས་པ་སོགས་ཀྱི་སྐོར་《པདྨ་བཀའ་ཐང་》སོགས་རྣམ་ཐར་མང་པོར་བཤད་སྲོལ་འདྲ་མིན་སྣ་ཚོགས་འདུས་པས་། འདི་དག་དང་འདི་མི་དག་ཅེས་ཁོ་བོ་ལྟ་བུས་ཁ་ཚོན་ག་ལ་གཅོད་ནུས་། འོན་ཀྱང་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་རྩིག་པའི་ཚེ་སློབ་དཔོན་བོད་དུ་བྱོན་ཟིན་པ་མ་ཟད་། བསམ་ཡས་ཀྱི་རབ་གནས་སྐབས་དང་རྒྱལ་པོ་ཁྲི་སྲོང་ལྡེ་བཅན་དང་མུ་ནེ་བཙན་པོ་མ་གཤེགས་བར་བཞུགས་ནས་རྒྱལ་པོ་སད་ན་ལེགས་ཀྱི་དུས་སུ་བོད་ནས་སྲིན་ཡུལདུ་གཤེགས་པ་འདྲ་བ་ཞིག་རྣམ་ཐར་གཏེར་མ་འགའ་ཞིག་ནང་གསལ་བ་དང་། 《རྦ་བཞེད་ཞབས་བཏགས་མ་》ཟེར་བའི་ནང་བསམ་ཡས་རབ་གནས་ཀྱི་གོང་དུ་སློབ་དཔོན་བོད་ནད་སྲིན་ཡུལ་དུ་བྱོན་ཟིན་པ་ལྟ་བུ་ཞིག་གསུངས་འདུག་པ་གང་ཡིན་བརྟག་དགོས་ཤིང་། གསང་སྔགས་སྔ་འགྱུར་གྱི་ལོ་རྒྱུས་ལ་ཡང་སློབ་དཔོན་ཆེན་པོ་འདི་རྒྱ་གར་གྱི་ནུབ་ཕྱོགས་ཨོ་ཌི་ཡཱ་ན་སྡེ་བོད་སྐད་དུ་ཨོ་རྒྱན་མཁའ་འགྲོའི་གླིང་གི་ངྷ་ན་ཀོ་ཤ་ཟེར་བའི་མཚོ་ཡི་ནང་དུ་མེ་ཏོག་པདྨའི་ནང་བརྫུས་ཏེ་འཁྲུངས་པ་དང་། ཡབ་དང་ཡུམ་མི་དགོས་པར་འརྫུས་ནས་རང་བྱུང་དུ་འཁྲུངས་པའི་སངས་རྒྱས་ཡིན་ཞེས་གསུངས་། ཇོ་ནང་ཏཱ་ར་ནཱ་ཐས་མཛད་པའི་《སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་རྣམ་ཐར་ཡིད་ཆེས་གསུམ་ལྡན་》གྱི་ནང་འདི་ལྟར་གསུངས་ཏེ་། རྒྱ་གར་ཡུལ་དབུས་མ་གྷ་ངྷར་རྒྱལ་པོ་དེ་ཝ་པཱ་ལས་རྒྱལ་སྲིད་སྐྱོང་བའི་ཚེ་(སྤྱི་ལོ་༧༣༠ནས་༧༧༧བར་)ཨོ་རྒྱན་གྱི་ཡུལ་དུ་རྒྱལ་པོ་ཧ་ཡ་ལི་ལས་སྲིད་དབང་བཟུང་ཞིང་། དེ་ཡི་ཚེ་རྒྱལ་རིགས་རིག་པ་སྨྲ་བ་སྲ་དོའམ་སྲིག་ངྷ་ར་སྟེ་མེ་ཏོག་ཕྲེང་བ་འཛིན་པ་ཟེར་བ་ཞིག་ཡོད་། དེ་ལ་སྲས་མཚན་བཟང་དང་སྡན་པ་ངོ་མཚར་འགྲན་ཟླ་མེད་པ་ཞིག་འཁྲངས་པ་ལས་། ཁྱེའུའི་མཚན་ལྟས་ལྟ་བ་ལ་མཁས་པ་མང་པོ་ཞིག་ལ་བསྟན་པ་ན་། གསང་སྔགས་ཀྱི་རྣམ་འབྱོར་པ་ཞིག་གིས་སྲས་འདིས་རྒྱལ་སྲིད་མི་བཟུང་ཞིང་གསང་སྔགས་ཀྱི་ལམ་ལ་བརྟེན་ནས་གྲུབ་པ་ཐོབ་པའི་སློབ་དཔོན་ཆེན་པོ་ཞིག་འབྱུང་བ་དང་། མཚན་ལ་པདྨ་ཨ་བ་བྷ་སི་སྟེ་མཚམས་སྦྱར་བས་པངྨ་བ་བྷ་སི་ཞེས་བཏགས་། སྐུ་ན་ཆུང་དུས་ནས་རིག་གནས་ཆེ་ཆུང་དང་བརྟག་པ་བརྒྱད་ལ་སོགས་པ་གང་ལ་ཡང་དཀའ་ཚེགས་ཆེན་པོ་མི་དགོས་པར་མཁས་པར་མཁྱེན་། གསང་སྔགས་ཀྱི་སློབ་དཔོན་ཤནྟི་རཱུ་པ་དང་། གྲུབ་ཆེན་སུ་ཁ་དེ་བ་། མཁས་འགྲོ་མ་སུ་ཁ་དྷ་རི་བཅས་ཀྱི་དྲུང་ནས་གསང་སྔགས་ཀྱི་ཆོས་མང་པོ་གསན་། བསྒོམ་བསྒྲུབ་ཡུན་རིང་མཛད་དེ་བཞུགས་པའི་སྐབས་རྒྱལ་པོ་ཧ་ཡ་ལི་ལ་འདས་། དེའི་ཨཀྵ་ལི་ལ་ཟེར་བས་སྲིད་དབང་བཟུང་། སྲས་པདྨ་ཨ་བ་བྷ་སིས་རང་གི་ཡབ་དང་འདྲ་བར་རྒྱལ་པོའི་ཕོ་བྲང་གི་སྲིད་ཀྱི་ལས་དོན་དང་སྐར་རྩིས་ལ་བརྟེན་ནས་ལྟས་བཟང་ངན་ལུང་སྟོན་པ་བཅས་མཛད་ཅིང་སྐྱེད་ཚལ་ཞིག་གི་ནང་དུ་ལྷ་ཁང་དང་དགེ་འདུན་གྱི་སྡེ་བཞངས་ཤིང་མཐའ་བསྐོར་དུ་མཆོད་རྟེན་དང་ལྕགས་རི་རིམ་པ་མང་པོ་བསྐོར་བ་ཞིག་འཛུགས་སྐྲུན་གནང་བས་སློབ་དཔོན་རང་ཉིད་ཀྱི་ཞབས་ཕྱི་གཅིག་རྒྱལ་པོའི་ཡིག་མཁན་དང་། གཉིས་བློན་པོའི་ཁོངས་སུ་གཏོགས་པ་དེ་གསུམ་ངན་སེམས་སྐྱེས་ནས་རྒྱལ་པོར་དབྱེན་སྦྱོར་དཀྲུགས་ཤིང་བྱས་ཏེ་སློབ་དཔོན་མེད་པར་བཟོས་ནས་། ཡུལ་འདིའི་དབང་ཆ་བཟུང་ཐབས་བྱ་རྒྱུར་གྲོས་མཐུན་ཏེ་རྒྱལ་པོར་ཐབས་ཤེས་སྣ་ཚོགས་ཀྱི་སྒོ་ནས་དབྱེན་སྦྱོར་བྱས་པར་རྒྱལ་པོ་ཁོ་ཚོའི་གཏམ་ལ་ཡིད་ཆེས་ཏེ་དམག་དཔུང་བཏང་ནས་སྐྱེད་ཚལ་གྱི་མཐའ་བསྐོར་། སློབ་དཔོན་དགེ་འདུན་དང་བཅས་པ་ཡུལ་གཞན་དུ་གནས་དབྱུང་བཏང་། བློན་པོ་རྣམས་ཀྱིས་སློབ་དཔོན་འདི་མ་བསད་ན་རྗེས་སུ་རང་ཅན་ལ་གནོད་པ་བྱེད་སྲིད་ཟེར་ནས་གཤེད་མ་མངགས་ཏེ་སློབ་དཔོན་བཟུང་། མཚོན་ཆ་བསྣུན་པ་དང་། མེར་བསྲེགས་པ་། ཆུ་ལ་བསྐྱུར་བ་། གཡང་ལ་བསྐྱུར་བ་། གསོན་པོར་ས་སྦས་བཏང་བ་བཅས་བྱས་ཀྱང་སློབ་དཔོན་གསིད་མ་ཐུབ་ཅིང་། རྗུ་འཕྲུལ་བསྟན་ནས་སྐུ་ལུས་ལ་ཅི་ཡང་མ་གནོད་པར་མཛད་། དེ་ནད་བཟུང་བྲག་ཕུག་དང་། དུར་ཁྲོད་སོགས་སུ་བཞུགས་ནས་ལྷ་འདྲེ་གདུག་ཅན་ཐམས་ཅད་ལ་དབང་དུ་བསྒྱུར་། གྲུབ་པ་ཐོབ་པའི་སློབ་དཔོན་ངྷ་བུ་ཀྲི་ཏ་སོགས་སློབ་དཔོན་བརྒྱད་ལས་། རལ་གྲི་དང་། རིལ་བུ་། མིག་སྨན་། རྐང་མགྱོགས་། སྨན་། བཅུད་ལེན་། གཏེར་གྱི་བུམ་པ་། གསེར་འགྱུར་རྩི་བཅས་ཐུན་མོང་གི་དངོས་གྲུང་བརྒྱད་ཐོབ་། ད་དུང་དེས་ཐུགས་མ་ཚིམ་པར་རྒྱ་གར་ཡུལ་དབུས་མ་གྷ་ངྷར་བྱོན་། སྐབས་དེར་རྒྱལ་པོ་ངྷམ་པཱ་ལས་སྲིད་དབང་བཟུང་པའི་དུས་(སྤྱི་ལོ་༧༩༠ནས་༨༥༣)བར་དང་། སློབ་དཔོན་སངས་རྒྱས་ཡེ་ཤེས་གྲུབ་པ་ཐོབ་ནས་སློབ་མ་གསོ་སྐྱོང་གནང་བའི་སྐབས་ཡིན་། ཆོས་ཀྱི་མྱུ་གུའི་དགོན་པར་སློབ་དཔོན་དེའི་དྲུང་ནས་རབ་བྱུང་དང་བསྙེན་རྫོགས་མཛད་། གཞན་ཡང་རྒྱུད་སྡེ་བཞིའི་རྒྱུད་དང་མན་ངག་ཧ་ཅང་མང་པི་གསན་། དེ་ནས་སློབ་དཔོན་གྱིས་བཀའ་གནང་བ་ལྟར་། རྒྱ་གར་བདྒྷ་ལའི་ཡུག་གྱི་གྲོང་ཁྱེར་པ་ཎ་ཌ་པའི་བྱང་ཕྱོགས་ཀྱི་ནགས་ཚལ་པར་ཤི་ཞེས་བྱ་བར་བཞུགས་ནས་གསང་སྔགས་ཀྱི་སྤྱོད་པ་མཛད་དེ་མཆོག་གི་དངོས་གྲུབ་བརྙེས་ཏེ་འཆེ་མེད་རྡོ་རྗེའི་སྐུ་མངོན་དུ་མཛད་། དེ་ནད་རྒྱ་གར་བྱང་ཕྱོགས་ཀྱི་ཡུལ་ཏི་ར་ཧུ་ཏི་དང་། བལ་ཡུལ་། ཤར་ཕྱོགས་ཀཱ་མརཱུ་། ལྷོ་ཕྱོགས་ཏྲི་མ་ལ་སོགས་མུ་སྟེགས་པ་མང་པོ་ཡོད་པའི་ས་གནས་ཕལ་ཆེ་བར་བྱོན་ནས་རྫུ་འཕྲུལ་གྱི་སྒོ་ནས་མུ་སྟེགས་པ་བཏུལ་ཞིང་རིག་སྔགས་ཀྱི་སྒོ་ན་མུ་སྟེགས་པའི་ལྷ་འདྲེ་རྣམས་བཏུབ་ནས་དམ་ལ་འདོགས་པར་མཛད་པ་སཕགས་གསལ་། སློབ་དཔོན་ཆེན་པོ་འདི་ཉིད་བོད་དུ་གདན་དྲངས་ཚུལ་ལ་《རྦ་བཞེད་》དང་《བཀའ་ཐང་》གཉིས་བཤད་ཚུལ་མི་མཐུན་པ་ཡོད་ཅིང་། 《བཀའ་ཐང་》དུ་འཁོད་པ་ལྟར་ན་། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་རྦ་གསལ་སྣང་དང་། སྣ་ནམ་རྡོ་རྗེ་བདུད་འཇོམས་ཞ མཆིམས་ཤཱཀྱ་པྲ་བྷ་། ཤུད་པུ་དཔལ་གྱི་སེང་གེ་བཅས་བཞི་ལ་གསེར་ཕྱི་བྲེ་གང་རེ་དང་། གསེར་གྱི་པ་ཏྲ་རེ་བསྐུར་ནས་རྒྱ་གར་དུ་བརྫངས་། སློབ་དཔོན་ཆེན་པོ་དང་མཇལ་ཏེ་རྒྱལ་པོའི་ཕྱག་རྟེན་རྣམས་ཕུལ་ནས་བོད་དུ་ཕེབས་པར་ཞུས་པས་ཞལ་གྱིས་བཞེས་། ཁྱོད་ཕོ་ཉ་བ་ཚོ་སྔོན་ལ་སོང་། ངས་རྗེས་སུ་འོང་ཏེ་ནས་ཕྱོགས་ཀྱི་ལྷ་འདྲེ་གདུང་པ་ཅན་རྣམས་འདུས་ནས་དམ་ལ་བཏགས་ཀྱིན་མ་བྱས་ན་བར་ཆད་ཆེ་གསུངས་ནས་ཕོ་ཉ་བ་རྣམས་སྔོན་ལ་བཏང་། སློབ་དཔོན་གྱིས་བལ་ཡུལ་དུ་ཟླ་བ་གསུམ་ཙམ་བཞུགས་ཏེ་མི་མ་ཡིན་མང་པོ་དམ་པ་འདོགས་པ་དང་གཏེར་སྦ་བ་སོགས་མཛད་(དེ་ནས་རྦ་བཞེས་དུ་གསལ་བ་ལྟར་ན་མངའ་རིས་མང་ཡུལ་ནས་སྙེ་མོ་ཐོད་ཀར་གྱི་བར་དུ་ཆུ་ཐོག་གྲུ་རྫིངས་ལ་བྱོན་པར་བཤད་)དེ་ནས་སླར་ཡང་རྒྱལ་པོས་། གནུབས་ནམ་མཁའི་སྙིང་པོ་། དབས་མང་རྗེ་གསལ་སྣང་། སེང་གོང་ལྷ་ལུང་གཟིགས་། དབས་མི་གྲུ་གཟིངས་། དབད་མི་གྲུ་གཟིངས་ ཅོག་རོ་དཔའ་གཟུངས་མགོན་། ཤ་མི་པུ་ཏྲ་ཤྲི་། གཉེར་སྣག་བཅན་ལྡོང་གཟིགས་སོགས་མང་ཡུལ་གྱི་མཐའ་སྲུང་བློན་ཆེན་པོ་ཕེབས་བསུར་བཏང་ཞིང་། སླར་ཡང་སྐ་བ་དཔའ་བརྩེགས་དང་། སྣ་ནམ་རྡོ་རྗེ་བདུད་འཇོམས་དང་། ཅོག་རོ་ཀླུ་ཡི་རྒྱལ་མཚན་བཅས་གདན་འདྲེན་དུ་བཏང་། མང་ཡུལ་ནས་རིམ་བཞིན་གནས་ཐང་མཁར་ནག་ འོ་ཡུག་བྱང་ཁུལ་འདམ་གཞུང་། འཕན་པོ་། མལ་དྲོ་སོགས་སུ་བྱོན་ནས་ལྷ་མོ་གངས་དཀར་ཤ་མེད་སོགས་བསྟན་མ་བཅུ་གཉིས་། དམ་ཅན་རྡོ་རྗེ་ལེགས་པ་། གཉན་ཆེན་ཐང་ལྷ་། གཉན་མཁར་ནག་ མལ་དྲོ་གཟི་ཅན་། ཡར་ལྷ་ཤམ་པོ་སོགས་ལྷ་འདྲེ་མང་པོ་དམ་ལ་བཏགས་ཏེ་ནང་པ་སངས་རྒྱས་པའི་བསྟན་པ་སྐྱོང་བའི་སྲུང་མར་བསྐོས་། རིམ་གྱིས་ཡར་ལུང་གཙང་པོའི་འགྲམ་ཟུང་མཁར་མདར་ཕེབས་པ་ན་། རྒྱལ་པོ་དང་བཙུན་མོ་།ཉིས་། བློན་པོ་། བོད་འབངས་སྐྱེ་བོ་ཕོ་ཡོངས་ཀྱིས་རྔ་བྲོ་དང་། གླུ་བྲོ་། འབག་སོགས་ཀྱི་བསུ་བསི་བཀོད་པ་གཟབ་རྒྱས་དང་བཅས་ཏེ་ཕོ་བྲང་བྲག་དམར་དུ་གདན་དྲངས་། བསྙེད་བཀུར་ཕུན་སུམ་ཚོགས་པ་ཞུས་། དེ་ནས་རྒྱལ་པོའི་གཟིམས་མལ་བ་ལྷ་དུང་མཚོ་བཞེར་སྙན་ལེགས་སོགས་ལ་པྲ་རྟེན་མཛད་དར་རྒྱལ་པོ་ཆེན་པོ་བཞི་ཡི་པྲ་ཕབ་(མིའི་ལུས་རྟེན་ལ་ལྷ་བབས་སུ་བཅུག་པ་)ནས་སྔར་བོད་ས་གནས་སུ་ཆོས་དར་སྤེལ་གཏོང་རྒྱུར་བར་ཆད་དང་གནོད་འཚེ་བྱེད་མཁན་ལྷ་འདྲེ་སུ་དང་སུ་ཡིན་གྱི་ལུང་བསྟན་རྒྱག་ཏུ་བཅུག་པ་དེ་ནི་བོད་དུ་གསང་སྔགས་ཀྱི་གཞུང་ནས་བཤད་པ་ལྟར་ཕབས་པའི་ལུགས་སྲོག་ཐོག་མ་དེ་ཡིན་། དེ་ནས་སླར་ཡང་བསམ་ཡས་གཙུག་ལག་ཁང་བཞེངས་པའི་ས་འདུལ་དང་རྨང་འདིང་བར་མཛད་། འདི་ནི་བསམ་ཡས་གཙུག་ལག་ཁང་གི་ས་འདཡལ་དང་རྩིག་རྨང་འདིང་ཐེངས་གསུམ་པ་ཡིན་པར་《པདྨ་བཀའ་ཐང་》ལས་བཤད་། དེ་ནད་བསམ་ཡས་གཙུག་ལག་ཁང་བཞེངས་འགོ་ཚུགས་ནས་སྟག་ལོ་ནས་རྟ་ལོའི་བར་ལོ་བཞིའི་རིང་བཞེངས་གྲུང་སྟེ་། རབ་གནས་སློབ་དཔོན་དང་མཁན་ཆེན་གཉིས་ལྷན་རྒྱས་སུ་མཛད་ཅིང་ངོ་མཚར་ཅན་གྱི་ལྷས་བཟང་པོ་ཧ་ཅང་མང་པོ་བྱུང་ཞིང་། སློབ་དཔོན་གྱིས་རྫུ་འཕྲུལ་ལ་བརྟེན་ནས་ངམ་ཤོད་ཀྱི་བྱེ་ཐང་དང་གྲམ་ཐང་རྣམས་ནགས་ཚལ་དང་སྤང་ཐང་དུ་བསྒྱུར་། ཟུང་མཁར་སོགས་ཆུ་དཀོན་པའི་སར་ཆུ་ཐོན་པར་མཛད་། ལྷ་སྲས་མུ་ཁྲི་བཅན་པོ་དམག་དཔོན་དུ་བསྐོས་ནས་བྷ་ཏ་ཧོར་གྱི་སྒོམ་གྲྭ་བཅོམ་ནས་དེར་ཡོད་པའི་ནོར་རྫས་རིན་ཐང་ཆེ་བ་རྣམས་བོདདུ་དྲངས་པས་། ནོར་བདག་རྒྱལ་པོ་པེ་ཧར་ཡང་ཀ་ཅའི་རྗེས་སུ་འབྲངས་ནས་བོད་དུ་འོངས་པ་དེ་ལ་བསམ་ཡས་གཙུག་ལག་ཁང་གི་སྲུང་མར་བསྐོས་། རྒྱལ་པོ་དང་བཙུན་མོ་གཉིས་། སད་མི་མི་བདུན་སོགས་གསང་སྔགས་ཀྱི་སྐལ་ལྡན་སློད་མ་ཉི་ཤུ་རྩ་ལྔ་ལ་བཀའ་བརྒྱད་བདེ་གཤེགས་འདུས་པའི་དཀྱིལ་འཁོར་ཞལ་ཕྱེ་ནས་དབང་བསྐུར་མཛད་ཅིང་། རྒྱལ་པོ་སོགས་འཁོར་ཉུང་ཤས་ཤིག་ལ་ཚེ་དཔག་མེད་ཀྱི་དབང་བསྐུར་གནང་། རྗེ་འབངས་ཉེར་ལྔ་ཞེས་བོད་ཀྱི་གྲུབ་ཐོབ་ཉི་ཤུ་རྩ་ལྔ་ཐོན་མར་བྱུང་། སློབ་དཔོན་ཆེན་པོ་འདི་བོད་དུ་ཡུན་ཇི་ཙམ་བཞུགས་པ་དང་། རྒྱལ་པོ་གང་གི་དུས་སུ་བོད་ནས་རྒྱ་གར་དུ་ཕྱིར་ལོག་ཕེབས་པའི་སྐོར་ལ་བོད་ཀྱི་ལོ་རྒྱུས་ཐོག་བཤད་སྲོལ་མི་འདྲ་བ་སྣ་ཚོགས་ཡོད་། 《རྦ་བཞེད་》ལས་། སློབ་དཔོན་ཆེན་པོ་བོད་དུ་ཕེབས་ནས་བསམ་ཡས་ཀྱི་རབ་གནས་མཛད་གོང་དུ་ཆུ་མེད་སར་ཆུ་མེད་སར་ཆུ་འདོན་པ་དང་། བྱེ་ཐང་དང་་གྲམ་ཐང་རྣམས་སྤང་ཐང་དང་ནགས་ཚལ་དུ་བསྒྱུར་བ་སོགས་ཀྱི་རྫུ་འཕྲུལ་མང་པོ་བསྟན་པར་མཛད་པ་བློན་པོ་སངས་རྒྱས་ཆོས་ལུགས་ལ་མི་དགའ་བ་སྣམ་སཀྱིས་རྒྱལ་པོར་ཞུས་དོན་། རྒྱ་གར་གྱི་ཨ་ཙརྱ་འདི་མཐུ་དང་ནུས་པ་ཆེ་ལུགས་ལ་བལྟས་ན་འདིའ་ནས་ནམ་ཞིག་བོད་ཀྱི་རྒྱལ་པོའི་སྲིད་དབང་འཕྲོག་རྒྱུའི་ཉེད་ཁ་ཤིན་ཏུ་ཆེ་བས་ཁོ་རང་གི་ཡུལ་དུ་བསྐྱལ་ན་ལེགས་ཞེས་ཡང་ཡང་ནན་ཏན་གྱི་ཞུས་པས་རྒྱལ་པོ་བྱ་ཐབས་མ་རྙེདམནས་སློབ་དཔོན་རྒྱས་གར་དུ་ཕྱིན་ཕེབས་སྐྱེལ་མ་ཞུ་དགོས་བྱུང་བ་དང་། བློན་པོ་རྣམས་ཀྱིས་ལྐོག་ཏུ་གྲོས་བྱས་ཏེ་སློབ་དཔོན་རྒྱས་གར་དུ་ཕྱིན་ཕེབས་གནང་བའི་ལམ་བར་དུ་ལྐོལ་གསོད་བྱ་མ་ཐུབ་ན་རྗེས་སུ་བོད་ལ་གནོད་འཚེ་བྱེད་ཉེད་ཡོད་ཅེས་གྲོས་མཐུན་ནས་སློབ་དཔོན་གྱི་རྗེས་སུ་གཤེད་མ་རྟ་པ་མི་བཅོ་བརྒྱད་བཏང་ནད་མངའ་རིས་མང་ཡུལ་གུང་ཐང་ལ་ཁར་སྒུགས་ར་སྤྲད་དེ་སློབ་དཔོན་དེར་ཕེབས་པ་དང་གཤེད་མ་ཚོས་གློ་བུར་དུ་གནོད་འཚེ་བྱེད་པར་འོངས་སྐབས་སློབ་དཔོན་གྱིས་བྱེ་མ་ལ་སྔགས་བཏབ་པ་གཏོར་བས་གཤེད་མ་རྣམས་ལུས་རེངས་ཏེ་སྒུལ་བསྐྱོད་མ་ཐུབ་པར་ལུས་། དེ་ནས་སློབ་དོན་ནམ་མཁའ་ག་འཕུང་ནས་སྲིན་ཡུལ་དུ་ཕེབས་པར་བཤད་། 《བཀའ་ཐང་》འགའ་ཞིག་ལས་སློད་དཔོན་བོད་དུ་ལོ་དྲུག་བཅུ་གཉིས་། བཅ་བརྒྱས་། ལྔ་བཅུ་སོགས་སུ་བཞུགས་པར་བཤད་པ་སོགས་མི་འདྲ་བ་ཡོད་། བསམ་ཡས་ཀྱི་འཁོར་ས་ཆེན་མོའི་ལྡེབས་བྲིས་དང་《བཀའ་ཐང་སྡེ་ལྔ་》《པདྨ་བཀའ་ཐང་》བཅས་ལ་ཞིབ་ཏུ་བརྟགས་ན་། སློབ་དཔོན་ཆེན་པོ་བོད་དུ་ཕེབས་སྐབས་བསམ་ཡས་གཙུག་ལག་ཁང་གི་ས་འདུས་དང་རྩིག་རྨང་འདིང་ཐེངས་གཉིས་བྱས་ཟིན་པ་དང་། བོད་དུ་ཕེབས་རྗེས་སླར་ཡང་རྩིག་རྨང་བཏིང་སྟེ་བསམ་ཡས་གཙུག་ལག་ཁང་གི་རབ་གནས་ཀྱི་སྐབས་སུ་བཞུགས་ཡོད་པར་གསར་ཞིང་། ལྷག་པར་དུ་བཀའ་ཐང་ཁག་གི་ནང་རྒྱས་པོ་ཁྲི་སྲོང་ལྟེ་བཙན་གྱི་སྐུ་ཚེའི་རིང་དང་། དེ་ནས་མུ་ནེ་མ་བཙན་པིས་སྲིད་དབང་སྐྱོང་སྐབས་དང་མུ་ནེ་བཙན་པི་འདས་ནས་མུ་ཏིག་བཙན་པོས་སྲིད་དབང་བཟུང་སྐབས་ལོ་ཤས་བཅས་གྱི་བར་བོད་དུ་བཞུགས་པར་གསལ་བ་ལྟར་ན་བསམ་ཡས་གཙུག་ལག་ཁང་བཞེངས་པའི་ཆུ་སྟག་(༧༦༢)ལོ་རྒྱལ་པོ་ཁྲི་ལྟེ་སྲོང་བཙན་སད་ན་ལེགས་ཀྱིས་སྲིད་དབང་བཟུང་བའི་ལོ་སྟེ་ཤིང་སྤྲེལ་(༨༠༤)བར་ལོ་བཞི་བཅུ་ཞེ་གསུམ་ཡོད་པས་རྒྱས་པོ་མུ་ཏིག་བཙན་པོ་སད་ན་ལེགས་ཀྱིས་སྲིད་དབང་བཟུང་རྗེས་ཀྱང་ལོ་ཤས་བཞུགས་ཡོད་ངེས་སྙམ་། འོན་ཀྱང་《བཀའ་ཐང་》ནང་དུ་འཁོར་པའི་སློབ་དཔོན་གྱི་རྣམ་ཐར་ལས་ནང་པ་སངས་རྒྱས་པའི་ཆོས་ལུགས་སྤྱིའི་ལྟ་ཚུལ་དང་མི་མཐུན་པའི་ཚིག་མང་པོ་ཞིག་འདྲེས་ནས་ཡོད་སྟབས་དེས་རྐྱེན་བྱས་ཏེ་བོད་ལྗོངས་སྐྱེ་བོ་ཡོངས་ལ་མཚུངས་ཟླ་མེད་པའི་བཀའ་དྲེན་ཅན་གྱི་སློབ་དཔོན་ཆེན་པི་དང་གསང་ལྔགས་ལྔ་འགྱུར་གྱི་བསྟན་པ་བསྟན་འཛིན་དང་བཅས་པར་མ་དད་ལོག་རྟོག་སྐྱེ་བའི་གཞི་ཏུ་གྱུར་འདུག་པ་ཕྱི་རབས་རང་རིགས་ཀྱི་མཁྱེན་ལྡན་མཁས་པ་རྣམས་ཀྱིས་ཕྱོགས་ལྷུང་སྤངས་ཏེ་ཐུགས་དགོངས་གཟུ་བོར་གནས་པའི་སྒོ་ནས་ཞིབ་འཇུག་བརྟན་དཔྱད་ནན་ཏན་མཇད་པར་ཞུ་ཞེས་གསོལ་བ་འདེབས་རྒྱུ་ཡིན་ལུགས་། ༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།

Tags:

དུང་དཀར་ཚིག་མཛོད་ཆེན་མོ་

🔥 Trending searches on Wiki བོད་སྐད:

བྱ་ཏེ་༄༅།། བར་དོ་ཐོས་གྲོལ།སྡེ་དགེམི་དགེ་བ་བཅུ༢༠༢༢ལོའི་ཁ་ཐར་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཟླ་༡༠ཚེས་༡ཉིན་སྒྲ་སྙན།ཟླ་༢ཚེས་༦ཉིན་ཕོ་བྲང་པོ་ཏ་ལ་ཀཿཐོག་རིག་འཛིན་ཆེན་པོ་སྐུ་ཕྲེང་རིམ་བྱོན་རྣམ་ཐར་བསྡུས་པ།ནེའུ་ཡོར་ཀ།ཊ་ཁར་ཏ།ར་རྒོད།བཀྲ་ཤིས་ཉི་མ།ཨེ་ཛིའི་ནད་ལ་ནད་རྟགས་ཅི་འདྲ་ཡོད་དམ་ཚོ་ཁག་གི་ཆགས་སྤྱོད།༼ར་མ་ཡ་ན།༽མངའ་རིས་པཎ་ཆེན་པདྨ་དབང་རྒྱལ་ཚད་མ་སྡེ་བདུན་ཐང་གགཙོ་ངོས།བོད་ཀྱི་སྙན་ངགམཁན་སློབ་ཆོས་གསུམ།ཝར་སོ།པ་ག་ཏབསམ་པ་ལྷུན་འགྲུབ་མ་བཞུགས་སོ།བརྒྱ་བཞིའི་ཆོ་ག་ཤེས་བྱ།ཇིང་ཁི་ཁན།ཞང་ཞུང་གི་ཡི་གེ་དུབ་ལིན།ལེ་ཨོ་ན་ཏོ་ཏ་ཧྥིན་ཆི།མི་ཅི་གྷན།བཙན་བྱོལ་བོད་གཞུང་།ཟླ་༩ཚེས་༡༨ཉིན་སྲིད་པའི་འཁོར་ལོ་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན།ཀརྨ་པ་དུས་གསུམ་མཁྱེན་པ་བྷར་མ།ལས་བཞི་པདྨ་འོད་འབར་ཐོན་མིའི་ཞལ་ལུང་སྔགས་གསར་རྙིང་ཉི་ཧོང་སྐད།དགའ་ལྡན་དགོན།Wikipediaབོད་ཀྱི་ཆོས་ལུགས་རོལ་ཆསརྟགས་ཀྱི་འཇུག་པ་རིག་གནས་བཅུ།ལོ་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྨྲ་སྒོའི་མཚོན་ཆའི་རྣམ་བཤད་སྨྲ་བའི་རྒྱན་གསེར།བཟོ་སྐྲུན་རིག་པ།སློབ་གྲྭ་ཆེན་མོ།༢༠༡༨ལོའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་མགྲན་སྡུར།ཧེལ་སིན་ཀི།འཇོར་ཇི་ཡ། (རྒྱལ་ཁབ།)པུ་རུ་ཟིལ།སྣང་སྲིད་རིག་པ།སེམས་བསྐྱེད་ཉེར་གཉིས་བྱང་གཏེར།ཧྥ་རན་སིའི་སྐད།གྲགས་འཛིན་མ།ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར།བཻ་རོ་ཙ་ན་ཡོ་རོབ་གླིང་།འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་སུ་ཁུ་རེ།🡆 More