རྗེ་བཙུན་མི་ལ་རས་པའི་རྣམ་ཐར་རྒྱས་པར་ཕྱེ་བ་མགུར་འབུམ་ཞེས་བྱ་བ་བཞུགས་སོ་

༄༅། །རྗེ་བཙུན་མི་ལ་རས་པའི་རྣམ་ཐར་རྒྱས་པར་ཕྱེ་བ་མགུར་འབུམ་གྱི་དཀར་ཆག་བཞུགས་སོ། །


༡བགེགས་ཀྱི་རྒྱལ་པོ་བི་ན་ཡ་ཀས་རྐྱེན་བྱས་པ། བླ་མ་དྲན་དྲུག་གི་སྐོར་རམ། བྲག་དམར་མཆོང་ལུང་གི་སྐོར་རམ། མི་ལ་ཤིང་འཐུའི་སྐོར་ཞེས་ཀྱང་བྱ་སྟེ། དོན་གཅིག་ལ་མཚན་གསུམ་ལྡན་གྱི་སྐོར། ༢ལ་ཕྱི་ལ་བྱོན་པ་ཆུ་བཟང་གི་སྐོར། ༣གངས་མགུར་གྱི་སྐོར། ༤ལིང་པ་བྲག་སྲིན་མོའི་སྐོར། ༥རག་མའི་སྐོར་སྔ་མ། ༦སྐྱང་ཕན་ནམ་མཁའ་རྫོང་གི་སྐོར། ༧ཡོལ་མོ་གངས་རའི་སྐོར། ༨ཕུག་རོན་ལྷའི་བུ་མོས་མཆོད་པའི་སྐོར། ༩བྲག་སྐྱ་རྡོ་རྗེ་རྫོང་གི་སྐོར་ཚོ་སྔ་མ། ༡༠ཟ་འོག་ཕུག་ཏུ་ཐུགས་སྲས་རས་ཆུང་པ་དང་མཇལ་བའི་སྐོར། ༡༡འོད་གསལ་ཕུག་ཏུ་རྩ་ཕུ་རས་པ་དང་མཇལ་བའི་སྐོར། ༡༢རག་མར་ཕྱི་མ་བྱོན་དུས། རས་པ་སངས་རྒྱས་སྐྱབས་དང་མཇལ་བའི་སྐོར། ༡༣གཉའ་ནང་གྲོད་ཕུག་ཏུ་སྟོན་པ་ཤཱཀྱ་གུ་ན་རྗེས་སུ་བཟུང་བའི་སྐོར། ༡༤རྗེ་བཙུན་གྱི་སྲས་རྣམས་ཀྱི་སྲིང་བཞི་ལས། གཅུང་གི་གད་པ་གླེ་གསུམ་དུ་ཉ་མ་དཔལ་དར་འབུམ་དང་མཇལ་བའི་སྐོར། ༡༥གཙང་གཡས་རུ་བྱང་གི་སྒར་ཁ་ཆེའི་མགྲོན་ཁང་དུ་སེ་བན་རས་པ་དང་མཇལ་བའི་སྐོར། ༡༦རྒྱལ་གྱི་ཤྲཱིར་འབྲི་སྒོམ་རས་པ་དང་མཇལ་བའི་སྐོར། ༡༧ཆུ་མིག་དངུལ་འབུམ་སོགས་རས་པ་ཞི་བ་འོད་ཀྱི་སྐོར། ༡༨གཅེན་ལུང་དུ་སྦ་ལྕག་གི་སྐོར་ལ་ངན་རྫོང་སྟོན་པ་དང་མཇལ་བའི་སྐོར། ༡༩དམ་པ་རྒྱགས་ཕུ་བ་དང་མཇལ་བའི་སྐོར། ༢༠སྐོར་ར་ལ་ཐོག་ཏུ་མཁར་ཆུང་རས་པ་དང་མཇལ་བའི་སྐོར། ༢༡སྤུ་སྲེང་དུ་རས་པ་དར་མ་དབང་ཕྱུག་དང་མཇལ་བའི་སྐོར། ༢༢གངས་ཏི་སེར་ན་རོ་བོན་ཆུང་བཏུལ་བའི་སྐོར། ༢༣བྲག་སྐྱ་རྡོ་རྗེ་རྫོང་དུ་ཕྱིས་བྱོན་དུས་རོང་ཆུང་རས་པ་དང་མཇལ་བའི་སྐོར། ༢༤སྦས་ཕུག་མ་མོ་རྫོང་དང་། ལ་ཕུག་པདྨ་རྫོང་དུ་རྫི་བོ་རས་པ་ཞེས་བྱ་བའི་རྟོགས་ལྡན་རྣམས་ཀྱི་གཙོ་བོ་དེ་དང་། ཉེ་བའི་སྲས་གཤེན་སྒོམ་རས་པ་དང་མཇལ་བའི་སྐོར། ༢༥རྗེ་བཙུན་གྱི་སྲས་རྣམས་ཀྱི་སྲིང་བཞི་ལས་ཅོ་རོ་འབྲིག་མཚམས་ཀྱི་མཚོ་ལྔ་དེའུ་ཆུང་དུ་རས་ཆུང་མ་དང་མཇལ་བའི་སྐོར། ༢༦གཉི་ཤང་འགུར་རྟ་རུ་ཐུགས་སྲས་ཁྱི་ར་རས་པ་དང་མཇལ་བའི་སྐོར། ༢༧མོན་ཡུལ་དུ་ཁོ་ཁོམ་རྒྱལ་པོས་མཆོད་ཅིང་ཚེ་རིང་མས་གླགས་བལྟ་ཕྱིར་ཉུལ་བའི་སྐོར། ༢༨རྗེ་རས་པ་ཆེན་པོ་མཚན་བརྗོད་པར་དཀའ་བ་དཔལ་བཞད་པ་རྡོ་རྗེ་དང་། འཇིག་རྟེན་མིག་བསྒྱུར་གྱི་ཌཱ་ཀི་མ་ལྔའི་ཞུས་ལན་མགུར་དུ་བླངས་པ་རྣམས་ངན་རྫོང་སྟོན་པ་བོ་དྷི་རཱ་ཛས་མི་བརྗེད་གཟུངས་སུ་ཡི་གེར་བཀོད་པ་སྙན་དངགས་མུ་ཏིག་རྒྱན་གྱི་ཕྲེང་བ། ༢༩རྗེ་རས་པ་ཆེན་པོ་མཚན་བརྗོད་པར་དཀའ་བ་དཔལ་བཞད་པ་རྡོ་རྗེ་ལ། གཙོ་མོ་བཀྲ་ཤིས་ཚེ་རིང་མས་དབུ་མཛད་པའི་འཇིག་རྟེན་མིག་བསྒྱུར་གྱི་ཌཱ་ཀི་མ་ལྔས་ཐེག་པ་མཆོག་གི་སེམས་བསྐྱེད་པའི་དོན་དྲིས་ལན་གླུར་བླངས་པ་རྣམས་ཚོང་འདུས་དིང་མ་བྲིན་གྱི་གཡོན་ཟུར། བཀྲ་ཤིས་དཔལ་གྱི་མཐོན་མཐིང་རིའི་རྩེ་ལ་སྐལ་ལྡན་སྦྱངས་པ་ཅན། རས་པ་ཞི་བ་འོད་ཀྱིས་སྲིང་མོ་བཀྲ་ཤིས་ཚེ་རིང་མ་ཉིད་ལ་དངོས་སུ་ཉམས་བསྡུར་ཞིང་འདྲི་རྨེད་ཡང་ནས་ཡང་དུ་བྱས་པ་ལས། ཕྱིས་རྗེ་བཙུན་ཉིད་ཀྱི་ཞབས་ཀྱི་པདྨོ་ལ་ལན་གསུམ་གཏུགས་ནས་དགྱེས་བཞིན་དུ་གནང་བའི་གསུང་དོན་རྣམས་དབེན་གནས་ཉམས་དགའ་ཞིང་གྲུབ་པ་བརྙེས་པའི་ས་འོམ་ཆུང་དཔལ་གྱི་ནགས་འདབས་སུ། ངན་རྫོང་སྟོན་པ་བོ་དྷི་རཱ་ཛ་དང་། རྣལ་འབྱོར་པ་ཞི་བ་འོད་གཉིས་ཀྱིས་མ་འོངས་པའི་གང་ཟག་སྐལ་བ་དང་ལྡན་པ་འགའ་དང་འགའི་དོན་དུ། གསུང་སྒྲོས་ལ་དབྲི་བསྣན་ལྷག་ཆད་མེད་པར་ནན་ཏན་དུ་བྱས་ཏེ། ངག་བརྗོད་པ་ཚིག་གི་ཕྲེང་བ་སྡེབས་ལེགས་པའི་ཡི་གེར་བཀོད་པ་བདུད་རྩི་འོད་ཀྱི་ཕྲེང་བ། ༣༠རྗེ་མཉམ་པ་མེད་པའི་རྣལ་འབྱོར་པ་ཆེན་པོ་རས་ཀྱི་ན་བཟའ་ཅན་དང་། མཚན་ལྡན་གྱི་ཕྱག་རྒྱ་མ་བཀྲ་ཤིས་ཚེ་རིང་མ་སྤུན་ལྔའི་ཞུས་ལན་དུ་གནང་བ། འཕྲང་སྒྲོལ་གནད་ཀྱི་བར་དོ་ལས་སླད་ནས་རས་པ་རྣམ་གཉིས་ཀྱིས་བཀའ་བགྲོ་བར་མཛད་དེ་མཚན་ཞབས་ཏོག་ཏུ་ཕུལ་བ། ༣༡ཚེ་རིང་མའི་ཆོས་སྐོར་རྣམས་ལའང་འཆད་པ་པོ་དཔལ་བཞད་པ་རྡོ་རྗེའི་བཀའི་རྒྱ། ཞུ་བ་པོ་མཁའ་འགྲོ་མཆེད་ལྔའི་གསང་བའི་རྒྱ། སྡུད་པ་པོ་ཨ་ཙརྻ་བོ་དྷི་རཱ་ཛ་དང་། རས་པ་ཞི་བ་འོད་གཉིས་ཀྱི་དམ་ཚིག་གི་རྒྱ་སྟེ། རྒྱ་རིམ་པ་གསུམ་གྱིས་བཏབ་པའི་ཆོས་ངོ་མཚར་རྨད་དུ་བྱུང་བ། ༣༢རས་པ་རྡོ་རྗེ་དབང་ཕྱུག་གི་སྐོར། ༣༣དྷརྨ་བོ་དྷི་དང་མཇལ་བའི་སྐོར། ༣༤ཕྲག་དོག་གི་རྩོད་པ་རྫུ་འཕྲུལ་དང་ནུས་པས་བཟློག་པའི་སྐོར། ༣༥རས་ཆུང་ཏི་ཕུའི་སྐོར། ༣༦མེས་སྒོམ་རས་པའི་སྐོར། ༣༧ས་ལེ་འོད་ཀྱི་སྐོར། ༣༨གཡག་རུ་ལས་ཞལ་མཇལ་བའི་སྐོར་ཚོ་དང་པོ། ༣༩གཡག་རུའི་མཇུག་གི་སྐོར། ༤༠རྐྱང་མགུར་གྱི་སྐོར། ༤༡ཉེ་བའི་སྲས་གླན་སྒོམ་རས་པའི་སྐོར། ༤༢རྗེ་བཙུན་ཆེན་པོའི་ཐུགས་ཀྱི་སྲས་མཆོག་དམ་པ་སྒམ་པོ་པའི་སྐོར། ༤༣ལོ་སྟོན་དགེ་འདུན་གྱི་སྐོར། ༤༤འབྲེ་སྟོན་གྱི་སྐོར། ༤༥ལི་སྐོར་ཕྱ་རུ་བའི་སྐོར་ཏེ་སྐལ་ལྡན་གྱི་གདུལ་བྱ་ཐུགས་སྲས་བུ་ཆེན་རྣམས་རྗེས་སུ་བཟུང་བའི་སྐོར། ༤༦ཐུགས་སྲས་དང་ཉ་མ་རྣམས་ལ་སྔ་ཕྱི་ངེས་མེད་དུ་གསུངས་པ། བུ་སློབ་དང་ཉ་མའི་ཞུས་ལན་གྱི་སྐོར། ༤༧བོན་པོ་རིའི་སྐོར། ༤༨དབང་བསྐུར་དང་རབ་གནས་ཀྱི་སྐོར། ༤༩གཤེན་རྡོར་མོ་དང་ལེགས་སེ་འབུམ་གྱི་སྐོར། ༥༠འཆི་བྲོད་ཐིགས་ཚགས་མའི་སྐོར། ༥༡བདུད་འདུལ་ཕུག་མོ་ཆེ་དེར་སྐྱོ་སངས་ལ་བྱོན་པ་ཆང་གླུའི་སྐོར། ༥༢རམ་སྡིངས་གནམ་ཕུག་མའི་སྐོར། ༥༣རས་ཆུང་དབུས་བཞུད་ཀྱི་སྐོར། ༥༤ཐོང་ལའི་སྐོར། ༥༥གཤིན་དོན་ཐུགས་རྗེའི་ལྕགས་ཀྱུ་དང་སྲིང་མོ་པེ་ཏ་བྱང་ཆུབ་ལ་བཀོད་པའི་སྐོར། ༥༦གཉའ་ནང་པའི་ཉ་མ་རྣམས་ལ་མཇུག་གི་ཞལ་གདམས་གསུངས་པའི་སྐོར། ༥༧ལྷ་རྗེ་གཡང་ངེའི་སྐོར། ༥༨དབུས་བཞུད་ཕྱི་མའི་སྐོར། ༥༩བཀྲ་ཤིས་བརྩེགས་ཀྱི་སྐོར། ༦༠མཛེས་སེ་དང་ཁུ་བྱུག་ལ་སོགས་བྲིན་གྱི་ཉ་མ་སྤྱིའི་སྐོར། ༦༡བདུད་བཞི་ལས་རྒྱལ་བ་དང་། སྔགས་པའི་ཞུས་ལན་གྱི་སྐོར། ༦༢བུ་སློབ་རྣམས་སྤྲོ་བ་བསྐྱེད་པ་བཀོད་པ་སྐུའི་རྫུ་འཕྲུལ་བསྟན་པའི་སྐོར་ཏེ། ཁ་འཐོར་སྣ་ཚོགས་ཀྱི་སྐོར། ༦༣པར་བྱང་སྨོན་ཚིག


༄༅། །རྗེ་བཙུན་མི་ལ་རས་པའི་རྣམ་ཐར་རྒྱས་པར་ཕྱེ་བ་མགུར་འབུམ་ཞེས་བྱ་བ་བཞུགས་སོ། །


༄༅༅། །ན་མོ་གུ་རུ། རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པ་དེ་ཉིད། མཆོང་ལུང་ཁྱུང་གི་རྫོང་ན་འོད་གསལ་ཕྱག་རྒྱ་ཆེན་པོའི་ངང་ལ་བཞུགས་པའི་དུས། ནམ་ཞིག་གི་ཚེ་འཚོ་བའི་སྟ་གོན་ལ་བཞེངས་པས། ཕྱེ་ཚྭ་ཆུ་སྡོར་དག་ལྟ་ཅི་སྨོས་ཏེ། སྒོ་ཁ་ན་ཤིང་ཡང་མི་འདུག །ཐབ་ཁ་ན་ཆུ་དང་མེ་ཡང་མི་འདུག་པས། ངའི་འདི་ཧ་ཅང་རང་ཡང་བློས་བཏང་དྲགས་འདུག་པས། ཤིང་ཞིག་འཐུ་རུ་འགྲོ་དགོས་དགོངས་ནས་བྱོན་ཏེ། ཤིང་ཐུ་བ་གང་ཙམ་རྙེད་པའི་ཚེ། རླུང་ཆེན་པོ་ཞིག་གློ་བུར་དུ་ལངས་ནས། རས་བཟུང་ཚེ་ཤིང་ཁྱེར། ཤིང་བཟུང་ཚེ་རས་ཁྱེར་བ་ལས། ཐུགས་དགོངས་ལ། ངས་སྔར་རི་ཁྲོད་དུ་དེ་ཙམ་ཞིག་བསྡད་རུང་། ད་དུང་བདག་འཛིན་བློས་མ་ཐོངས་པར་འདུག །བདག་འཛིན་བློས་མ་ཐོངས་པའི་ཆོས་དང་སྒྲུབ་པས་ཅི་བྱེད་སྙམ། རས་དགའ་ན་རས་ཁྱེར། ཤིང་དགའ་ན་ཤིང་ཁྱེར་གསུངས་གཉིས་ཀ་བློས་བཏང་སྟེ་བཞུགས་པས། འཚོ་བ་ངན་པའི་སྟོབས་ཀྱིས་བསེར་མའི་རྣམ་པས་ཡུག་ཅིག་ཐུགས་དྲན་མེད་དུ་ཐིམ་པ་ལས་བཞེངས་པའི་ཚེ། རླུང་ཞི་བ་དང་རས་དེ་ཤིང་སྡོང་ཞིག་གི་རྩེ་ལ་ལིང་ངེ་འདུག་པ་དང་། ཐུགས་སྐྱོ་བའི་ཉམས་ཤར་བའི་ངང་ལ་ཕ་བོང་ལུག་རོ་ཙམ་ཞིག་གི་ཁར། མཉམ་པར་བཞག་པའི་མཐར། ཤར་ཕྱོགས་གྲོ་བོ་ལུང་གི་ཕྱོགས་སུ་སྤྲིན་དཀར་པོ་ཞིག་ལིང་བྱུང་བས། སྤྲིན་ཕ་གིའི་འོག་ན་གྲོ་བོ་ལུང་གི་དགོན་པ་ཡོད། དེ་ན་ངའི་བླ་མ་སྒྲ་སྒྱུར་མར་པ་ལོ་ཙཱ་དེ་བཞུགས་ཏེ་སྙམ་པ་དང་། བླ་མ་ཡབ་ཡུམ་མཆེད་གྲོགས་རྡོ་རྗེ་སྤུན་གྱི་འཁོར་དང་བཅས་པའི་དབུས་ན་རྒྱུད་ཀྱི་བཤད་པ་དབང་དང་གདམས་ངག་རྣམས་གནང་ཚུལ་དྲན་ནས། ད་ལྟ་བཞུགས་ན་ཅི་ལ་ཐུག་རུང་མཇལ་དུ་འགྲོ་བ་ཡིན་ཏེ་དགོངས་པ་དང་། སྔར་གྱི་སྐྱོ་ཤས་དེའི་ཁར་བླ་མ་དྲན་དྲགས་ཐུགས་སྐྱོ་བ་ལ་ཚད་ལས་འདས་པ་ཞིག་གི་ངང་ནས། སྤྱན་ཆབ་མང་པོ་བསིལ་ཞིང་ཐུགས་སྐྱོ་བའི་གདུང་དབྱངས་བླ་མ་དྲན་དྲུག་གི་མགུར་འདི་གསུངས་སོ། །ཕ་དྲན་པས་གདུང་སེལ་མར་པའི་ཞབས། །སྤྲང་གདུང་དབྱངས་ཐལ་ལོ་མར་པ་རྗེ། །བྲག་དམར་མཆོང་ལུང་ཤར་ཕྱོགས་ན། །ཆུ་འཛིན་སྤྲིན་དཀར་ལང་མ་ལིང་། །སྤྲིན་དཀར་པོ་ལྡིང་བའི་འོག་ཅིག་ན། །རྒྱབ་རི་གླང་ཆེན་འགྱིངས་དྲའི་མདུན་ཞིག་ན། །མདུན་རི་སེང་ཆེན་འགྱིངས་འདྲའི་སྟེང་ཞིག་ན། །གནས་ཆེན་གྲོ་བོ་ལུང་གི་དགོན་པ་ན། །རྡོ་ཆེན་ཨ་མོ་ལི་ཀའི་ཁྲི་སྟེང་ན། །གདན་ཁྲི་སྙན་ས་ལེའི་པགས་སྟེང་ན། །དེ་ན་སུ་བཞུགས་སུ་མི་བཞུགས། །དེ་ན་སྒྲ་སྒྱུར་མར་པ་བཞུགས། །དུས་ད་ལྟ་བཞུགས་ན་དགའ་བ་ལ། །ང་མོས་གུས་ཆུང་ཡང་མཇལ་སྙིང་འདོད། །གདུང་སེམས་ཆུང་ཡང་མཇལ་སྙིང་འདོད། །ང་བསམ་ཞིང་མཚན་ལྡན་བླ་མ་དྲན། །སྒོམ་ཞིང་མར་པ་ལོ་ཙྪ་དྲན། །ཡུམ་མ་ལས་ལྷག་པའི་བདག་མེད་མ། །དུས་ད་ལྟ་བཞུགས་ན་དགའ་བ་ལ། །ས་བསྐོར་ཐག་རིང་ཡང་མཇལ་སྙིང་འདོད། །ལམ་བགྲོད་པར་དཀའ་ཡང་མཇལ་སྙིང་འདོད། །བསམ་ཞིང་མཚན་ལྡན་བླ་མ་དྲན། །སྒོམ་ཞིང་མར་པ་ལོ་ཙཱ་དྲན། །རྒྱུད་ཟབ་མོ་དགྱེས་པ་རྡོ་རྗེ་དེ། །དུས་ད་ལྟ་གསུངས་ན་དགའ་བ་ལ། །ང་ཤེས་རབ་ཆུང་ཡང་འཛིན་སྙིང་འདོད། །བློ་གྲོས་ཆུང་ཡང་སྐྱོར་སྙིང་འདོད། །བསམ་ཞིང་མཚན་ལྡན་བླ་མ་དྲན། །སྒོམ་ཞིང་མར་པ་ལོ་ཙྪ་དྲན། །སྙན་བརྒྱུད་བརྡ་ཡི་དབང་བཞི་དེ། །ད་ལྟ་བསྐུར་ན་དགའ་བ་ལ། །ང་འབུལ་བ་ཆུང་རུང་ཞུ་སྙིང་འདོད། །དབང་ཡོན་མེད་རུང་ཞུ་སྙིང་འདོད། །བསམ་ཞིང་མཚན་ལྡན་བླ་མ་དྲན། །སྒོམ་ཞིང་མར་པ་ལོ་ཙྪ་དྲན། །ཁྲིད་ཟབ་མོ་ནཱ་རོ་ཆོས་དྲུག་དེ། །ད་ལྟ་གསུང་ན་དགའ་བ་ལ། །ང་སྙིང་རུས་ཆུང་རུང་ཞུ་སྙིང་འདོད། །ང་སྒོམ་བསྲན་ཆུང་རུང་སྒོམ་སྙིང་འདོད། །བསམ་ཞིང་མཚན་ལྡན་བླ་མ་དྲན། །སྒོམ་ཞིང་མར་པ་ལོ་ཙྪ་དྲན། །མཆེད་གྲོགས་དབུས་གཙང་དད་འདུས་དེ། །ད་ལྟ་བཞུགས་ན་དགའ་བ་ལ། །ང་ཉམས་རྟོགས་ངན་རུང་བསྡུར་སྙིང་འདོད། །གོ་བ་ཞན་རུང་བསྡུར་སྙིང་འདོད། །བསམ་ཞིང་མཚན་ལྡན་བླ་མ་དྲན། །སྒོམ་ཞིང་མར་པ་ལོ་ཙྪ་དྲན། །སྤྲང་མོས་གུས་ཀྱི་ངང་ནས་འབྲལ་མེད་ཀྱང་། །བླ་མ་སྙིང་ནས་དྲན་པ་ཡི། །འདོད་པས་གདུངས་ནས་བཟོད་གླགས་མེད། །དབུགས་སྟོད་དུ་འཚངས་ནས་སྐད་མ་ཐོན། །བུ་ཡི་གདུང་བ་སོལ་ཅིག་བཀའ་དྲིན་ཅན། །ཞེས་གསུངས་པས། སྤྲིན་དེ་དར་སྣ་ལྔའི་ཡུག་བརྐྱངས་པ་ལྟ་བུ་ཞིག་ཏུ་གྱུར་པའི་རྩེ་ལ། རྗེ་མར་པ་དེ་ཉིད་སྔར་བས་ཀྱང་གཟི་བརྗིད་ཆེ་བ་ཞིག་སེང་གེ་དཀར་མོ་རྒྱན་དུ་མས་བརྒྱན་པ་ཞིག་ལ་ཆིབས་ནས་བྱོན་ཏེ། བུ་མཐུ་ཆེན་ཁྱོད་ད་ལན་གདུང་བ་དྲག་པོས་ང་འབོད་པ་དེ་ཅི་བྱུང་། བླ་མ་དང་ཡི་དམ་དཀོན་མཆོག་ལ་ཡི་ཆད་དམ། རྟོག་པ་རྐྱེན་ངན་གྱི་ཡུལ་ཕྱིར་འབྲངས་སམ། སྒྲུབ་ཁང་དུ་ཆོས་བརྒྱད་ཀྱི་བར་ཆད་ཞུགས་སམ། རེ་དོགས་ཀྱི་འགོང་པོས་བློ་གཙེར་བས་ཡིད་སུན་ནམ། ཡང་ཡར་བླ་མ་དཀོན་མཆོག་ལ་ཞབས་ཏོག །མར་རིགས་དྲུག་གི་སེམས་ཅན་ལ་སྦྱིན་གཏོང་། བར་དུ་ཁྱོད་རང་ལ་སྡིག་སྒྲིབ་དག་པ་དང་ཡོན་ཏན་སྐྱེ་བའི་མཐུན་རྐྱེན་བཟང་པོ་མ་བྱུང་བ་ཡིན་ནམ། ཅི་ཡིན་རུང་ཁྱོད་དང་ང་ལ་འབྲལ་ཐབས་མེད་ཀྱིས། སྒྲུབ་པས་བསྟན་པ་དང་སེམས་ཅན་གྱི་དོན་གྱིས་ཤིག་གསུངས་པའི་ཉམས་ཤིག་ཤར་བས། དགྱེས་དྲགས་བཟོད་གླགས་མེད་པའི་ངང་ནས། ཉམས་ཤར་གྱི་གསུང་ལན་དུ་མགུར་འདི་བཞེས་སོ། །ཕ་བླ་མའི་ཞལ་མཐོང་གསུང་ཐོས་པས། །སྤྲང་པོའི་སྙིང་རླུང་ཉམས་སུ་ཤར། །བླ་མའི་རྣམ་ཐར་དྲན་པ་ཡིས། །རྟོགས་པ་མོས་གུས་གཏིང་ནས་སྐྱེས། །ཐུགས་རྗེ་བྱིན་རླབས་དངོས་སུ་ཞུགས། །ཆོས་མིན་སྣང་བ་ཐམས་ཅད་འགགས། །བླ་མ་དྲན་པའི་གདུང་དབྱངས་འདི། །རྗེ་བཙུན་སྙན་ལ་གཟན་ལགས་ཀྱང་། །སྤྲང་ལ་སྣང་བ་འདི་བས་མེད། །ད་དུང་བགྱིད་དོ་ཐུགས་རྗེས་སྐྱོབས། །སྙིང་རུས་སྡུག་སྲན་གྱི་སྒྲུབ་པ་འདི། །ཕ་བླ་མ་མཉེས་པའི་ཞབས་ཏོག་ཡིན། །གཅིག་པུར་རི་ཁྲོད་འགྲིམ་པ་འདི། །མཁའ་འགྲོ་མཉེས་པའི་ཞབས་ཏོག་ཡིན། །རང་རྩིས་མེད་པའི་དམ་ཆོས་འདི། །སངས་རྒྱས་བསྟན་པའི་ཞབས་ཏོག་ཡིན། །ཚེ་དང་སྒྲུབ་པ་སྙོམས་པ་འདི། །མགོན་མེད་སེམས་ཅན་གྱི་སྦྱིན་གཏོང་ཡིན། །ན་དགའ་ཤི་སྐྱིད་སྙིང་རུས་འདི། །ལས་སྡིག་སྒྲིབ་སྦྱོང་བའི་ཕྱགས་ཤིང་ཡིན། །སྡིག་ཟས་སྤངས་པའི་དཀའ་ཐུབ་འདི། །ཉམས་རྟོགས་སྐྱེ་བའི་མཐུན་རྐྱེན་ཡིན། །ཕ་བླ་མའི་དྲིན་ལན་སྒྲུབ་པས་འཇལ། །བུ་ཐུགས་རྗེས་སྐྱོངས་ཤིག་གུ་རུ་རྗེ། །སྤྲང་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །ཞེས་གསུངས། ཐུགས་སྤྲོ་སིང་ངེ་བའི་ངང་ནས་རས་གོས་དེ་བཞེས། ཤིང་མཚོན་པ་ཞིག་ཁྱེར་ནས་སྒྲུབ་ཁང་དུ་བྱོན་པས། སྤྱིལ་པོ་ན་ལྕགས་ཀྱི་ཨ་ཙ་ར་མིག་ཕོར་ཁོག་ཙམ་བགྲད་པ་ལྔ་འདུག་པ་ལས། གཅིག་རྗེ་བཙུན་གྱི་གཟིམ་མལ་ན་བསྡད་ནས་ཆོས་འཆད། གཉིས་ཀྱིས་ཉན། གཅིག་གིས་ལྟོ་གཡོ། གཅིག་གིས་ཕྱག་དཔེ་རྣམས་གཡེང་ཞིང་འདུག་པས། ཐོག་མར་ཟིལ་བུན་པ་ཞིག་བྱུང་། དེ་རྗེས་གཞི་བདག་མ་དགའ་བའི་ཆོ་འཕྲུལ་ཡིན་པར་འདུག །ང་གནས་གང་དུ་སྡོད་རུང་གཏོར་མ་གཏོང་རྒྱུ་ནི་མེད། བསྟོད་པ་རེ་མ་བྱས་པ་མེད་པས། གནས་འདི་ལའང་བསྟོད་པ་ཞིག་བྱེད་དགོས་པ་ཡིན་འོང་དགོངས་ཏེ། གནས་ལ་བསྟོད་པའི་མགུར་འདི་གསུངས་སོ། །ཨེ་མ་རི་ཁྲོད་དབེན་པའི་གནས། །རྒྱལ་བ་བྱང་ཆུབ་མཉེས་པའི་ས། །གྲུབ་ཐོབ་རྣམས་ཀྱིས་བཞུགས་པའི་ཤུལ། །མི་ང་རང་གཅིག་པུར་འདུག་པའི་ཡུལ། །བྲག་དམར་མཆོང་ལུང་ཁྱུང་གི་རྫོང་། །སྟེང་ན་ལྷོ་སྤྲིན་ཁོར་མ་ཁོར། །འོག་ན་གཙང་ཆབ་གྱ་མ་གྱུ། །བར་ན་རྒོད་པོ་ལང་མ་ལིང་། །རྩི་ཤིང་སྣ་ཚོགས་བན་མ་བུན། །ལྗོན་ཤིང་གར་སྟབས་ཤིགས་སེ་ཤིག །བུང་བ་གླུ་ལེན་ཁོ་རོ་རོ། །མེ་ཏོག་དྲི་ངད་ཆི་ལི་ལི། །བྱ་རྣམས་སྐད་སྙན་ཀྱུ་རུ་རུ། །དེ་འདྲའི་བྲག་དམར་མཆོང་ལུང་ན། །བྱ་དང་བྱིའུ་གཤོག་རྩལ་སྦྱོང་། །སྤྲ་དང་སྤྲེའུ་ཡང་རྩལ་སྦྱོང་། །རི་དྭགས་སྣ་ཚོགས་བང་རྩལ་སྦྱོང་། །ང་མི་ལ་རས་པ་ཉམས་རྩལ་སྦྱོང་། །ཉམས་རྩལ་བྱང་ཆུབ་སེམས་གཉིས་སྦྱོང་། །ང་དང་དབེན་གནས་གཞི་བདག་མཐུན། །ཁྱེད་འདིར་ཚོགས་འབྱུང་པོ་མི་མ་ཡིན། །བྱམས་སྙིང་རྗེའི་བདུད་རྩི་འདི་འཐུངས་ལ། །རང་རང་སོ་སོའི་གནས་སུ་དེངས། །ཞེས་གསུངས་པས། ཨ་ཙ་ར་དེ་རྣམས་རྗེ་བཙུན་ལ་མི་དགའ་བའི་རྣམ་པས། ཕན་ཚུན་སྡང་མིག་གི་འགྲོས་ཤིག་ཤིག་པའི་ངང་ནས། ཨ་ཙ་ར་གཉིས་བསྣན་ཏེ། བདུན་དུ་སོང་བའི་ལ་ལས་ཨཾ་གཙིགས་བསྡམས། ལ་ལ་སོ་ཁྲིག་ཁྲིག་བྱེད་ཅིང་མཆེ་བ་གཙིགས། ལ་ལ་དགོད་ཅིང་སྐད་དྲག་པོ་འདོན། ཀུན་དྲིལ་ནས་རྡེག་སྟངས་དང་སྡིགས་མོ་བྱེད་དུ་བྱུང་བས། མི་མ་ཡིན་གྱི་བར་ཆད་རྩོམ་པར་དགོངས་ནས། ཁྲོ་བོའི་ལྟ་སྟངས་ཀྱི་ངང་ནས་དྲག་སྔགས་བཟླས་རུང་མ་སོང་། སྙིང་རྗེ་ཆེན་པོ་ཐུགས་ལ་འཁྲུངས་ནས་ཆོས་བཤད་རུང་འགྲོར་མ་འདོད་པའི་ཚེ། ཐུགས་ལ། ང་ལ་ལྷོ་བྲག་མར་པས་ཆོས་ཐམས་ཅད་རང་སེམས་སུ་ངོ་སྤྲད་ཅིང་། རང་སེམས་འོད་གསལ་སྟོང་པར་ཁོ་ཐག་ཆོད་པ་ལ། གདོན་བགེགས་ཕྱི་རོལ་དུ་བཟུང་ནས་སོང་ན་དགའ་བ་འདི་བྱེད་དོན་མི་འདུག་དགོངས། མི་འཇིགས་པའི་གདེངས་མངོན་དུ་གྱུར་ནས། ལྟ་བ་གདེངས་དང་ལྡན་པའི་མགུར་འདི་གསུངས་སོ། །ཕ་བདུད་བཞིའི་དམག་དཔུང་ལས་རྒྱལ་བ། །སྒྲ་སྒྱུར་མར་པའི་ཞབས་ལ་འདུད། །མི་ང་དག་ང་རང་མི་ཟེར་ཏེ། །ང་ནི་དར་སེང་དཀར་མོའི་བུ། །ཨ་མའི་མངལ་ནས་རྩལ་གསུམ་རྫོགས། །ཕྲུ་གུའི་ལོ་ལ་ཚང་དུ་ཉལ། །ཐོང་བའི་ལོ་ལ་ཚང་སྒོ་བསྲུངས། །དར་མའི་ལོ་ལ་གངས་སྟོད་འགྲིམས། །ང་གངས་བུ་ཡུག་འཚུབས་རུང་ཡ་མི་ང་། །བྲག་གཡང་ས་ཆེ་རུང་བག་མི་ཚ། །མི་ང་དག་ང་རང་མི་ཟེར་ཏེ། །ང་ནི་བྱ་རྒྱལ་ཁྱུང་གི་བུ། །སྒོ་ངའི་ནང་ནས་གཤོག་སྒྲོ་རྒྱས། །ཕྲུ་གུའི་ལོ་ལ་ཚང་དུ་ཉལ། །ཐོང་བའི་ལོ་ལ་ཚང་སྒོ་བསྲུངས། །ཁྱུང་ཆེན་དར་མའི་ལོ་ལ་ནམ་འཕངས་བཅད། །ང་གནམ་ཁ་ཞེང་ཆེ་རུང་ཡ་མི་ང་། །ས་ལུང་སྲོལ་དོག་རུང་བག་མི་ཚ། །མི་ང་དག་ང་རང་མི་ཟེར་ཏེ། །ང་ནི་ཉ་ཆེན་ཡོར་མོའི་བུ། །ཨ་མའི་མངལ་ནས་གསེར་མིག་འཁྱིལ། །ཕྲུ་གུའི་ལོ་ལ་ཚང་དུ་ཉལ། །ཐོང་བའི་ལོ་ལ་ཆུ་སྣ་དྲངས། །ཉ་ཆེན་དར་མའི་ལོ་ལ་མཚོ་མཐའ་བསྐོར། །ང་མཚོ་རྦ་རླབས་ཆེ་རུང་ཡ་མི་ང་། །དོལ་ལྕགས་ཀྱུ་མང་རུང་བག་མི་ཚ། །མི་ང་དག་ང་རང་མི་ཟེར་ཏེ། །ང་ནི་བཀའ་བརྒྱུད་བླ་མའི་སྲས། །ཨ་མའི་མངལ་ནས་དད་པ་སྐྱེས། །ཕྲུ་གུའི་ལོ་ལ་ཆོས་སྒོར་ཞུགས། །ཐོང་བའི་ལོ་ལ་སློབ་གཉེར་བྱས། །སྒོམ་ཆེན་དར་མའི་ལོ་ལ་རི་ཁྲོད་འགྲིམས། །ང་འདྲེ་གདུག་རྩུབ་ཆེ་རུང་ཡ་མི་ང་། །གདོན་ཆོ་འཕྲུལ་མང་རུང་བག་མི་ཚ། །སེང་གངས་ལ་འགྱིང་བ་སྦར་མི་འཁྱག །སེང་གི་གངས་ལ་སྦར་འཁྱག་ན། །རྩལ་གསུམ་རྫོགས་པ་དོན་རེ་ཆུང་། །ཁྱུང་མཁའ་ལ་འཕུར་བ་ལྷུང་མི་སྲིད། །ཁྱུང་ཆེན་མཁའ་ནས་ལྷུང་སྲིད་ན། །གཤོག་སྒྲོ་རྒྱས་པ་དོན་རེ་ཆུང་། །ཉ་ཆབ་ལ་འཕྱོ་བ་འཚུབ་མི་སྲིད། །ཉ་ཆེན་ཆུ་ཡིས་འཚུབ་སྲིད་ན། །ཆུ་ནང་སྐྱེས་པ་དོན་རེ་ཆུང་། །ལྕགས་ཀྱི་ཕ་བོང་རྡོས་མི་ཤིགས། །ལྕགས་ཀྱི་ཕ་བོང་རྡོས་ཤིགས་ན། །ཞུན་ཐར་བྱས་པ་དོན་རེ་ཆུང་། །ང་མི་ལ་རས་པ་འདྲེས་མི་འཇིགས། །མི་ལ་རས་པ་འདྲེས་འཇིགས་ན། །གནས་ལུགས་རྟོགས་པ་དོན་རེ་ཆུང་། །ཁྱེད་འདིར་བྱོན་འདྲེ་གདོན་བགེགས་ཀྱི་ཚོགས། །ད་ལན་ཡོངས་པ་ངོ་མཚར་ཆེ། །མི་རིངས་གློད་ལ་རྒྱུན་དུ་བཞུགས། །བཀའ་མཆིད་གསུང་གླེང་ཞིབ་ཏུ་བགྱི། །རིངས་རུང་དོ་ནུབ་ཅིས་ཀྱང་སྡོད། །འོ་སྐོལ་སྒོ་གསུམ་རྩལ་འགྲན་ཞིང་། །དཀར་ནག་ཆོས་ཀྱི་ཆེ་ཁྱད་ལྟ། །ཁྱེད་བར་ཆད་མི་ཚུགས་མི་ལྡོག་འོང་། །བར་ཆད་མ་ཚུགས་ལོག་གྱུར་ན། །ད་ལན་འོངས་པ་ཁ་རེ་སྐྱེངས། །ཞེས་གསུངས་ནས་ཐུགས་དམ་གྱི་ང་རྒྱལ་བཞེངས་ཏེ། ནང་དུ་ཐལ་གྱིས་བྱོན་པས། ཨ་ཙ་ར་རྣམས་འཇིགས་སྐྲག་དངངས་ནས། མིག་རིག་རིག་བྱེད་ཅིང་། ལུས་འདར་བའི་སྟོབས་ཀྱིས་ཕུག་པའི་ནང་ཀུན་ཀྱང་། འདར་ཡེ་མེ་བ་ཞིག་བྱས་ཏེ་རིངས་སྟབས་སུ་གཅིག་ལ་ཀུན་ཐིམ་པའི་མཐར། གཅིག་པོ་ཡང་རླུང་འཚུབ་ཁྱིལ་བ་ཞིག་བྱས་ནས་མེད་པར་སོང་བ་དང་། རྗེ་བཙུན་གྱི་ཐུགས་དགོངས་ལ། བགེགས་ཀྱི་རྒྱལ་པོ་བི་ན་ཡ་ཀས་གླགས་ཚོལ་དུ་འདུག །སྔ་མའི་རླུང་དེ་ཡང་ཁོའི་ཆོ་འཕྲུལ་ཡིན་པར་འདུག་སྟེ། བླ་མའི་ཐུགས་རྗེས་གླགས་མ་རྙེད་དགོངས་པ་དང་། དེ་རྗེས་ཐུགས་དམ་ལ་བོགས་བསམ་གྱིས་མི་ཁྱབ་པ་བྱུང་བ་ཡིན་ནོ། །བགེགས་ཀྱི་རྒྱལ་པོ་བི་ན་ཡ་ཀས་རྐྱེན་བྱས་པ། བླ་མ་དྲན་དྲུག་གི་སྐོར་རམ། བྲག་དམར་མཆོང་ལུང་གི་སྐོར་རམ། མི་ལ་ཤིང་འཐུའི་སྐོར་ཞེས་ཀྱང་བྱ་སྟེ། དོན་གཅིག་ལ་མཚན་གསུམ་ལྡན་གྱི་སྐོར་ཚོ་དགེའོ།། །།


༈ ན་མོ་གུ་རུ། རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པ་དེ་ཉིད། མཆོང་ལུང་བྲག་ལ་བཞུགས་པ་ལས། བླ་མའི་བཀའ་སྒྲུབ་ཕྱིར་མཐོང་ལ་བརྒྱུད་དེ་ལ་ཕྱི་གངས་ཀྱི་ར་བ་ལ་སྒོམ་དུ་བྱོན་པས་ལ་ཕྱིའི་གནས་སྒོ་གཉའ་ནང་རྩར་མར་ཕྱག་ཕེབས་པའི་ཚེ། རྩར་མ་བ་རྣམས་ཆང་ས་ཆེན་པོ་ཞིག་བྱེད་ཅིང་ཡོད་པའི་གྲལ་གཏམ་ལ་ད་ལྟ་མི་ལ་རས་པ་ཞེས་བྱ་བ། འཚོ་བ་དཀའ་ཐུབ་རང་ལ་བརྟེན་ནས་གནས་མི་མེད་ཀྱི་རི་ཁྲོད་རང་ལ་བཞུགས་པའི་ཆོས་པ་རྣམ་དག་རང་ཞིག་ཡོད་པར་འདུག་ཅེས། རྗེ་བཙུན་གྱི་སྙན་པ་བརྗོད་ཅིང་ཡོད་པའི་ཚེ། རྗེ་བཙུན་ཁོང་ཚོའི་སྒོ་དྲུང་དུ་ཕེབས་པས། བུད་མེད་གཞོན་ནུ་མ་བཞིན་དང་རྒྱན་བཟང་པོས་སྤྲས་པ་ཞིག་ཕྱིར་ཐོན་བྱུང་བ་དེ་ལེགས་སེ་འབུམ་ཡིན་ཏེ་མོ་ན་རེ། རྣལ་འབྱོར་པ་ཁྱོད་གང་ནས་ཡིན་ཟེར་བ་ལ། རྗེ་བཙུན་གྱིས་ང་ངེས་མེད་ཀྱི་རི་ལ་སྡོད་པའི་སྒོམ་ཆེན་མི་ལ་རས་པ་ཟེར་བ་ཞིག་ཡིན། ཡོན་བདག་མོ་ཁྱོད་ལ་བཟའ་བཏུང་ཟས་ཀྱི་འབྲེལ་བ་ཞིག་སློང་བས་སྟེར་དགོས་གསུངས་པས། མོ་ན་རེ་འཚོ་བ་དྲངས་པས་ཆོག་ཁྱེད་མི་ལ་རས་པ་ཟེར་བ་དེ་ཡིན་རང་ཡིན་ནམ་ཟེར་བས། རྗེ་བཙུན་གྱིས་དེ་ལ་རྫུན་ཟེར་དོན་མེད་གསུངས་པས། མོ་དགའ་ནས་རྟབ་རྟོབ་ཏུ་ནང་དུ་ཕྱིན་ཏེ་གྲལ་པ་རྣམས་ལ་སྔ་གོང་ཐག་རིང་ན་འདུག་ཟེར་བའི་ཆོས་པ་དགའ་མོ་དེ་ད་ལྟ་རང་རེའི་སྒོ་དྲུང་ན་ཕེབས་གདའོ་བྱས་པས། ཀུན་ཕྱིར་ཐོན་ཏེ་ལ་ལས་ཕྱག་འབུལ། ལ་ལས་ལོ་རྒྱུས་ཞིབ་ཏུ་དྲིས་ནས། རྗེ་བཙུན་ཡིན་པར་ངེས་པ་དང་། ནང་དུ་སྤྱན་དྲངས་བསྙེན་བཀུར་ཕུན་སུམ་ཚོགས་པ་ཕུལ་ཏེ། ཀུན་དད་དད་མོས་མོས་སུ་འདུག་པ་ལ། གྲལ་འགོ་ན་ཡོན་བདག་ཕྱུག་པོ་གཞོན་ནུ་མ་ཞིག་འདུག་པ་དེ་གཤེན་རྡོར་མོ་ཡིན་ཏེ། ཁོས་རྗེ་བཙུན་ལ་ཞལ་ཏ་ཞིབ་རྒྱས་ཞུས་པའི་མཐར་ད་བླ་མ་གང་དུ་འབྱོན་ཟེར་བ་ལ། ང་ལ་ཕྱི་ལ་སྒོམ་དུ་འགྲོ་གསུངས་པས། ཁོ་ན་རེ་དེ་བས་ངེད་ཀྱི་འདྲེ་ལུང་སྐྱོག་མོར་བཞུགས་ནས་ས་གཞི་བྱིན་གྱིས་རློབ་དགོས། ཞབས་ཏོག་ཀྱང་འོ་མི་བརྒྱལ་བ་འབུལ་ཟེར་བས། དེ་ན་སྟོན་པ་ཞིག་འདུག་པ་ན་རེ་ཡོན་མཆོད་གཉིས་མཐུན་བྱུང་ལ་ཕྱི་ཀ་འདྲེ་ལུང་སྐྱོག་མོའི་མིང་ཡིན། ད་བླ་མ་དེར་བཞུགས་པ་བྱུང་ན་བདག་ཀྱང་ཅི་ལྕོགས་ཀྱི་ཞབས་ཏོག་འབུལ་ཞིང་ཆོས་ཞུ་ཟེར་ཏེ། སྟོན་པ་ཤཱཀྱ་གུ་ན་ཡིན་ནོ། །དེ་རྗེས་ཡོན་བདག་དེ་ན་རེ། དེས་ན་ཨ་ལ་ལ་ངེད་ཀྱི་འབྲོག་ས་དགའ་མོ་རང་ཞིག་ཡོད་པ་ལ་འདྲེའི་གནོད་པ་མངོན་སུམ་དུ་འོང་བ་མང་དྲགས་འཇིགས་ནས་འབྲོག་ཚུགས་སུ་ཡེ་མ་འདོད་ད་མྱུར་དུ་ཕེབས་པར་ཞུ་ཟེར་ཚོགས་པ་ཀུན་གྱིས་ཕྱག་ཕུལ་བས། རྗེ་བཙུན་གྱི་ཞལ་ནས་ང་མྱུར་དུ་འགྲོ་སྟེ་ཁྱེད་ཀྱི་འབྲོག་གི་ཕྱིར་འགྲོ་བ་མ་ཡིན། ང་ལ་བླ་མའི་བཀའ་ཞིག་ཡོད་པས་དེ་སྒྲུབ་ཏུ་འགྲོ་བ་ཡིན་གསུངས་པས། ཁོང་རྣམས་ན་རེ་ངེད་ལ་དེ་ཀས་ཆོག་ད་འཚོ་ཆས་བཟང་པོ་དང་བཅས་ཏེ་ཞབས་ཏོག་པ་གཏོང་ཟེར་བས། རྗེ་བཙུན་གྱི་ཞལ་ནས་ང་རི་ཁྲོད་དུ་གྲོགས་དང་འཚོ་བ་བཟང་པོ་རང་བསྟེན་པའི་མི་ཞིག་མིན་པས་ཐོག་མར་ང་རང་གཅིག་པུར་འགྲོ། ཁྱེད་རྣམས་ཞབས་ཏོག་བྱེད་པ་ངོ་མཚར་ཆེ་བས་རྟིང་སོར་ལྟ་གསུངས། རྗེ་བཙུན་རང་ལ་ཕྱི་གངས་ལ་བྱོན་པས། ལ་རྩེར་ཕེབས་པ་ན་མི་མ་ཡིན་གྱི་ཆོ་འཕྲུལ་དྲག་པོ་བྱུང་། ལའི་གཟུག་ཕེབས་འཕྲལ་ནམ་མཁའ་འཚུབ། དྲག་པོའི་འབྲུག་ལྡིར་ཞིང་། གློག་འཁྱུག་པ་དང་། ལུང་པ་ཕན་ཚུན་གྱི་རི་ནུར་ནས། ཕུ་ཆུ་འཁྱིལ་ཏེ་རྦ་རླབས་དྲག་པོ་འཁྲུག་པའི་མཚོ་ཆེན་པོ་ཞིག་ཏུ་གྱུར་པ་ལ། རྗེ་བཙུན་གྱིས་ལྟ་སྟངས་མཛད་ཕྱག་འཁར་བསྣུན་པས། མཚོ་ཞབས་ནས་ཟགས་ཏེ་མེད་པར་སོང་བ་ལ་རྨུ་རྫིང་དུ་གྲགས། དེ་ནས་མར་ཅུང་ཟད་བྱོན་པས་མི་མ་ཡིན་རྣམས་ཀྱིས་རི་ཕན་ཚུན་བསྙིལ་བའི་བར་ལ་ཕ་བོང་མང་པོ་རྦ་རླབས་འཁྲུག་ཅིང་བྱུང་བའི་ཚེ་མཁའ་འགྲོས་ལུང་པ་ཕན་ཚུན་གྱི་བར་དུ་རི་སྦྲུལ་ཐུར་དུ་རྒྱུགས་པ་འདྲ་བ་ཞིག་གི་ལམ་ཕུལ་བས། རྦབ་ཞི་བའི་ལམ་དེ་ལ་མཁའ་འགྲོ་སྒང་ལམ་དུ་གྲགས། དེ་ནས་མི་མ་ཡིན་སྟོབས་ཆུང་བ་རྣམས་རང་ཞི་ལ་སོང་། ཆེ་བ་རྣམས་གླགས་མི་རྙེད་རུང་ད་དུང་གླགས་ཚོལ་བ་ལ་མཁའ་འགྲོ་སྒང་ལམ་རྫོགས་མཚམས་སུ། རྗེ་བཙུན་གྱིས་ལོག་འདྲེན་ཟིལ་གནོན་གྱི་ལྟ་སྟངས་ཤིག་མཛད་པས། ཆོ་འཕྲུལ་ཀུན་ཞི་ནས་བཞུགས་ས་དེར་རྡོ་ལ་ཞབས་རྗེས་ཤིག་བྱུང་། དེ་ནས་ཅུང་ཟད་ཅིག་བྱོན་པས། ནམ་མཁའ་དྭངས་ནས་ཐུགས་སྤྲོ་བར་གྱུར་ཏེ་སྒང་ཞིག་ཏུ་བཞུགས་པས། སེམས་ཅན་རྣམས་ལ་བྱམས་པའི་ཏིང་ངེ་འཛིན་འཁྲུངས་པས་ཐུགས་དམ་ལ་བོགས་ཤིན་ཏུ་ཆེ་བར་བྱུང་སྟེ་བཞུགས་ས་དེ་ལ་བྱམས་སྒང་དུ་གྲགས། དེ་ནས་ཆུ་བཟང་དུ་བྱོན་ནས་ཆུ་བོ་རྒྱུན་གྱི་རྣལ་འབྱོར་གྱི་ངང་ལ་བཞུགས་པའི་ཚེ། མེ་ཕོ་སྟག་གི་ལོ་སྟོན་ཟླ་ར་བའི་ཚེས་བཅུའི་ནུབ། བལ་པོའི་བྷ་རོའི་རྣམ་པའི་གདོན་ཆེན་པོ་ཞིག་གིས་གཙོ་བྱས་པའི་མི་མ་ཡིན་གྱི་དམག་ཆུ་བཟང་ལུང་པའི་གནམ་ས་གང་བ་འོངས་ནས། རྗེ་བཙུན་ལ་རི་ཉིལ་བ་དང་། ཐོག་ལ་སོགས་ཏེ་མཚོན་ཆའི་ཆར་དྲག་པོ་འབེབས་པ་དང་། མཚན་ནས་བོས་ཏེ་ཟུངས་ཤིག །སོད་ཅིག་ལ་སོགས་ཏེ་མི་སྙན་པའི་སྒྲ་སྒྲོག་ཅིང་། མི་སྡུག་པའི་གཟུགས་དུ་མ་སྟོན་དུ་བྱུང་བས། མི་མ་ཡིན་གྱིས་གླགས་ཚོལ་དུ་འདུག་དགོངས་ནས་རྒྱུ་འབྲས་བདེན་པའི་ཆོས་འདི་མགུར་དུ་གསུངས་སོ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །རྗེ་བཀའ་དྲིན་ཅན་ལ་སྐྱབས་སུ་མཆི། །ཡོངས་འཁྲུལ་སྣང་མིག་གི་རྣམ་ཤེས་ལ། །གདོན་གནོད་སྦྱིན་ཕོ་མོའི་ཆོ་འཕྲུལ་བྱུང་། །ཨ་ཙ་མ་ཡི་དྭགས་སྙིང་རེ་རྗེ། །མི་ང་ལ་ཁྱེད་དག་མི་གནོད་དེ། །སྔོན་ལས་ངན་བསགས་པའི་འབྲས་བུ་དེས། །ད་ལྟ་རྣམ་སྨིན་གྱི་ལུས་ལ་སྤྱོད། །ཡིད་མཁའ་ལ་རྒྱུ་བའི་གཟུགས་ཅན་དེ། །བསམ་ངན་ཉོན་མོངས་ཀྱི་ཀུན་སློང་དང་། །སྦྱོར་བ་ལུས་ངག་གི་གདུག་རྩུབ་ཀྱིས། །གསོད་གཅོད་བརྡེག་འཚོག་བྱེད་དོ་ཟེར། །ང་རྟོག་མེད་རྣལ་འབྱོར་རས་པ་འདི། །བློ་ཡ་ང་མེད་པ་ལྟ་བའི་གདེངས། །དཔའ་བོ་སེང་གེའི་སྤྱོད་འགྲོས་ཀྱིས། །ལུས་ནི་ལྷ་སྐུའི་རྫོང་ལ་ཞེན། །ངག་ནི་སྔགས་ཀྱི་རྫོང་ལ་ཞེན། །སེམས་ནི་འོད་གསལ་གྱི་རྫོང་ལ་ཞེན། །ཚོགས་དྲུག་རང་གི་ངོ་བོས་སྟོང་། །ཁོ་བོ་དེ་ལྟ་བུའི་རྣལ་འབྱོར་ལ། །ཁྱེད་ཡི་དྭགས་ཀྱི་ཐོ་འཚམ་མི་སྟོ་སྟེ། །སྤྱིར་ལས་དགེ་སྡིག་གི་འབྲས་བུ་བདེན་པས་ན། །རྒྱུ་མཐུན་རྣམ་སྨིན་བསགས་བསགས་ནས། །ངན་སོང་དུ་འགྲོ་བ་ཡི་རེ་མུག །ཨ་ཙ་མ་ཉོན་མོངས་ཡི་དྭགས་ཀུན། །དོན་གནས་ལུགས་མ་རྟོགས་སྙིང་རེ་རྗེ། །དངོས་ངན་མི་ལ་རས་པ་འདི། །ངག་རིག་བྱེད་གླུ་ཡི་ཆོས་བཤད་པ། །ནང་བཅུད་ཀྱིས་བསྡུས་པའི་སེམས་ཅན་རྣམས། །གཉེན་ཕ་མར་མ་གྱུར་གང་ཡང་མེད། །དེ་དྲིན་ཅན་ཡིན་པས་སྡུག་པར་ཕངས། །ཁྱོད་དེ་བས་གནོད་སེམས་སླར་ལྡོག་ལ། །ལས་རྒྱུ་འབྲས་བསམས་ན་ཅིས་མི་ལེགས། །ཆོས་དགེ་བཅུ་སྤྱད་ན་ཅིས་མི་ལེགས། །ཚིག་ལེགས་པར་ཟུངས་ལ་རྟོག་དཔྱོད་ཐོངས། །དོན་གོ་བར་གྱིས་ལ་ཕྱིར་ལ་ཉོན། །ཞེས་གསུངས་པས། །འདྲེ་དམག་རྣམས་ན་རེ། ཁྱོད་ཀྱི་ཁ་སྤྱང་གིས་ངེད་མགོ་མི་འཁོར། ཆོ་འཕྲུལ་ཞི་ནས་ཁྱོད་བདེ་བར་བཏང་མི་འོང་ཟེར། དམག་མང་དུ་སོང་ཆོ་འཕྲུལ་ཆེར་སོང་བ་ལས། རྗེ་བཙུན་གྱིས་ཐུགས་ལ་དགོངས་པ་ལྟར། འདྲེ་དམག་རྣམས་ལ་ང་བླ་མའི་དྲིན་གྱིས་གནས་ལུགས་རྟོགས་པའི་རྣལ་འབྱོར་པ། བར་ཆད་བདུད་ཀྱི་ཆོ་འཕྲུལ་སེམས་ཀྱི་རྒྱན་ཡིན་པས། ད་དུང་ཆེར་ཐོང་བྱང་ཆུབ་མཆོག་ལ་སྦྱོར་བར་འདུག་གིས་གསུངས་ནས། རྒྱན་དུ་ཆེ་བ་བདུན་གྱི་མགུར་འདི་གསུངས་སོ། །རྗེ་སྒྲ་སྒྱུར་མར་པའི་ཞབས་ལ་འདུད། །ང་གནས་ལུགས་རྟོགས་པའི་རྣལ་འབྱོར་པ། །རྒྱན་དུ་ཆེ་བའི་གླུ་ཞིག་ལེན། །ཁྱེད་འདིར་ཚོགས་གནོད་སྦྱིན་ཕོ་མོ་རྣམས། །ཡིད་མ་ཡེངས་རྣ་བའི་དབང་པོ་གཏོད། །དབུས་རི་བོ་མཆོག་རབ་མཆོད་རྟེན་ལ། །ལྷོ་བཻ་ཌཱུརྻའི་འོད་གསལ་བ། །འཛམ་གླིང་ནམ་མཁའི་རྒྱན་དུ་ཆེ། །རི་གཉའ་ཤིང་འཛིན་གྱི་གོང་རོལ་ན། །ཉི་ཟླ་ཟུང་གཅིག་འོད་གསལ་བ། །གླིང་བཞི་ཡོངས་ཀྱི་རྒྱན་དུ་ཆེ། །ཀླུ་བྱང་ཆུབ་སེམས་ཀྱི་རྫུ་འཕྲུལ་གྱིས། །ནམ་མཁའི་མཐོངས་ནས་ཆར་བབ་པ། །དོག་མོ་ས་ཡི་རྒྱན་དུ་ཆེ། །ཕྱི་རྒྱ་མཚོ་ཆུ་ཡི་རླངས་པ་ལས། །བར་སྣང་ཡོངས་ལ་ལྷོ་སྤྲིན་བྱུང་། །ལྷོ་སྤྲིན་བར་སྣང་གི་རྒྱན་དུ་ཆེ། །འབྱུང་བ་དྲོད་གཤེར་གྱི་རྟེན་འབྲེལ་གྱིས། །དབྱར་སྤང་རི་ལོགས་ལ་འཇའ་ཚོན་བཀྲ། །འཇའ་ཚོན་སྤང་རིའི་རྒྱན་དུ་ཆེ། །ནུབ་མ་དྲོས་མཚོ་ལས་ཆབ་བབས་པས། །ལྷོ་འཛམ་བུ་གླིང་གི་རྩི་ཤིང་རྒྱས། །སྐྱེ་འགྲོ་ཡོངས་ཀྱི་རྒྱན་དུ་ཆེ། །ང་རྣལ་འབྱོར་རི་ཁྲོད་འཛིན་པ་ལ། །སེམས་སྟོང་ཉིད་བསྒོམས་པའི་ནུས་མཐུ་ཡིས། །འདྲེ་གནོད་སྦྱིན་ཕོ་མོའི་ཆོ་འཕྲུལ་བྱུང་། །ཆོ་འཕྲུལ་རྣལ་འབྱོར་གྱི་རྒྱན་དུ་ཆེ། །ཁྱེད་ལེགས་པར་ཉོན་དང་མི་མ་ཡིན། །མི་ང་ངོ་ཁྱོད་ཀྱིས་ཤེས་སམ་ཅི། །ང་ངོ་ཁྱོད་ཀྱིས་མ་ཤེས་ན། །ང་རྣལ་འབྱོར་མི་ལ་རས་པ་ཡིན། །བྱམས་སེམས་ཀྱི་མེ་ཏོག་གཏིང་ནས་འཁྲུངས། །གླུ་སྙན་པའི་དབྱངས་ཀྱིས་བརྡ་སྦྱར་ནས། །ངག་བདེན་པའི་ཚིག་གིས་ཆོས་བཤད་དེ། །ཕན་པའི་སེམས་ཀྱིས་གྲོས་ཤིག་འདེབས། །ཁྱོད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། འགྲོ་བ་གཞན་དོན་མ་བྱུང་ཡང་། །མི་དགེ་བཅུ་པོ་སྤངས་ནས་ནི། །རང་ཞི་བདེ་ཐར་པ་ཅིས་མི་སྒྲུབ། །མི་ང་ཟེར་ཉན་ན་དོན་ཆེན་འགྲུབ། །འཕྲལ་དམ་ཆོས་བྱས་ན་ཡུན་དུ་བདེ། །ཞེས་གསུངས་པས། མི་མ་ཡིན་དེ་རྣམས་ཕལ་ཆེར་རྗེ་བཙུན་ལ་དད་ཅིང་གུས་པར་གྱུར་ནས། ཆོ་འཕྲུལ་ཞི་བར་བྱས་ཏེ། རྣལ་འབྱོར་པ་ངོ་མཚར་ཆེ། ཡིན་ལུགས་ཀྱི་བརྡ་མ་བཀྲོལ་ཞིང་རྟགས་མ་མཐོང་ན་ངེད་རྣམས་ཀྱིས་ཀྱང་མི་རྟོགས་པར་འདུག །ད་ཁྱོད་ལ་ངེད་ཀྱིས་བར་ཆད་མི་ཚུགས་འདུག་གིས། སྔར་ལས་འབྲས་ཀྱི་ཆོས་གསུངས་པ་བཀའ་དྲིན་ཆེ་ནའང་ངེད་ངན་པའི་བག་ཆགས་འཐུག་པ་དང་བློ་གྲོས་ཆུང་བས་ཡིད་ལ་མ་ཟིན། ད་ཚིག་ཉུང་ལ་དོན་ཆེ་བ། གོ་སླ་ལ་ཁྱེར་བདེ་བའི་ཆོས་ཤིག་ཞུ་ཟེར་བ་ལ། རྗེ་བཙུན་གྱིས་ཡིན་པ་བདུན་གྱི་མགུར་འདི་གསུངས་སོ། །སྒྲ་སྒྱུར་མར་པའི་ཞབས་ལ་འདུད། །བྱང་སེམས་འབྱོངས་པར་བྱིན་གྱིས་རློབས། །དོན་བདེན་པའི་ཚིག་དང་མ་འབྲེལ་ན། །གླུ་གྲེ་འགྱུར་སྙན་ཡང་པི་ཝང་ཡིན། །ཆོས་མཐུན་དཔེ་ཡིས་མ་མཚོན་པའི། །ཚིག་སྡེབ་སྦྱོར་མཁས་ཀྱང་སྒྲ་སྙན་ཡིན། །ཆོས་ལག་ལེན་རྒྱུད་ལ་མི་འགེལ་ན། །ངས་ཤེས་སོ་ཟེར་ཡང་མགོ་བསྐོར་ཡིན། །དོན་སྙན་བརྒྱུད་ཀྱི་གདམས་པ་མ་བསྒོམས་ན། །གནས་རི་ཁྲོད་བཟུང་ཡང་རང་སྡུག་ཡིན། །ཕན་ངེས་པའི་དམ་ཆོས་མི་བྱེད་ན། །འཕྲལ་སོ་ནམ་རེམ་ཡང་སྡུག་ལས་ཡིན། །ལས་རྒྱུ་འབྲས་ཞིབ་ཏུ་མི་བརྩི་ན། །ཚིག་ཁ་ད་ཆེ་ཡང་སྨོན་པ་ཡིན། ཚིག་དོན་ལག་ཏུ་མི་ལེན་ན། །འཕྲལ་བཤད་ལོ་བྱས་ཀྱང་ཁྲམ་པ་ཡིན། །ལས་མི་དགེ་སྤངས་ན་ངང་གིས་འགྲིབ། །ལས་དགེ་བ་བསྒྲུབས་ན་ཤུགས་ལ་འགྲུབ། །འགག་གཅིག་ལ་དྲིལ་ཞིང་ཉམས་སུ་ལོངས། །ཚིག་མང་པོའི་བཤད་པས་ཕན་པ་ཆུང་། །དོན་དེ་བཞིན་ཉམས་སུ་ལེན་འཚལ་ལོ། །ཞེས་གསུངས་པས། ཆོས་ཞུ་བ་དེ་རྣམས་རྗེ་བཙུན་ལ་དད་ཅིང་གུས་པར་གྱུར་ནས། ཕྱག་དང་བསྐོར་བ་ལན་དུ་མ་བྱས་ནས། ཀུན་རང་གནས་སུ་སོང་རུང་གཙོ་བོ་དེ་བྷ་རོ་འགའི་འཁོར་དང་བཅས་པ་སླར་ཡང་སྔར་ལྟར་ཆོ་འཕྲུལ་སྟོན་དུ་བྱུང་བ་ལས། རྗེ་བཙུན་གྱིས་ཡང་རྒྱུ་འབྲས་ཀྱི་ཆོས་འདི་མགུར་དུ་གསུངས་སོ། །དྲིན་ཅན་མར་པའི་ཞབས་ལ་འདུད། ཁྱོད་ད་དུང་ཉོན་དང་མི་མ་ཡིན། །ལུས་མཁའ་ལ་རྒྱུ་བ་ཐོགས་པ་མེད། །བསམ་ངན་བག་ཆགས་རྒྱུད་ལ་འཐས། །ཉོན་མོངས་ཀྱི་མཆེ་བས་གཞན་ལ་རྔམས། །གཞན་སྡུག་གི་སྡིག་པས་རང་ཉིད་མནར། །རྒྱུ་འབྲས་ཀྱི་བདེན་པ་སྟོར་ས་མེད། །རྣམ་སྨིན་གྱི་ནུས་པས་གཏོང་མི་སྲིད། །ཁྱོད་རང་གིས་རང་ཉིད་མནར་སྡང་བྱེད། །ཨ་ཙ་མ་ཡི་དྭགས་ཀྱི་འཁྲུལ་པ་ལ། །ཡི་རེ་མུག་ལས་ངན་གྱི་ནུས་པ་ལ། །འདི་འདྲ་རང་བསམས་ན་སྙིང་རླུང་ལྡང་། །ཁྱོད་སྔོན་ཡང་ལས་ངན་བསགས་བསགས་པས། །ད་དུང་ལས་ངན་གསོག་སྙིང་འདོད། །གསོད་གཅོད་ཀྱི་སྡིག་པས་ཟིན་པ་ཡི། །ཟས་སུ་ཤ་དང་ཁྲག་ལ་དགའ། །ལས་སུ་འགྲོ་བའི་སྲོག་གཅོད་པ། རིགས་དྲུག་གི་ནང་ནས་ཡི་དྭགས་ལུས། །སྡིག་ལས་སྤྱད་པས་ངན་འགྲོར་ལྟུང་། །ཨ་རེ་ཕངས་ཆོས་ལ་སྣང་བ་བསྒྱུར། །རེ་དོགས་མེད་བདེ་བ་མྱུར་དུ་འགྲུབ། །ཅེས་བྱས་པས། ཁོང་རྣམས་ན་རེ། ཁྱོད་ངེད་ཚོ་ལ་ཆོས་བཤད་མཁས་སུ་འདུག་པས་གོ་འདུག །གོ་བ་ལྟར་ཁྱོད་རང་གི་ཉམས་སུ་བླངས་པའི་གདེངས་ཅི་ཡོད་ཟེར་དུ་བྱུང་བ་ལ། རྗེ་བཙུན་གྱིས་གདེངས་ཚད་ལྡན་པའི་མགུར་འདི་གསུངས་སོ། །མཚན་ལྡན་མར་པའི་ཞབས་ལ་འདུད། །ང་དོན་དམ་རྟོགས་པའི་རྣལ་འབྱོར་པ། །གཞི་སྐྱེ་མེད་ངང་ལ་གདེངས་བཅས་ནས། ལམ་འགག་མེད་ཀྱི་རྩལ་ཁ་རིམ་གྱིས་རྫོགས། །ཐབས་སྙིང་རྗེ་ཆེན་པོས་བརྡ་སྦྱར་ནས། །དོན་ཆོས་ཉིད་ཀྱི་ཀློང་ནས་དབྱངས་ཤིག་ལེན། །ཁྱེད་ལས་ངན་སྒྲིབ་གཡོགས་འཐུག་པོ་ཡིས། །ངེས་དོན་གྱི་གནས་ལུགས་མི་གོ་སྟེ། །དྲང་དོན་གྱི་ཆོས་ཤིག་ད་དུང་འཆད། །སྔོན་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱིས། །བཀའ་དྲི་མ་མེད་པའི་མདོ་རྒྱུད་ལས། །ལས་རྒྱུ་འབྲས་ཀྱི་ཆོས་ལ་ནན་ཏན་གསུངས། །དེ་འགྲོ་བ་ཀུན་གྱི་གཉེན་གཅིག་པོ། །དོན་མི་བསླུ་ངེས་པའི་བདེན་ཚིག་ཡིན། །རྗེ་བྱམས་པའི་གསུང་ལ་ཁྱོད་ཀྱང་ཉོན། །ང་ཉམས་རྒྱུད་ལ་སྦྱངས་པའི་རྣལ་འབྱོར་འདི། །ཕྱི་འཁྲུལ་སྣང་གི་བགེགས་ལ་ཕར་བལྟས་པས། །སེམས་སྐྱེ་མེད་ཀྱི་ཆོ་འཕྲུལ་ཡིན་པར་གོ། །ནང་རིག་པའི་སེམས་ལ་ཚུར་བལྟས་པས། །རྩ་བྲལ་གྱི་སེམས་ཉིད་ཡེ་ནས་སྟོང་། །དེ་བླ་མ་བརྒྱུད་པའི་བྱིན་རླབས་དང་། །རང་གཅིག་པུར་བསྒོམས་པའི་ཡོན་ཏན་གྱིས། །རྗེ་ནཱ་རོ་ཆེན་པོའི་བརྒྱུད་པས་རྟོགས། །དོན་མ་ནོར་རྒྱལ་བའི་དགོངས་པ་བསྒོམས། །ཐབས་ཟབ་མོ་རྒྱུད་སྡེའི་དགོངས་པ་རྣམས། །བླ་མ་རྗེ་ཡིས་གནད་བཀྲོལ་ཏེ། །ལམ་བསྐྱེད་རྫོགས་བརྟན་པར་བསྒོམས་པའི་མཐུས། །ནང་རྩ་གནས་རྟེན་འབྲེལ་ཤེས་པའི་ཕྱིར། །ཕྱི་འཁྲུལ་སྣང་གི་བགེགས་ལ་ང་མི་འཇིགས། །ངེད་བྲམ་ཟེ་ཆེན་པོའི་བརྒྱུད་པ་ལ། །དཔལ་ནམ་མཁའ་ལྟ་བུའི་རྣལ་འབྱོར་མང་། །ཡིད་གཉུག་མའི་དོན་ལ་སྦྱང་སྦྱངས་ནས། །འཁྲུལ་སྣང་གི་དྲན་པ་དབྱིངས་སུ་ཡལ། །གནོད་བྱ་དང་གནོད་བྱེད་ངས་མ་མཐོང་། །ཆོས་སྡེ་སྣོད་ཀྱི་གསུང་རབ་ཞལ་ཕྱེ་ཡང་། །དོན་འདི་ལས་མེད་པར་བློ་ཐག་ཆོད། །ཅེས་གསུངས་པས། བྷ་རོ་འཁོར་བཅས་རང་རང་གི་ཐོད་རྣམས་ཕུད་ནས་ཕྱག་དང་བསྐོར་བ་མང་དུ་བྱས་ནས། ཟླ་བ་གཅིག་གི་འཚོ་བ་འབུལ་ཟེར་འཇའ་ཡལ་བ་བཞིན་སོང་བ་ལས། ནང་པར་ནམ་ལངས་ཉི་མ་ཤར་བ་དང་། མདང་གི་བྷ་རོ་དེ་རྣམས། བྷ་རི་མ་རྒྱན་བཟང་པོ་བཏགས་པའི་འཁོར་དུ་མས་བསྐོར་ནས་བྱུང་སྟེ། རྗེ་བཙུན་ལ་རྒུན་ཆང་ལ་སོགས་པའི་ཆང་སྣ་མང་པོས་རིན་པོ་ཆེའི་སྣོད་དུ་མ་བཀང་། འབྲས་ཆན་དང་ཤ་ལ་སོགས་ཏེ་ཟས་སྣ་མང་པོས་འཁར་གཞོང་བཟང་པོ་རྣམས་བཀང་ནས་འདྲེན་ཅིང་ད་ཕྱིན་ཆད་བཀའི་འབངས་བགྱིད་ཅིང་ཅི་གསུང་གི་བཀའ་བསྒྲུབ་པར་བགྱིའོ་ཟེར། ཕྱག་དང་བསྐོར་བ་མང་དུ་བྱས་ཏེ་མི་སྣང་བར་གྱུར་པ་དེ་ལ་ནི་རྒྱལ་པོ་ཐང་འགྲེམ་ཞེས་ཀྱང་བྱ་སྟེ། ལྷ་ཆེན་པོ་ཚོགས་ཀྱི་བདག་པོ་ཡིན་ནོ། །དེས་རྗེ་བཙུན་ལ་ཡང་ཐུགས་དམ་བོགས་ཆེ་བ་དང་སྐུ་ཁམས་བདེ་བའི་ངང་ནས་ཟླ་བ་གཅིག་གི་བར་དུ་བཀྲེས་སྣང་ཡེ་མེད་པར་གྱུར་ཏོ། །དེ་ནས་རྗེ་བཙུན་ལ་ཕྱི་ཆུ་བཟང་གི་གནས་ཐུགས་ཁོངས་སུ་ཆུད་ནས། ལ་ཕྱི་གནས་མཐིལ་གཟིགས་སུ་བྱོན་པའི་ལམ་འོམ་བུའི་ཐང་ཆེན་པོ་ཞིག་གི་དབུས་ན་བྲག་སྐྱིབས་དང་བཅས་པའི་ཕ་བོང་ཆེན་པོ་ཞིག་འདུག་པ་དེར་རེ་ཞིག་བཞུགས་པའི་ཚེ། མཁའ་འགྲོ་མང་པོས་ཕྱག་བཙལ་འདོད་ཡོན་སྣ་ཚོགས་ཀྱི་མཆོད་པ་ཕུལ་བསྐོར་བ་བྱས་པས། རྡོ་ལ་མཁའ་འགྲོའི་ཞབས་རྗེས་གཉིས་བྱུང་བ་དང་། འཇའ་ཡལ་བ་བཞིན་སོང་ངོ་། །དེ་ནས་ཅུང་ཟད་བྱོན་པ་དང་མི་མ་ཡིན་གྱིས་ཆོ་འཕྲུལ་འབྱོན་ལམ་ཐམས་ཅད་དུ་མོ་མཚན་ཆེན་པོ་དུ་མ་བསྟན་བྱུང་བས། རྗེ་བཙུན་གྱིས་ཀྱང་ལྟ་སྟངས་ཀྱི་ངང་ནས་གསང་རྡོར་ལས་སུ་རུང་བར་མཛད་ནས་བྱོན་པས། མཚན་མ་དགུ་འདས་པའི་མཚམས་སུ་གནས་ཀྱི་བཅུད་འདུས་པའི་རྡོ་བ་ཞིག་ལ་གསང་གནས་རྡོར་ཞིང་ལྟ་སྟངས་མཛད་པས་ཆོ་འཕྲུལ་ཀུན་ཞི་བའི་ས་ལ། ལ་དགུ་ལུང་དགུར་གྲགས། དེ་ནས་གནས་མཐིལ་དུ་ཕེབས་སུ་ཆ་བའི་ཚེ། ཡང་སྔར་གྱི་བྷ་རོ་དེས་བསུ་བ་བྱས་མཆོད་པ་ཕུལ་ཆོས་ཁྲི་བརྩིགས་ནས་ཆོས་ཞུས་པས། རྗེ་བཙུན་གྱིས་ཀྱང་རྒྱུ་འབྲས་ཀྱི་ཆོས་མང་པོ་གསུངས་པའི་མཐར་ཆོས་ཁྲིའི་མདུན་ན་ཕ་བོང་ཆེན་པོ་ཞིག་འདུག་པ་དེ་ལ་ཐིམ་སོང་ངོ་། །དེ་ནས་རྗེ་བཙུན་གནས་མཐིལ་དུ་བྱོན་པས་ཐུགས་ཤིན་ཏུ་དགྱེས་ཏེ་ཟླ་བ་གཅིག་ཙམ་བཞུགས་ནས་གཉའ་ནང་རྩར་མར་ཕེབས་ཏེ་ཡོན་བདག་རྣམས་ལ། འདྲེ་ལུང་སྐྱོག་མོ་རང་དུ་འདུག་སྟེ། ངས་འདྲེ་རྣམས་ཐུལ་ནས་ད་སྒྲུབ་གནས་སུ་སོང་ཡོད། ང་ཡང་གདོད་ཀྱི་ཕྱིན་ཏེ་སྒོམ་པ་ཡིན་གསུངས་པས། ཁོང་རྣམས་མཆོག་ཏུ་དད་པར་གྱུར་ཏོ། །ལ་ཕྱི་ལ་བྱོན་པ་ཆུ་བཟང་གི་སྐོར་རོ།། །།

༈ ན་མོ་གུ་རུ། རྗེ་བཙུན་མི་ལ་རས་པ་དེ་ཉིད་ཀྱིས་དང་པོར་ལ་ཕྱི་གངས་གཟིགས་སུ་བྱོན་པས་ལྷ་འདྲེ་གདུག་པ་ཅན་རྣམས་བཏུལ་ཞེས་པའི་སྙན་པ་ལ་བརྟེན་ནས། གཉའ་ནང་པ་ཀུན་གྱི་ཕྱག་མཆོད་ཀྱི་གནས་སུ་གྱུར་ཅིང་། ཁྱད་པར་ཇོ་མོ་འུར་མོས་ཆོས་ཞུས། དེའི་ཚེ་དམ་པ་རྒྱགས་ཕུ་བ་སྐུ་ན་ཕྲ་མོ་རང་དུ་ཡོད་པ་ལ་བདག་གི་བུ་འདི་ཡང་ཆེར་སོང་བ་དང་། རྗེ་བཙུན་གྱི་ཕྱག་ཕྱིར་འབུལ་ཟེར་ཤིན་ཏུ་དད་པར་གྱུར་པའི་ས་ནས། རྩར་མ་བ་རྣམས་ཀྱིས་སྤྱན་དྲངས་ཏེ་གཤེན་རྡོར་མོས་ཞབས་ཏོག་འབུལ་བའི་ཚེ། རྗེ་བཙུན་གྲོང་གསེབ་ཏུ་བཞུགས་པ་དང་། འཁོར་བའི་བྱ་བ་རྣམས་གཟིགས་པས་ཤིན་ཏུ་ཐུགས་འབྱུང་བའི་རྣམ་པ་མཛད། ལ་ཕྱི་གངས་ལ་འགྲོ་གསུངས་པས། རྩར་མ་བ་རྣམས་ཀྱིས་རྗེ་བཙུན་ལ་སེམས་ཅན་གྱི་དོན་ལས་ནི་མེད། ངེད་རྣམས་ཀྱི་དོན་ལ་ད་ལོ་དགུན་འདིར་བཞུགས་ཁྲིད་རེ་གསུང་བར་ཞུ། འདྲེ་ཐུལ་རྟིང་ནམ་བྱོན་རུང་ཆོག་པས་ནང་པར་སོས་ངེད་རྣམས་ཀྱང་ཕྱག་ཕྱི་བྱས་འགྲོ་ཟེར་བ་དང་། ཁྱད་པར་སྟོན་པ་ཤཱཀྱ་གུ་ན་དང་། གཤེན་རྡོར་མོས་ནམ་ཟླ་དགུན་དུ་སོང་བ་དང་གངས་ལ་འོ་བརྒྱལ་འོང་ལུགས་སོགས་བཤོལ་འདེབས་ཀྱི་ཞུ་བ་ཅི་ཕུལ་རུང་མ་གསན་པར། སྤྱིར་ང་ནཱ་རོ་པཎ་ཆེན་གྱི་བུ་བརྒྱུད་གངས་ཀྱི་ང་རོས་མི་འཇིགས། མར་པའི་བཀའ་ཡང་འདུ་འཛི་དང་གཡེང་བ་སྤོངས་ལ་གནས་མི་མེད་ཀྱི་དབེན་པ་བསྟེན་གསུངས་པ་ཡིན། ཁྱད་པར་ང་གྲོང་ཡུལ་དུ་གཞི་ཕབ་སྡོད་པ་འཆི་བས་འཚེར་གསུང་འབྱོན་པར་ཐག་ཆོད་པ་དང་། རྩར་མ་བ་རྣམས་ཀྱིས་མྱུར་བར་རྗེ་བཙུན་གྱི་འཚོ་ཆས་འབུལ་བ་དང་ཁོ་རང་འགའ་དགུན་ཆོས་ཞུར་འོང་བའི་ཆད་མདོ་བྱས་ཏེ། སྟོན་པ་ཤཱཀྱ་གུ་ན་དང་གཤེན་རྡོར་མོ་སོགས་བན་སྐྱེས་དྲུག་གིས་གཤེགས་སྐྱེམས་ཁྱེར་ཏེ་ལ་ཐོག་བར་འགྲོ་གྱིས་ལ། ལ་བབས་ནས་ཀྱང་རྨུ་རྫིང་བར་ཕྱིན། དེ་ནས་རྗེ་བཙུན་གྱིས་སྐུ་ཆས་ཕྱེ་བྲེ་དོ་འབྲས་བྲེ་གང་ཤ་གཟུག་གཅིག །མར་ཞོགས་གཅིག་རྣམས་ཡོད་པ་བསྣམས་ཏེ་བདུད་འདུལ་ཕུག་མོ་ཆེར་བྱོན་ནས་བཞུགས། ཁོང་རྣམས་ཀྱིས་ཕར་ལོག་ཕྱིན་པས་ལ་ཐོག་ཏུ་གནམ་འཁྲིགས་བུ་ཡུག་འཚུབས་ནས་ལམ་ཕྱེད་པ་ཡང་དཀའ་མོ་རང་བྱུང་། པུས་གོང་མན་ཁ་ཚུབ་དང་འཐབ་ཅིང་འོངས་པས་ཡུལ་དུ་མི་ཉལ་ཙམ་ལ་སླེབ། དེའི་ནུབ་མོ་ནས་བཟུང་སྟེ་ཁ་བ་ཉིན་མཚན་བཅོ་བརྒྱད་བབས་པས། དེར་ཟླ་བ་དྲུག་ཏུ་བྲིན་གཉའ་ནང་གི་འགྲུལ་ཆད་པས། སློབ་འབངས་རྣམས་ཀྱིས་རྗེ་བཙུན་གྲོངས་པར་ཐག་བཅད་དེ། ཐུགས་དགོངས་རྫོགས་ཐབས་ཀྱི་ཚོགས་མཆོད་ཕུལ། ཕྱིས་ས་གའི་ཟླ་བར་སོང་བ་དང་ཡང་སྔར་གྱི་བུ་སློབ་རྣམས་ཀྱིས་གངས་སྟ་གྲིས་གཤགས་ནས། རྗེ་བཙུན་གྱི་གདུང་གདན་འདྲེན་དུ་ཕྱིན་ཏེ། གནས་སུ་སླེབ་ཏུ་ཆ་བའི་ཚེ་སྟེགས་ཤིག་ཏུ་ངལ་བསོ་ཞིང་བསྡད་པས། ཕ་བོང་ཞིག་གི་ཁར་གསའ་ཆེན་པོ་ཞིག་འཛེགས་ནས་བྱ་མྱང་བྱས་ཏེ། ཡུན་རིང་པོ་ཞིག་བལྟས་ནས་སོང་སྐད། དེར་ཁོང་རྣམས་ཀྱིས་གསའ་མ་གིས་རྗེ་བཙུན་གྱི་པུར་ཟོས་ཡོད་པ་ན་བཟའི་དུམ་བུ་འདྲ་བའམ། དབུ་སྐྲ་འདྲ་བ་ཡོད་དམ་གཞན་མི་རྙེད་ཅེས་གླེང་ཞིང་ཤིན་ཏུ་མ་དགའ་ནས་ངུ་རུང་ཕྱིན་པས་གསའ་བབས་པའི་ཤུལ་ན་ཕར་ལ་མིའི་རྐང་རྗེས་ཤིག་འདུག །དེ་ནས་འཕྲང་རིང་ཞིག་ལ་གཟིག་དང་སྟག་ཏུ་རྫུས་ནས་སོང་བའི་འཕྲང་ལམ་དེ་ལ་སྟག་འཕྲང་གཟིག་འཕྲང་དུ་གྲགས་སོ། །དེར་ཁོང་རྣམས་ཀྱང་དོགས་པ་སྐྱེས་ཏེ་ལྷ་འདྲེ་ཡིན་ནམ་སྙམ་ནས་ཐེ་ཚོམ་ཟ་ཞིང་འོངས་པས་བདུད་འདུལ་ཕུག་མོ་ཆེར་སླེབ་ཏུ་ཉེ་བའི་ཚེ། རྗེ་བཙུན་གྱིས་མགུར་བཞེས་པ་ཐོས་པས་འོ་ན་ཁྱི་ར་བས་རྒྱགས་ཕུལ་བའམ། གཅན་གཟན་གྱིས་བསད་པའི་ཐེད་འདྲ་རྙེད་ནས་མ་གྲོངས་པ་སྲིད་དམ་སྙམ་ནས་ཕྱིན་པས། བླ་མའི་ཞལ་ནས་གླེན་པ་ཀུན་ད་ཕྱི་དེ་ཙ་ན་འོང་གི་འདུག་པ་ལ། ད་དུང་མི་སླེབ་པ་ཅི་ཡིན། ཟན་དང་ཚོད་མ་ཡང་གྲང་འགྲོ་བར་འདུག་ད་ཕུག་ཏུ་མྱུར་དུ་ཤོག་གསུངས་པས། དེར་ཁོང་རྣམས་དགའ་ཆེས་ནས་ངུ་བྲོ་སྟེ། ཀུན་རྗེ་བཙུན་གྱི་ཕྱག་ཞབས་ཀུན་ནས་རུབ་རུབ་འདུས་ཏེ་ངུས་པས། རྗེ་བཙུན་གྱི་ཞལ་ནས། ད་དེ་སྐད་མ་བྱེད་པར་ཟ་མ་ཟོ་གསུངས་པས། ཁོང་རྣམས་ཀྱིས་ཀྱང་གདོད་ཀྱིས་ཕྱག་བཙལ་སྙུན་དྲིས་ནས་བརྟགས་པས་སྔར་གྱི་ཆས་རྣམས་ཕྱེ་བྲེ་གང་ལས་མ་ཟད་པའི་སྟེང་ནས་འབྲས་ལ་ཤ་བཏབ་པའི་ཚོད་མ་བྱས་འདུག་པ་ལ། སྟོན་པ་ཤཱཀྱ་གུ་ནས་ངེད་རྣམས་ཀྱི་ཟ་མ་ཚུན་མཛད་གདའ་བ། བདག་རྣམས་འོང་བ་རྗེ་བཙུན་གྱིས་ཐུགས་མཁྱེན་གྱིས་གཟིགས་པ་ལགས་སམ་ཞུས་པས། རྗེ་བཙུན་གྱི་ཞལ་ནས་ངས་ཕ་བོང་གི་སྟེང་ནས་བལྟས་པས། ཁྱེད་རྣམས་ངལ་བསོ་ཞིང་འདུག་པ་མཐོང་གསུང་། ཡང་སྟོན་པ་ཤཱཀྱ་གུ་ནས་བདག་ཅག་རྣམས་ཀྱིས་ནི་ཕ་བོང་གི་སྟེང་ན་གསའ་གཅིག་ལས་རྗེ་བཙུན་མ་མཐོང་། དེ་དུས་རྗེ་བཙུན་གང་ན་བཞུགས་ཞུས་པས། རྗེ་བཙུན་གྱི་ཞལ་ནས་གསའ་དེ་ཀ་ང་ཡིན་མོད། རླུང་སེམས་ལ་དབང་ཐོབ་པའི་རྣལ་འབྱོར་པ་འབྱུང་བ་བཞིའི་སྐྱེ་མཆེད་ཟིལ་གྱིས་ནོན་པས། ལུས་འདོད་དགུར་སྒྱུར་བའི་རྫུ་འཕྲུལ་སྟོན་ནུས་པ་ཡིན། ད་ལན་ངས་ཀྱང་ཁྱེད་རྣམས་སྐལ་ལྡན་དུ་འདུག་པས་བཀོད་པ་ལུས་ཀྱི་རྫུ་འཕྲུལ་བསྟན་པ་ཡིན། ང་དེ་ལྟར་བྱེད་པའི་གཏམ་མི་ལ་མ་ལབ་གསུངས། ཡང་གཤེན་རྡོར་མོས་ཞུས་པ། རྗེ་བཙུན་ན་ནིང་ལས་ཀྱང་སྐུ་མདངས་ཤིན་ཏུ་བཟང་བར་གདའ་བ། ལམ་སྒོ་གཉིས་ནི་ཁ་བས་ཆོད་དེ་མིའི་ཞབས་ཏོག་ནི་མེད། ལྷ་འདྲེས་ཞབས་ཏོག་བགྱིས་སམ། རི་དྭགས་ཀྱི་ཐེད་རོ་འདྲ་རྙེད་པ་ལགས་སམ་ཇི་ལྟར་ལགས་ཞུས་པས། རྗེ་བཙུན་གྱི་ཞལ་ནས་ང་ཕལ་ཆེར་ཏིང་ངེ་འཛིན་ལ་འབྱམས་ནས་ཟས་ཟ་མ་དགོས། དུས་བཟང་གི་ཚེ་མཁའ་འགྲོ་རྣམས་ཀྱིས་ཚོགས་ཀྱི་འཁོར་ལོའི་སྐལ་པ་རེ་ཡང་བསྐྱལ། རེས་ཕྱེ་ཐུར་མགོ་རེ་ཙམ་འགམས། ཁྱད་པར་ཁ་སང་རཏའི་ཟླ་བའི་སྨད་ལ་ཁྱེད་བུ་སློབ་རྣམས་ཀྱིས་ངའི་མཐའ་བསྐོར་ནས་བཟའ་བཏུང་མང་པོ་དྲངས་པའི་ཉམས་ཤིག་ཤར་བ་ནས། ཞག་མང་པོའི་བར་དུ་ཟ་མ་ཟ་སྙིང་ཡེ་མི་འདོད་པ་ཞིག་བྱུང་བ། དེ་དུས་ཁྱེད་རྣམས་ཀྱིས་ཅི་བྱས་པ་ཡིན་གསུངས། དེར་ཁོང་རྣམས་ཀྱིས་དུས་བརྩིས་པས་ཐུགས་དགོངས་རྫོགས་ཐབས་ཀྱི་མཆོད་པ་ཕུལ་བ་དང་དུས་མཚུངས་འདུག་ཚུལ་ཞིབ་རྒྱས་ཕུལ་བས། རྗེ་བཙུན་གྱི་ཞལ་ནས་འཇིག་རྟེན་པ་རྣམས་ཀྱིས་དགེ་རྩ་བགྱིས་པ་བར་དོར་ཕན་པར་འདུག་སྟེ། དེ་བས་ཀྱང་ད་ལྟ་བར་དོ་གཅོད་པ་སྟོབས་ཆེ་གསུངས། དེ་ནས་ཁོང་རྣམས་ཀྱི་རྗེ་བཙུན་གཉའ་ནང་དུ་གདན་འདྲེན་པའི་ཞུ་བ་ནན་ཅན་ཕུལ་བས། རྗེ་བཙུན་གྱི་ཞལ་ནས་ང་འདི་ཀ་རང་ཉམས་དགའ་ཞིང་ཏིང་ངེ་འཛིན་འཕེལ་བར་འདུག་པས་མི་འགྲོ་ཁྱེད་རང་རྣམས་སོང་གསུངས་པས། ཁོང་རྣམས་ཀྱིས་ད་ལན་རྗེ་བཙུན་ཕར་མི་འབྱོན་ན་བདག་རྣམས་ལ་གཉའ་ནང་པ་ཀུན་གྱིས་ཁྱེད་ཀྱིས་རྗེ་བཙུན་གྲོངས་སུ་བཅུག་པ་ཡིན་ཟེར་གཏམ་ངན་དང་ཁ་ཆག་ཆེན་པོ་རང་འོང་། ཁྱད་པར་ཇོ་མོ་འུར་མོས་ངའི་རྗེ་བཙུན་ཁྱེར་ལ་ཤོག་ཟེར་བའི་ཕྲིན་ངན་ཡང་ཡང་བསྐུར་བྱུང་བས། བླ་མ་མི་གཤེགས་ན་ངེད་རྣམས་ཀྱང་འདིར་འཆི་བ་བསྒུག་ཅིང་སྡོད་ཞུས་པས། རྗེ་བཙུན་གྱིས་ཁོང་རྣམས་ཀྱི་ནན་མ་ཐེག་པར་འབྱོན་པར་ཞལ་གྱིས་བཞེས་ཏེ། རྗེ་བཙུན་ལ་དགུན་མཁའ་འགྲོས་མི་ལ་རས་པ་ཁྱོད་ལ་མི་དགོས་རུང་། མ་འོངས་སློབ་བརྒྱུད་ལ་དགོས་པས་གངས་གཤོག་ཐབས་འདི་ལྟར་གྱིས་ཟེར་མཁའ་འགྲོས་བསླབས་པ་ལྟར་བྱས་པའི་དཀྱར་དེ་ཁྱེར་ཁོང་རྣམས་བྱུང་བའི་ནང་པར་ཚུར་བྱོན་པས། ལ་ཐོག་ནས་གཤེན་རྡོར་མོས་སྔོན་ལ་ཕྱིན་རྩར་མ་བ་སོགས་ཉ་མ་རྣམས་ལ། རྗེ་བཙུན་སྐུ་མ་ནོངས་པར་འབྱོན་ཞིང་ཡོད་བྱ་བའི་གཏམ་སྙན་བསྒྲགས། རྗེ་བཙུན་དཔོན་སློབ་ཀྱིས་ཀྱང་ཕ་བོང་དཀར་ལེབ་ཏུ་གྲོ་བཏབ་པའི་སར། གཏམ་སྙན་ཐོས་པའི་ཉ་མ་ཕོ་མོ་རྒན་བྱིས་མེད་པ་ཀུན་རྗེ་བཙུན་གྱི་གདོང་བསུ་སྟེ་ཞལ་བལྟ་རུ་བྱུང་བ་ཀུན་གྱིས་རྗེ་བཙུན་གྱི་སྐུ་ལ་འཆང་ཞིང་ངུས་ཏེ་སྨྲེ་སྔགས་ཀྱི་སྒོ་ནས་སྙུན་དྲི་ཞུས། ཕྱག་དང་སྐོར་བ་བྱས། དེའི་ཚེ་རྗེ་བཙུན་ལ་ཕྱག་འཁར་སྦའི་བེར་མ་ལྕག་གཅིག་ཡོད་པ་དེས་ཨོཾ་ཚུགས་མཛད། གངས་གཤོག་པའི་དཀྱར་དེ་ཞབས་ལ་གསོལ་ཏེ། ཕ་བོང་དཀར་ལེབ་ཀྱི་སྟེང་ནས་དེར་ཚོགས་པའི་ཉ་མ་རྣམས་ལ་སྙུན་དྲི་རྨེད་ཀྱི་ལན་དུ་མགུར་འདི་གསུངས་སོ། །དཔལ་དེ་རིང་བཀྲ་ཤིས་ཁྲི་གདུགས་ལ། །ཁྱེད་ཕྱག་མཇལ་གྱི་ཡོན་བདག་ཕོ་མོ་དང་། །ང་རྣལ་འབྱོར་མི་ལ་རས་པ་གཉིས། །འོ་སྐོལ་མ་ཤི་ཕྲད་པ་གློ་བ་དགའ། །ང་མི་རྒན་གླུ་ཡི་དཀོར་མཛོད་ཡིན། །སྙུན་དྲི་རྨེད་ཀྱི་ལན་དེ་གླུ་ཡིས་འཇལ། །སྙན་ལྷན་ནེ་གསན་ལ་ཐུགས་གཏད་འཚལ། །ཡོངས་སྟག་གི་ལོ་ཡི་ལོ་གཞུག་ལ། །ཡོས་བུའི་ལོ་ཡི་ལོ་མགོ་ལ། །ཝ་རྒྱལ་ཟླ་བའི་ཉ་དྲུག་ལ། །ང་འཁོར་བའི་ཆོས་ལ་ཡིད་བྱུང་ནས། །འབྲོག་ལ་ཕྱི་གངས་ཀྱི་ར་བ་དེར། །མི་ངས་ཀྱང་དབེན་པ་སྙོག་ཏུ་ཕྱིན། །ཁོང་གནམ་ས་གཉིས་པོ་གྲོས་བྱས་ཏེ། །སྐྱི་སེར་རླུང་གི་བང་ཆེན་བཏང་། །འབྱུང་བ་ཆུ་ཀླུང་གཡོས་གཡོས་ནས། །ལྷོ་སྤྲིན་སྨུག་པོ་འདུན་མར་བསྡུས། །ཉི་ཟླ་ཟུང་གཅིག་བཙོན་དུ་བཟུང་། །རྒྱུ་སྐར་ཉེར་བརྒྱད་བསྟར་ལ་བརྒྱུས། ཁྲིམས་ཀྱིས་གཟའ་བརྒྱད་ལྕགས་སུ་བཅུག །དགུ་ཚིགས་སྐྱ་མོ་བརྟོད་ལ་མནན། །སྐར་ཕྲན་ཡོངས་ལ་བུད་ཀྱིས་བཏབ། །བུད་ཀྱི་མདངས་གཡོགས་ཐ་མ་ལ། །ཁ་བ་ཉིན་དགུ་མཚན་དགུ་བབས། །ཆེ་ལ་ཉིན་མཚན་བཅོ་བརྒྱད་བབས། །འབབ་ཆེ་སྟེ་ཆེ་བ་བལ་འདབ་ཙམ། །འདབ་ཆགས་བྱ་ལྟར་ལྡིང་ཞིང་བབས། །ཆུང་སྟེ་ཆུང་བ་འཕང་ལོ་ཙམ། །བུང་བ་ལྟ་བུར་འཁོར་ཞིང་བབས། །ཡང་ཆུང་སྲན་མ་ཡུངས་འབྲུ་ཙམ། །ཁུ་འཕང་བཞིན་དུ་འདྲིལ་ཞིང་བབས། །ལར་ཁ་བ་ཆེ་ཆུང་ཚད་ལས་འདས། །མཐོ་གངས་དཀར་གྱི་རྩེ་མོ་དགུང་ལ་རེག །དམའ་རྩི་ཤིང་ནགས་ཚལ་གཉའ་ཤིང་མནན། །རི་ནག་པོ་རྣམས་ལ་སྐུ་དཀར་གསོལ། །མཚོ་རྦ་རླབས་ཅན་ལ་དར་ཆགས་བཏབ། །གཙང་ཆབ་སྔོན་མོ་སྦུབས་སུ་བཅུག །ས་མཐོ་དམན་མེད་པར་ཐང་དུ་མཉམ། །འབབ་དེ་ལྟར་ཆེ་བའི་རང་བཞིན་གྱིས། །སྤྱིར་མགོ་ནག་མི་ལ་བཟང་བཙོན་གལ། །རྐང་བཞིའི་ཕྱུགས་ལ་མུ་གེ་བྱུང་། །སྒོས་རི་དྭགས་དམན་མའི་འཚོ་བ་བཅད། །སྟེང་འདབ་ཆགས་བྱ་ལ་རྒྱགས་ཆད་བྱུང་། །འོག་བྲ་བ་བྱི་བ་གཏེར་དུ་སྦས། །གཅན་གཟན་རྣམས་ལ་ཁ་ཆིངས་བྱུང་། །དེ་འདྲའི་སྐྱི་འདོང་བསྐལ་པ་ལ། །ང་མི་ལ་རས་པའི་སྒོས་སྐལ་དུ། །སྟེང་ནས་འབབ་པའི་བུ་ཡུག་དང་། །དགུན་ལོ་གསར་སྒང་གི་ལྷགས་པ་དང་། །ང་རྣལ་འབྱོར་མི་ལའི་རས་གོས་གསུམ། །མཐོ་གངས་དཀར་གྱི་ལྟོངས་སུ་འཁྲུག་པ་ཤོར། །ཁ་བ་བབས་རྒྱལ་ཆབ་ཏུ་ཞུ། །རླུང་འར་འུར་ཆེ་ཡང་རང་སར་ཞི། །རས་གོས་མེ་ལྟར་འབར་གྱིན་གདའ། །གྱད་དཔེ་བཞག་གི་ཤི་སྲོག་དེ་རུ་བསྣོལ། །མཚོན་རྩེ་རྒྱལ་གྱི་རལ་ཁ་དེ་རུ་སྤྲད། །དཔའ་ལ་དོར་གྱི་འཁྲུག་པ་དེར་རྒྱལ་བས། །སྤྱིར་ཆོས་པ་ཡོངས་ལ་ཚད་ཅིག་བཞག །སྒོས་སྒོམ་ཆེན་ཡོངས་ལ་ཚད་དོ་བོར། །ཡང་སྒོས་གཏུམ་མོ་རས་རྐྱང་གི་ཆེ་བ་སྟོན། །ནད་འདུ་བ་རྣམ་བཞི་སྲང་ལ་གཞལ། །ཕྱིས་ནང་འཁྲུག་མེད་པར་གཏན་ཁྲིགས་བགྱིས། །རླུང་ཚ་གྲང་གཉིས་ཀ་བཅུད་ལ་བོར། །ཕྱིས་ཅི་ཟེར་ཉན་པར་ཁ་ཡིས་བླངས། །སྐྱི་འདོང་ཁ་བའི་གདོང་སྲི་མནན། །ཕྱིས་གཡོ་འགུལ་མེད་པར་རྩིགས་ལ་ཕབ། །སྲིད་དམག་དཔུང་བགྱིད་ཀྱང་མ་འཚལ་བར། །དུས་ད་རེས་ཀྱི་འཁྲུག་པ་རྣལ་འབྱོར་རྒྱལ། །ང་མོས་གུས་ཀྱི་ཚ་བོ་སྟག་སླག་ཅན། །སྔར་ཝ་སླག་གྱོན་ནས་འབྲོས་མ་མྱོང་། །ང་ཕ་ལ་བུ་སྐྱེས་གྱད་ཀྱི་རིགས། །སྡང་དགྲ་ལ་རུ་ཟུར་འཆོར་མ་མྱོང་། །ང་གཅན་གཟན་རྒྱལ་པོ་སེང་གེའི་རིགས། །གནས་གངས་ཁོངས་མིན་པར་སྡོད་མ་མྱོང་། །ཤོ་མས་ཀྱང་བྲེ་མོ་བགྱིས་པ་ལགས། །ང་མི་རྒན་གྱི་ཁ་ལ་གཏད་ཡོད་ན། །ཕྱིས་སྒྲུབ་རྒྱུད་ཀྱི་བསྟན་པ་དར་ཏེ་མཆི། །གྲུབ་ཐོབ་འགའ་རེ་བྱོན་ཏེ་མཆི། །རྣལ་འབྱོར་མི་ལ་རས་པ་ང་། །རྒྱལ་ཁམས་ཡོངས་ལ་གྲགས་ཏེ་མཆི། །ཁྱོད་བུ་སློབ་རྣམས་བསམ་ཞིང་དད་དེ་མཆི། །གཏམ་སྙན་ཞིག་ཕྱི་ནས་བརྗོད་དེ་མཆི། །ང་རྣལ་འབྱོར་གཡར་ཁམས་བདེ་བར་བྱུང་། །ཁྱེད་ཡོན་བདག་རྣམས་སྐུ་ཁམས་བདེ་ལགས་སམ། །ཞེས་གསུངས་པའི་ཚེ། །ཉ་མ་རྣམས་དགའ་དྲགས་ཉམས་འུར་ཏེ་བྲོ་འཁྲབས་པས། རྗེ་བཙུན་ཡང་ཐུགས་ཉམས་འུར་བ་ལྟར་མཛད་ནས་ཞབས་བྲོ་མཛད་པས། ཕ་བོང་འདམ་བརྫིས་པ་བཞིན་དུ་ནུར་ནས་ཕ་བོང་གི་སྟེང་ཐམས་ཅད་ཞབས་རྗེས་དང་ཕྱག་འཁར་གྱི་རྗེས་ཀྱིས་གང་། རྐེད་པ་ནུར་བའི་བང་རིམ་ལོག་གེ་བ་བྱུང་བ་དེ་ལ། སྔར་ཕ་བོང་དཀར་ལེབ་ཟེར་བ་ལ་ཕྱིས་དཀྱར་རྗེས་པར་གྲགས་སོ། །དེ་ནས་ཉ་མ་རྣམས་ཀྱིས་གཉའ་ནང་རྩར་མར་སྤྱན་དྲངས་ནས་གཏང་རག་གི་བསྙེན་བཀུར་འབུལ་བའི་གྲལ་དུ་ལེགས་སེ་འབུམ་གྱིས་ད་ལན་རྗེ་བཙུན་སྐུ་མ་ནོངས་པར་ཕེབས་པ་འདི་ཅི་གང་ལས་ཀྱང་དགའ་བ་ཞིག་བྱུང་། སྐུ་མདངས་ནི་སྔར་བས་ཀྱང་བཟང་བར་འདུག །ཐུགས་དམ་བཟང་པོ་ནི་ཡེ་འཁྲུངས་ཡིན། ཞབས་ཏོག་མཁའ་འགྲོ་རྣམས་ཀྱིས་བགྱིས་ལགས་སམ་ཞེས་ཞུས་པའི་ལན་དུ་མགུར་འདི་གསུངས་སོ། །རྗེ་བླ་མའི་ཞབས་ལ་སྤྱི་བོས་འདུད། །བྱིན་རླབས་ཀྱི་དངོས་གྲུབ་མཁའ་འགྲོས་བྱིན། །དམ་ཚིག་གི་བདུད་རྩི་ཕན་པ་ཆེ། །དད་པའི་མཆོད་པས་དབང་པོ་སོས། །བུ་སློབ་ཀྱི་ཚོགས་གསོག་བཟང་ནས་བྱུང་། །ལྟ་བའི་སེམས་ལ་སྟོང་ཉིད་ཤར། །བལྟ་རྒྱུའི་ངོ་བོ་རྡུལ་ཙམ་མེད། །བལྟ་བྱ་ལྟ་བྱེད་སྟོར་ནས་ཐལ། །ལྟ་བའི་རྟོགས་ཚུལ་བཟང་ནས་བྱུང་། །སྒོམ་པ་འོད་གསལ་ཆུ་བོའི་རྒྱུན། །བསྒོམ་རྒྱུའི་ཐུན་མཚམས་གཟུང་རྒྱུ་མེད། །བསྒོམ་བྱ་སྒོམ་བྱེད་སྟོར་ནས་ཐལ། །སྒོམ་པའི་སྙིང་རུས་བཟང་ནས་བྱུང་། །སྤྱོད་པའི་བྱ་བྱེད་འོད་གསལ་དང་། །རྟེན་འབྲེལ་སྟོང་པར་ཐག་ཆོད་པས། །སྤྱད་བྱ་སྤྱོད་བྱེད་སྟོར་ནས་ཐལ། །སྤྱོད་པའི་བྱེད་ཚུལ་བཟང་ནས་བྱུང་། །ཕྱོགས་ཆའི་རྟོག་པ་དབྱིངས་སུ་ཡལ། །ངོ་ལྐོག་ཆོས་བརྒྱད་རེ་དོགས་མེད། །བསྲུང་བྱ་སྲུང་བྱེད་སྟོར་ནས་ཐལ། །དམ་ཚིག་བསྲུང་ཚུལ་བཟང་ནས་བྱུང་། །རང་སེམས་ཆོས་སྐུར་ཐག་ཆོད་ཅིང་། །རང་གཞན་དོན་གཉིས་གྲུབ་པའི་ཕྱིར། །བསྒྲུབ་བྱ་སྒྲུབ་བྱེད་སྟོར་ནས་ཐལ། །འབྲས་བུ་གྲུབ་ཚུལ་བཟང་ནས་བྱུང་། །མི་རྒན་ང་ཡི་སྐྱིད་གླུ་འདི། །དད་ཅན་ཉ་མའི་ཞུས་ལན་ཡིན། །སྒྲུབ་པའི་སྐུ་མཚམས་ཁ་བས་བསྡམས། །འཚོ་བའི་ཞབས་ཏོག་མཁའ་འགྲོས་བགྱིས། །གཡའ་གངས་ཀྱི་འབབ་ཆུ་བཏུང་བའི་མཆོག །སུས་སྒྲུབ་མེད་པར་དཔལ་ལས་གྲུབ། །ལས་བྱ་དགོས་མེད་པར་སོ་ནམ་ཚར། །འཕྲལ་གསོག་འཇོག་མེད་པར་བང་མཛོད་གང་། །སེམས་ལ་བལྟས་པས་ཐམས་ཅད་མཐོང་། །དམན་སར་བསྡད་པས་རྒྱལ་ས་ཟིན། །མདུན་མ་ཡང་རྩེ་བླ་མའི་དྲིན། །བུ་སློབ་ཡོན་བདག་འཁོར་བཅས་རྣམས། །དད་པས་ཞབས་ཏོག་བྱེད་པ་ཡི། །དྲིན་ལན་ཆོས་ཀྱིས་འཇལ་བ་ཡིན། །ཐུགས་དགྱེས་པར་མཛོད་ཅིག་འདིར་བྱོན་རྣམས། །ཞེས་གསུངས་པས། སྟོན་པ་ཤཱཀྱ་གུ་ནས་ཕྱག་ཕུལ་ཏེ། ད་ལན་གྱི་ཁ་བ་ཆེན་པོ་དེ་འདྲ་བས་རྗེ་བཙུན་སྐུ་མ་ནོངས་པར་བྱོན་པ་དང་། ངེད་སློབ་འབངས་རྣམས་ལའང་ཤི་ཆད་མེད་པར། དཔོན་སློབ་ཞལ་འཛོམ་པ་འདི་ཤིན་ཏུ་དགའ་ཚོར་ཆེ་བ་ཞིག་བྱུང་ཞིང་། དེ་རིང་གི་སྐབས་སུ་ངེད་རྣམས་ལ་དྲིན་ལན་དུ་ཆོས་ཀྱི་སྐྱེས་ཁ་གནང་གསུང་བ་བཀའ་དྲིན་ཆེ་བས། སྐུ་སྐྱེས་ལ་ད་ལོ་དགུན་རྗེ་བཙུན་རང་གི་ཐུགས་ཉམས་སུ་འཁྲུངས་པའི་ཆོས་ཤིག་གནང་བར་ཞུ་ཞུས་པས། རྗེ་བཙུན་གྱིས་སྟོན་པ་ཤཱཀྱ་གུ་ནའི་ཞུས་ལན་ཉ་མ་རྣམས་ལ་བྱོན་སྐྱེས་སུ་ཐུགས་ཉམས་གནད་ཀྱི་མདོ་དྲུག་འདི་མགུར་དུ་གསུངས་སོ། །རྗེ་གསུམ་ལྡན་བླ་མའི་ཞབས་ལ་འདུད། །ངས་དབེན་པ་བསྟེན་པའི་སྒོམ་ཉམས་རྣམས། །དགུང་དོ་ནུབ་བཀྲ་ཤིས་གྲལ་གོང་འདིར། །ཁྱེད་སྟོན་པ་ཤཱཀྱ་གུ་ནས་དབུ་མཛད་པའི། །གདན་གང་འཛོམ་པའི་བུ་སློབ་རྣམས། །སྨོན་ལམ་དག་པས་མཚམས་སྦྱར་ནས། །ཡོན་བདག་རྡོར་མོ་བཟའ་ཚོ་དང་། །དམ་ཚིག་ཆོས་ཀྱིས་འབྲེལ་བ་ཡི། །ཁྱེད་བུ་སློབ་རྣམས་ཀྱི་ཞུ་ཕུལ་ལ། །ཕ་བྱོན་སྐྱེས་ཆོས་ཤིག་གནང་འཚལ་སྐད། །དོན་དེ་ལ་མཆིད་ལན་འདི་སྐད་དོ། །ང་འཁོར་བའི་ཆོས་ལ་ཡིད་འབྱུང་སྟེ། །སྐྱོ་ནས་ལ་ཕྱི་གངས་ལ་ཕྱིན། །དབེན་གནས་བདུད་འདུལ་ཕུག་པ་དེར། །རྣལ་འབྱོར་མི་ལ་རས་པ་ངས། །ཟླ་དྲུག་བསྒོམས་པའི་ཉམས་ཤར་བ། །གནད་ཀྱི་མདོ་དྲུག་གླུ་རུ་ལེན། །ཕྱི་ཡི་ཡུལ་དྲུག་དཔེར་བཞག་ནས། །ནང་གི་སྐྱོན་དྲུག་གཏན་ལ་འབེབས། །མི་ཐར་འཆིང་བའི་སྒྲོག་དྲུག་ལ། །ཐབས་ཀྱིས་གྲོལ་བའི་ལམ་དྲུག་མཐོང་། །ཀློང་དྲུག་གདེངས་སུ་གྱུར་པ་ལས། །ཉམས་ལ་བདེ་བ་རྣམ་དྲུག་ཤར། །གླུ་དེ་རྗེས་བསྐྱར་ནས་མ་བླངས་ན། །དོན་དེ་ཐུགས་སུ་མི་འབྱོན་པས། །ཚིག་བརྡ་ཡིས་འགྲོལ་ན་འདི་སྐད་ཡིན། །ཡོངས་ཐོགས་བརྡུགས་ཡོད་ན་ནམ་མཁའ་མིན། །གྲངས་ཀྱིས་ལང་ན་སྐར་ཕྲན་མིན། །གཡོ་འགུལ་ཡོད་ན་རི་བོ་མིན། །ཕྲི་བསྣན་ཡོད་ན་རྒྱ་མཚོ་མིན། །ཟམ་པས་སླེབ་ན་ཆུ་བོ་མིན། །བཟུང་དུ་ཡོད་ན་འཇའ་ཚོན་མིན། །དེ་ནི་ཕྱི་ཡི་དཔེ་དྲུག་ཡིན། །ཡོངས་གཟའ་གཏད་ཡོད་ན་ལྟ་བ་མིན། །བྱིང་རྒོད་ཡོད་ན་སྒོམ་པ་མིན། །བླང་དོར་ཡོད་ན་སྤྱོད་པ་མིན། །རྣམ་རྟོག་ཡོད་ན་རྣལ་འབྱོར་མིན། །ཤར་ནུབ་ཡོད་ན་ཡེ་ཤེས་མིན། །སྐྱེ་འཆི་ཡོད་ན་སངས་རྒྱས་མིན། །དེ་ནི་ནང་གི་སྐྱོན་དྲུག་ལགས། །ཡོངས་ཞེ་སྡང་ཆེ་ན་དམྱལ་བའི་སྒྲོག །སེར་སྣ་ཆེ་ན་ཡི་དྭགས་སྒྲོག །གཏི་མུག་ཆེ་ན་བྱོལ་སོང་སྒྲོག །འདོད་ཆགས་ཆེ་ན་མི་ཡི་སྒྲོག །ཕྲག་དོག་ཆེ་ན་ལྷ་མིན་སྒྲོག །ང་རྒྱལ་ཆེ་ན་ལྷ་ཡི་སྒྲོག །འདི་མི་ཐར་འཆིང་བའི་སྒྲོག་དྲུག་ལགས། །ཡོངས་དད་པ་ཆེ་ན་ཐར་པའི་ལམ། །མཁས་བཙུན་བསྟེན་ན་ཐར་པའི་ལམ། །དམ་ཚིག་གཙང་ན་ཐར་པའི་ལམ། །རི་ཁྲོད་འགྲིམ་ན་ཐར་པའི་ལམ། །གཅིག་པུར་སྡོད་ན་ཐར་པའི་ལམ། །སྒྲུབ་པ་བྱེད་ན་ཐར་པའི་ལམ། །འདི་ཐབས་ཀྱིས་འགྲོལ་བའི་ལམ་དྲུག་ལགས། །ཡོངས་ལྷན་ཅིག་སྐྱེས་པ་གཉུག་མའི་ཀློང་། །ཕྱི་ནང་མེད་པ་རིག་པའི་ཀློང་། །གསལ་འགྲིབ་མེད་པ་ཡེ་ཤེས་ཀློང་། །ཁྱབ་གདལ་ཆེན་པོ་ཆོས་ཀྱི་ཀློང་། །འཕོ་འགྱུར་མེད་པ་ཐིག་ལེའི་ཀློང་། །རྒྱུན་ཆད་མེད་པ་ཉམས་ཀྱི་ཀློང་། །དེ་དག་གདེངས་ཅན་ཀློང་དྲུག་ལགས། །ཡོངས་ལུས་ལ་གཏུམ་མོ་འབར་བས་བདེ། །རླུང་རོ་རྐྱང་དྷཱུ་ཏཱིར་ཆུད་པས་བདེ། །སྟོད་བྱང་ཆུབ་སེམས་ཀྱི་རྒྱུན་འབབ་བདེ། །སྨད་དྭངས་མའི་ཐིག་ལེས་ཁྱབ་པས་བདེ། །བར་དཀར་དམར་ཐུག་འཕྲད་བརྩེ་བས་བདེ། །ལུས་ཟག་མེད་བདེ་བས་ཚིམ་པས་བདེ། །དེ་རྣལ་འབྱོར་ཉམས་ཀྱི་བདེ་དྲུག་ལགས། །ད་གནད་ཀྱི་མདོ་དྲུག་དོན་གྱི་གླུ། །ཟླ་དྲུག་བསྒོམས་པའི་ཉམས་དབྱངས་འདི། །ཁྱོད་བུ་སློབ་འཚོགས་པའི་དགའ་སྟོན་མཛོད། །ལར་མི་དགའ་བ་འཚོགས་པ་ད་རེས་ཙམ། །ཆང་བདུད་རྩིར་འཐུང་བ་ཀུན་ཀྱང་མཉེས། །མི་རྒན་གླུ་རྒན་ལེན་པ་དེ། །ཁྱོད་བུ་སློབ་རྣམས་ཀྱི་ངོ་མ་ཆོགས། །ད་རེས་ཀྱི་ཆོས་སྐྱེས་དེ་ལ་མཛོད། །ཐུགས་དགྱེས་པར་བཀྲ་ཤིས་ཆོས་ལ་འབུངས། །ལས་དག་པའི་སྨོན་ལམ་འགྲུབ་པར་ཤོག །ཅེས་གསུངས་པས། གཤེན་རྡོར་མོས་རྗེ་བཙུན་རིན་པོ་ཆེ་དུས་གསུམ་སངས་རྒྱས་ལྟ་བུ་དང་མཇལ་རུང་ཞབས་ཏོག་བྱེད་པ་དང་། ཕྱག་ཕྱི་ལ་འབྲངས་ནས་ཆོས་བྱེད་པ་དག་ལྟ་སྨོས་ཏེ། མོས་པ་ཙམ་ཡང་མི་བྱེད་པ་འདི་རྣམས་བྱོལ་སོང་བས་ཀྱང་གླེན་པ་འདུག་ཞུས་པས། རྗེ་བཙུན་གྱི་ཞལ་ནས། ང་ལ་དག་མོས་པ་མ་བྱས་ཀྱང་རུང་སྟེ། མི་ལུས་རིན་པོ་ཆེ་སངས་རྒྱས་ཀྱི་བསྟན་པ་དར་དུས་ཐོབ་ནས་ཆོས་མི་བྱེད་པ་རྣམས་ཤིན་ཏུ་གླེན་པ་ཡིན་གསུང་ནས་མགུར་འདི་གསུངས་སོ། །སྒྲ་སྒྱུར་མར་པའི་ཞབས་ལ་འདུད། །ཁྱོད་གསོན་དང་ཡོན་བདག་དད་པ་ཅན། །དམ་ཆོས་ཐང་མར་བདལ་བ་ལ། །སྡིག་པ་བབ་ཅོལ་དུ་བྱེད་པ་ཤིན་ཏུ་གླེན། །དཀའ་ཡང་ཐོབ་པའི་དལ་འབྱོར་ལུས་པོ་འདི། །མི་ཚེ་སྟོང་ཟད་ལ་སྐྱེལ་བ་ཤིན་ཏུ་གླེན། །གྲོང་ཁྱེར་གྱང་ར་ཞིག་པའི་དུར་ཁྲོད་དུ། །དུས་རྟག་ཏུ་སྡོད་པ་ཤིན་ཏུ་གླེན། །བཟའ་མི་ཚོང་འདུས་མགྲོན་པོ་ལྟ་བུ་ལ། །ངན་ཤགས་འཐབ་མོ་བྱེད་པ་ཤིན་ཏུ་གླེན། །ཚིག་སྙན་གྲགས་སྒྱུ་མའི་རང་སྒྲ་ལ། །ཞེ་ངན་གལ་དུ་འཛིན་པ་ཤིན་ཏུ་གླེན། །སྡང་དགྲ་མེ་ཏོག་བཞིན་དུ་ཡལ་རྒྱུ་ལ། །འཐབ་མོས་རང་སྲོག་སྐྱེལ་བ་ཤིན་ཏུ་གླེན། །གཉེན་ཚན་བློ་བྲིད་རྫུན་གྱི་ཟོལ་ཁང་ལ། །ཤི་ཚེ་མྱ་ངན་བྱེད་པ་ཤིན་ཏུ་གླེན། །ནོར་རྫས་ཟིལ་པ་ལྟ་བུའི་གཡར་པོ་ལ། །སེར་སྣའི་མདུད་པས་འཆིང་བ་ཤིན་ཏུ་གླེན། །ཕུང་པོ་མི་གཙང་རྫས་ཀྱིས་རྐྱལ་པ་ལ། །བཟང་འདོད་བྱི་དོར་བྱེད་པ་ཤིན་ཏུ་གླེན། །གདམས་ངག་བདུད་རྩིའི་ཟས་མཆོག་འདི། །ཟས་ནོར་དོན་དུ་འཚོང་བ་ཤིན་ཏུ་གླེན། །གླེན་པ་མང་པོ་ཚོགས་པ་ལ། །སྤྱང་ན་ལྷ་ཆོས་རང་མགོ་ཐོན། །ཕོ་གྲུང་ན་རྣལ་འབྱོར་ང་བཞིན་མཛོད། །ཅེས་གསུངས་པས། དེར་ཚོགས་པའི་ཉ་མ་རྣམས་ཀྱིས་ཐུགས་རྗེས་ཟུངས། བདག་རྣམས་ཀྱང་རྗེ་བཙུན་ལྟ་བུའི་སྤྱང་པོ་གྲུང་པོ་རང་མ་བྱུང་རུང་། གླེན་པའི་ཟླ་ལ་མ་ལུས་ཙམ་ཞིག་ཨེ་འོང་ལྟ་བ་ལགས་པས། རྗེ་བཙུན་ཡུལ་ཕྱོགས་འདིར་ཐུགས་ཕབ་ནས། ངེད་གསོན་པོ་རྣམས་ལ་ཆོས་གསུང་ཞིང་བླ་མཆོད། གཤིན་པོ་རྣམས་ཀྱི་ཡར་འདྲེན་ལ་རྒྱུན་དུ་བཞུགས་པར་ཞུ་ཞུས་པས། རྗེ་བཙུན་གྱི་ཞལ་ནས་ང་ལ་ཕྱི་གངས་ལ་སྒོམ་དགོས་པ་བླ་མའི་བཀའ་ལུང་ཡོད་པས་ཐོག་རེ་ཙམ་སྡོད། གཞི་བཟུང་ནས་ཁྱེད་ཡོན་བདག་གི་ངོ་འཛིན་པའི་མི་ཆོས་ངས་མི་ཤེས། ཁྱེད་རྣམས་ཀྱང་ང་ལ་མི་བརྙས་ཁྱེར་བ་ལས་མི་འོང་གསུང་མགུར་འདི་གསུངས་སོ། །རྗེ་ལྷོ་བྲག་མར་པའི་ཞབས་ལ་འདུད། །ཁྱེད་འདིར་ཚོགས་ཀྱི་ཡོན་བདག་ཕོ་མོ་རྣམས། །ང་རྣལ་འབྱོར་མི་ལ་རས་པ་ལ། །འགྱུར་མེད་ཀྱི་དད་པ་གཏིང་ནས་གྱིས། །ཁ་ཞེ་མེད་པའི་གསོལ་བ་ཐོབ། །གཞི་གཅིག་ཏུ་རྒྱུན་དུ་བསྡད་གྱུར་ན། །འཕྲལ་མཉམ་དུ་འགྲོགས་པས་སྣང་བ་སུན། །མིག་འདྲིས་ཆེ་ན་གཤིས་ཀྱིས་བརྙས། །འགྲོགས་ཡུན་རིང་ན་རེ་འཁང་མང་། །གཤིས་ངན་འཐབ་མོས་དམ་ཚིག་དཀྲུག །གྲོགས་ངན་གྱིས་དགེ་སྦྱོར་བཟང་པོ་སྤུར། །གཙོ་འདུན་གྱི་ཁ་གཟུས་ལས་ངན་གསོག །ཡིན་མིན་ཁ་རྟོགས་དགྲ་བོ་འཁོར། །ཕྱོགས་ཆའི་གཡོ་སྒྱུ་སྡིག་པ་ཆེ། །དད་ཟས་ཁ་ལན་བསམ་ངན་འཁྲུག །གཤིན་ཟས་ཀྱི་རོ་དམ་ཐེག་ཐབས་མེད། །ཁྱེད་མི་ནག་གི་བླ་མཆོད་ཤིན་ཏུ་ལོད། །འགྲོགས་ཀྱིན་བརྙས་ན་ཡི་མུག་ལྡང་། །ཚང་མང་གི་དཔོན་པོ་འཆི་ཁར་སྡུག །དེ་བས་རི་ཁྲོད་ཀྱི་རྣལ་འབྱོར་པ། །གྲོང་ཡུལ་དུ་ལུས་ན་འགྱོང་རེ་ཆེ། །ང་ཕྱོགས་མེད་ཀྱི་རི་ཁྲོད་འགྲིམ་དུ་འགྲོ། །ཁྱེད་དད་ལྡན་རྣམས་ཚོགས་གསོག་ངོ་མཚར་ཆེ། འདིར་ཚོགས་ཀྱི་ཡོན་བདག་ཕོ་མོ་རྣམས། །བླ་མཆོད་གྱིས་ཟེར་བག་ཆགས་བཟང་། །སྨོན་ལམ་གྱི་འབྲེལ་པས་ཡང་ཡང་མཇལ། །ཞེས་གསུངས་པས། ཉ་མ་རྣམས་ངེད་དག་རྣ་བ་མི་སུན་ཏེ། རྗེ་བཙུན་ཐུགས་སུན་དགོངས་པ་ཡིན་པ་འདུག །ད་ཞུ་བ་ནན་གྱིས་ཕུལ་རུང་གསན་དགོངས་བྱུང་དོགས་མེད། བདག་ཅག་རྣམས་ལ་གཟིགས་ནས་ལ་ཕྱི་ལ་ཡང་ཡང་མྱུར་དུ་འབྱོན་པར་ཞུ། །ཞེས་ཞུས་ནས། འབུལ་བ་མང་པོ་ཕུལ་བ་རྣམས་མ་བཞེས་པ་ལས་དེར་ཚོགས་པའི་བུ་སློབ་ཀུན་མཆོག་ཏུ་ངོ་མཚར་དུ་གྱུར་ནས། དགའ་མགུ་ཡི་རངས་ཤིང་རྗེ་བཙུན་ལ་མི་ཕྱེད་པའི་དད་པ་ཐོབ་པར་གྱུར་ཏོ། །གངས་མགུར་གྱི་སྐོར་རོ།། །།

༈ ན་མོ་གུ་རུ། རྗེ་བཙུན་མི་ལ་རས་པ་དེ་ཉིད་ལ། གཉའ་ནང་རྩར་མའི་ཉ་མ་སོགས་གཉའ་ནང་པ་རྣམས་ཀྱིས་བཞུགས་པའི་གསོལ་བ་ཅི་བཏབ་རུང་མ་གསན་པར། བླ་མའི་བཀའ་བསྒྲུབ་ཕྱིར་སྐྱིད་གྲོང་གི་རི་བོ་དཔལ་འབར་ལ་སྒོམ་དུ་བྱོན་པ་ལས། ལིང་པའི་བྲག་ཕུག་ལ་ཐུག་སོང་སྟེ། དེར་རེ་ཞིག་ཐུགས་དམ་སྐྱོང་ཞིང་བཞུགས་པ་ལས་ནམ་ཞིག་ནམ་སྲོད་བྱིངས་སོང་བའི་ཚེ། རྗེ་བཙུན་བཞུགས་པའི་གཡོན་ཕྱོགས་ན་བྲག་གི་སེར་ཁ་ཞིག་ཡོད་པ་དེའི་སྲུབས་ལ་བཤུད་སྐད་ཅིག་ཚེར་ཚེར་འདུག་པ་ལས་བཞེངས་ཏེ་གཟིགས་པས་ཅི་ཡང་མི་འདུག །ང་སྒོམ་ཆེན་པ་རང་སྣང་འཁྲུལ་པར་འདུག་དགོངས་ནས། ཡང་གཟིམ་མལ་དུ་བཞུགས་པས་བྲག་གི་སེར་ཁ་ནས་ཚུར་འོད་ཆེན་པོ་ཞིག་གི་སྣ་ལ་མི་དམར་པོ་གླ་བ་ནག་པོ་ལ་ཞོན་པའི་སྣ་བུད་མེད་བཟང་མོ་གཅིག་གིས་ཁྲིད་པ་ཞིག་བྱུང་ནས། མི་དེས་རྗེ་བཙུན་ལ་གྲུ་མོའི་ཕུལ་རྡེག་ཅིག་བྱས་ནས་རླུང་འཚུབ་ཞིག་ཏུ་ཡལ་སོང་། བུད་མེད་དེ་ཁྱི་མོ་དམར་མོ་ཞིག་ཏུ་སོང་ནས་ཞབས་གཡོན་པའི་མཐེ་བོང་བཟུང་སྟེ་གཏོང་དུ་མ་ཉན་པས། བྲག་སྲིན་མོའི་ཆོ་འཕྲུལ་དུ་མཁྱེན་ནས་མགུར་འདི་གསུངས་སོ།། དྲིན་ཅན་མར་པའི་ཞབས་ལ་འདུད། །མི་ང་ལ་ཐོ་འཚམས་གླགས་ལྟ་ཞིང་། །མི་སྡུག་སྤྲུལ་པའི་གཟུགས་སྟོན་པ། །ཁྱོད་ལིང་པ་བྲག་གི་བྲག་སྲིན་མོ། །ལས་ངན་འདྲེ་མོ་མ་ཡིན་ནམ། །གླུ་སྙན་པའི་འགྱུར་ཁུགས་ངས་མི་ཤེས། །ངག་བདེན་པའི་ཚིག་ལ་ཁྱོད་ཀྱང་ཉོན། །ཡ་གི་དགུང་སྔོན་གྱི་དཀྱིལ་ཞིག་ན། །ཉི་ཟླ་ཟུང་གཅིག་གཡང་ཆགས་པ། །དེ་ངོ་མཚར་ལྷ་ཡི་གཞལ་ཡས་ཁང་། །འོད་ཟེར་སྐྱེ་འགྲོའི་དཔལ་དུ་ཤར། །ལས་སུ་གླིང་བཞི་བསྐོར་བ་ལ། །གཟའ་ཁྱབ་འཇུག་དགྲ་རུ་མ་ལྡང་ཞིག །ཤར་རྩེ་མཐོན་ཤེལ་གྱི་གངས་རི་ལ། །དར་སེང་དཀར་མོའི་གཡང་ཆགས་པ། །དེ་བྱོལ་སོང་བཀོད་པའི་རྒྱལ་པོ་ཡིན། །ཆེ་རྟགས་སུ་རྒོད་ཀྱི་ཤ་མི་ཟ། །ཁོང་གཡའ་སྔོན་ཟུར་ལ་འབབ་པའི་ཚེ། །བུ་ཡུག་དགྲ་རུ་མ་ལྡང་ཞིག །ལྷོ་ནགས་མའི་གསེབ་ཀྱི་ལྡིང་ཁང་དུ། །སྟག་མོ་རི་བཀྲའི་གཡང་ཆགས་པ། །དེ་གཅན་གཟན་ཡོངས་ཀྱི་གྱད་པ་ཡིན། །དཔའ་རྟགས་སུ་རང་གི་སྲོག་མི་ཕངས། །ཁོང་དོག་མོའི་འཕྲང་ལ་འགྲིམ་པའི་ཚེ། །ས་མདའ་དགྲ་རུ་མ་ལྡང་ཞིག །ནུབ་མ་ཕམ་གཡུ་མཚོ་མེར་བ་ལ། །ལྟོ་དཀར་ཉ་ཡི་གཡང་ཆགས་པ། །དེ་འབྱུང་བ་ཆུ་ཡི་གར་མཁན་ཡིན། །ཡ་མཚན་དུ་གསེར་མིག་འཁྱིལ་བ་ཡོད། །ཁོང་འདོད་ཡོན་ཟས་ཕྱིར་འབྲང་བའི་ཚེ། །ལྕགས་ཀྱུ་དགྲ་རུ་མ་ལྡང་ཞིག །བྱང་གི་བྲག་དམར་བསམ་ཡས་ལ། །བྱ་རྒྱལ་རྒོད་པོའི་གཡང་ཆགས་པ། །དེ་འདབ་ཆགས་བྱ་ཡི་དྲང་སྲོང་ཡིན། །ངོ་མཚར་གཞན་གྱི་སྲོག་མི་གཅོད། །ཁོང་རི་གསུམ་རྩེ་ལ་གཟན་འཚོལ་ཚེ། །ཐག་སྙི་དགྲ་རུ་མ་ལྡང་ཞིག །བྲག་རྒོད་ཚང་ཅན་གྱི་ལིང་པ་ལ། །མི་ལ་རས་པའི་གཡང་ཆགས་པ། །འདིར་རང་གཞན་དོན་གཉིས་སྒྲུབ་མཁན་ཡིན། །བདེན་རྟགས་སུ་ཚེ་འདི་བློས་བཏང་སྟེ། །རྒྱུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །དུས་ཚེ་གཅིག་ལུས་གཅིག་འདི་ཉིད་ཀྱི། །རྩེ་གཅིག་སངས་རྒྱས་སྒྲུབ་པ་ལ། །ཁྱོད་བྲག་སྲིན་དགྲ་རུ་མ་ལྡང་ཞིག །གླུ་ངོ་མཚར་དཔེ་ལྔ་དོན་དང་དྲུག །ཚིག་སྙན་ངག་མདོ་ལོང་གསེར་ཐག་ཅན། །དོན་མཇལ་བར་གདའ་འམ་བྲག་སྲིན་མོ། །ལས་བསགས་ཀྱིན་ལྕི་བ་སྡིག་པ་ཡིན། །ཁྱོད་དེ་ལ་ནན་ཏན་མ་ཆེ་བར། །ངན་སེམས་གདུག་རྩུབ་སླར་ཐུལ་དང་། །ལར་ཐམས་ཅད་སེམས་སུ་མ་ཤེས་ན། །རྣམ་རྟོག་གི་འདྲེ་ལ་ཟད་པ་མེད། །སེམས་ཉིད་སྟོང་པར་མ་རྟོགས་ན། །འདྲེ་ལོག་གིས་བཟློག་པར་ཅང་གདའ་འམ། །ཁྱོད་མ་གནོད་མ་གནོད་འདྲེ་མོ་ངན། །མི་ང་ལ་མ་གནོད་སླར་ལོག་ཅིག །ཅེས་གསུངས་པས། ཞབས་ནས་བཟུང་བཟུང་བ་དེ་ནི་མ་བཏང་གཟུགས་མེད་པའི་སྐད་ཅིག་གིས་ལན་འདི་སྐད་བཏབ་བོ། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །གཅིག་པུར་རྒྱུ་བའི་སྙིང་སྟོབས་ཅན། །རི་ཁྲོད་འགྲིམ་པའི་རྣལ་འབྱོར་པ། །དཀའ་བ་སྤྱོད་པའི་ངོ་མཚར་ཅན། །མི་ཁྱོད་ཀྱིས་གླུ་བླངས་རྒྱལ་པོའི་བཀའ། །རྒྱལ་པོའི་བཀའ་དེ་གསེར་བས་ལྕི། །གསེར་ལ་ར་ཤོར་མཚང་དུ་ཆེ། །མཚང་དེ་ལས་སླར་ལྡོག་མ་ཤེས་ན། །ངས་སྔོན་ཆད་སྨྲས་པ་རྫུན་དུ་ཟད། །དེ་ཡན་ཆད་རྗེ་རྒྱལ་ཁྲིམས་ཀྱི་གླུ། །ད་དཔེ་དེ་ལ་དྲངས་པའི་མཆིད་ཅིག་འཚལ། །ཐུགས་མ་ཡེངས་དར་ཅིག་གསན་པར་ཞུ། །ཡ་གི་དགུང་སྔོན་གྱི་དཀྱིལ་ཞིག་ན། །འོད་གསལ་ཉི་ཟླའི་གཡང་ཆགས་པ། །དེ་ངོ་མཚར་ལྷ་ཡི་གཞལ་ཡས་ཁང་། །གླིང་བཞིའི་མུན་པ་སེལ་ལོ་སྐད། །ཁོང་ལས་སུ་གླིང་བཞི་བསྐོར་བའི་ཚེ། །སྣང་སྣང་བྱ་ར་མི་གཏོང་ཞིང་། །དཀྱིལ་འཁོར་འོད་ཀྱིས་མ་བསླུས་ན། །གཟའ་ཁྱབ་འཇུག་དགྲ་རུ་ཅི་ལ་ལྡང་། །ཤར་གངས་དཀར་ཤེལ་གྱི་ཟུར་ཕུད་ལ། །དར་སེང་དཀར་མོའི་གཡང་ཆགས་པ། །དེ་བྱོལ་སོང་བཀོད་པའི་རྒྱལ་པོ་སྟེ། །འབངས་དུད་འགྲོ་ཁྲིམས་ལ་གནོན་ནོ་སྐད། །ཁོང་གཡའ་སྔོན་ཟུར་ལ་འབབ་པའི་ཚེ། །ཁྲོ་གཏུམ་ང་རྒྱལ་མི་ཆེ་ཞིང་། །གཡུ་རལ་སྔོན་མོས་མ་ནོན་ན། །བུ་ཡུག་དགྲ་རུ་ཅི་ལ་ལྡང་། །ལྷོ་ནགས་མའི་གསེབ་ཀྱི་ལྡིང་ཁང་ན། །སྟག་གུ་རི་ཁྲའི་གཡང་ཆགས་པ། །དེ་གཅན་གཟན་ཡོངས་ཀྱི་གྱད་པ་སྟེ། །སྡེར་ཆགས་ཟིལ་གྱིས་གནོན་ནོ་སྐད། །ཁོང་དོག་མོའི་འཕྲང་ལ་འགྲིམ་པའི་ཚེ། །ཡང་རྩལ་དྲེགས་པས་མི་སྙེམས་ཤིང་། །རི་མོ་འཛུམ་གྱིས་མ་བསླུས་ན། །ས་མདའ་དགྲ་རུ་ཅི་ལ་ལྡང་། །ནུབ་མ་ཕམ་གཡུ་མཚོ་མེར་བ་ལ། །ལྟོ་དཀར་ཉ་ཡི་གཡང་ཆགས་པ། །དེ་འབྱུང་བ་ཆུ་ཡི་གར་མཁན་ཏེ། །ལྷ་དྲང་སྲོང་གཟིགས་མོར་ཆེའོ་སྐད། །ཁོང་འདོད་ཡོན་ཟས་ཕྱིར་འབྲང་བའི་ཚེ། །མི་ཟས་དོན་དུ་མི་གཉེར་ཞིང་། །སྒྱུ་མའི་ལུས་ཀྱིས་མ་བསླུས་ན། །ལྕགས་ཀྱུ་དགྲ་རུ་ཅི་ལ་ལྡང་། །བྱང་གི་བྲག་དམར་བསམ་ཡས་ལ། །བྱ་རྒྱལ་རྒོད་པོའི་གཡང་ཆགས་པ། །དེ་འདབ་ཆགས་བྱ་ཡི་དྲང་སྲོང་སྟེ། །འདབ་ཆགས་ཟིལ་གྱིས་གནོན་ནོ་སྐད། །ཁོང་རི་གསུམ་གྱི་རྩེ་ལ་གཟན་ཚོལ་ཚེ། །ཤ་ཁྲག་གཟན་དུ་མི་ཚོལ་ཞིང་། །གཤོག་སྒྲོ་ལྡེམ་གྱིས་མ་བསླུས་ན། །ཐག་སྙི་དགྲ་རུ་ཅི་ལ་ལྡང་། །བྲག་རྒོད་ཚང་ཅན་གྱི་ལིང་པ་ལ། །ཁྱོད་མི་ལ་རས་པའི་གཡང་ཆགས་པ། །རང་གཞན་དོན་གཉིས་སྒྲུབ་མཁན་དེ། །རྒྱུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །ཚེ་གཅིག་ལུས་གཅིག་འདི་ཉིད་ཀྱི། །རྩེ་གཅིག་སངས་རྒྱས་བསྒྲུབས་ནས་ཀྱང་། །འགྲོ་དྲུག་གི་ལམ་སྣ་འདྲེན་ནོ་སྐད། །ཁྱོད་རྩེ་གཅིག་བསམ་གཏན་སྒོམ་པའི་ཚེ། །བག་ཆགས་འཐུག་པོས་རྒྱུ་བྱས་ཏེ། །རང་སེམས་འཁྲུལ་པའི་ཉེར་ལེན་གྱིས། །རྣམ་རྟོག་དགྲ་རུ་མ་ལངས་ན། །ང་བྲག་སྲིན་དགྲ་རུ་ཅི་ལ་ལྡང་། །ལར་བག་ཆགས་བདུད་འདི་སེམས་ལས་བྱུང་། །སེམས་ཀྱི་དེ་ཉིད་མ་ཤེས་ན། །ཁྱོད་སོང་ཞིག་བྱས་པས་ང་མི་འགྲོ། །རང་སེམས་སྟོང་པར་མ་རྟོགས་ན། །འདྲེ་ང་བས་མི་ཚད་གཞན་ཡང་ཡོད། །རང་སེམས་རང་གིས་ངོ་ཤེས་ན། །མི་མཐུན་རྐྱེན་རྣམས་གྲོགས་སུ་འཆར། །ང་བྲག་སྲིན་མོ་ཡང་འབངས་སུ་མཆི། །ལར་མི་ཁྱོད་ཀྱི་ཡིད་ལ་ཁུ་འཁྲིག་ཡོད། །ད་དུང་རང་སེམས་གཏན་ལ་ཕོབ། །ད་དུང་འཁྲུལ་བའི་ཕུ་ཐག་ཆོད། །ཅེས་བྲག་སྲིན་མོས་དེ་སྐད་ཞུར་བྱུང་བས། རྗེ་བཙུན་གྱི་ཐུགས་ལ་ཤིན་ཏུ་འཐད་པ་ཞིག་བྱུང་སྟེ། དེའི་ལན་དུ་དྲན་པའི་དཔེ་བརྒྱད་ཀྱི་མགུར་འདི་གསུངས་སོ། །ཁྱོད་བདེན་ནོ་བདེན་ནོ་འདྲེ་མོ་ངན། །ཚིག་དེ་བས་བདེན་པ་ཡོད་རེ་སྐན། །ང་སྔོན་ཆད་རྒྱལ་ཁམས་འགྲིམ་འགྲིམ་ནས། །གླུ་དེ་བས་སྙན་པ་ཐོས་མ་མྱོང་། །མཁས་པ་བརྒྱ་ཡི་ཞལ་བསྡུར་ཡང་། །དོན་དེ་ལས་ལྷག་པ་ཡོད་མི་སྲིད། །འདྲེ་ཁྱོད་ཀྱི་ཁ་ནས་ལེགས་བཤད་བྱུང་། །ལེགས་བཤད་གསེར་གྱི་ཐུར་མ་དེ། །མི་ཁོ་བོའི་རྣམ་ཤེས་སྙིང་ལ་བརྒྱབ། །ནང་དངོས་པོར་འཛིན་པའི་སྙིང་རླུང་བསལ། །མ་རིག་འཁྲུལ་པའི་མུན་ནག་སངས། །བློ་པདྨ་དཀར་པོ་ཁ་ཡང་ཕྱེ། རང་རིག་གསལ་བའི་སྒྲོན་མེ་སྦར། །དྲན་པའི་ཡེ་ཤེས་ཏུར་གྱིས་སད། །དྲན་པ་སད་དམ་མ་སད་པ། །དགུང་སྔོན་གྱི་དཀྱིལ་དུ་ཡར་བལྟས་པས། །ཆོས་ཉིད་སྟོང་པར་ཏུར་གྱིས་དྲན། །ང་དངོས་པོའི་ཆོས་ལ་ཉམ་ང་མེད། །ཉི་ཟླ་གཉིས་ལ་ཕར་བལྟས་པས། །སེམས་ཉིད་འོད་གསལ་ཏུར་གྱིས་དྲན། །ང་བྱིང་རྒོད་གཉིས་ལ་ཉམ་ང་མེད། །རི་བོའི་རྩེ་ལ་ཕར་བལྟས་པས། །འགྱུར་མེད་ཏིང་འཛིན་ཏུར་གྱིས་དྲན། །ང་འཕོ་འགྱུར་རྟོགས་པས་ཉམ་ང་མེད། །ཆུ་བོའི་གཞུང་ལ་མར་བལྟས་པས། །རྒྱུན་ཆད་མེད་པར་ཏུར་གྱིས་དྲན། །གློ་བུར་རྐྱེན་གྱིས་ཉམ་ང་མེད། །འཇའ་ཚོན་རི་མོ་མཐོང་ཙ་ན། །སྣང་སྟོང་ཟུང་འཇུག་ཏུར་གྱིས་དྲན། །ང་རྟག་ཆད་གཉིས་ལ་ཉམ་ང་མེད། །གཟུགས་བརྙན་ཆུ་ཟླ་མཐོང་ཙ་ན། །འཛིན་མེད་རང་གསལ་ཏུར་གྱིས་དྲན། །ང་གཟུང་འཛིན་རྟོག་པས་ཉམ་ང་མེད། །རང་རིག་སེམས་ལ་ཚུར་བལྟས་པས། །བུམ་ནང་མར་མེ་ཏུར་གྱིས་དྲན། །ང་གཏི་མུག་རྨོངས་པས་ཉམ་ང་མེད། །འདྲེ་ཁྱོད་ཀྱི་ཁ་ནས་དེ་ཐོས་པས། །སོ་སོ་རང་རིག་ཏུར་གྱིས་དྲན། །ང་བར་ཆོད་བགེགས་ལ་ཉམ་ང་མེད། །ཁྱོད་དེ་ཙམ་ལེགས་བཤད་ཤེས་ཤེས་ནས། །སེམས་ཀྱི་དེ་ཉིད་གོ་གོ་ནས། །ད་ལྟ་ལུས་ངན་འདྲེ་མོར་སྐྱེས། །ལས་ངན་གནོད་ཅིང་འཚེ་བར་བྱེད། །དེ་རྒྱུ་འབྲས་ཁྱད་དུ་བསད་པས་ལན། །ད་ཡང་འཁོར་བའི་ཉེས་དམིགས་སོམས། །ལས་མི་དགེ་བཅུ་པོ་གཏན་ནས་སྤོངས། །ང་སེང་གེ་ལྟ་བུའི་རྣལ་འབྱོར་ཡིན། །ཉམ་ང་བག་ཚ་མེད་པ་ཡིན། །མི་ང་ཡིས་ཀུ་རེ་བྱས་པ་ལ། །ཁྱོད་བདེན་ནོ་མ་སྙམ་འདྲེ་མོ་ངན། །འདྲེ་ཁྱོད་ཀྱིས་དོ་ནུབ་ཐོ་འཚམས་པས། །སྔོན་གནོད་སྦྱིན་ཤ་ཟ་སྤུན་ལྔ་དང་། །རྒྱལ་པོ་བྱམས་པའི་སྟོབས་བཞིན་དུ། །སྨོན་ལམ་འབྲེལ་བས་མཚམས་སྦྱར་ནས། །བྱང་ཆུབ་སེམས་དང་ལྡན་གྱུར་ཏེ། །དུས་ཕྱི་མ་ང་ཡི་གདུལ་བྱར་ཤོག །ཅེས་གསུངས་པས། བྲག་སྲིན་མོ་ཤིན་ཏུ་དད་པར་གྱུར་ནས། ཞབས་ནས་བཟུང་བ་བཏང་སྟེ། ཡང་ལུས་མེད་པའི་སྐད་སྙན་པོ་ཞིག་གིས་བར་སྣང་ནས་ཚུར་ལ་ཞུ་བ་འདི་ལྟར་ཕུལ་ལོ། །ཨེ་མ་སྐལ་ལྡན་རྣལ་འབྱོར་པ། །བསོད་ནམས་བསགས་པས་དམ་ཆོས་སྤྱོད། །ངོ་མཚར་གཅིག་པུར་རི་ལ་བཞུགས། །ཐུགས་རྗེའི་སྤྱན་རྒྱང་འགྲོ་ལ་གཟིགས། །ང་པདྨ་ཐོད་ཕྲེང་བརྒྱུད་པ་འཛིན། །དམ་ཆོས་ཚིག་གི་ཕྲེང་བ་ཉན། །ཚིག་ཐོས་པ་ཡོད་ཀྱང་ཞེན་པ་ཆེ། །ང་རྣལ་འབྱོར་ཡོངས་ཀྱི་ཚོགས་ཁང་འགྲིམས། །ལས་འཕྲོ་ཅན་རྣམས་དགེ་ལ་འཁོད། །སྐལ་པ་ཅན་རྣམས་དོན་དང་སྤྲོད། །སེམས་བཟང་སྣང་བ་དཀར་ལགས་ཀྱང་། །ལུས་ངན་མ་སོས་ལྟོགས་ཚོར་ཆེ། །ལས་ངན་འཛམ་གླིང་གྲོང་ཁྱེར་ཉུལ། །ཟས་སུ་ཤ་དང་ཁྲག་ལ་དགའ། །མི་ཙམ་པོ་ཡོངས་ཀྱི་སེམས་ལ་འཇུག །སྨན་མཆོར་མོ་ཀུན་ལ་སྙིང་རླུང་སློང་། །ཕོ་མཆོར་པོ་ཀུན་ལ་མཚལ་རིས་བཏབ། །མིག་གིས་ཀུན་ལ་ལྟད་མོ་བལྟས། །སེམས་ཀྱིས་རྒྱལ་ཁམས་ཞེ་ལ་མནན། །ལུས་ཀྱིས་ཀུན་ལ་གཡེང་འདེགས་བྱས། །གནས་ནི་ལིང་པའི་བྲག་ལ་གནས། །དེ་ཚོ་ང་ཡི་སྤྱོད་འགྲོས་ཡིན། །ཁྱེད་ཀྱི་དྲུང་དུ་ཞུ་བ་ལགས། །ལན་ཅིག་གླུ་རུ་བླངས་པ་ཡིན། །འོ་སྐོལ་མཇལ་བའི་དགའ་སྤྲོ་ཡིན། །ད་ལྟ་མཚར་བའི་ཞུ་དོན་ཡིན། །རྣལ་འབྱོར་ཁྱེད་ཀྱི་ཞབས་ཏོག་ཡིན། །ང་རང་དད་པའི་གསལ་ཚིག་ཡིན། །གླུ་དྲང་གཏམ་ཕུལ་བས་མཉེས་པར་ཤོག །ཅེས་ཟེར་བས། རྗེ་བཙུན་གྱི་ཐུགས་ལ། མི་མ་ཡིན་གྱི་རིགས་འདི་ལ་ནན་གྱི་དྲི་བ་བྱས་དམ་ལ་བཏགས་དགོས་དགོངས་ནས་མོའི་ཞུས་ལན་དུ་མགུར་འདི་གསུངས་སོ། །འོ་ན་ཉོན་ཅིག་དམན་མོ་ཁྱོད། །སློབ་དཔོན་བཟང་སྟེ་སློབ་མ་ངན། །ལྷ་ཆོས་ཐོས་བསམ་བྱས་པ་རྣམས། །དོན་མ་གོ་ཚིག་གི་ཕྲེང་བ་བཟུང་། །ཁས་ལེགས་ལེགས་སྨྲས་ཀྱང་ལག་ལེན་མེད། །ཁྲམ་གཏམ་ཁ་ཡི་སྟོང་བཤད་དེས། །རང་རྒྱུད་དྲི་མ་འདག་མི་སྲིད། །ཁྱོད་སྔོན་གྱི་བག་ཆགས་ངན་པ་དང་། །འཕྲལ་དུ་ལས་ངན་བསགས་པའི་ཕྱིར། །སྡོམ་པ་དམ་ཚིག་ཁས་ལེན་ཉམས། །དེ་ཡི་སྟོབས་ཀྱིས་དམན་མོར་སྐྱེས། །ལུས་སྡུག་བསྔལ་ཤ་ཟའི་གྲོང་དུ་རྒྱུག །ངག་མི་བདེན་ངོ་ལྐོག་རྫུན་ཚིག་མང་། །སེམས་མི་དགེ་འགྲོ་བའི་སྲོག་ལ་གནོད། །ལུས་ངན་པའི་གཟུགས་སུ་སྐྱེས་པ་དེ། །ལས་རྒྱུ་འབྲས་ཁྱད་གསོད་ཆེས་པས་ལན། །ད་འཁོར་བའི་ཉེས་དམིགས་བསམ་ཤེས་ན། །ལས་མི་དགེ་བྱས་ཚད་བཤགས་པ་གྱིས། །དགེ་བ་སྒྲུབ་པར་ཁ་ཡིས་བླངས། །ང་སེང་གེ་ལྟ་བུར་འཇིགས་པ་མེད། །གླང་ཆེན་ལྟ་བུར་ཉམ་ང་མེད། །སྨྱོན་པ་ལྟ་བུར་གཟའ་གཏད་མེད། །ང་ཡིས་ཁྱོད་ལ་བདེན་ཚིག་བརྗོད། །ཁྱོད་ཀྱིས་ད་དུང་དྲང་གཏམ་སྨྲོས། །མི་ང་ལ་བར་ཆད་ཐོ་འཚམས་པ། །འདྲེ་ཁྱོད་ཀྱི་གཏན་གྱི་སོ་ནམ་ཡིན། །ཆོས་སྨོན་ལམ་འབྲེལ་བའི་སྟོབས་བཞག་ནས། །མ་འོངས་དུས་ན་རྗེས་སུ་འཛིན། །དེ་རྟོག་དཔྱོད་མཛོད་ཅིག་དམན་མོའི་འཁྲུལ། །ཞེས་གསུངས་པས། བྲག་སྲིན་མོས་ལུས་སྔ་མ་ལྟར་བསྟན་ནས་དྲང་གཏམ་གྱི་ཞུ་དོན་འདི་གླུ་རུ་ཕུལ་ལོ།། རྗེ་དུས་གསུམ་སངས་རྒྱས་ཀུན་གྱི་གཙོ། །རྡོ་རྗེ་འཆང་ཆེན་དྲང་སྲོང་ལུས། །ངོ་མཚར་བསྟན་པའི་བདག་པོ་མཛད། །ཡ་མཚན་བྱང་ཆུབ་སེམས་བསྐྱེད་བཟང་། །ངེད་དམན་མོ་མིང་སྲིང་བསོད་ནམས་ཆེ། །ཁྱེད་ཀྱི་གསུང་ཐོས་གོ་བ་སྐྱེས། །ངས་དང་པོར་སློབ་དཔོན་གཉེན་གྱི་བཀའ། །དམ་ཆོས་ལྷ་ཆོས་ཐོས་བསམ་བྱས། །བར་དུ་ལས་འཕྲོ་ངན་ལ་ཞུགས། །ཉོན་མོངས་གདུག་རྩུབ་བཟོད་སྲན་མེད། །དེས་ན་ལུས་ངན་དམན་མོར་སྐྱེས། །འགྲོ་བ་སེམས་ཅན་ཐམས་ཅད་ལ། །ཕན་ཡང་བཏགས་ཏེ་གནོད་ཀྱང་བསྐྱལ། །དུས་ན་ནིང་སོང་བའི་སྔོན་རོལ་ན། །ལིང་པའི་བྲག་ལ་སྒོམ་ཆེན་ཁྱོད། །བྱོན་ནས་གཅིག་པུར་སྒྲུབ་པ་མཛད། །ངེད་ཀྱང་རེས་དགའ་རེས་མ་དགའ། །དགའ་བའི་ཕྱིར་ན་དོ་ནུབ་མཇལ། །མ་དགའི་ཕྱིར་ན་ཞབས་ལ་འཇུས། །དེ་གནོང་བའི་ཕྱིར་ན་རྗེ་ལ་བཤགས། །དུས་ད་ནས་དམན་མོའི་གདུག་རྩུབ་སྤོང་། །ཆོས་སྙིང་ནས་བྱེད་ལ་སྟོང་གྲོགས་བྱེད། །མ་འོངས་དུས་ན་བདག་ཅག་རྣམས། །བདེ་ཆེན་ལྗོན་པའི་བསིལ་གྲིབ་ཀྱིས། །དུག་ལྔས་ཉིན་མཚན་གདུངས་པ་ཡིས། །ལས་ངན་འདྲེ་མོ་བསྐྱབ་ཏུ་གསོལ། །ཁྱོད་ཀྱི་བཀའ་ལ་བརྟེན་ནས་སུ། །འདི་ནས་བཟུང་སྟེ་བྱང་ཆུབ་བར། །གདུག་པའི་བསམ་པ་ཀུན་ཞི་ནས། །རྣལ་འབྱོར་སྐྱོབ་པའི་སྲུང་མ་བྱེད། །སྒྲུབ་པ་པོ་ཡི་སྡོང་གྲོགས་བྱེད། །སྒོམ་ཆེན་ཀུན་གྱི་འབངས་མོ་བྱེད། །ཆོས་མཛད་ཀུན་གྱི་ཁ་འཛིན་བྱེད། །དམ་ཚིག་ཅན་གྱི་སྟོང་གྲོགས་བྱེད། །བསྟན་པ་སྲུང་ཞིང་ཞབས་ཏོག་བྱེད། །ཅེས་སྨོན་ལམ་བཟང་པོ་བརྗོད་ཅིང་། སྒྲུབ་པ་བྱེད་པ་ཐམས་ཅད་ཀྱི་མགོན་བྱེད། གནོད་པ་མི་སྐྱེལ་བར་ཁས་བླངས་དམ་བཅས་ཤིན་ཏུ་དད་པར་གྱུར་པ་དང་། རྗེ་བཙུན་གྱིས་བྲག་སྲིན་མོ་རྗེས་སུ་འཛིན་པའི་མགུར་འདི་གསུངས་སོ།། ང་འཁོར་བ་སྤངས་པའི་བནྡེ་ཡིན། །བླ་མ་དམ་པའི་སྲས་པོ་ཡིན། །གདམས་ངག་རིན་ཆེན་གཏེར་མཛོད་ཡིན། །དམ་ཆོས་སྙིང་ནས་སྒྲུབ་མཁན་ཡིན། །ཆོས་ཉིད་རྟོགས་པའི་རྣལ་འབྱོར་ཡིན། །སེམས་ཅན་རྣམས་ཀྱི་མ་རྒན་ཡིན། །སྙིང་སྟོབས་ཅན་གྱི་སྐྱེས་བུ་ཡིན། །ཤཱཀྱ་ཐུབ་པའི་སྲོལ་འཛིན་ཡིན། །བྱང་ཆུབ་སེམས་ཀྱི་བདག་ཉིད་ཡིན། །བྱམས་པ་སྔོན་ནས་བསྒོམས་པ་ཡིན། །སྙིང་རྗེས་གདུག་པ་འདུལ་བ་ཡིན། །ལིང་པ་བྲག་ལ་གནས་པ་ཡིན། །ཡེངས་པ་མེད་པར་སྒོམ་མཁན་ཡིན། །ཁྱོད་དགའ་བར་སེམས་སམ་དམན་མོ་འཁྲུལ། །དགའ་བར་མ་ཚོར་ཁྱེད་ཅག་ངན། །འདྲེ་ཁྱོད་བས་ཆེ་བ་ངར་འཛིན་ཡིན། །འདྲེ་ཁྱོད་བས་མང་བ་འདུ་ཤེས་ཡིན། །འདྲེ་ཁྱོད་བས་ངན་པ་བསམ་ངན་ཡིན། །འདྲེ་ཁྱོད་བས་རྒོད་པ་རྣམ་རྟོག་ཡིན། །འདྲེ་ཁྱོད་བས་ལང་ཤོར་བག་ཆགས་ཡིན། །འདྲེ་འདྲེ་རུ་བཟུང་ན་གནོད་པ་ཡིན། །འདྲེ་སྟོང་པར་ཤེས་ན་སོང་བ་ཡིན། །འདྲེ་ཆོས་ཉིད་དུ་གོ་ན་གྲོལ་བ་ཡིན། །འདྲེ་ཕ་མར་ཤེས་ན་ཟིན་པ་ཡིན། །འདྲེ་སེམས་སུ་ཤེས་ན་རྒྱན་དུ་འཆར། །དེ་ཡིན་ལུགས་ཤེས་པས་ཐམས་ཅད་གྲོལ། །འདྲེ་དམན་མོས་ཞུ་ཚིག་བརྡ་རུ་བསྟན། །མི་ཁོ་བོས་གདུལ་བྱར་དམ་ལ་བཏགས། །ཁྱེད་ཅག་དམ་བཅས་ཚིག་བཞིན་སྒྲུབས། །བདག་ཅག་རྡོ་རྗེ་འཛིན་པ་ཡི། །དམ་ཚིག་གཉེན་པོའི་གསུང་མ་གཅོག །ཐུགས་རྗེ་དྲག་པོ་སུན་མ་འབྱིན། །ལུས་ངག་བསམ་པའི་བར་མ་ཆོད། །གལ་ཏེ་དམ་ལས་འདས་གྱུར་ན། །རྡོ་རྗེ་དམྱལ་བར་འགྲོ་བར་ངེས། །དེ་དོ་གལ་ཆེ་བས་ལན་གསུམ་བསྐྱར། །དེ་གོ་བར་གྱིས་ལ་ལག་ལེན་སྐྱོངས། །འོ་སྐོལ་སྨོན་ལམ་བཟང་བས་ཕྲད། །མ་འོངས་ཚེ་ན་བདེ་ཆེན་ཞིང་། །རབ་འབྱམས་བསམ་གྱིས་མི་ཁྱབ་པར། །བྱང་ཆུབ་སེམས་དང་ཁྱོད་ལྡན་ནས། །གདུལ་བྱ་འཁོར་གྱི་དང་པོར་སྐྱེ། །རྡོ་རྗེ་སེམས་དཔའི་བུད་མེད་བྱ། །ཞེས་གསུངས་ཏེ། དམ་ལ་བཏགས་པས། བྲག་སྲིན་མོས་རྗེ་བཙུན་ལ་ཕྱག་དང་བསྐོར་བ་མང་དུ་བྱས། ཅི་གསུང་སྒྲུབ་པར་ཁས་བླངས་ནས་འཇའ་ཡལ་བ་བཞིན་སོང་བའི་མཐར་ནམ་ལངས་ཉི་མ་ཤར་བ་དང་། བྲག་སྲིན་མོ་མིང་སྲིང་འཁོར་དང་བཅས་པ། མི་སྐྱེས་པ་དང་བུད་མེད་རྒྱན་བཟང་པོ་བཏགས་པ། མཛེས་ཤིང་ཡིད་དུ་འོང་བའི་རྣམ་པས། །ཚོགས་དང་མཆོད་པ་མང་པོ་ཁྱེར་ནས་བྱུང་སྟེ། རྗེ་བཙུན་ལ་མཆོད་པ་ཕུལ་ནས། བྲག་སྲིན་མོས་བདག་ལས་ངན་གྱིས་འདྲེ་མོའི་ལུས་བླངས། བག་ཆགས་ངན་པས་ཁ་བསྒྱུར། བསམ་པ་ངན་པས་ད་ཅི་ཐོ་འཚམས་པ་བཟོད་པར་གསོལ། ད་ཕྱིན་ཆད་རྣལ་འབྱོར་པ་ཁྱེད་གསུངས་པའི་བཀའ་ཉན་ཅིང་འབངས་སུ་མཆི་བས། ད་རྗེ་བཙུན་ཁྱེད་རང་གི་ཐུགས་ལ་འཁྲུངས་པའི་ངེས་དོན་གྱི་ཆོས་ཤིག་གནང་བར་ཞུ་ཞུས་ནས་ཞུ་དོན་དུ་གླུ་འདི་ཕུལ་ལོ། །ཨེ་མ་ཡ་རབས་མཛངས་ཀྱི་བུ། །བསོད་ནམས་བསགས་པའི་སྐལ་བ་ཅན། །བརྒྱུད་པ་བཟང་པོའི་བྱིན་རླབས་ཅན། །སྒྲུབ་པ་མཛད་པའི་སྙིང་རུས་ཅན། །གཅིག་པུར་བཞུགས་པའི་སྙིང་སྟོབས་ཅན། །ཟབ་མོ་དོན་གྱི་སྒྲུབ་ལ་བརྩོན། །འདྲེ་བར་ཆོད་འོང་བར་མི་སྲིད་པས། །ནང་རྩ་རླུང་རྟགས་ཀྱི་རྟེན་འབྲེལ་ལས། །སྒྱུ་མ་གར་གྱིས་དོན་སྟོན་པས། །ངེད་ཅག་ཁྱེད་ཀྱི་སེམས་དང་བསྡོངས། །སྨོན་ལམ་བཟང་པོས་སྔོན་ནས་འབྲེལ། །སྔོན་ཆད་གྲུབ་ཐོབ་མང་མཇལ་ཡང་། །བཀའ་དྲིན་བྱིན་རླབས་ཁྱེད་ལས་ཐོབ། །ད་དམན་མོ་བདག་གིས་ཞུ་འབུལ་བ། །ཆོས་དྲང་དོན་ཐེག་དམན་མགོ་བསྐོར་འདིས། །ལས་ཉོན་མོངས་ཐུལ་བ་དཀའ་བར་མཆིས། །ཁ་བཤད་སྟོང་པའི་ཕྱོར་མགྲོན་དེ། །རྐྱེན་སྡུག་བསྔལ་བྱུང་ན་འབྲོས་པར་ངེས། །ཆོས་ཀྱིས་དྲེད་པའི་སློབ་དཔོན་དེ། །རང་དོན་མ་གྲུབ་ཁྲོ་བར་འདུག །རྗེ་དུས་གསུམ་སངས་རྒྱས་སྤྲུལ་པའི་སྐུ། །ཆོས་ཉིད་ངེས་པའི་དོན་རྟོགས་པ། །ཐུགས་ལ་འཁྲུངས་པ་ཟབ་མོའི་དོན། །གནད་ལ་དྲིལ་བའི་མན་ངག་དབྱངས། །ངེས་དོན་མཐར་ཐུག་སྐྱེལ་ས་དེ། །བདག་ཅག་མིང་སྲིང་འཁོར་བཅས་ལ། །རྡོ་རྗེའི་གསང་ཚིག་དམ་པའི་དོན། །ཡེ་ཤེས་ཆེན་པོ་འོད་གསལ་བ། །མཆོག་གི་འོད་གསལ་གནང་དུ་གསོལ། །ངེས་དོན་ཟབ་མོ་གསང་བའི་རྒྱ། །ཐོས་པས་ངན་སོང་ལྟུང་མི་སྲིད། །བསྒོམས་པས་འཁོར་བར་འཁྱམས་མི་སྲིད། །སྦ་སྲི་མེད་པར་གནང་བར་ཞུ། །ཞེས་ཞུས་པས། རྗེ་བཙུན་གྱིས་ད་དུང་ཁྱེད་ཚོས་ངེས་དོན་སྒོམ་མི་ནུས། གལ་ཏེ་ནུས་ན་ང་ལ་སྲོག་སྙིང་དང་དམ་བཅའ་དྲག་པོ་འབུལ་དགོས་གསུངས་པས། འགྱུར་བ་མེད་པའི་སྲོག་སྙིང་ཕུལ་ནས། ད་ཕྱིན་ཆད་རྗེ་བཙུན་ཅི་གསུང་གི་བཀའ་སྒྲུབ་ཅིང་། ཆོས་མཛད་ཐམས་ཅད་ཀྱི་སྟོང་གྲོགས་བྱེད་པར་དམ་བཅའ་ཕུལ་བས། རྗེ་བཙུན་གྱིས་ཀྱང་མོའི་ཞུས་ལན་དུ་ངེས་པ་དོན་གྱི་ཆོས་ཐིམ་པ་ཉེར་བདུན་འདི་མགུར་དུ་གསུངས་སོ། །རྗེ་སྦས་པའི་སངས་རྒྱས་མི་གཟུགས་ཅན། །མཚན་བརྗོད་པར་དཀའ་བའི་ལོ་ཙྪ་བ། །ཕ་བཀའ་དྲིན་ཅན་གྱི་ཞབས་ལ་འདུད། །ང་རིག་བྱེད་གླུ་མཁན་མ་ཡིན་ཏེ། །འདྲེ་ཁྱོད་ཀྱིས་གླུ་ལོང་གླུ་ལོང་ཟེར། །ད་རེས་གནས་ལུགས་ཀྱི་དབྱངས་ཤིག་ལེན། །ཡོངས་འབྲུག་དང་གློག་དང་ལྷོ་སྤྲིན་གསུམ། །བྱུང་ཡང་ནམ་མཁའ་རང་ལས་བྱུང་། །ཐིམ་ཡང་ནམ་མཁའ་རང་ལ་ཐིམ། །འཇའ་དང་ན་བུན་ཁུག་རྣ་གསུམ། །བྱུང་ཡང་བར་སྣང་རང་ལས་བྱུང་། །ཐིམ་ཡང་བར་སྣང་རང་ལ་ཐིམ། །རྩི་བཅུད་དང་ལོ་ཐོག་འབྲས་བུ་གསུམ། །བྱུང་ཡང་ས་གཞི་རང་ལས་བྱུང་། །ཐིམ་ཡང་ས་གཞི་རང་ལ་ཐིམ། །ནགས་ཚལ་དང་མེ་ཏོག་ལོ་འདབ་གསུམ། །བྱུང་ཡང་རི་བོ་རང་ལས་བྱུང་། །ཐིམ་ཡང་རི་བོ་རང་ལ་ཐིམ། །ཆུ་ཀླུང་དང་ཆུ་བུར་ཆུ་རླབས་གསུམ། །བྱུང་ཡང་རྒྱ་མཚོ་རང་ལས་བྱུང་། །ཐིམ་ཡང་རྒྱ་མཚོ་རང་ལ་ཐིམ། །བག་ཆགས་དང་ཞེན་ཆགས་འཛིན་ཆགས་གསུམ། །བྱུང་ཡང་ཀུན་གཞི་རང་ལས་བྱུང་། །ཐིམ་ཡང་ཀུན་གཞི་རང་ལ་ཐིམ། །རང་རིག་དང་རང་གསལ་རང་གྲོལ་གསུམ། །བྱུང་ཡང་སེམས་ཉིད་རང་ལས་བྱུང་། །ཐིམ་ཡང་སེམས་ཉིད་རང་ལ་ཐིམ། །སྐྱེ་མེད་དང་འགག་མེད་བརྗོད་མེད་གསུམ། །བྱུང་ཡང་ཆོས་ཉིད་རང་ལས་བྱུང་། །ཐིམ་ཡང་ཆོས་ཉིད་རང་ལ་ཐིམ། །འདྲེར་སྣང་དང་འདྲེར་འཛིན་འདྲེར་རྟོག་གསུམ། །བྱུང་ཡང་རྣལ་འབྱོར་རང་ལས་བྱུང་། །ཐིམ་ཡང་རྣལ་འབྱོར་རང་ལ་ཐིམ། །ལར་བགེགས་རྣམས་སེམས་ཀྱི་ཆོ་འཕྲུལ་ཏེ། །རང་སྣང་སྟོང་པར་མ་རྟོགས་པའི། །འདྲེ་རང་རྒྱུད་དུ་འཛིན་ན་རྣལ་འབྱོར་འཁྲུལ། །ལར་འཁྲུལ་པའི་རྩ་བ་སེམས་ལས་བྱུང་། །སེམས་ཀྱི་ངོ་བོ་རྟོགས་པ་ལས། །འོད་གསལ་འགྲོ་འོང་མེད་པར་མཐོང་། །ཕྱི་ཡུལ་གྱི་སྣང་བ་འཁྲུལ་པའི་སེམས། །སྣང་བའི་མཚན་ཉིད་བརྟགས་པ་ལས། །སྣང་སྟོང་གཉིས་སུ་མེད་པར་རྟོགས། །ལར་སྒོམ་པ་ཉིད་ཀྱང་རྟོག་པ་ལ། །མི་སྒོམ་པ་ཡང་རྟོག་པ་སྟེ། །སྒོམ་དང་མི་སྒོམ་གཉིས་སུ་མེད། །གཉིས་འཛིན་ལྟ་བ་འཁྲུལ་པའི་གཞི། །མཐར་ཐུག་དོན་ལ་ལྟ་བ་མེད། །འདི་ཀུན་སེམས་ཀྱི་མཚན་ཉིད་དེ། །ནམ་མཁའི་མཚན་ཉིད་དཔེར་བཞག་ནས། །དོན་ཆོས་ཉིད་གཏན་ལ་འབེབས་པ་ཡིན། །ད་ཁྱོད་ལྟ་བ་བློ་འདས་ཀྱི་དོན་ལ་ལྟོས། །སྒོམ་པ་ཡེངས་མེད་ཀྱི་ངང་དུ་ཞོག །སྤྱོད་པ་ཤུགས་བྱུང་འགག་མེད་སྐྱོངས། །འབྲས་བུ་རེ་དོགས་ཐ་སྙད་སྤོངས། །འདྲེ་ཁྱོད་ཀྱི་ཆོས་སྐལ་དེ་ལ་མཛོད། །ང་སྟོང་དབྱངས་གླུ་ལ་འབྱམས་མི་ཁོམ། །ཁྱོད་དྲི་རྟོག་མ་མང་ཁ་རོག་སྡོད། །འདྲེ་གླུ་ལོང་ཟེར་བས་བླངས་པ་ཡིན། །ད་ལྟ་ཁོ་བོའི་སྨྱོན་ཚིག་ཡིན། །འདྲེ་ཁྱོད་ཀྱིས་ཉམས་སུ་ལེན་ནུས་ན། །ཟས་སུ་བདེ་ཆེན་ཟས་ལ་ཟོ། །སྐོམ་དུ་ཟག་མེད་བདུད་རྩི་འཐུངས། །ལས་སུ་རྣལ་འབྱོར་སྟོང་གྲོགས་མཛོད། །ཅེས་གསུངས་པས། བྲག་སྲིན་མོ་འཁོར་བཅས་མཆོག་ཏུ་དད་པར་གྱུར་ནས། ཕྱག་དང་བསྐོར་བ་མང་དུ་བྱས། བཀའ་དྲིན་ཆེ་ཞེས་བརྗོད་ནས་འཇའ་ཡལ་བ་བཞིན་སོང་ངོ་། །དེ་ཕྱིན་ཆད་རྗེ་བཙུན་གྱི་བཀའ་བཞིན་གནས་དེར་སྒོམ་ཆེན་སུ་བཞུགས་རུང་མི་གནོད་ཅིང་ཆོས་དང་མཐུན་པའི་སྟོང་གྲོགས་བྱེད་དོ། །ལིང་པ་བྲག་སྲིན་མོའི་སྐོར་རོ།། །།

༈ ན་མོ་གུ་རུ། རྗེ་བཙུན་མི་ལ་རས་པ་དེ་ཉིད་ལིང་པ་བྲག་ནས་རི་བོ་དཔལ་འབར་ལ་སྒོམ་དུ་འབྱོན་དགོངས་ནས་བྱོན་པའི་ཚེ། རག་མའི་ཡོན་བདག་རྣམས་ལ་རི་བོ་དཔལ་འབར་དུ་འབྱོན་པའི་ལོ་རྒྱུས་གསུངས་པས། ཁོང་རྣམས་ན་རེ། རི་བོ་དཔལ་འབར་བས། རི་བོ་དཔལ་འབར་གྱི་འགག་ན། གནས་དགོན་རྫོང་སྐྱིད་པོ་རང་ཞིག་ཡོད། དེར་བཞུགས་ན་དགའ། རི་བོ་དཔལ་འབར་གྱི་ལམ་རྒྱུས་ངེད་ཚོ་ལའང་མེད། དགོན་རྫོང་དེར་བཞུགས་ན་ངེད་ཀྱིས་ལམ་མཁན་གཏོང་ཟེར་བས། ཐུགས་དགོངས་ལ་ཐོག་མར་གནས་དེར་བསྡད། དེ་ནས་རི་བོ་དཔལ་འབར་ལ་བལྟར་འགྲོ་དགོངས་ཏེ། ཁོང་ཚོའི་ལམ་མཁན་མི་དགོས་དགོངས་ནས། ཁྱེད་ཀྱི་ལམ་མཁན་མི་དགོས་ང་རང་གིས་རྙེད་གསུངས་པས། ལམ་མཁན་མེད་པའི་རྩད་ཆོད་ས་མེད། ཁྱེད་ལ་ལམ་མཁན་ཡོད་པ་ཨེ་ཡིན་ཟེར་བ་ལ། ཡོད་གསུངས་པས། སུ་ཇི་སྐད་བྱ་བ་ཡོད་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །མཚན་ལྡན་བླ་མ་དམ་པ་དེ། །མུན་པ་སེལ་བའི་ལམ་མཁན་ཡིན། །གྲང་དྲོ་མེད་པའི་རས་རྐྱང་འདི། །ཞེན་པ་སྤོང་བའི་ལམ་མཁན་ཡིན། །གདམས་ངག་བསྲེ་འཕོ་སྐོར་གསུམ་འདི། །བར་དོ་སེལ་བའི་ལམ་མཁན་ཡིན། །རླུང་སེམས་ལས་སུ་རུང་བ་འདི། །རྒྱལ་ཁམས་བསྐོར་བའི་ལམ་མཁན་ཡིན། །ཕུང་པོ་གཟན་དུ་བསྐྱུར་བ་འདི། །བདག་འཛིན་འདུལ་བའི་ལམ་མཁན་ཡིན། །དབེན་པའི་གནས་སུ་སྒོམ་པ་འདི། །བྱང་ཆུབ་སྒྲུབ་པའི་ལམ་མཁན་ཡིན། །ལམ་མཁན་དྲུག་གིས་སྣ་དྲངས་ནས། །བྱང་ཆུབ་རྫོང་ལ་འདུག་ཀྱང་འཚལ། །ཞེས་གསུངས་ནས་རག་མ་ཕུའི་གནས་སུ་བྱོན་ཏེ། དེ་མན་ཆད་གནས་དེ་ལ་བྱང་ཆུབ་རྫོང་དུ་གྲགས་སོ། །དེ་ནས་རྗེ་བཙུན་གྱིས་གནས་དེར་ཆུ་བོ་རྒྱུན་གྱི་ཏིང་ངེ་འཛིན་ལ་བཞུགས་པ་ལས། དུས་ནམ་ཞིག་གི་ཚེ་ནམ་གུང་ལ་བབ་པ་དང་། དམག་གི་དུང་སྒྲ་དང་བསོ་སྒྲ་མང་པོ་བྱུང་བས། ཡུལ་པ་རྣམས་ལ་དགྲ་བྱུང་བ་ཡིན་ནམ་དགོངས་ནས། སྙིང་རྗེ་དྲག་པོ་འཁྲུངས་པའི་ཏིང་ངེ་འཛིན་གྱི་ངང་ལ་བཞུགས་པ་ལས་ཇེ་ཉེ་ཇེ་ཉེར་སོང་སྟེ། འོད་དམར་པོ་ཆེན་པོ་ཞིག་ཐལ་བྱུང་བ་ལ་ཅི་ཡིན་ནམ་སྙམ་གཟིགས་པས། ཐང་ཐམས་ཅད་མེས་འཁྲིགས་ཤིང་ས་དང་བར་སྣང་ཐམས་ཅད་འཇིགས་ཤིང་ཡ་ང་བའི་དམག་ཚོགས་ཀྱིས་གང་འདུག་པ་རྣམས་ཀྱིས་མེ་སྦོར་བ་དང་། ཆུ་འཁྲུག་པ་དང་། རི་བསྙིལ་བ་དང་། ས་གཡོ་བ་དང་། མཚོན་བསྣུན་པ་ལ་སོགས་པ་ཆོ་འཕྲུལ་སྣ་ཚོགས་སྟོན་ཅིང་། ཁྱད་པར་སྒྲུབ་ཕུག་བཤིག་པ་ལ་སོགས་པ་དང་། མི་སྙན་པ་སྣ་ཚོགས་བརྗོད་དུ་བྱུང་བ་ལས། རྗེ་བཙུན་གྱི་ཐུགས་ལ་མི་མ་ཡིན་གྱིས་བར་ཆད་དང་ཐོ་འཚམས་པ་ཡིན་པར་དགོངས་ནས། ཨ་ཙ་མ་སྲིད་པ་ཐོག་མེད་དུས་ནས་ལས་ངན་བསགས་པས་རིགས་དྲུག་གི་གནས་སུ་འཁྱམས། དེའི་ནང་ནས་ཀྱང་མཁའ་ལ་རྒྱུ་བའི་ཡི་དྭགས་སུ་སྐྱེས། བསམ་ངན་སྦྱོར་རྩུབ་ཀྱིས་གཞན་ལ་གནོད་སེམས་དང་ལྡན་པ་འདི་རྣམས་ཀྱིས་སྐྱེ་འགྲོ་མང་པོའི་སྲོག་ལ་འཚེ་ཞིང་གནོད་པ་བྱེད་པར་འདུག་པས། ད་ཡང་ཐར་མེད་ཀྱི་དམྱལ་བར་སྐྱེས་ནས་བཟོད་མེད་ཀྱི་སྡུག་བསྔལ་མྱོང་དགོས་པ་འདི་རྣམས་སྙིང་རེ་རྗེ་དགོངས་ནས་མགུར་འདི་གསུངས་སོ། །ཐུགས་བྱམས་པའི་ནམ་མཁའ་ཡངས་པ་ལ། །སྙིང་རྗེའི་ཆུ་འཛིན་རབ་འདུས་ཏེ། །འཕྲིན་ལས་ཀྱི་ཆར་རྒྱུན་བབ་ནས་ཀྱང་། །གདུལ་བྱའི་ལོ་ཏོག་སྨིན་མཛད་པའི། །སྒྲ་སྒྱུར་མར་པའི་ཞབས་ལ་འདུད། །འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་རྣམས། །རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །ཁྱེད་འདིར་འཚོགས་གནོད་སྦྱིན་མི་མ་ཡིན། །ཡིད་མཁའ་ལ་རྒྱུ་བ་མཁའ་འགྲོའི་ཚོགས། །ཟས་ཡིད་ལ་བཏགས་པའི་ཡི་དྭགས་རྣམས། །ལས་མི་དགེ་སྤྱད་པའི་རྣམ་སྨིན་གྱིས། །དུས་ད་ལྟ་ཡི་དྭགས་ལུས་སུ་སྐྱེས། །ཚེ་འདིར་ཡང་གཞན་ལ་གནོད་པའི་མཐུས། །ཕྱི་མ་དམྱལ་བའི་གནས་སུ་སྐྱེ། །དེ་རྒྱུ་འབྲས་ཟུར་ཙམ་སྟོན་པའི་གླུ། །ད་དགོས་དོན་གཏན་ལ་ཕབ་ཙ་ན། །ང་ནི་བཀའ་བརྒྱུད་བླ་མའི་བུ། །གཞི་དད་པ་སྐྱེས་ནས་ཆོས་ལ་ཞུགས། །ལས་རྒྱུ་འབྲས་ཤེས་ནས་དཀའ་བ་སྤྱད། །ལམ་བརྩོན་འགྲུས་བསྐྱེད་ནས་བསྒོམས་པའི་མཐུས། །འབྲས་བུ་སེམས་ཀྱི་གནས་ལུགས་མཐོང་། །ངས་སྣང་བ་ཐམས་ཅད་སྒྱུ་མར་ཤེས། །བདག་ཏུ་འཛིན་པའི་ནད་ལས་གྲོལ། །གཟུང་འཛིན་འཁོར་བའི་འཆིང་ཐག་བཅད། །འགྱུར་མེད་ཆོས་སྐུའི་རྒྱལ་ས་ཟིན། །བློ་ཡ་ང་བྲལ་བའི་རྣལ་འབྱོར་ལ། །ཁྱོད་གནོད་པའི་སེམས་ཀྱིས་བར་གཅོད་པ། །ལུས་ངལ་བ་ཙམ་ཞིག་གྱུར་བར་ཟད། །སེམས་སླར་ཡང་ཁོང་ཁྲོ་སྐྱེ་བའི་རྒྱུ། །མི་ང་ཡི་ཤེས་རྒྱུད་ཀུན་གཞི་ལ། །འདྲེ་ཁྱོད་པས་ཚངས་པའི་འཇིག་རྟེན་ནས། །དམྱལ་ཁམས་བཅོ་བརྒྱད་ཡན་ཆད་ཀྱི། །འགྲོ་བ་རིགས་དྲུག་དགྲར་ལངས་ཀྱང་། །འཇིགས་སོ་སྙམ་པ་ཡོད་རེ་སྐན། །ད་འདིར་འཚོགས་གནོད་སྦྱིན་མི་མ་ཡིན། །ཁྱེད་མཐུ་སྟོབས་རྫུ་འཕྲུལ་དཔུང་བསྐྱེད་ལ། །མི་ང་ལ་གནོད་པ་མ་འཁྱོལ་བར། །ཁྱེད་འདི་ནས་གཞན་དུ་སོང་གྱུར་ན། །སྔོན་ཆད་བྱས་པ་དོན་མེད་ཡིན། །སླར་ཡང་ཁྱེད་རང་ངོ་རེ་ཚ། །རེམ་ཞིག་རེམ་ཞིག་འདྲེ་ཚོགས་རྣམས། །ཞེས་གསུངས་ནས། ཆོས་ཉིད་ཀྱི་ངང་དུ་མཉམ་པར་བཞག་པས། འདྲེ་ཚོགས་རྣམས་སླར་དད་པར་གྱུར་ཏེ། ཕྱག་དང་བསྐོར་བ་མང་དུ་བྱས། ཞབས་སྤྱི་བོར་བླངས་ཏེ། ཁྱེད་བརྟན་པ་ཐོབ་པའི་རྣལ་འབྱོར་པར་གདའ་བ། ངེད་ཀྱིས་ངོ་མ་ཤེས། སྔོན་ཆད་ཐོ་འཚམས་པ་བཟོད་པར་གསོལ། ད་ཕྱིན་ཆད་ཅི་གསུང་གི་བཀའ་བསྒྲུབ་པས་ཆོས་འབྲེལ་རེ་གནང་བར་ཞུ་ཟེར་བ་ལ། རྗེ་བཙུན་གྱིས་འོ་ན། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་བྱ། །ཞེས་གསུངས་པས། ཁོང་རང་རྣམས་ཀྱིས་ཡིན་ལུགས་བརྗོད། སྲོག་སྙིང་ཕུལ་ནས། བཀའི་འབངས་བགྱིད་པར་ཁས་བླངས་ཏེ། རང་རང་སོ་སོའི་གནས་སུ་སོང་བ་དེ་རྣམས་ནི་མང་ཡུལ་གྱི་བསེའི་ལྷ་མོ་དང་། རི་བོ་དཔལ་འབར་གྱི་གཞི་བདག་ཡིན་ནོ། །རྗེ་བཙུན་གྱིས་ཀྱང་། རི་བོ་དཔལ་འབར་གྱི་གཞི་བདག་འདིར་བྱུང་རྟིང་རི་བོ་དཔལ་འབར་ལ་ཆེད་དུ་བསྒོམ་དུ་འགྲོ་མི་དགོས་པ་འདུག་དགོངས་ཏེ། གནས་དེ་ཁར་ཞག་ཤས་བཞུགས་པ་ལས། ཐུགས་དམ་ཤིན་ཏུ་འཕེལ་བར་བྱུང་ནས་མགུར་འདི་བཞེས་སོ། །བྱང་ཆུབ་རྫོང་གི་དབེན་གནས་ན། །བྱང་ཆུབ་སྒྲུབ་པའི་མི་ལ་ང་། །བྱང་ཆུབ་སེམས་ལ་དབང་སྒྱུར་ཞིང་། །བྱང་ཆུབ་སེམས་ཀྱི་རྣལ་འབྱོར་སྐྱོང་། །བྱང་ཆུབ་ཆེན་པོ་མྱུར་ཐོབ་ནས། །མར་གྱུར་འགྲོ་བ་འདི་དག་ཀུན། །བྱང་ཆུབ་མཆོག་ལ་སྦྱོར་བར་ཤོག །ཅེས་གསུང་ཞིང་ཐུགས་དམ་ལ་བརྩོན་པར་གྱུར་ཏོ། །དེ་ནས་ཞག་འགའ་ནས་ཡོན་བདག་ཅིག་གིས་ཤིང་ཁུར་གཅིག་དང་། ཕྱེ་ཁལ་ཕྱེད་ཙམ་ཕུལ་ནས། ན་བཟའ་སྲབ་པོ་རང་གདའ་བས་བསེར་དུ་འོང་། ལྷོའི་ནང་ནས་རག་མ་འདི་གྲང་ཞིང་དེའི་ནང་ནས་ཀྱང་བྲག་ཐོག་འདི་ནན་ཏར་གྲང་བ་ཞིག་ལགས་པས། བཞེས་ན་བདག་གིས་ཐུལ་བ་གཅིག་འབུལ་བླ་མ་ཁྱེད་ཇི་སྐད་བྱ་བ་ལགས་ཟེར་བ་ལ། རྗེ་བཙུན་གྱིས། ཡོན་བདག་ཁྱོད་རང་གི་མིང་ཅི་ཡིན་གསུངས་པས། ལྷ་འབར་བྱ་བ་ལགས་ཟེར་བ་ལ། རྗེ་བཙུན་གྱིས་མིང་ལེགས་ཏེ། ཁྱེད་ཀྱིས་ཕྱེ་དང་ཐུལ་བ་ལ་སོགས་པ་རྣམས་ལ་ལྟོས་མི་དགོས་པ་ཞིག་ཡིན་ནའང་། ཕྱེ་འབུལ་བ་ངོ་མཚར་ཆེ། ཐུལ་བ་མི་དགོས་ང་འདི་ལྟར་ཡིན་གསུངས་ནས། ལྷ་འབར་ལ་མགུར་འདི་གསུངས་སོ། །ང་རིགས་དྲུག་འཁྲུལ་པའི་གྲོང་ཁྱེར་དུ། །རྣམ་ཤེས་འཁྲུལ་པའི་ཁྱེའུ་ཆུང་འཁྱམས། །ལས་ཀྱི་འཁྲུལ་སྣང་སྣ་ཚོགས་མྱོང་། །རེས་འགའ་ལྟོགས་པའི་འཁྲུལ་སྣང་བྱུང་། །རོ་སྙོམས་ལྡོམ་བུ་ཟས་སུ་ཟོས། །རེས་ནི་དཀའ་ཐུབ་རྡོ་འཆའ་བྱས། རེས་འགའ་སྟོང་ཉིད་ཟས་སུ་ཟོས། །རེས་འགའ་ཐབས་ཆག་སྡུག་སྲན་སྐྱེད། །རེས་འགའ་སྐོམ་པའི་འཁྲུལ་སྣང་བྱུང་། །གཡའ་ཡི་སིལ་ཆབ་སྔོན་མོ་འཐུངས། །རེས་འགའ་རང་བྱུང་དྲི་ཆུ་བསྟེན། །རེས་ནི་སྙིང་རྗེའི་ཆུ་རྒྱུན་འཐུངས། །རེས་འགའ་མཁའ་འགྲོའི་དམ་རྫས་འཐུངས། རེས་འགའ་འཁྱགས་པའི་སྣང་བ་བྱུང་། །རས་གོས་རྐྱང་རེ་གོས་སུ་གྱོན། །རེས་འགའ་གཏུམ་མོའི་བདེ་དྲོད་སྦར། །རེས་ནི་ཐབས་ཆག་སྡུག་སྲན་བསྐྱེད། །རེས་འགའ་གྲོགས་ཀྱི་འཁྲུལ་སྣང་ཤར། །རིག་པ་ཡེ་ཤེས་གྲོགས་སུ་བསྟེན། །དཀར་པོ་དགེ་བཅུའི་ལས་ལ་སྤྱད། །ཡང་དག་ལྟ་བའི་ཉམས་ལེན་བྱས། །རང་རིག་སེམས་ཀྱི་རྩ་བདར་བཅད། །ང་རྣལ་འབྱོར་མི་ཡི་སེང་གེ་ཡིན། །ལྟ་བ་བཟང་པོའི་གཡུ་རལ་རྒྱས། །སྒོམ་པ་བཟང་པོའི་མཆེ་སྡེར་ཅན། །ཉམས་ལེན་གངས་ཀྱི་ལྟོངས་སུ་བྱས། །ཡོན་ཏན་འབྲས་བུ་ཐོབ་ཏུ་རེ། །ང་རྣལ་འབྱོར་མི་ཡི་རྒྱ་སྟག་ཡིན། །བྱང་ཆུབ་སེམས་ཀྱི་རྩལ་གསུམ་རྫོགས། །ཐབས་ཤེས་དབྱེར་མེད་གྲ་འཛུམ་ཅན། །འོད་གསལ་སྨན་ལྗོངས་ནགས་ལ་བསྡད། །གཞན་དོན་འབྲས་བུ་འབྱུང་དུ་རེ། །ང་རྣལ་འབྱོར་མི་ཡི་རྒོད་པོ་ཡིན། །བསྐྱེད་རིམ་གསལ་བའི་འདབ་གཤོག་རྒྱས། །རྫོགས་རིམ་བརྟན་པའི་ལྡེམ་སྒྲོ་ཅན། །ཟུང་འཇུག་ཆོས་ཉིད་མཁའ་ལ་ལྡིང་། །ཡང་དག་དོན་གྱི་བྲག་ལ་ཉལ། །འབྲས་བུ་དོན་གཉིས་འགྲུབ་ཏུ་རེ། །ང་རྣལ་འབྱོར་མི་ཡི་དམ་པ་སྟེ། །ང་ནི་མི་ལ་རས་པ་ཡིན། །ང་ནི་སྣང་བ་གདོང་འདེད་མཁན། །ང་ནི་འདུན་མ་གང་བྱུང་མཁན། །ང་ནི་ངེས་མེད་རྣལ་འབྱོར་པ། །ང་ནི་གང་བྱུང་གཏད་མེད་མཁན། །ང་ནི་ཟས་མེད་ལྡོམ་བུ་བ། །ང་ནི་གོས་མེད་གཅེར་བུ་བ། །ང་ནི་ནོར་མེད་སློང་མོ་བ། །ང་ནི་ཕྱི་ཚིས་བསམ་མེད་མཁན། །ང་ནི་འདིར་སྡོད་འདིར་གནས་མེད། །ང་ནི་སྤྱོད་པ་བྱུང་རྒྱལ་མཁན། །ང་ནི་སྨྱོན་པ་ཤི་སྐྱིད་མཁན། །ང་ནི་ཅང་མེད་དགོས་མེད་མཁན། །དགོས་པའི་ཡོ་བྱད་བསྒྲུབ་དགོས་ན། །མི་ཁྱོད་ལ་ཉོན་མོངས་དཀའ་ཚེགས་ཡོད། །ཡོན་བདག་འོ་བརྒྱལ་ལོག་ལ་བཞུད། །རྣལ་འབྱོར་གང་བྱུང་མདུན་མ་བྱེད། །ཐུགས་བསམ་པ་བཟང་ཞིང་དགེ་བ་ཡིས། །སྦྱིན་གཏོང་བྱེད་པ་ཐུགས་ལ་བཏགས། །ཚེ་འདིར་ཚེ་རིང་ནད་མེད་ཅིང་། །དལ་འབྱོར་བདེ་སྐྱིད་ལོངས་སྤྱད་ནས། །ཕྱི་མ་དག་པའི་ཞིང་ཁམས་སུ། །མཇལ་ནས་ཆོས་ལ་སྤྱོད་པར་ཤོག །དེ་ནས་གཞན་དོན་གྲུབ་པར་ཤོག །ཅེས་གསུངས་པས། ཁོ་ཤིན་ཏུ་དད་པར་གྱུར་ཏེ། ཁྱེད་གྲུབ་ཐོབ་མི་ལ་ཡིན་པར་གདའ་བས། དེ་ཀས་ཆོག་པར་གདའ་སྟེ། ངེད་མི་ནག་པ་ཚོགས་རྫོགས་ཕྱིར་དུ་འདིར་བཞུགས་རིང་འཚོ་ཆས་བདག་གིས་བསྒྲུབས་པས་ཅིས་ཀྱང་བཞེས་པར་ཞུ་ཞེས་ཞུས་ནས། བྱང་ཆུབ་རྫོང་དུ་བཞུགས་རིང་གི་འཚོ་རྒྱགས་ཕྱུག་པོ་ལྷ་འབར་གྱིས་ཕུལ་ལོ། །དེ་ནས་རྗེ་བཙུན་ལ་ཐུགས་དམ་ཤིན་ཏུ་བོགས་ཆེ་བར་བྱུང་བས། ཐུགས་མཉེས་བཞིན་པའི་ངང་ལ་རག་མའི་ཉ་མ་འགའ་མཇལ་དུ་བྱུང་བ་རྣམས་ན་རེ་གནས་ལ་ཐུགས་འགྲོ་བ་དང་། ཐུགས་དམ་སྨར་པོ་བྱུང་ངམ་ཞུས་པ་ལ། རྗེ་བཙུན་གྱིས་གནས་ལ་ཡིད་མགུ་དགེ་སྦྱོར་ཡང་འཕེལ་བར་བྱུང་གསུངས་པས། ཁོང་རྣམས་ན་རེ་དེ་ག་འོང་ཞུས། གནས་དགའ་མོ་འདི་ལ་བསྟོད་པ་ཞིག་དང་། ཁྱེད་རང་གི་ཐུགས་དམ་མཛད་ཚུལ་ཞིག་གནང་བར་ཞུ་ཞུས་པའི་ལན་དུ་མགུར་འདི་གསུངས་སོ། །བྱང་ཆུབ་རྫོང་གི་དབེན་གནས་འདི། །ཕུ་ན་ལྷ་བཙན་གངས་དཀར་མཐོ། །མདའ་ན་ཡོན་བདག་དད་ལྡན་མང་། །རྒྱབ་རི་དར་དཀར་ཡོལ་བས་བཅད། །མདུན་ན་དགོས་འདོད་ནགས་ཚལ་སྤུངས། །སྤང་གཤོང་ནེའུ་གསིང་ཆེ་ལ་ཡངས། །དྲི་ལྡན་ཡིད་འོང་པདྨ་ལ། །རྐང་དྲུག་ལྡན་པའི་དར་དིར་ཅན། །རྫིང་བུ་ལྟེང་ཀ་ཆུ་ངོགས་ལ། །ཆུ་བྱ་མགྲིན་པ་སྐྱོགས་ནས་བལྟ། །ལྗོན་ཤིང་རྒྱས་པའི་ཡལ་ག་ལ། །མཛེས་པའི་བྱ་ཚོགས་སྐད་སྙན་བསྒྱུར། །དྲི་བཞོན་བསེར་བུས་བཏབ་པ་ལ། །རྐང་འཐུང་ཡལ་གས་གར་སྟབས་བྱེད། །མཐོ་ཞིང་གསལ་བའི་ལྗོན་ཤིང་རྩེར། །སྤྲ་སྤྲེའི་ཡང་རྩལ་སྣ་ཚོགས་བྱེད། །སྔོ་འཇམ་ཡངས་པའི་གསིང་མ་ལ། །རྐང་བཞི་དུད་འགྲོ་ཟས་ལ་བཀྲམ། །དེ་དག་སྐྱོང་བྱེད་ཕྱུགས་རྫི་རྣམས། །གླུ་དང་གླིང་བུའི་སྐད་སྙན་བསྒྱུར། །འཇིག་རྟེན་སྲེད་པའི་ཁོལ་པོ་རྣམས། །ཟང་ཟིང་ལས་བྱེད་ས་གཞི་ཁེབས། །དེ་ལ་ལྟ་བའི་རྣལ་འབྱོར་ང་། །ཀུན་གསལ་རིན་ཆེན་བྲག་སྟེང་ན། །སྣང་བ་མི་རྟག་དཔེ་རུ་འདྲེན། །འདོད་ཡོན་མིག་ཡོར་ཆུ་རུ་སྒོམ། །ཚེ་འདི་རྨི་ལམ་སྒྱུ་མར་ལྟ། །མ་རྟོགས་པ་ལ་སྙིང་རྗེ་སྒོམ། །ནམ་མཁའ་སྟོང་པ་ཟས་སུ་ཟ། །ཡེངས་པ་མེད་པའི་བསམ་གཏན་སྒོམ། །སྣ་ཚོགས་ཉམས་ལ་ཅི་ཡང་འཆར། །ཨེ་མ་ཁམས་གསུམ་འཁོར་བའི་ཆོས། །མེད་བཞིན་སྣང་བ་ངོ་མཚར་ཆེ། །ཞེས་གསུངས་པས། ཁོང་རྣམས་དད་བཞིན་ལོག་སོང་ངོ་། །རག་མའི་སྐོར་སྔ་མའོ།། །།

༈ ན་མོ་གུ་རུ། རྗེ་བཙུན་མི་ལ་རས་པ་དེ་ཉིད་རག་མ་ནས་སྐྱང་ཕན་ནམ་མཁའ་རྫོང་དུ་བྱོན་ཏེ་བཞུགས་པའི་དུས་ནམ་ཞིག་གི་ཚེ་སྤྲེའུ་རི་བོང་ལ་ཞོན་པ་ཞིག་ཤོ་མའི་ཕུབ་གྱོན། སོག་མའི་མདའ་གཞུ་ཐོགས་ནས་གླགས་ལྟར་བྱུང་བ་ལ། རྗེ་བཙུན་བཞད་མོ་ཞིག་ཤོར་བས། ཁོ་ན་རེ། ཁྱོད་འཇིགས་སུ་རེ་ནས་འོངས་པ་ཡིན་ཏེ། མི་འཇིགས་ན་འགྲོ་ཟེར་བ་ལ། རྗེ་བཙུན་གྱིས། ང་སྣང་བ་སེམས་སུ་ཐག་ཆོད་ཅིང་། །སེམས་ཉིད་ཆོས་སྐུར་ངོ་འཕྲོད་པས། །འདྲེ་ཁྱོད་ཀྱིས་ཆོ་འཕྲུལ་ཅི་བསྟན་ཡང་། །རྣལ་འབྱོར་ང་ཡི་གད་མོའི་གནས། །ཞེས་གསུངས་པས། ཁོས་ཞབས་ཏོག་སྒྲུབ་པར་ཁས་བླངས་ཏེ་འཇའ་ཡལ་བ་བཞིན་སོང་བ་དེ་གྲོ་ཐང་རྒྱལ་པོ་ཡིན་ནོ། །དེ་ནས་གྲོ་ཐང་གི་ཡོན་བདག་རྗེ་བཙུན་གྱི་ཞལ་བལྟར་བྱུང་བ་རྣམས་ན་རེ། གནས་འདི་ལ་ཡོན་ཏན་ཅི་གདའ་ཞུས་པའི་ལན་དུ་མགུར་འདི་གསུངས་སོ། །བླ་མ་རྗེ་ལ་གསོལ་བ་འདེབས། །གནས་འདིའི་ཡོན་ཏན་ཤེས་མ་ཤེས། །གནས་འདིའི་ཡོན་ཏན་མ་ཤེས་ན། །དབེན་གནས་སྐྱང་ཕན་ནམ་མཁའ་རྫོང་། །ནམ་མཁའ་རྫོང་གི་ཕོ་བྲང་ན། །སྟེང་ན་ལྷོ་སྤྲིན་སྨུག་པོ་ཐིབས། །འོག་ན་གཙང་ཆབ་སྔོན་པོ་འབབ། །རྒྱབ་ན་བྲག་དམར་ནམ་མཁའི་དབྱིངས། །མདུན་ན་སྤང་པོ་མེ་ཏོག་བཀྲ། །ཟུར་ན་གཅན་གཟན་ངར་སྐད་འདོན། །ལོགས་ལ་བྱ་རྒྱལ་རྒོད་པོ་ལྡིང་། །མཁའ་ལ་སྦྲང་ཆར་ཟིམ་བུ་འབབ། །རྒྱུན་དུ་བུང་བས་གླུ་དབྱངས་ལེན། །ཤ་རྐྱང་མ་བུས་རྩེ་བྲོ་བརྡུང་། །སྤྲ་དང་སྤྲེའུས་ཡང་རྩལ་སྦྱོང་། །ཅོ་ག་མ་བུ་འགྱུར་སྐད་མང་། །ལྷ་བྱ་གོང་མོས་གླུ་དབྱངས་ལེན། །རྫ་ཆབ་སིལ་མས་སྙན་པ་བརྗོད། །དུས་ཀྱི་སྐད་རིགས་ཉམས་ཀྱི་གྲོགས། །གནས་འདིའི་ཡོན་ཏན་བསམ་མི་ཁྱབ། །ཉམས་དགའ་གླུ་རུ་བླངས་པ་ཡིན། །གདམས་ངག་ཁ་རུ་བཏོན་པ་ཡིན། །འདིར་འཚོགས་ཡོན་བདག་ཕོ་མོ་རྣམས། །མི་ང་ཕྱིར་འབྲོངས་ལ་ང་བཞིན་མཛོད། །ལས་སྡིག་པ་སྤོངས་ལ་དགེ་བ་སྒྲུབས། །ཞེས་གསུངས་པས། ཁོང་རྣམས་ཀྱི་ནང་ན་སྔགས་པ་ཞིག་འདུག་པ་དེ་ན་རེ། རྗེ་བཙུན་ལགས། ངེད་རྣམས་ལ་ཞལ་མཇལ་བའི་དགའ་སྟོན་ནམ་བྱོན་སྐྱེས་སུ་ལྟ་སྒོམ་སྤྱོད་པའི་ཉམས་ལེན་གོ་སླ་ལ་འཁྱེར་བདེ་བ་ཞིག་གནང་བར་ཞུ་ཞུས་པའི་ལན་དུ་མགུར་འདི་གསུངས་སོ། །བླ་མའི་བྱིན་རླབས་སེམས་ལ་ཞུགས། །སྟོང་ཉིད་རྟོགས་པར་བྱིན་གྱིས་རློབས། །ཡོན་བདག་དད་པའི་ཕྱག་ལན་དུ། །ལྷ་ཡི་དམ་མཉེས་པའི་གླུ་ཞིག་ལེན། །སྣང་དང་སྟོང་དང་དབྱེར་མེད་གསུམ། །འདི་གསུམ་ལྟ་བའི་མདོར་བསྡུས་ཡིན། །གསལ་དང་མི་རྟོག་མ་ཡེངས་གསུམ། །འདི་གསུམ་སྒོམ་པའི་མདོར་བསྡུས་ཡིན། །ཆགས་མེད་ཞེན་མེད་མཐར་སྐྱོལ་གསུམ། །འདི་གསུམ་སྤྱོད་པའི་མདོར་བསྡུས་ཡིན། །རེ་མེད་དོགས་མེད་འཁྲུལ་མེད་གསུམ། །འདི་གསུམ་འབྲས་བུའི་མདོར་བསྡུས་ཡིན། །ངོ་མེད་ལྐོག་མེད་ཟོལ་མེད་གསུམ། །འདི་གསུམ་དམ་ཚིག་མདོར་བསྡུས་ཡིན། །ཞེས་གསུངས་པས། ཁོང་རྣམས་དད་བཞིན་དུ་ལོག་སོང་བ་ལས། ཡང་ཞག་འགའ་ནས་ཉ་མ་མང་པོ་མཇལ་དུ་བྱུང་བ་ལས། སྔར་གྱི་དེ་རྣམས་ཀྱིས་རྗེ་བཙུན་སྐུ་ཁམས་དང་འཁྱེར་སོ་བདེ་ལགས་སམ་ཞེས་སྙུན་དྲིས་པའི་ལན་དུ་མགུར་འདི་གསུངས་སོ། །བླ་མ་དམ་པའི་ཞབས་ལ་འདུད། །གནས་མི་མེད་དབེན་པའི་ནགས་འདབས་ན། །མི་ལ་རས་པའི་སྒོམ་ལུགས་བདེ། །འཛིན་ཆགས་མེད་པའི་འགྲོ་འདུག་བདེ། །ན་ཚ་མེད་པའི་སྒྱུ་ལུས་བདེ། །ཉལ་བ་མེད་པའི་འདུག་ལུགས་བདེ། །རྟོག་པ་མེད་པའི་ཏིང་འཛིན་བདེ། །གྲང་བ་མེད་པའི་གཏུམ་མོ་བདེ། །ཞུམ་པ་མེད་པའི་བརཏལ་ཞུགས་བདེ། །རྩོལ་བ་མེད་པའི་སོ་ནམ་བདེ། །གཡེང་བ་མེད་པའི་དབེན་གནས་བདེ། །དེ་ཚོ་ལུས་ཀྱི་འཁྱེར་སོ་ཡིན། །ཐབས་ཤེས་གཉིས་ཀྱི་ཐེག་པ་བདེ། །བསྐྱེད་རྫོགས་ཟུང་འཇུག་ཉམས་ལེན་བདེ། །རླུང་འགྲོ་འོང་མེད་པའི་དྲན་པ་བདེ། །ལབ་གྲོགས་མེད་པའི་སྨྲ་བཅད་བདེ། །དེ་ཚོ་ངག་གི་འཁྱེར་སོ་ཡིན། །ངོས་གཟུང་མེད་པའི་ལྟ་བ་བདེ། །རྒྱུན་ཆད་མེད་པའི་སྒོམ་པ་བདེ། །ཉམས་པ་མེད་པའི་སྤྱོད་པ་བདེ། །རེ་དོགས་མེད་པའི་འབྲས་བུ་བདེ། །དེ་ཚོ་སེམས་ཀྱི་འཁྱེར་སོ་ཡིན། །འགྱུར་མེད་རྟོག་མེད་འོད་གསལ་བདེ། །བདེ་ཆེན་རྣམ་དག་དབྱིངས་སུ་བདེ། །འགག་མེད་འཆར་སྒོའི་ཀློང་དུ་བདེ། །ཤིན་ཏུ་བདེ་བའི་དབྱངས་ཆུང་འདི། །ཉམས་མྱོང་གླུ་རུ་བླངས་པ་ཡིན། །ལྟ་སྤྱོད་ཟུང་དུ་སྦྲེལ་བ་ཡིན། །སླད་ནས་བྱང་ཆུབ་སྒྲུབ་པ་རྣམས། །ཉམས་སུ་ལེན་ན་དེ་ལྟར་མཛོད། །ཅེས་གསུངས་པས། ཉ་མ་རྣམས་ན་རེ། བླ་མའི་སྐུ་གསུང་ཐུགས་ཀྱི་འཁྱེར་སོའི་བདེ་ལུགས་དེ་རྣམས་ཤིན་ཏུ་ངོ་མཚར་ཆེ་བར་གདའ། དེ་རྣམས་གང་ལས་བྱུང་ཞུས་པས། དེ་རྣམས་སེམས་རྟོགས་པ་ལས་བྱུང་བ་ཡིན་གསུངས་པས། འོ་ན་ངེད་རྣམས་ལའང་བདེ་བ་དེ་ལྟ་བུ་རང་མ་བྱུང་རུང་། དེའི་ཆ་འདྲ་ཙམ་འོང་དུ་རེ་བས། སེམས་རྟོགས་ཐབས་ཀྱི་སྒོམ་ལུགས་འདི་ལྟར་གྱིས་གསུང་བའི་ཆོས་གོ་སླ་ལ་འཁྱེར་བདེ་བ་ཞིག་གནང་བར་ཞུ་ཞུས་པའི་ལན་དུ། རྗེ་བཙུན་གྱིས་སེམས་དོན་བཅུ་གཉིས་མ་འདི་མགུར་གསུངས་སོ། །བླ་མ་དམ་པའི་ཞབས་ལ་འདུད། །ཡོན་བདག་སེམས་ཉིད་རྟོགས་འདོད་རྣམས། །ཉམས་སུ་ལེན་ན་འདི་ལྟར་མཛོད། །དད་དང་མཁས་དང་བཙུན་དང་གསུམ། །འདི་གསུམ་སེམས་ཀྱི་སྲོག་ཤིང་ལགས། །བཙུགས་ན་བརྟན་ལ་འཇུག་ན་བདེ། །སྲོག་ཤིང་མཛད་ན་དེ་ལ་མཛོད། །ཆགས་མེད་ཞེན་མེད་རྨོངས་མེད་གསུམ། །འདི་གསུམ་སེམས་ཀྱི་གོ་ཆ་ལགས། །གྱོན་ན་ཡང་ལ་མཚོན་ཁར་སྲ། །གོ་ཆ་མཛད་ན་དེ་ལ་མཛོད། །སྒོམ་དང་བརྩོན་འགྲུས་སྡུག་སྲན་གསུམ། །འདི་གསུམ་སེམས་ཀྱི་རྟ་ཕོ་ལགས། །རྒྱུགས་ན་མགྱོགས་ལ་འབྲོས་ན་ཐར། །རྟ་ཕོ་མཛད་ན་དེ་ལ་མཛོད། །རང་རིག་རང་གསལ་རང་བདེ་གསུམ། །འདི་གསུམ་སེམས་ཀྱི་འབྲས་བུ་ལགས། །བཏབ་ན་སྨིན་ལ་ཟོས་ན་བཅུད། །འབྲས་བུ་མཛད་ན་དེ་ལ་མཛོད། །སེམས་དོན་རྣམ་པ་བཅུ་གཉིས་འདི། །རྣལ་འབྱོར་བློ་ལ་ཤར་ནས་བླངས། །ཁྱོད་ཡོན་བདག་དད་པའི་ཕྱག་ལེན་མཛོད། །ཅེས་གསུངས་པས། ཁོང་རྣམས་དད་པར་གྱུར་ནས་ཕྱིས་ཀྱང་ཞབས་ཏོག་ཕུན་སུམ་ཚོགས་པ་བསྒྲུབས་པར་གྱུར་ཏོ། །རྗེ་བཙུན་ཡང་ཡོལ་མོ་གངས་ར་ལ་ཐུགས་ཆས་སོ། །སྐྱང་ཕན་ནམ་མཁའ་རྫོང་གི་སྐོར་རོ།། །།

༈ ན་མོ་གུ་རུ། རྣལ་འབྱོར་གྱི་དབང་ཕྱུག་དམ་པ་རྗེ་བཙུན་མི་ལ་རས་པ་དེ་ཉིད་བླ་མའི་བཀའ་བསྒྲུབ་ཕྱིར་སྐྱང་ཕན་ནས་ཡོལ་མོ་གངས་ལ་བྱོན་ཏེ། སིང་ག་གླིང་གི་ནགས་གསེབ་སྟག་ཕུག་སེང་གེ་རྫོང་དུ་བཞུགས་དུས། ཡོལ་མོའི་གཞི་བདག་མོས་དང་པོ་ནས་ཞི་བའི་སྒོ་ནས་མཛེས་པའི་གཟུགས་བསྟན། བཀའ་འབངས་སུ་ཁས་བླངས་ནས་བསྙེན་བཀུར་ཕུན་སུམ་ཚོགས་པ་བསྒྲུབས་པར་གྱུར་ཏོ། །དེ་ནས་རྗེ་བཙུན་ཐུགས་དམ་ཤིན་ཏུ་འཕེལ་བར་ཡོད་པའི་ཚེ། མོན་ཡུལ་གྱི་བནྡེ་གཞོན་ནུ་མ་ལྔ་ཙམ་ཆོས་ཞུར་བྱུང་བ་རྣམས་ན་རེ། གནས་འདིར་འཇིགས་སྐྲག་གིས་བོགས་འདོན་ཡོད་པས་ཐུགས་དམ་ཤིན་ཏུ་འཕེལ་བ་ཞིག་ཡོད། བླ་མ་ལ་ཡང་བྱུང་ལགས་སམ་ཞུས་པའི་ལན་དུ། གནས་ལ་བསྟོད་པ་དང་ཐུགས་དམ་འཁྲུངས་ཚུལ་འདི་མགུར་དུ་གསུངས་སོ། །བླ་མ་དམ་པའི་ཞབས་ལ་འདུད། །ང་བསོད་ནམས་བསགས་པས་རྗེ་དང་མཇལ། །བླ་མས་ལུང་བསྟན་གནས་སུ་སླེབ། །མོན་ཡུལ་ཤིང་རི་བདེ་བའི་ཁར། །སྤང་རི་མེ་ཏོག་བཀྲ་བའི་ཡུལ། །ལྗོན་ཤིང་གར་སྟབས་བྱེད་པའི་གསེབ། །སྤྲ་སྤྲེའུས་རྩེད་མོ་རྩེ་བའི་ས། །བྱ་སྐད་སྣ་ཚོགས་སྒྲོག་པའི་གནས། །བུང་བ་ལང་ལིང་འཕུར་བའི་ས། །ཉིན་མཚན་མེད་པའི་འཇའ་རིས་འཁྱུག །དབྱར་དགུན་མེད་པར་སྦྲང་ཆར་འབབ། །སྟོན་དཔྱིད་མེད་པར་ན་བུན་འཁྲིགས། །དེ་ལྟ་བུ་ཡི་དབེན་གནས་ན། །རྣལ་འབྱོར་མི་ལ་རས་པ་ང་། །སེམས་སྟོང་ཉིད་སྒོམ་པའི་འོད་གསལ་བདེ། །འཆར་སྒོ་མང་ན་ཤིན་ཏུ་བདེ། །མཐོ་དམན་ཆེ་ན་དེ་བས་བདེ། །ལས་ངན་མེད་པའི་སྐྱེ་གཟུགས་བདེ། །སྣ་ཚོགས་འཁྲུགས་ན་ཤིན་ཏུ་བདེ། །འཇིགས་སྣང་ཆེ་ན་དེ་བས་བདེ། །ཉོན་མོངས་སྐྱེ་འཆིའི་ཤི་བྲལ་བདེ། །གདུག་རྩུབ་ཆེ་ན་ཤིན་ཏུ་བདེ། །ན་ཚ་མེད་ན་དེ་བས་བདེ། །སྡུག་བསྔལ་བདེ་བར་ཤར་བ་བདེ། །ཉམས་ཤུགས་ལ་འཁྲུལ་འཁོར་ཤིན་ཏུ་བདེ། །མཆོང་རྒྱུག་གི་གར་སྟབས་དེ་བས་བདེ། །ངག་བྱུང་རྒྱལ་གླུ་ཡི་དཀོར་མཛོད་བདེ། །ཚིག་བུང་བའི་བརྡ་དབྱངས་ཤིན་ཏུ་བདེ། །སྒྲ་ཚོགས་སུ་འགྱུར་ན་དེ་བས་བདེ། །སེམས་ངར་ལྡན་གྱི་སྤོབས་པ་དབྱིངས་སུ་བདེ། །རང་ཤུགས་ཀྱི་རང་ཤར་ཤིན་ཏུ་བདེ། །སྣ་ཚོགས་སུ་ཤར་ན་དེ་བས་བདེ། །ཉམས་བདེ་ཞིང་སྐྱིད་པའི་རྣལ་འབྱོར་ལ། །བུ་དད་པ་ཅན་མཇལ་བའི་བྱོན་སྐྱེས་མཛོད། །ཅེས་གསུངས་ཏེ། དབང་དང་གདམས་ངག་གནང་ནས་སྒོམ་དུ་བཅུག་པས་ཉམས་རྟོགས་བཟང་པོ་སྐྱེས་པ་ལ་རྗེ་བཙུན་ཐུགས་མཉེས་ཏེ། ཞལ་གདམས་བདུད་རྩིའི་ཉམས་དབྱངས་འདི་མགུར་དུ་གསུངས་སོ། །བླ་མ་སངས་རྒྱས་ཆོས་ཀྱི་སྐུ། །མ་ནོར་ཐར་པའི་ལམ་སྟོན་པ། །ཐུགས་རྗེ་འཕྲིན་ལས་འགྲོ་བའི་དཔལ། །འབྲལ་མེད་གཙུག་གི་རྒྱན་དུ་བཞུགས། །ཁྱེད་འདིར་བཞུགས་ཆོས་མཛད་ཉམས་ལེན་མཁན། །དམ་ཆོས་བྱེད་ལུགས་མང་ན་ཡང་། །ཟབ་ལམ་བསྒོམ་པ་སྐལ་བ་བཟང་། །ཁྱེད་ཚེ་གཅིག་སངས་རྒྱས་བསྒྲུབ་དུས་སུ། །ཚེ་འདིའི་རང་འདོད་མ་ཆེ་ཞིག །ཆེས་ན་དགེ་སྡིག་སྣ་ཚོགས་སྤྱོད། །སྤྱད་ན་ངན་འགྲོར་ལྟུང་བར་འགྱུར། །བླ་མའི་ཞབས་ཏོག་བྱེད་དུས་སུ། །ངས་བྱས་ཁོང་ཡུས་མ་ཆེ་ཞིག །ཆེས་ན་དཔོན་སློབ་རེ་འཁེང་འབྱུང་། །བྱུང་ན་བསམ་པའི་དོན་མི་འགྲུབ། །དམ་ཚིག་སྡོམ་པ་བསྲུང་དུས་སུ། །མི་ནག་གྲོང་དུ་མ་ཉལ་ཅིག །ཉལ་ན་མིག་ལོབས་ངན་པ་སྐྱེ། །སྐྱེས་ན་དམ་ཚིག་སྡོམ་པ་འཆོར། །ཐོས་པའི་སློབ་གཉེར་བྱེད་དུས་སུ། །ཐ་སྙད་ང་རྒྱལ་མ་ཆེ་ཞིག །ཆེས་ན་དུག་ལྔའི་མེ་རོ་ལྡང་། །ལངས་ན་དགེ་སྦྱོར་བསམ་པ་འཁྲུག །གྲོགས་དང་ལྷན་ཅིག་སྒོམ་དུས་སུ། །བྱ་རྒྱུ་བྱེད་རྒྱུ་མ་མང་ཞིག །མང་ན་ཟབ་མོའི་དགེ་སྦྱོར་གཡེང་། །གཡེངས་ན་ལྷ་ཆོས་སྐལ་བ་ཆད། །ཐབས་ལམ་སྙན་རྒྱུད་སྒོམ་དུས་སུ། །འདྲེ་འདུལ་བྱིན་རླབས་མ་བྱེད་ཅིག །བྱས་ན་རང་རྒྱུད་འདྲེ་རུ་ལྡང་། །ལངས་ན་གྲོང་པའི་ཆོས་སྤྱོད་རེམ། །ཉམས་དང་རྟོགས་པ་ཤར་དུས་སུ། །ཕོ་ཚོད་མངོན་ཤེས་མ་འཆད་ཅིག །བཤད་ན་གསང་བའི་བརྡ་སྐད་འཆོར། །ཤོར་ན་ལམ་རྟགས་ཡོན་ཏན་འགྲིབ། །སྐྱོན་དུ་ཤེས་ནས་སྤོང་བར་མཛོད། །སྡིག་སྤྱོད་ཁྲམ་ཟས་ཟ་བ་དང་། །གཤིན་པོའི་རོ་དོམ་འཁུར་བ་དང་། །ངོ་སྲུང་གི་འདུན་མ་མ་བྱེད་པར། །ཉམས་ཆུང་གྱིས་ལ་རང་མགོ་ཐོན། །ཞེས་གསུངས་པས། ཁོང་རྣམས་ཀྱིས་རང་མགོ་འདོན་ལུགས་ཇི་ལྟར་བགྱིད། རྗེ་བཙུན་གྱིས་གསུང་བར་ཞུ་ཞུས་པའི་ལན་དུ་མགུར་འདི་གསུངས་སོ། །རྗེ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །སྤྲང་ཉམས་ལེན་བདེ་བར་བྱིན་གྱིས་རློབས། །ཁྱེད་གསར་བུའི་ཁྲིད་ཕྲུག་གཞོན་ནུ་རྣམས། །ལས་དགེ་སྡིག་གཡོ་སྒྱུའི་གྲོང་ཁྱེར་ན། །བུ་སྐལ་བ་མ་ཆད་ལྷ་ཆོས་ཉན། །ལམ་ལོག་པར་མ་སོང་ང་དང་ཕྲད། །ཚོགས་ཡང་ཡང་བསགས་པས་སྒོམ་སྒྲུབ་བྱེད། །བྱིན་རླབས་ཀྱི་ན་བུན་ཉམས་རྟོགས་སྐྱེས། །སྐྱེས་པས་མི་ཕན་མགོ་འདོན་འཚལ། །རང་མགོ་འདོན་པའི་མན་ངག་འདི། །བརྩེ་བས་བཤད་ཀྱིས་རྣ་བས་ཉོན། །དབེན་གནས་རི་ཁྲོད་འཛིན་དུས་སུ། །གྲོང་ཡུལ་གྱི་ལྟད་མོ་མ་དྲན་ཅིག །དྲན་ན་རང་སེམས་བདུད་ཀྱིས་གཡེངས། །བློ་ནང་དུ་ཁུག་ལ་རང་མགོ་ཐོན། །སྒོམ་སྙིང་རུས་གནད་ནས་འདོན་དུས་སུ། །ནམ་འཆི་ཆ་མེད་སེམས་པ་དང་། །འཁོར་བའི་ཉེས་དམིགས་དྲན་པ་ཡིས། །ཚེ་འདིའི་སྐྱིད་འདོད་མ་དྲན་པར། །སྡུག་སྲན་བསྐྱེད་ལ་རང་མགོ་ཐོན། །ཟབ་མོའི་སྒོམ་ཁྲིད་ཞུ་དུས་སུ། །སློབ་གཉེར་གྱི་ཤེས་འདོད་མ་ཆེ་ཞིག །ཆེས་ན་གྲོང་པའི་ཆོས་སྤྱོད་རེམ། །རེམ་ན་མི་ཚེ་སྟོང་ཟད་འོང་། །ཉམས་ཆུང་དུ་གྱིས་ལ་རང་མགོ་ཐོན། །ཉམས་རྟོགས་ཉག་ཉུག་སྐྱེས་དུས་སུ། །བརྗོད་འདོད་ཀྱི་རང་རྩིས་མ་ཆེ་ཞིག །བརྗོད་ན་མ་དང་མཁའ་འགྲོ་འཁྲུག །ཡེངས་མེད་དུ་སྒོམ་ཞིང་རང་མགོ་ཐོན། །བླ་མ་དང་མཉམ་དུ་འགྲོགས་དུས་སུ། །བཟང་ངན་གྱི་སྐྱོན་ཡོན་མ་རྟོག་ཅིག །བརྟགས་ན་སྐྱོན་གྱི་ཕུང་པོར་མཐོང་། །དག་སྣང་བྱེད་བཞིན་རང་མགོ་ཐོན། །མཆེད་གྲོགས་དང་དབང་གྲལ་མཐུན་དུས་སུ། །གྲལ་མགོ་དང་ཁ་རྒན་མ་འདོད་ཅིག །འདོད་ན་ཆགས་སྡང་གིས་དམ་ཚིག་འཁྲུག །མཐུན་པོ་བྱེད་བཞིན་རང་མགོ་ཐོན། །གྲོང་ཡུལ་དུ་ལྡོམ་བུ་བྱེད་དུས་སུ། །ཆོས་ཟོག་གིས་མི་མགོ་མ་བསྐོར་ཅིག །བསྐོར་ན་རང་ཉིད་ངན་འགྲོར་ལྟུང་། །ལས་དྲང་པོ་བགྱིས་ཤིང་རང་མགོ་ཐོན། །ལར་དུས་དང་རྣམ་པ་ཐམས་ཅད་དུ། །རང་རྩིས་དང་རང་འདོད་མ་ཆེ་ཞིག །ཆེས་ན་ཆོས་གཟུགས་ཀྱིས་དྲེད་པོར་འགྲོ། །རྫུན་ཟོལ་ཟོག་སྤོངས་ལ་རང་མགོ་ཐོན། །རང་མགོ་འདོན་པའི་སྐྱེས་བུ་ལ། །རང་དྲིན་ཆེ་བའི་གདམས་ངག་རྣམས། །རང་གཞན་དོན་དུ་ད་དུང་སྟེར། །སྦྱིན་པ་སྙིང་གི་དཀྱིལ་དུ་ཟུངས། །ཞེས་གསུངས་པས། ཁོང་རྣམས་སྒོམ་སྒྲུབ་ལ་སྙིང་རུས་དང་། ཚེ་འདི་བློས་བཏང་གི་ཞེ་བཅད་ཆེ་བར་བྱུང་སྟེ། རྗེ་བཙུན་ལ་མི་ཕྱེད་པའི་དད་པས་གསེར་གྱི་མཎྜྻལ་ཕུལ་ནས་ལྟ་སྒོམ་སྤྱོད་པའི་གནད་སྙིང་པོར་དྲིལ་བའི་ཉམས་ལེན་ཞིག་ཞུ་ཞུས་པས། རྗེ་བཙུན་གྱི་ཞལ་ནས། གསེར་ཁྱེད་རང་རྣམས་ཀྱི་སྒྲུབ་རྒྱགས་གྱིས། ལྟ་སྒོམ་གྱི་གནད་འདི་ལྟར་ཡིན་གསུངས། ལྟ་སྒོམ་སྤྱོད་པའི་གཟེར་འདི་མགུར་དུ་གསུངས་སོ། །རྗེ་བླ་མའི་ལྟ་སྒོམ་སྤྱོད་པའི་འགྲོས། །རང་གྲུབ་ཏུ་གནས་པར་བྱིན་གྱིས་རློབས། །ལྟ་བ་འདི་ལ་གཟེར་གསུམ་གདབ། །སྒོམ་པ་འདི་ལ་གཟེར་གསུམ་གདབ། །སྤྱོད་པ་འདི་ལ་གཟེར་གསུམ་གདབ། །འབྲས་བུ་འདི་ལ་གཟེར་གསུམ་གདབ། །ལྟ་བའི་གཟེར་གསུམ་བཤད་ཙ་ན། །སྣང་སྲིད་སེམས་སུ་འདུས་ཏེ་གདའ། །སེམས་ཉིད་གསལ་བའི་ངང་ལ་གདའ། །དེ་ལ་ངོས་བཟུང་མེད་པར་གདའ། །སྒོམ་པའི་གཟེར་གསུམ་བཤད་ཙ་ན། །རྣམ་རྟོག་ཆོས་སྐུར་གྲོལ་བར་གདའ། །རིག་གསལ་བདེ་བའི་ངང་དུ་གདའ། །མ་བཅོས་མཉམ་པར་བཞག་པར་གདའ། །སྤྱོད་པའི་གཟེར་གསུམ་བཤད་ཙ་ན། །དགེ་བཅུ་སྤྱོད་པའི་ཤུགས་ལ་འཆར། །སྡིག་བཅུ་རང་བཞིན་གནས་སུ་དག །གཉེན་པོས་གསལ་སྟོང་བཅོས་སུ་མེད། །འབྲས་བུའི་གཟེར་གསུམ་བཤད་ཙ་ན། །མྱང་འདས་གཞན་ནས་སྒྲུབ་ཏུ་མེད། །འཁོར་བ་གཞན་དུ་སྤང་དུ་མེད། །རང་སེམས་སངས་རྒྱས་སུ་བློ་ཐག་ཆོད། །གཟེར་གསུམ་ནང་ནས་གཟེར་གཅིག་འདེབས། །གཟེར་ནི་ཆོས་ཉིད་སྟོང་པའི་གཟེར། །འདེབས་མཁན་བླ་མ་དམ་པས་མཛད། །མང་དུ་སྤྱོད་ན་ཐེབས་མི་འགྱུར། །ལྷན་ཅིག་རྟོགས་ན་ཐེབས་པ་ཡིན། །སྤྱིར་ཆོས་མཛད་རྣམས་ཀྱི་སྤྱི་ནོར་འདི། །རྣལ་འབྱོར་བློ་ལ་ཤར་ནས་བླངས། །ཁྱེད་བུ་སློབ་རྣམས་ཀྱི་ཐུགས་དགེས་མཛོད། །ཅེས་གསུངས་པས། སློབ་མ་རྣམས་ན་རེ། དེ་རྣམས་མ་ནོར་བར་ཉམས་སུ་ལེན་པའི་ལམ་མཁན་རྩ་བའི་བླ་མ་ལ་ཕུར་ཚུགས་སུ་གསོལ་བ་འདེབས་པ་འདི་ལས་ལྷག་པ་མེད་ལགས་སམ་ཞུས་པས། རྗེ་བཙུན་མཉེས་ནས། ལམ་མཁན་གྱི་རྩ་བ་དེ་ལ་ཡན་ལག་འདི་འདྲ་འབྱུང་བ་ཡིན་གསུང་ནས་མགུར་འདི་གསུངས་སོ། །བླ་མ་དང་གདམས་ངག་སློབ་མ་གསུམ། །སྙིང་རུས་དང་སྡུག་སྲན་དད་པ་གསུམ། །ཤེས་རབ་དང་སྙིང་རྗེ་མི་གཞི་གསུམ། །འདི་རྣམས་རྒྱུན་གྱི་ལམ་མཁན་ཡིན། །འདུ་འཛི་མེད་པའི་དབེན་པ་འདི། །བསམ་གཏན་སྐྱོང་བའི་ལམ་མཁན་ཡིན། །གྲུབ་ཐོབ་བླ་མ་རྗེ་བཙུན་དེ། །མུན་པ་སེལ་བའི་ལམ་མཁན་ཡིན། །སྐྱོ་ངལ་མེད་པའི་དད་པ་འདི། །བདེ་འགྲོར་ཁྲིད་པའི་ལམ་མཁན་ཡིན། །དབང་པོ་རྣམ་ལྔའི་རྟོག་པ་དེ། །ཐུག་འཕྲད་གྲོལ་བའི་ལམ་མཁན་ཡིན། །བཀའ་བརྒྱུད་བླ་མའི་ཞལ་གདམས་དེ། །སྐུ་གསུམ་སྟོན་པའི་ལམ་མཁན་ཡིན། །སྐྱབས་ཡུལ་དཀོན་མཆོག་གསུམ་པོ་འདི། །ནོར་བ་མེད་པའི་ལམ་མཁན་ཡིན། །ལམ་མཁན་དྲུག་གིས་སྣ་དྲངས་ནས། །རྣལ་འབྱོར་བདེ་ཆེན་ཐང་ལ་འགྲོ། །སྤྲོས་མེད་མི་རྟོག་ངང་ལ་སྡོད། །རང་ཤེས་རང་གྲོལ་གྱི་རང་ཡུལ་སྐྱིད། །ངེས་ཤེས་དོན་ཤེས་ཀྱི་རང་ཚུགས་བཟུང་། །རྒྱལ་ཁམས་མི་མེད་ལུང་སྟོང་དུ། །རྣལ་འབྱོར་སྐྱིད་གླུ་འབྲུག་བཞིན་སྒྲོག །སྙན་པའི་ཆར་པ་ཕྱོགས་བཅུར་འབབ། །སྙིང་རྗེའི་མེ་ཏོག་ལོ་འདབ་རྒྱས། །བྱང་སེམས་ཀྱི་འབྲས་བུ་དག་པར་སྨིན། །བྱང་ཆུབ་ཀྱི་འཕྲིན་ལས་ཐམས་ཅད་ཁྱབ། །ཅེས་གསུངས་པས། ཁོང་རྣམས་ཀྱི་ཡིད་ལ་བླ་མ་གང་དུ་བཞུགས་ཀྱང་ཆོག་པར་འདུག་པས། ངེད་རྣམས་ཀྱི་ཡུལ་དུ་གདན་འདྲེན་དགོས་སྙམ་ནས། བླ་མ་ལགས། བླ་མའི་ཐུགས་དམ་ལ་ནི་འབུབ་མེད་ཅིང་སྒོམ་མི་དགོས་པར་གདའ་བས། ངེད་རྣམས་ཀྱི་ཡུལ་དུ་ཕེབས་ནས་ཡོན་བདག་གི་ཚོགས་གསོག་བཞེས་ཤིང་ཆོས་འཁོར་བསྐོར་ནས་སེམས་ཅན་གྱི་དོན་མཛད་པར་ཞུ་ཞུས་པས། རྗེ་བཙུན་གྱི་ཞལ་ནས། ང་རི་ཁྲོད་དུ་སྒོམ་པ་འདི་ཀ་སེམས་ཅན་གྱི་དོན་ཡིན། སྒོམ་ལ་འབུབ་མེད་རུང་སྒོམ་ཆེན་རི་ལ་སྡོད་པ་དཔའ་ཚུལ་ཡིན་གསུང་ནས་མགུར་འདི་གསུངས་སོ། །བླ་མའི་དྲིན་ལན་སྒྲུབ་པས་འཇལ། །རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །ཁྱེད་འདིར་བཞུགས་སྐལ་ལྡན་ཆོས་མཛད་ལ། །ཟབ་དོན་མན་ངག་གླུ་རུ་ལེན། །མ་ཡེངས་རྣ་བའི་དབང་པོ་གཏོད། །གངས་སྟོད་ཀྱི་དར་སེང་དཀར་མོ་དེ། །སེང་གངས་དཀར་ལྟོངས་སུ་འགྱིང་བ་དེ། །གཞན་གྱིས་འཇིགས་པ་མ་ལགས་ཏེ། །སེང་གངས་ལ་འགྱིང་བ་དཔའ་ཚུལ་ཡིན། །བྲག་དམར་གྱི་བྱ་རྒྱལ་རྒོད་པོ་དེ། །རྒོད་གཤོག་སྒྲོ་ནམ་མཁའི་དབྱིངས་སུ་བརྐྱང་། །རྒོད་གཡང་ལ་ལྷུང་དོགས་མ་ཡིན་ཏེ། །ནམ་འཕང་གཅོད་པ་དཔའ་ཚུལ་ཡིན། །མ་གི་ཆུ་བོ་རྒྱ་མཚོ་ལ། །འགྱུར་ལྕམ་ཉ་མོས་ཡང་རྩལ་སྦྱོང་། །ཉ་འཚུབས་ཀྱིས་དོགས་པ་མ་ཡིན་ཏེ། །ལུས་འགྱུར་འཁྱུག་པ་དཔའ་ཚུལ་ཡིན། །མོན་རི་ཤིང་གི་ཡལ་ག་ལ། །སྤྲ་སྤྲེའུའི་ཡང་རྩལ་སྦྱོང་བ་དེ། །སྤྲེའུ་འགྱེལ་གྱིས་དོགས་པ་མ་ཡིན་ཏེ། །རྩེད་སྣ་མང་བ་རང་གཤིས་ཡིན། །ཤིང་གསེབ་ནགས་ཀྱི་ལྡིང་ཁང་ན། །རྒྱ་སྟག་ཁྲ་བོས་ཡང་རྩལ་སྦྱོང་། །སྟག་འཇིགས་ཀྱིས་དོགས་པ་མ་ལགས་ཏེ། །རྩལ་གྱིས་དྲེགས་པའི་རང་གཤིས་ཡིན། །སིངྒ་ལ་ཡི་ནགས་གསེབ་ན། །མི་ལ་རས་པས་སྟོང་ཉིད་སྒོམ། །སྒོམ་ཤོར་གྱིས་དོགས་པ་མ་ལགས་ཏེ། །སྒོམ་ཡུན་དུ་བསྲིང་བ་དཔའ་ཚུལ་ཡིན། །ཆོས་དབྱིངས་རྣམ་དག་དཀྱིལ་འཁོར་ལ། །ཡེངས་པ་མེད་པའི་ཉམས་ལེན་དེ། །དོན་ནོར་གྱིས་དོགས་པ་མ་ཡིན་ཏེ། །གནད་རང་ས་འཛིན་པ་དཔའ་ཚུལ་ཡིན། །ནང་རྩ་རླུང་ཐིག་ལེའི་ཉམས་ལེན་ལ། །གེགས་དང་གོལ་ས་འཕྱུག་པ་དེ། །ཆོས་སྐྱོན་ཅན་ཡིན་པ་མ་ལགས་ཏེ། །རྟགས་མྱུར་དུ་ཐོན་པའི་ཁ་ཕོ་ཡིན། །རང་ཤར་སྤྱོད་པའི་ཤུགས་འགྲོས་ལ། །མཐོ་དམན་རྣམ་འགྱུར་མང་བ་དེ། །བློ་གཉིས་སྣང་གི་རྟོག་པ་མ་ཡིན་ཏེ། །རྟགས་སྣ་ཚོགས་འཆར་བའི་རྟེན་འབྲེལ་ཡིན། །ལས་རྒྱུ་འབྲས་ནུས་པ་སྨིན་པ་ལ། །དགེ་སྡིག་གི་རང་གཟུགས་མཐོང་བ་དེ། །སྒོམ་གོལ་སར་སོང་བ་མ་ཡིན་ཏེ། །རིགས་སོ་སོར་གསལ་བའི་བདེན་ཚིག་ཡིན། །སྒོམ་རང་ཚུགས་ཐུབ་པའི་སྒོམ་ཆེན་རྣམས། །འཇིག་རྟེན་ལ་སྲེད་པ་ཆུང་བ་དེ། །གཏམ་ཟེར་ལོ་འདོད་པ་མ་ཡིན་ཏེ། །འཕྲལ་ཞེན་པ་ལོག་པའི་ནང་རྟགས་ཡིན། །ཆོས་ཟབ་ལམ་སྒོམ་པའི་རྣལ་འབྱོར་ང་། །རི་དང་བྲག་ལ་སྐྱོང་བ་དེ། །ཟོབ་དང་ཐོ་ཅོ་མ་ཡིན་ཏེ། །རྩེ་གཅིག་ཏུ་བསྒོམ་པ་རང་འདོད་ཡིན། །རས་པའི་གླུ་དབྱངས་མང་པོ་འདི། །ཡེངས་འདོད་ཀྱི་ཁ་ཁྲམ་མ་ཡིན་ཏེ། །དད་ཅན་བུ་སློབ་འཚོགས་པ་ལ། །ཕན་པའི་སྙིང་གཏམ་ཟབ་མོ་ཡིན། །ཞེས་གསུངས་པས། ཁོང་རྣམས་ན་རེ། འོ་ན་རི་ཁྲོད་ཁོ་ནར་བཞུགས་རུང་བསམ་གཏན་ཁང་པ་སོགས་མཐུན་རྐྱེན་རེ་དགོས་པར་འདུག་པས་བསྒྲུབ་འཚལ་ཞུས་པས། རྗེ་བཙུན་གྱི་ཞལ་ནས། ང་ལ་བསམ་གཏན་གྱི་མཁར་སོགས་མཐུན་རྐྱེན་རྣམས་འདི་འདྲ་ཡོད་གསུང་ནས་མགུར་འདི་གསུངས་སོ། །ཕ་ཡིད་བཞིན་ནོར་བུའི་ཞབས་ལ་འདུད། །བུ་མཐུན་རྐྱེན་འཛོམ་པར་བྱིན་གྱིས་རློབས། །རང་ལུས་ལྷ་སྐུའི་མཁར་སྤེ་ལ། །ངེས་ཤེས་འདྲོངས་པར་མཛད་དུ་གསོལ། །ངས་འཇིགས་ཀྱིས་དོགས་ནས་མཁར་གཅིག་བརྩིགས། །མཁར་ནི་ཆོས་ཉིད་སྟོང་པའི་མཁར། །ད་ཞིག་གིས་དོགས་པ་ང་ལ་མེད། །ངས་གྲང་གིས་དོགས་ནས་གོས་ཤིག་བཙལ། །གོས་ནི་གཏུམ་མོ་ཨ་ཤད་གོས། །ད་གྲང་གིས་དོགས་པ་ང་ལ་མེད། །ངས་དབུལ་གྱིས་དོགས་ནས་ནོར་ཞིག་བཙལ། །ནོར་ནི་འཛད་མེད་འཕགས་ནོར་བདུན། །ད་དབུལ་གྱིས་དོགས་པ་ང་ལ་མེད། །ངས་ལྟོགས་ཀྱིས་དོགས་ནས་ཟས་ཤིག་བཙལ། ཟས་ནི་ཆོས་ཉིད་ཏིང་འཛིན་ཟས། །ད་ལྟོགས་ཀྱིས་དོགས་པ་ང་ལ་མེད། །ངས་སྐོམ་གྱིས་དོགས་ནས་བཏུང་བ་བཙལ། །བཏུང་བ་དྲན་ཤེས་བདུད་རྩིའི་ཆང་། །ད་སྐོམ་གྱིས་དོགས་པ་ང་ལ་མེད། །ངས་སྐྱོ་ཡིས་དོགས་ནས་གྲོགས་ཤིག་བཙལ། །གྲོགས་ནི་བདེ་སྟོང་རྒྱུན་གྱི་གྲོགས། །ད་སྐྱོ་ཡིས་དོགས་པ་ང་ལ་མེད། །ངས་ནོར་གྱིས་དོགས་ནས་ལམ་ཞིག་བཙལ། །ལམ་ནི་ཟུང་འཇུག་ཡངས་པའི་ལམ། །ད་ནོར་གྱིས་དོགས་པ་ང་ལ་མེད། །ནོར་འདོད་དགུ་ཚང་བའི་རྣལ་འབྱོར་ང་། །གནས་གང་དུ་བསྡད་ཀྱང་སྐྱིད་པར་འདུག །ཡོལ་མོ་སྟག་ཕུག་སེང་གེ་རྫོང་། །སྟག་མོའི་ངར་སྐད་སྐྱི་ཤ་ཚ། །དེས་དབང་མེད་སྐུ་མཚམས་དམ་དུ་བཅུག །ང་སྟག་ཕྲུག་གི་རྩེད་འཕྱོ་སྙིང་རྗེ་སྐྱེ། །དེས་དབང་མེད་དུ་བྱང་སེམས་བསྒོམ་དུ་བཅུག །སྤྲེའུའི་ཙི་སྒྲ་ཞེ་ལ་བཅགས། །དེས་དབང་མེད་དུ་སྐྱོ་ཤས་སྐྱེ་རུ་བཅུག །སྤྲེལ་ཕྲུག་གི་སྐུ་སྒྲ་དགོད་སྙིང་འདོད། །དེས་དབང་མེད་དུ་སེམས་བསྐྱེད་བསྒོམ་དུ་བཅུག །ཁུ་བྱུག་གི་ངག་སྙན་ཡིད་རྩ་སྐྱོ། །དེས་དབང་མེད་དུ་མཆི་མ་འཆོར་དུ་བཅུག །ཅོ་གའི་འགྱུར་སྐད་རྣ་བར་སྙན། །དེས་དབང་མེད་དུ་རྣ་བ་སྙན་དུ་བཅུག །བྱ་རོག་གི་སྒྲ་སྐད་སྣ་ཚོགས་པ། །རྣལ་འབྱོར་འདུག་གྲོགས་སེམས་ལ་ཕན། །གནས་འདི་འདྲར་བསྡད་ན་ངང་གིས་སྐྱིད། །གྲོགས་གཅིག་ཀྱང་མེད་ན་དེ་བས་སྐྱིད། །རྣལ་འབྱོར་སྐྱིད་པའི་ཉམས་དབྱངས་འདིས། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག །ཅེས་གསུངས་པས། དེ་དུས་ཀྱི་བུ་སློབ་རྣམས་ལ་སྐྱོ་ཤས་དང་ངེས་འབྱུང་དྲག་པོ་སྐྱེས་ནས་རི་ལས་མི་འབབ་པའི་དམ་བཅའ་ཕུལ་ནས་བསྒོམས་པས་དགེ་སྦྱོར་མཐར་ཕྱིན་པ་ཁོ་ན་བྱུང་བ་ཡིན་ནོ། །དེ་ནས་རྗེ་བཙུན་ལ་ཡང་ཡི་དམ་གྱིས་ད་ཡང་བོད་ལ་སོང་ལ་རི་ཁྲོད་དབེན་པར་སྒོམ་བཞིན་པའི་ངང་ནས་འགྲོ་བའི་དོན་གྱིས་ཤིག །བསྟན་པ་དང་སེམས་ཅན་ལ་ཕན་པར་འགྱུར་རོ་བྱ་བའི་ལུང་བསྟན་བྱུང་བས། རྗེ་བཙུན་ཡང་ཐུགས་བོད་ལ་ཆས་སོ། །ཡོལ་མོ་གངས་རའི་སྐོར་རོ།། །།


༈ ན་མོ་གུ་རུ། རྗེ་བཙུན་མི་ལ་རས་པ་དེ་ཉིད་ཡོལ་མོ་ནས་ལུང་བསྟན་བཞིན་བོད་ལ་བྱོན་ནས། ཀུ་ཐང་གི་ཕུག་པ་ཞིག་ཏུ་བསེ་རུ་ལྟར་གཅིག་པུར་འོད་གསལ་གྱི་ངང་ལ་བཞུགས་པའི་ཚེ། ཕུག་རོན་གསེར་གྱི་རྣ་ཆ་གཡོ་བ་ཞིག་བྱུང་སྟེ། ཕྱག་གི་ཚུལ་དུ་ལུས་ཞུང་ཞུང་མགོ་གུག་གུག་དང་བསྐོར་བ་མང་དུ་བྱས་ནས། ས་ཕྱོགས་གཙང་བའི་བྲག་ཁ་ཞིག་ཏུ་འཕུར་སོང་བ་ལས། རྗེ་བཙུན་གྱིས་མི་མ་ཡིན་གྱིས་གདན་འདྲེན་དུ་མཁྱེན་ནས། དེའི་སར་བྱོན་པས། འབྲས་དཀར་མོའི་ཕུང་པོ་ཞིག་འདུག་པ་དེ་ལ། ཕུག་རོན་དེས་མཆུ་བཙུགས་ནས་འབུལ་ཚུལ་དང་། སྔར་ལྟར་ཕྱག་དང་བསྐོར་བ་བྱས་ཏེ་འཕུར་སོང་བ་ལས། རྗེ་བཙུན་ཐུགས་སྤྲོ་ཞིང་ཡ་མཚན་པར་གྱུར་ཏེ་མགུར་འདི་གསུངས་སོ། །ཨེ་མ་ཧོ། དྲིན་ཅན་མར་པ་ལྷོ་བྲག་པ། །སྙིང་ནས་དྲན་པས་སྙིང་དུ་བསྒོམ། །ཡང་ཡང་འབྲལ་མེད་གསོལ་བ་འདེབས། །རང་སེམས་བླ་མ་འདྲེས་པས་བདེ། །ཨ་ལ་ལ་སྣང་བ་གཤིས་ཀྱི་རང་བཞིན་འདི། །སྐྱེ་མེད་ཆོས་སྐུར་ངོ་སྤྲད་པས། །མ་བཅོས་ཆོས་སྐུའི་ངང་དུ་འདྲེས། །ལྟ་བ་མཐོ་དམན་རྩིས་གདབ་མེད། །སེམས་མ་བཅོས་པ་འདི་བདེ་མོར་གདའ། །སྟོང་གསལ་སེམས་ཀྱི་རང་བཞིན་འདི། །གསལ་སྟོང་རིག་པ་ངོ་སྤྲད་པས། །མ་བཅོས་གཉུག་མའི་ངང་དུ་འདྲེས། །སྒོམ་བཟང་ངན་གྱི་རྩིས་གདབ་བདག་ལ་མེད། །སེམས་མ་བཅོས་པ་འདི་བདེ་མོར་གདའ། །ཚོགས་དྲུག་རང་སར་དེངས་པ་ལ། །གཟུང་འཛིན་གཉིས་མེད་ངོ་སྤྲད་པས། །བདེ་སྡུག་གཉིས་པོ་གཅིག་ཏུ་འདྲེས། །མ་བཅོས་གཉུག་མའི་ངང་དུ་འདྲེས། །སྤྱོད་པ་ཡིན་མིན་གྱི་རྩིས་གདབ་བདག་ལ་མེད། །སེམས་མ་བཅོས་པ་འདི་བདེ་མོར་གདའ། །འབྲས་བུ་ཆོས་སྐུའི་རང་བཞིན་འདི། །སྣ་ཚོགས་སྤྲུལ་སྐུར་ངོ་སྤྲད་པས། །ཐུག་འཕྲད་དྲན་གྲོལ་གྱི་ངང་དུ་འདྲེས། །བུ་ཚུར་ཤོག་གི་ཡིད་སྨོན་བདག་ལ་མེད། །སེམས་མ་བཅོས་པ་འདི་བདེ་མོར་གདའ། །ཞེས་གསུངས་པའི་མཐར། སྔར་གྱི་ཕུག་རོན་དེ་གྲོགས་བདུན་དང་བཅས་པ་འོངས་ནས། རྗེ་བཙུན་ལ་སྔར་ལྟར་ཕྱག་དང་བསྐོར་བ་བྱེད་དུ་བྱུང་བས། རྗེ་བཙུན་གྱི་ཐུགས་ལ་འདི་རྣམས་མི་མ་ཡིན་དུ་འདུག་པས། གཏམ་གསོང་པོར་སྨྲའམ་མི་སྨྲ་བ་ལྟ་དགོངས་ནས། ཁྱེད་རྣམས་སུ་ཡིན་ཅི་ལ་འོངས་གསུངས་པས། ལྷའི་བུ་མོ་རྣམས་ཀྱི་རྫུ་འཕྲུལ་བཤིག་ནས། རང་ལུས་བསྟན་ཏེ་སྔར་བྱུང་བའི་གཙོ་མོ་དེ་ན་རེ། བདག་རྣམས་ལྷའི་བུ་མོ་ལགས། ཁྱེད་ལ་དད་ནས་ཆོས་ཞུ་རུ་འོངས་པ་ལགས་པས་གནང་བར་ཞུ་ཟེར་བའི་ལན་དུ་རྗེ་བཙུན་གྱིས་མགུར་འདི་གསུངས་སོ། །རྗེ་ངོ་མཚར་སྤྲུལ་པའི་བླ་མ་དེ། །ཐུགས་རྗེ་མ་ཆུང་བྱིན་གྱིས་རློབས། །ཁྱོད་བྱ་ཕུག་རོན་སྔོན་མོར་ལུས་སྟོན་པའི། །རྣམ་འཕྲུལ་ཆོས་མཐུན་སྤྱོད་པ་ཅན། །མཚར་སྡུག་ལྷ་ཡི་བུ་མོ་བརྒྱད། །དཀར་པོའི་ལྷ་ཆོས་བྱེད་སྙམ་ན། །གླུ་འདི་དོན་ཡིད་ལ་འཛིན་པར་ཞུ། །སྤྱིར་འཇིག་རྟེན་སྲིད་པའི་བདེ་བ་འདི། །སྐྱིད་སྐྱིད་འདྲ་ཡང་མྱུར་དུ་འབྲལ། །སྒོས་མོ་བཙུན་བཟང་མོའི་ལྟ་བ་འདི། །མཐོ་མཐོ་འདྲ་ཡང་གཏད་སོ་མེད། །འཁོར་བ་སྡུག་བསྔལ་གྱི་ཁྱིམ་ཐབ་འདི། །འཐད་འཐད་འདྲ་ཡང་སྡུག་བསྔལ་མང་། །རིགས་བརྒྱུད་བཟང་པོའི་བུ་ཕྲུག་དེ། །རང་འཁོས་མེད་ན་མྱ་ངན་ཆེ། །བླ་མ་བཟང་པོའི་སློབ་མ་དེ། །སྤྱོད་པ་ངན་ན་འཁོར་བར་ལྟུང་། །ཕུག་རོན་སྤྲུལ་པའི་ལྷ་མོ་ཡིས། །དམ་ཆོས་ཞུས་ཀྱང་ཡིད་ཆེས་དཀའ། །ཅིས་ཀྱང་དམ་ཆོས་མཛད་པ་ན། །འཇིག་རྟེན་འདི་ཡི་ཡོན་ཏན་ལ། །ངེས་པར་སྐྱོན་དུ་མཐོང་བ་དང་། །ཚེ་འདིར་བྱུང་བའི་རྐྱེན་ངན་རྣམས། །བྱང་ཆུབ་གྲོགས་སུ་ཤེས་པར་མཛོད། །མི་བདག་ལ་རྐྱེན་ངན་བཀའ་དྲིན་ཆེ། །ཁྱེད་ཀྱང་དེ་བཞིན་ཤེས་པར་མཛོད། །ཅེས་གསུངས་པས། ལྷ་མོ་དེ་རྣམས་དེ་ལྟར་འཚལ་ལོ་ཞེས་བཞིན་འཛུམ་པ་དང་བཅས་པས་ཕྱག་དང་བསྐོར་བ་བྱེད་ཅིང་འདུག་པ་ལ། རྗེ་བཙུན་གྱིས་ཁྱེད་རྣམས་ཕུག་རོན་དུ་སྤྲུལ་འོང་བ་ཅི་ཡིན་གསུངས་པས། ཁོང་རྣམས་ན་རེ། ཁྱེད་ཚེ་འདི་དང་རང་དོན་གྱི་འཁྲི་བ་རྩ་བ་ནས་མེད་པར། གཞན་དོན་དུ་བྱང་ཆུབ་སྒྲུབ་ཕྱིར་གཡེང་བ་ཀུན་སྤངས་ནས། གཅིག་པུར་ཁོར་ཡུག་ཏུ་བསམ་གཏན་ཁོ་ན་མཛད་པ་དེ། ངེད་ལྷའི་མིག་གིས་མཐོང་བས། དད་ནས་ཆོས་ཞུ་རུ་འོངས་པ་ལ་མི་སྡིག་ཅན་ལ་ལུས་སྦ་ཕྱིར་སྤྲུལ་པ་བྱས་པ་ཡིན། ད་ལྷའི་ཡུལ་དུ་བྱོན་ནས་ཆོས་གསུང་བར་ཞུ་ཞུས་པ་ལ། རྗེ་བཙུན་གྱི་ཞལ་ནས། ང་ཚེ་གང་འདི་མི་ཡུལ་དུ་བསྡད་ནས་འགྲོ་དོན་བྱེད། ལྷ་ཡུལ་ལའང་སྙིང་པོ་མེད་པས་དགོས་པ་མེད། ལྷ་ཡུལ་དུ་ཕྱིན་རུང་འདི་ལས་མེད་པས། ཁྱེད་རང་རྣམས་འདི་བཞིན་ཉམས་སུ་ལོངས་གསུངས་ནས་མགུར་འདི་གསུངས་སོ། །ལྷོ་བྲག་མར་པའི་ཞབས་ལ་འདུད། །ཕ་བླ་མས་བྱིན་རླབས་དངོས་གྲུབ་ཞུ། །ཁྱེད་ལྷའི་བུ་མོ་མཛེས་མ་བརྒྱད། །འབྲས་དཀར་མོའི་དངོས་གྲུབ་བསམ་གཏན་ཟས། །ཁམས་སོས་པར་གྱུར་པས་ཐུགས་དམ་འཕེལ། །དྲིན་ལན་ཆོས་ཀྱིས་འཇལ་བ་ལ། །སྙན་ལྷན་ནེ་གསོན་ལ་ཡིད་ལ་ཞོག །དཀར་པོ་ལྷ་ཡི་རྒྱལ་ས་དེ། །འཛིན་རྒྱུ་བྱུང་ཡང་སྙིང་པོ་མེད། །ལྷ་ཕྲུག་གཞོན་ནུའི་བརྩེ་གདུང་དེ། །སྣང་བ་སྐྱིད་ཀྱང་མྱུར་དུ་འབྲལ། །མིག་འཕྲུལ་སྒྱུ་མའི་ཟོལ་ཟོག་དེ། །ལོངས་སྤྱོད་ཆེ་ཡང་ལྟུང་བའི་རྒྱུ། །འགྲོ་དྲུག་འཁོར་བའི་སྡུག་བསྔལ་དེ། །བསམས་ན་སྙིང་རླུང་དྲག་པོ་ལྡང་། །ཁྱོད་དེ་ཕྱིར་ལྷ་ཆོས་བྱེད་བསམས་ན། །སྐྱབས་དཀོན་མཆོག་གསུམ་ལ་གསོལ་བ་ཐོབ། །འགྲོ་དྲུག་སེམས་ཅན་ཕ་མར་སྒོམས། །མཆོད་པ་བླ་མ་རྗེ་ལ་ཕུལ། །སྦྱིན་པ་དབུལ་ཕོངས་རྣམས་ལ་ཐོངས། །དགེ་བ་འགྲོ་དྲུག་དོན་དུ་བསྔོས། །རྒྱུན་དུ་ནམ་འཆི་ཆ་མེད་སྒོམས། །རང་ལུས་ཡི་དམ་ལྷ་ཡི་ངང་། །བརྗོད་པ་ཟབ་མོའི་སྔགས་ལ་གྱིས། །རང་རིག་ཡེ་ཤེས་སྟོང་ཉིད་སྒོམས། །རྒྱུན་དུ་རང་སེམས་དཔང་དུ་ཚུགས། །ཞེས་གསུངས་པས། ཁོང་རྣམས་ན་རེ། ངེད་མ་རིག་པའི་སེམས་ཅན་རྣམས། སེམས་དང་མ་བྲལ་རྟིང་ཉོན་མོངས་པ་དང་མི་འབྲལ་བར་འདུག་པ་འདི་ལ་དྲན་འཛིན་གཉེན་པོ་བསྟེན་ཐབས་ཀྱི་ཆོས་ཤིག་གསུང་བར་ཞུ་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །དྲིན་ཅན་མར་པའི་ཞབས་ལ་འདུད། །རྒྱུད་གཉེན་པོ་བཟང་བར་བྱིན་གྱིས་རློབས། །ཁྱེད་དད་ལྡན་ལྷ་ཡི་བུ་མོ་རྣམས། །རྒྱུན་དུ་ཉམས་ལེན་བྱེད་པ་ན། །ནང་དུ་ཞི་གནས་བསམ་གཏན་སྒོམས། །བྱ་བ་བཏང་བ་ཞིག་རྒྱན་དུ་ཆེ། །ཕྱི་རུ་གཉེན་པོ་ཏུར་རེ་ཟུང་། །ལུས་ངག་དལ་བ་ཞིག་རྒྱན་དུ་ཆེ། །རྒྱུན་དུ་དྲན་པ་རང་སོ་ཟུང་། །བྱ་བྱེད་ཉུང་བ་ཞིག་རྒྱན་དུ་ཆེ། །རྐྱེན་ངན་བློ་བརྡེག་བྱུང་ཙ་ན། །ཞེ་སྡང་ལངས་དོགས་ཏུར་རེ་གྱིས། །འདོད་པའི་ནོར་དང་ཕྲད་དུས་སུ། །འདོད་ཆགས་སྐྱེས་དོགས་ཏུར་རེ་གྱིས། །ཚིག་ངན་མཚོན་ཆ་བྱུང་དུས་སུ། །རྣ་བ་འཁྲུལ་དོགས་ཏུར་རེ་གྱིས། །གྲོགས་དང་མཉམ་པོར་འགྲོགས་དུས་སུ། །ཕྲག་དོག་སྐྱེས་དོགས་ཏུར་རེ་གྱིས། །རང་ལ་བཀུར་སྟི་བྱུང་དུས་སུ། །ང་རྒྱལ་སྐྱེས་དོགས་ཏུར་རེ་གྱིས། །དུས་དང་རྣམ་པ་ཐམས་ཅད་དུ། །རང་རྒྱུད་ངན་པའི་འགོང་པོ་ཐུལ། །སྤྱོད་ལམ་རྣམ་བཞི་ཅི་བྱེད་ཀྱང་། །གང་ཤར་སྟོང་ཉིད་སྒྱུ་མར་སྒོམས། །མཁས་བཙུན་བརྒྱ་ཡིས་ཞལ་ཕྱེ་ཡང་། །དེ་ལས་ལྷག་པ་ཡོང་རྒྱུ་མེད། །ཁྱེད་དགའ་བར་སྒོམས་ལ་ཉམས་ལེན་གྱིས། །ཞེས་གསུངས་པས། ལྷ་མོ་དེ་རྣམས་དགའ་མགུ་ཡི་རངས་ཏེ་སླར་ཡང་ཕུག་རོན་དུ་སྤྲུལ་ནས་ལྷ་ཡུལ་དུ་སོང་ངོ་། །རྗེ་བཙུན་ཡང་འབྲས་བཞེས་པས་ཐུགས་དམ་འཕེལ་བའི་ངང་ནས། བྲག་སྐྱ་རྡོ་རྗེ་རྫོང་ལ་བྱོན་ནོ། །ཕུག་རོན་ལྷའི་བུ་མོས་མཆོད་པའི་སྐོར་ཏེ། འདི་ཡན་གཙོ་བོར་མི་མ་ཡིན་རྣམས་ཀྱིས་ཐོ་འཚམས་པ་དམ་ལ་བཏགས་པའི་སྐོར་རོ།། །།

༈ ན་མོ་གུ་རུ། རྗེ་བཙུན་མི་ལ་རས་པ་དེ་ཉིད་བྲག་སྐྱ་རྡོ་རྗེ་རྫོང་ལ་བྱོན་ནས། བྲག་རྟ་སྒའི་ཕུག་ན་ཐུགས་དམ་འཕེལ་བར་ཡོད་པའི་ཚེ། ཀུ་ཐང་གི་སྔགས་པ་ཞིག་རྗེ་བཙུན་གྱི་ཞལ་བལྟར་བྱུང་བས་མཆོག་ཏུ་དད་པར་གྱུར་ནས། བླ་མ་ལགས། བདག་གིས་སྒོམ་ལོ་བྱས་རུང་། གནད་གཅིག་མ་ཤེས་པ་ལགས་སམ། སྐྱེད་དང་ཡོན་ཏན་ཙམ་འོང་རྒྱུ་མ་བྱུང་བ་འདི་ལ་གདམས་ངག་གནང་བར་ཞུ་ཞུས་པའི་ལན་དུ། དེ་ལ་གནད་འདི་ཀུན་ཤེས་དགོས་ཞེས་ཡོད་དེ་དྲུག་གི་མགུར་འདི་གསུངས་སོ། །སེམས་ཀྱི་འཆར་སྒོ་འདི་ཉི་ཟེར་གྱི་རྡུལ་བས་ཀྱང་མང་བ་ཞིག་གདའ་སྟེ། །དེ་ལ་དངོས་སྣང་རང་མལ་དུ་ཤེས་པའི་ཇོ་བོ་རྣལ་འབྱོར་པ་འདྲ་ཡོད་དེ། །གཞི་དངོས་པོའི་གནས་ལུགས་དེ་རྒྱུ་རྐྱེན་གང་གིས་ཀྱང་མ་བསྐྱེད་པ་ཞིག་གདའ་སྟེ། །དེ་ལ་ཉག་གཅིག་རྩད་ནས་ཆོད་པའི་ཇོ་བོ་རྣལ་འབྱོར་པ་འདྲ་ཡོད་དེ། །ཐོལ་སྐྱེས་ཀྱི་ཤེས་པ་འདི་མདུང་ཐོགས་བརྒྱ་ཡིས་ཀྱང་མི་བཟློག་པ་ཞིག་གདའ་སྟེ། །དེ་ལ་ཞེན་པ་རང་ལོག་ཏུ་ཤེས་པའི་ཇོ་བོ་རྣལ་འབྱོར་པ་འདྲ་ཡོད་དེ། །ཡིད་འགྱུ་བྱེད་འདི་ལྕགས་ཀྱི་པ་རུར་བཅུག་ཀྱང་མི་ཐུབ་པ་ཞིག་གདའ་སྟེ། །དེ་ལ་དྲན་པ་རང་སྟོང་དུ་ཤེས་པའི་ཇོ་བོ་རྣལ་འབྱོར་པ་འདྲ་ཡོད་དེ། །འདོད་ཡོན་གྱི་ལོངས་སྤྱོད་འདི་ཡེ་ཤེས་ལྷ་ཡིས་མི་སྤོངས་པ་ཞིག་གདའ་སྟེ། །དེ་ལ་ཚོགས་དྲུག་ལྷུག་པར་ཤེས་པའི་ཇོ་བོ་རྣལ་འབྱོར་པ་འདྲ་ཡོད་དེ། །ཚོགས་དྲུག་ཡུལ་གྱི་སྣང་བ་འདི་རྒྱལ་བའི་ཕྱག་གིས་ཀྱང་མི་ཁེགས་པ་ཞིག་གདའ་སྟེ། །དེ་ལ་སྣང་བ་ཡུལ་མེད་དུ་ཤེས་པའི་ཇོ་བོ་རྣལ་འབྱོར་པ་འདྲ་ཡོད་དེ། །གསུངས་པས། ཡང་ཁོ་ན་རེ། དེ་ལྟ་བུའི་ཐུགས་དམ་དེ་རིམ་གྱིས་སྐྱེས་ལགས་སམ། ཅིག་ཅར་དུ་སྐྱེ་ཞེས་ཞུས་པས། རྗེ་བཙུན་གྱིས་གང་ཟག་དབང་པོ་རབ་ལ་ཅིག་ཅར་དུ་སྐྱེ། འབྲིང་དང་ཐ་མ་ལ་རྣལ་འབྱོར་བཞིའི་རིམ་པས་སྐྱེ་སྟེ། སྐྱེས་ངེས་པ་དང་། མ་སྐྱེས་པ་སྐྱེས་པར་གཟུང་བའི་རྟགས་འདི་འདྲ་འོང་གསུངས། རྣལ་འབྱོར་བཞིའི་ཡིན་མིན་ཤན་འབྱེད་ཀྱི་མགུར་འདི་གསུངས་སོ། །རྗེ་བླ་མ་མཆོག་གི་ཞབས་ལ་འདུད། །སེམས་དངོས་པོར་འཛིན་པ་འཁོར་བའི་རྒྱུ། །གསལ་ལ་འཛིན་མེད་རང་རིག་དེ། །ལྷུན་གྲུབ་ཡིན་པར་ངོ་ཤེས་ན། །རྩེ་གཅིག་མཐའ་རུ་ཕྱིན་པ་ཡིན། །ཟུང་འཇུག་ཟེར་ཞིང་མཚན་བཅས་བསྒོམ། །རྒྱུ་འབྲས་ཟེར་ཞིང་ལོག་འཚོ་བསྒྲུབ། །རྨོངས་པ་ཀུན་འབྱུང་བསྒོམ་པ་ལ། །རྩེ་གཅིག་གི་རྣལ་འབྱོར་ཁོ་ལ་མེད། །གསལ་ལ་འཛིན་མེད་རང་སེམས་དེ། །སྤྲོས་བྲལ་བདེ་བའི་སྙིང་པོ་ཅན། །ངོ་བོ་མཁའ་ལྟར་གསལ་ཙ་ན། །སྤྲོས་བྲལ་མཐའ་རུ་ཕྱིན་པ་ཡིན། །སྤྲོས་མེད་ཟེར་ཞིང་སྤྲོས་པ་མང་། །བརྗོད་མེད་ཟེར་ཞིང་ཐ་སྙད་མང་། །རྨོངས་པ་ངར་འཛིན་བསྒོམ་པ་ལ། །སྤྲོས་བྲལ་གྱི་རྣལ་འབྱོར་ཁོ་ལ་མེད། །སྣང་སྟོང་གཉིས་མེད་ཀྱི་ཆོས་སྐུ་ལ། །འཁོར་འདས་གཅིག་ཏུ་ཉམས་སུ་མྱོང་། །སངས་རྒྱས་སེམས་ཅན་འདྲེས་པ་ན། །རོ་གཅིག་མཐའ་རུ་ཕྱིན་པ་ཡིན། །རོ་གཅིག་ཟེར་ཞིང་དུ་མར་སྨྲ། །ཉག་གཅིག་ཟེར་ཞིང་ཐུན་དུ་གཅོད། །རྨོངས་པ་ཡིས་ཀྱང་རྨོངས་པ་ལས། །རོ་གཅིག་གི་རྣལ་འབྱོར་ཁོ་ལ་མེད། །རྣམ་རྟོག་ཡེ་ཤེས་ཀྱི་སྙིང་པོ་ཅན། །ལྷུན་གྲུབ་རྒྱུ་འབྲས་གཉིས་སུ་མེད། །སྐུ་གསུམ་རང་ལ་ཚང་ཙ་ན། །སྒོམ་མེད་མཐའ་རུ་ཕྱིན་པ་ཡིན། །སྒོམ་མེད་ཟེར་ཞིང་ཡིད་ལ་བྱེད། །འོད་གསལ་ཟེར་ཞིང་གཏི་མུག་བསྒོམ། །རྨོངས་པ་ཁ་ལྟ་སྨྲ་བ་ལ། །སྒོམ་མེད་ཀྱི་རྣལ་འབྱོར་ཁོ་ལ་མེད། །ཅེས་གསུངས་པས། ཡང་ཁོས་ཉམས་ལེན་དེ་ཚོ་ངོ་མཚར་ཤིན་ཏུ་ཆེ་བར་གདའ། ངེད་འཇིག་རྟེན་པ་རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག་ཉམས་སུ་ལེན་ན་ཇི་ལྟར་ལེན་ཞེས་ཞུས་པའི་ལན་དུ་མགུར་འདི་གསུངས་སོ། །རྗེ་མཚན་ལྡན་བླ་མའི་ཞབས་ལ་འདུད། །ནོར་རྫས་རྩྭ་ཁའི་ཟིལ་པ་འདྲ། །ཆགས་སེམས་མེད་པའི་སྦྱིན་པ་ཐོངས། །དལ་འབྱོར་སྙིང་པོ་ལེན་པའི་ཚེ། །མིག་འབྲས་བཞིན་དུ་ཚུལ་ཁྲིམས་སྲུངས། །ངན་སོང་རྩ་བ་ཞེ་སྡང་ཡིན། །སྲོག་ལ་བབ་ཀྱང་བཟོད་པ་སྒོམས། །ལེ་ལོས་རང་གཞན་དོན་མི་འགྲུབ། །དགེ་བའི་ལས་ལ་བརྩོན་པར་མཛོད། །འཁྲུལ་པས་ཐེག་ཆེན་དོན་མི་རྟོགས། །རྩེ་གཅིག་དོན་ལ་གོམས་པར་གྱིས། །བཙལ་བས་སངས་རྒྱས་མི་རྙེད་པས། །རང་གི་སེམས་ཀྱི་མཚན་ཉིད་ལྟོས། །དད་པ་སྟོན་ཀའི་ན་བུན་འདྲ། །ཡལ་བའི་དུས་སུ་སྙིང་རུས་འཚལ། །ཞེས་གསུངས་པས། ཁོ་དད་པ་དང་ངོ་མཚར་སྐྱེས་ནས་ལོག་སོང་བ་ལས། ཞག་འགའ་ནས་འབུལ་བ་དང་བཅས་པའི་ཉ་མ་མང་པོ་ཁྲིད་དེ་རྗེ་བཙུན་གྱི་དྲུང་དུ་འོངས། བསྙེན་བཀུར་བཟང་པོ་ཕུལ་ནས། ཡང་ཁོས་འདིར་འཚོགས་པའི་ཉ་མ་རྣམས་རྗེ་བཙུན་གྱི་རྣམ་ཐར་ལ་དད་ནས་ཞལ་བལྟར་འོངས་པ་ལགས་པས། རྗེ་བཙུན་གྱིས་དཀའ་སྤྱད་དྲག་པོ་མཛད་པའི་འབྲས་བུས་ཐུགས་དམ་གྱི་གདེངས་ཐོབ་ཚུལ་གྱི་ཆོས་ཤིག་གནང་བར་ཞུ་ཞུས་པའི་ལན་དུ། རྗེ་བཙུན་གྱིས་གདེངས་ཚད་དྲུག་གི་མགུར་འདི་གསུངས་སོ། །འཁོར་བའི་ཆོས་ལ་ཡིད་འབྱུང་ནས། །དད་པ་དྲག་པོས་མཚམས་སྦྱར་ཏེ། །ཡུལ་གྱི་ཞེན་པ་སྤང་དཀའ་བས། །ཕ་ཡུལ་སྤངས་པས་ཞེ་སྡང་ཞི། །གཉེན་གྱི་གདུང་སེམས་བཟློག་དཀའ་བས། །ཉེ་དུ་སྤངས་པས་གདུང་སེམས་བྲལ། །ནོར་ལ་ཆོག་ཤེས་མ་མཆིས་པས། །རས་རྐྱང་གྱོན་པས་ཞེན་པ་བཟློག །འཇིག་རྟེན་གཡེང་བ་སྤང་དཀའ་བས། །དམན་ས་བཟུང་བས་ང་རྒྱལ་ཆག །བདག་འཛིན་གྱི་ཁེང་དྲེགས་སྤང་དཀའ་བས། །རི་དྭགས་བཞིན་དུ་རི་ཁྲོད་འགྲིམས། །ཁྱེད་དད་ལྡན་གྱི་ཚོགས་གསོག་དོན་ཡོད་བྱས། །འདི་ནི་སྙིང་རུས་ཀྱི་གདེངས་ཚད་ཡིན། །ཆོས་སྐུ་ནམ་མཁའ་ལྟ་བུ་སྟེ། །འགྲོ་བ་ཡོངས་ལ་ཁྱབ་ལགས་ཀྱང་། །སྔར་མ་རིག་པ་ཡིས་འཁོར་བར་འཁྱམས། །ཆ་ཙམ་ཤེས་ཀྱང་བརྟན་པར་དཀའ། །དེ་ཉིད་བརྟན་པར་མ་གྱུར་པས། །སྐབས་སུ་དུག་ལྔ་རང་རྒྱུད་ཤོར། །དེས་དོན་མེད་བྱིས་པའི་ནང་དུ་འཁྱམས། །དེ་ཉིད་བརྟན་པར་གྱུར་པ་ན། །ཚོགས་དྲུག་ཞེན་མེད་རྒྱུན་དུ་འཆར། །སྐུ་གསུམ་འབྲལ་མེད་རྒྱུན་དུ་གནས། །དེ་ནི་རྟོགས་པའི་གདེངས་ཚད་ལགས། །མཉམ་གཞག་རྗེས་ཐོབ་རྣམ་གཉིས་ཀྱང་། །ལས་དང་པོ་པ་ལ་སྣང་བ་ལགས། །བརྟན་པའི་སེམས་ལ་གཉིས་སྣང་མེད། །ཡེངས་པ་མེད་པའི་རྣལ་འབྱོར་ལ། །ཚོགས་དྲུག་ཞེན་མེད་རྒྱུན་དུ་འཆར། །སྐུ་གསུམ་འབྲལ་མེད་རྒྱུན་དུ་གནས། །ཞེན་པ་མེད་པ་འགྲོ་བའི་རླུང་། །ཡིད་འོང་ཡོན་ཏན་ཀུན་གྱི་གནས། །མཁས་པ་ནམ་མཁའ་ལྟ་བུར་བསྒོམ། །སྤྱོད་ལམ་རྣམ་བཞིར་མ་ཆགས་པས། །མཛེས་པའི་གཟུགས་དང་ཆགས་པའི་ནོར། །ཅིར་སྣང་ན་བུན་ལྟར་ཤེས་པས། །འགྲོ་བ་འདྲེན་པའི་བསམ་པ་ཡང་། །ཐ་མལ་ལུས་རྣམས་སྒྱུ་མ་དང་། །ཆུ་ཟླ་ལྟ་བུར་འཛིན་མེད་པར། །ཡུལ་གྱི་འཆིང་བས་མི་གོས་ཏེ། །དཔེ་ནི་འདམ་སྐྱེས་པདྨ་འདྲ། །འདི་ནི་སྤྱོད་པའི་གདེངས་ཚད་ཡིན། །སེམས་ཁྱབ་གདལ་ནམ་མཁའ་ལྟ་བུ་སྟེ། །རྐྱེན་སྣང་ཆོས་སྐུར་གསལ་བ་དག །རྣམ་པ་ཀུན་མཁྱེན་སྟོན་པ་ཉིད། །ཤེལ་གོང་ལག་མཐིལ་བཞག་པ་འདྲ། །དང་པོ་གང་ནས་འོངས་པ་མེད། །བར་དུ་གང་དུའང་གནས་པ་མེད། །ཐ་མར་གར་ཡང་སོང་བ་མེད། །དུས་གསུམ་མཉམ་པ་ཉིད་གནས་པས། །སེམས་ལ་སྐྱེ་ཤིའི་རྒྱུ་མ་མཆིས། །གདོད་ནས་དག་པ་ནམ་མཁའ་ལྟ་བུ་ལ། །དཀར་དམར་གྱི་སྤྲིན་སྤུངས་རང་སར་ཡལ། །འབྱུང་བ་བཞི་ཡི་རྗེས་མི་གཅོད། །སེམས་ཁྱབ་གདལ་ནམ་མཁའ་ལྟ་བུ་ལ། །སྐྱེ་མེད་ཀྱི་རྒྱུན་དང་མ་བྲལ་བས། །ཁམས་གསུམ་འཁོར་བའི་རྒྱུན་ལམ་ཆོད། །འདི་ནི་འབྲས་བུའི་གདེངས་ཚད་ལགས། །དེ་ལྟར་རྟོགས་པའི་རྣལ་འབྱོར་དེ། །ནམ་ཞིག་སྒྱུ་ལུས་འཇོག་པའི་ཚེ། །ཡོན་ཏན་རྫོགས་པའི་བར་དོ་རུ། །གདམས་ངག་ཟབ་མོ་ངོ་འཕྲོད་པས། །སེམས་མ་དང་བུ་རུ་མཇལ་ཏེ་མཆི། །གལ་ཏེ་དེ་རུ་མ་མཇལ་ན། །མ་དག་ཉེར་ལེན་སྒྱུ་ལུས་དེ། །ལྷན་ཅིག་བྱང་བའི་གདམས་ངག་གིས། །དག་པའི་སྒྱུ་ལུས་ལོངས་སྐུར་འཆར། །ལོངས་སྐུ་གཟུགས་བརྙན་ལྟར་ཤེས་པས། །ལམ་ལ་ནོར་གྱི་དོགས་མ་མཆིས། །འདི་བར་དོ་མི་འཁྲུལ་གྱི་གདེངས་ཚད་ལགས། །ཞེས་གསུངས་པས། ཀུ་ཐང་གི་ཉ་མ་རྣམས་ཤིན་ཏུ་མོས་པར་གྱུར་ཏེ། ཕྱིས་ནས་ཀྱང་ཞབས་ཏོག་ཕུལ་དུ་ཕྱིན་པ་བསྒྲུབས་པ་ཡིན་ནོ། །དེ་ནས་རྗེ་བཙུན་ལ་ནམ་ཐོ་རངས་ཤིག་འོད་གསལ་གྱི་ངང་ལ་རྡོ་རྗེ་རྣལ་འབྱོར་མས་མི་ལ་རས་པ་ཁྱོད་ལ་མིའི་བུ་སློབ་ཉི་མ་ལྟ་བུ་གཅིག །ཟླ་བ་ལྟ་བུ་གཅིག །རྒྱུ་སྐར་ལྟ་བུ་ཉེར་གསུམ་སྟེ། གྲུབ་ཐོབ་རང་ཡང་ཉེར་ལྔ། ཕྱིར་མི་ལྡོག་པའི་རྟོགས་ལྡན་བརྒྱ། ལམ་ལ་དྲོད་ཐོབ་པའི་སྐྱེས་ཆེན་བརྒྱ་རྩ་བརྒྱད། ལམ་སྣ་ཟིན་པའི་རྣལ་འབྱོར་ཕོ་མོ་སྟོང་རྩ་གཅིག །ཆོས་འབྲེལ་ཐོབ་པས་ངན་སོང་གི་རྒྱུན་ལམ་ཆད་པ་རྩིས་ལས་འདས་པ་འོང་བ་ལས། གུང་ཐང་གི་ཕུ་ར་ལ་བྱ་བ་ན་ལས་ཅན་གྱི་སྐྱེས་བུ་ཟླ་བ་ལྟ་བུ་དེ་ཡོད་པས། དེའི་དོན་དུ་དེ་ཕྱོགས་སུ་སོངས་ཤིག་བྱ་བའི་ལུང་བསྟན་བྱུང་བས། རྗེ་བཙུན་ཡང་གུང་ཐང་སྟོད་དུ་ཐུགས་ཆས་སོ། །བྲག་སྐྱ་རྡོ་རྗེ་རྫོང་གི་སྐོར་ཚོ་སྔ་མའོ།། །།


༈ ན་མོ་གུ་རུ། རྗེ་བཙུན་མི་ལ་རས་པ་དེ་ཉིད་ལུང་བསྟན་ལྟར་གུང་ཐང་སྟོད་དུ་བྱོན་པས། གུང་ཐང་ཁབ་ཏུ་ཕྱག་ཕེབས་པའི་ཚེ་མཁར་ལས་བྱེད་མི་མང་པོ་འདུག་པ། དེ་རྣམས་ལ་འཚོ་བ་ཟས་ཀྱི་འབྲེལ་བ་དགོས་གསུངས་པས། ཁོང་རྣམས་ན་རེ། ངེད་རྣམས་མཁར་ལས་ཀྱིས་བྲེལ་ནས་ལོང་མི་འདུག །ཁྱེད་རང་དལ་བར་འདུག་པས་ངེད་ཀྱི་ལས་ཚབ་གྱིས། བཞེས་པ་དྲང་གིས་ཟེར་བ་ལ། རྗེ་བཙུན་གྱིས་ངས་ང་རང་གི་ལུགས་ཀྱི་མཁར་ལས་ཚར་ནས་དལ་བ་ཡིན། ཟ་མ་མི་སྟེར་རུང་ཁྱེད་འཇིག་རྟེན་པའི་མཁར་ལས་དེ་བོར་ལ་ཐོངས་གསུངས་པས། ཡང་ཁོང་རྣམས་ན་རེ། ཁྱེད་རང་གི་ལུགས་ཀྱི་མཁར་ལས་ཇི་ལྟར་བྱས། ངེད་ཀྱི་མཁར་ལས་བོར་དགོས་པའི་རྒྱུ་མཚན་ཅི་ཡིན་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །ང་དད་པའི་ས་གཞི་བརྟན་དང་གཅིག །བརྩོན་འགྲུས་ཀྱི་རྩིག་པ་མཐོ་དང་གཉིས། །བསམ་གཏན་གྱི་གྱང་ཞེང་ཆེ་དང་གསུམ། །ཤེས་རབ་ཀྱི་བད་འབུར་ལེགས་དང་བཞི། །དེ་བཞི་བསྡེབས་པའི་མཁར་སྤེ་དེ། །ནམ་བཞག་གཏན་གྱི་མཁར་སྤེ་ཡིན། །ཁྱེད་འཇིག་རྟེན་པའི་མཁར་གྱིས་བསླུ་བསླུ་འདྲ། །བདུད་ཀྱི་བཙོན་ར་དེ་བོར་ལ་ཐོངས། །ཞེས་གསུངས་པས། ཡང་ཁོང་རྣམས་ན་རེ། དེ་སེམས་ལ་ཤིན་ཏུ་ཕན་པ་ཞིག་བྱུང་། ཁྱེད་རང་གི་ལུགས་ལ་ངེད་ཀྱི་ཕྱིའི་ཞིང་། ནང་གི་ནོར། གཉེན་སྲིད་སྡེ། གཏན་གྲོགས་ཆུང་མ། དེ་ལ་སྐྱེས་པའི་བུ་ཚ་རྣམས་ཀྱི་དོད་ཇི་འདྲ་ཡོད། ངེད་ཀྱི་ལུགས་དེ་ད་དུང་བོར་ལས་ཆེ་བས། ཁྱེད་རང་ལ་ཡོད་ལུགས་དང་ངེད་ཀྱི་དེ་བོར་བའི་རྒྱུ་མཚན་རེ་གསུང་བར་ཞུ་དང་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །ང་ཀུན་གཞིའི་ཞིང་ས་བཟང་དང་གཅིག །གདམས་ངག་གི་ས་བོན་ཐེབས་དང་གཉིས། །ཉམས་ལེན་གྱི་མྱུ་གུ་འཁྲུངས་དང་གསུམ། །སྐུ་གསུམ་གྱི་འབྲས་བུ་སྨིན་དང་བཞི། །དེ་བཞི་བསྡེབས་པའི་སོ་ནམ་དེ། །ནམ་བཞག་གཏན་གྱི་སོ་ནམ་ཡིན། །ཁྱེད་འཇིག་རྟེན་པའི་སོ་ནམ་གྱིས་བསླུ་བསླུ་འདྲ། །ལྟོ་རྒྱབ་ཀྱི་ཁོལ་པོ་དེ་བོར་ལ་ཐོངས། །ང་སྟོང་ཉིད་ཀྱི་གཏེར་ཁ་བཟང་དང་གཅིག །འཕགས་པའི་ནོར་བདུན་ཕྱུག་དང་གཉིས། །དགེ་བཅུའི་ཁོལ་སྤྱད་བདེ་དང་གསུམ། །ཟག་མེད་ཀྱི་བདེ་བ་ཆེ་དང་བཞི། །འདི་བཞི་བསྡེབས་པའི་ཟས་ནོར་དེ། །ནམ་བཞག་གཏན་གྱི་ཟས་ནོར་ཡིན། །ཁྱེད་འཇིག་རྟེན་པའི་ཟས་ནོར་དེས་བསླུ་བསླུ་འདྲ། །སྒྱུ་མའི་མགོ་སྐོར་དེ་བོར་ལ་ཐོངས། །ང་སངས་རྒྱས་ཀྱི་ཕ་མེས་བཟང་དང་གཅིག །དམ་ཆོས་ཀྱི་ཞལ་ངོ་རགས་དང་གཉིས། །དགེ་འདུན་གྱི་ཚ་ཞང་དར་དང་གསུམ། །ཆོས་སྐྱོང་གི་སྟ་ཟུར་དཔའ་དང་བཞི། །དེ་བཞི་བསྡེབས་པའི་སྲིད་ཟླ་དེ། །ནམ་བཞག་གཏན་གྱི་སྲིད་ཟླ་ཡིན། །ཁྱེད་འཇིག་རྟེན་པའི་གཉེར་གྱིས་བསླུ་བསླུ་འདྲ། །གནས་སྐབས་ཀྱི་ཟླ་གྲོགས་དེ་བོར་ལ་ཐོངས། །ང་བདེ་གཤེགས་ཀྱི་ཕ་མེས་བཟང་དང་གཅིག །བདེ་གསལ་གྱི་གཡོ་སྦྱོར་མཁས་དང་གཉིས། །ཟུང་འཇུག་གི་ཤ་བཀྲག་དྭངས་དང་གསུམ། །ཉམས་རྟོགས་ཀྱི་རྒྱན་གོས་མཛེས་དང་བཞི། །དེ་བཞི་བསྡེབས་པའི་ཆུང་མ་དེ། །ནམ་བཞག་གཏན་གྱི་ཆུང་མ་ཡིན། །ཁྱེད་འཇིག་རྟེན་པའི་གྲོགས་ཀྱིས་བསླུ་བསླུ་འདྲ། །གནས་སྐབས་ཀྱི་འཐབ་ཡ་དེ་བོར་ལ་ཐོངས། །ང་རིག་པའི་ཁྱེའུ་འཁྲུངས་དང་གཅིག །དྲོད་རྟགས་ཀྱི་འཚར་སྐྱེད་ཆེ་དང་གཉིས། །ཉམས་རྟོགས་ཀྱི་སྨྲ་ལྕེ་བདེ་དང་གསུམ། །སངས་རྒྱས་ཀྱི་གདུང་བརྒྱུད་འཛིན་དང་བཞི། །དེ་བཞི་བསྡེབས་པའི་སྲས་བུ་དེ། །ནམ་བཞག་གཏན་གྱི་སྲས་བུ་ལགས། །ཁྱེད་འཇིག་རྟེན་གྱི་སྲས་བུས་བསླུ་བསླུ་འདྲ། །འཁོར་བའི་བཤལ་ཐག་དེ་བོར་ལ་ཐོངས། །ཁྱོད་གུང་ཐང་གི་ལས་བྱེད་ཕོ་མོ་དང་། །ང་རྣལ་འབྱོར་མི་ལ་རས་པ་གཉིས། །ཚིག་ཕར་འདྲི་ཚུར་འདྲིའི་བག་ཆགས་ཀྱིས། །དཔལ་ཨུ་རྒྱན་གནས་སུ་མཇལ་བར་ཤོག །ཅེས་གསུངས་པས། ཁོང་རྣམས་ཤིན་ཏུ་དད་པར་གྱུར་ནས། ཕྱག་བཙལ་འཚོ་བ་དྲངས་ཏེ། ཕྱིས་ནས་ཀྱང་ཤིན་ཏུ་མོས་པར་གྱུར་ཏོ། །དེ་ནས་རྗེ་བཙུན་གྱིས་ར་ལའི་ཕུ་ཟ་འོག་ཕུག་ཏུ་བཞུགས་པས། ར་ལ་ན་ཕ་སྔ་མོ་ནས་ཤི་བའི་བུ་བཞིན་ལེགས་ལ་ཤེས་རབ་ཆེ་བ་ཞིག་ཡོད་པ་དེའི་མ་དང་ཁུ་བོ་ཚོགས་ནས་སྐྱོང་བའི་ལུགས་སུ་ཡོད་པ་ལ། བུ་དེས་གཞོན་ནུ་ནས་ཀློག་བཟང་པོ་ཤེས་པས། གསུང་སྒྲོག་ལ་ཤིན་ཏུ་བྲིན་པས་ཁྱོས་མ་མང་པོ་འོང་བ་ཞིག་ཡོད་པས། ནམ་ཞིག་གི་ཚེ་ཁོང་རང་གི་ལུང་པའི་ཕུ་དེ་ན་ཡར་ལ་བོང་བུ་ཞོན་ནས་བ་གླང་གི་རྫི་བོ་ལ་ཕྱིན་པས། རྗེ་བཙུན་གྱི་སྒྲུབ་ཕུག་གི་མདུན་ན་ཡར་སླེབ་པ་དང་། རྗེ་བཙུན་གྱི་མགུར་གསུང་བ་ཐོས་ནས་སྣང་བ་འགྱུར་ཏེ། བོང་བུ་ལས་བབས་ཕྱུགས་རྣམས་བོར་ནས། རྗེ་བཙུན་གྱི་དྲུང་དུ་ཕྱིན་པས། ཞལ་མཐོང་མ་ཐག་སྨྲ་མི་ཤེས་པའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་ཏེ་ཡུག་ཅིག་ཁྲོང་ངེ་ལུས་ཏེ་འདུག་པ་དེ་ཐུགས་སྲས་རས་ཆུང་རྡོ་རྗེ་གྲགས་པ་ཡིན་ནོ། །ཁོང་ལས་སད་པའི་སྟོབས་ཀྱིས་རྗེ་བཙུན་ལ་མི་ཕྱེད་པའི་དད་པ་ཐོབ་སྟེ། གསུང་སྒྲོག་ཏུ་ཕྱིན་པའི་ཁྱོས་མ་རྣམས་རྗེ་བཙུན་གྱི་དྲུང་དུ་ཕུལ་ནས། ཆོས་ཞུ་ཞིང་བསྡད་པ་ལས་མ་ཁུས་རྩད་བཅད་པས། རྗེ་བཙུན་གྱི་དྲུང་ན་འདུག་པ་དང་། ཁྱོས་མ་མ་བྱུང་བས་ཡོན་བདག་རྣམས་ཀྱིས་མ་བྱིན་པ་ཡིན་ནམ་སྙམ་ནས་གསུང་སྒྲོག་ཏུ་བཏང་བའི་ཡོན་བདག་རྣམས་ལ། ཁྱོད་ཀྱིས་ངེད་ཀྱི་བུ་ལ་ཟ་ཡོན་བྱིན་ནམ་ཞེས་རིམ་པར་དྲིས་པས་བྱིན་ཟེར་བ་ཁོ་ན་བྱུང་སྟེ། རྗེ་བཙུན་ལ་ཕུལ་བར་ཤེས་ནས། མ་ཁུས་ཇི་ལྟར་བཀག་རུང་མ་ཁོགས་པས། ཁོང་གཉིས་ཁྲོས་ནས་སྡང་པོ་རང་བྱས་པས། བུས་ཀྱང་རྗེ་བཙུན་ལ་ཁྲིད་ཞུས་ནས་བསྒོམས་པས། ཉམས་རྟོགས་བཟང་པོ་འཁྲུངས། གཏུམ་མོའི་དྲོད་ཀྱིས་རས་རྐྱང་ཐུབ་པ་བྱུང་སྟེ། མིང་ཡང་རས་ཆུང་པར་བཏགས་ནས་ཡོད་དུས། མ་ཁུས་ནན་གྱིས་བཀུག་ནས་ཕྲུ་སློག་ཏུ་བཅུག་པས་ས་བདག་གི་ནད་ཀྱིས་ཟིན་ཏེ། དེ་ལ་ཕན་དུ་རེ་ནས་མཚམས་ལ་ཡོད་དུས། ཨ་ཙ་ར་ལྔ་འཚོ་བ་སློང་དུ་བྱུང་བས། མ་ཁུས་ལྟོ་ལ་ཡོས་ཤིག་སྐྱལ་ཡོད་པ་ནས་བྱིན་པ་ཟ་བའི་བར་ལ། ཁོང་རྣམས་ཙི་ཙི་ཛྷ་ལ་ཟེར་ཞིང་མཛེ་ནད་དུ་ཤེས་འདུག །འདི་ལ་ཕན་པའི་ཐབས་ཤེས་སམ་དྲིས་པས། དྲག་པ་དེ་ན་རེ་ཁྱོད་སྙིང་རྗེ་མོ་རང་ཞིག་འདུག །ངའི་བླ་མ་ཝ་ལ་ཙནྡྲ་ལ་སྤྲད་དོ་ཟེར། ཁོ་རང་བོད་ལ་འགྲོ་བ་བཤོལ་ནས་རྒྱ་གར་ལ་འགྲོ་བར་དམ་བཅས། རས་ཆུང་པས་ཀྱང་རྗེ་བཙུན་ལ་རྒྱ་གར་ལ་འགྲོ་བའི་གནང་བ་ཞུས་པས། རྗེ་བཙུན་གྱིས་གནང་སྟེ། འགྲོ་ཆོས་སུ་མགུར་འདི་གསུངས་སོ། །དྲིན་མཆོག་རྗེ་ལ་གསོལ་བ་འདེབས་སོ། །བུ་རས་ཆུང་པ་ལ་བྱིན་གྱིས་རློབས་ཤིག །བུ་ཚེ་འདིའི་བློ་ཕུགས་ཆོས་ལ་གཏོད་ཅིག །བླ་མ་ཡི་དམ་དཀོན་མཆོག་གསུམ་ལ། །ཁ་ཚིག་མིན་པར་གསོལ་བ་འདེབས་ཤིང་། །རྒྱ་གར་གླིང་དེ་བསྐོར་ལ་བྱོན་ཞིག །ཏིང་འཛིན་དཀའ་ཐུབ་ཟས་སུ་ཟ་ཞིང་། །ཨ་ཐུང་རྟེན་འབྲེལ་རས་གོས་གྱོན་ལ། །རླུང་སེམས་སྒྱུ་མའི་རྟ་ལ་ཞོན་ནས། །རྒྱ་གར་གླིང་དེ་བསྐོར་ལ་བྱོན་ཞིག །དྲི་མེད་སེམས་ལ་ཕྱི་བདར་གྱིས་ལ། །དམ་ཚིག་དངུལ་དཀར་མེ་ལོང་དེ་ཀུན། །འགྱོད་མེད་དྲན་པས་རྒྱུན་དུ་ལྟ་ཞིང་། །རྒྱ་གར་གླིང་དེ་བསྐོར་ལ་བྱོན་ཞིག །ལོ་འདོད་རྐུན་མས་ཕྱི་གནོན་འོང་བས། །ཆོས་བརྒྱད་མགོ་སྙོམས་སོ་པ་ཐོང་ལ། །ཡོན་ཏན་དམིགས་མེད་ངང་དུ་སྦས་ནས། །སེམས་བསྐྱེད་བཟང་པོས་བསྐོར་ལ་བྱོན་ཅིག །བུ་ཚེ་རིང་ནད་མེད་སྨོན་ལམ་འདེབས་སོ། །ཞེས་གསུངས་ནས། རྗེ་བཙུན་སྒྲུབ་ཕུག་གི་ནང་དུ་བཞུགས་པ་ལ། རས་ཆུང་པས་ཕྱི་ནས་འདག་སྦྱར་ཕུལ་ཏེ། ཨ་ཙ་རའི་ཕྱི་བཞིན་རྒྱ་གར་ལ་བྱོན་པས། བླ་མ་ཝ་ལ་ཙནྡྲ་དང་མཇལ་ཏེ། ཕྱག་རྡོར་གཏུམ་པོ་ཁྱུང་གཤོག་ཅན་གྱི་གདམས་ངག་རྣམས་རྫོགས་པར་གནང་བ་བསྒོམས་པས། སྙུང་གཞི་ལས་གྲོལ་ནས། བོད་དུ་ཕེབས་ཚེ་སྐྱིད་གྲོང་ནས་བླ་མ་འདྲི་ཞིང་བྱོན་པས། སྔར་མི་ལ་ཟེར་བའི་རྣལ་འབྱོར་པ་ཞིག་འདུག་ཟེར་བ་ཐོས། ཕྱིས་གཏམ་མི་འདུག་ཟེར་བས་ངའི་བླ་མ་གྲོངས་པ་ཡིན་ནམ་སྙམ་ཐུགས་མི་བདེ་བའི་ངང་ནས། ཟ་འོག་ཕུག་ཏུ་བྱོན་ནས་གཟིགས་པས། སྔར་གྱི་འདག་སྦྱར་ཡེ་མ་ཞིག་པར་འདུག་པ་དང་། ད་ནང་ན་གྲོངས་ཡོད་ངེས་སྙམ་འདག་སྦྱར་བཤིག་ནས་སྒྲུབ་ཕུག་གི་ནང་དུ་བྱོན་པས། རྗེ་བཙུན་ཐུགས་དམ་གྱི་ངང་ལ་ཁྲོང་ངེ་བཞུགས་འདུག་པས། དགའ་སྤྲོ་དཔག་མེད་ཅིག་ཐོབ་སྟེ། རས་ཆུང་པས་སྙུན་དྲིས་པའི་ལན་དུ་རྗེ་བཙུན་གྱིས་མགུར་འདི་གསུངས་སོ། །དྲིན་ཅན་མར་པའི་ཞབས་ལ་འདུད། །བདག་ཉེ་དུ་དང་འབྲེལ་ཐག་བཅད་པས་བདེ། །ཕ་ཡུལ་གྱི་ཞེན་པ་སྤངས་པས་བདེ། །ཡུལ་སྡེའི་གཉེར་ཁ་མེད་པས་བདེ། །དགེ་འདུན་གྱི་རྫས་ལ་མ་འབགས་བདེ། །ཁང་ཁྱིམ་བདག་ཏུ་མ་བཟུང་བདེ། །འདི་ལ་འདི་དགོས་མེད་པས་བདེ། །འཕགས་པའི་ནོར་གྱིས་ཕྱུག་པས་བདེ། །འཚོ་སྐྱོང་གི་སྡུག་བསྔལ་མི་དགོས་བདེ། །བོར་སྟོར་གྱི་དོགས་པ་མེད་པས་བདེ། །ཟད་པའི་འཇིགས་པ་མེད་པས་བདེ། །སེམས་ཀྱི་ཕུགས་ཐག་ཆོད་པས་བདེ། །ཡོན་བདག་གི་ངོས་བཟུང་མི་དགོས་བདེ། །སྐྱོ་ངལ་སུན་པ་མེད་པས་བདེ། །ཚུལ་འཆོས་མ་བྱས་སྤྱོད་པས་བདེ། །ཅི་བྱས་ཆོས་སུ་སོང་བས་བདེ། །འགྲོ་འདོད་ངལ་དུབ་མེད་པས་བདེ། །གསོད་གཅོད་འཇིགས་པ་མེད་པས་བདེ། །རྐུ་འཕྲོག་འཇིགས་པ་བྲལ་བས་བདེ། །དགེ་སྦྱོར་གྱི་མཐུན་རྐྱེན་བྱུང་བས་བདེ། །སྡིག་པའི་ལས་རྣམས་སྤངས་པས་བདེ། །བསོད་ནམས་ཀྱི་ལས་ལ་འབད་པས་བདེ། །ཞེ་སྡང་གནོད་སེམས་བྲལ་བས་བདེ། །ང་རྒྱལ་ཕྲག་དོག་སྤངས་པས་བདེ། །ཆོས་བརྒྱད་སྐྱོན་དུ་མཐོང་བས་བདེ། །དེ་ཡང་བཏང་སྙོམས་བཞག་པས་བདེ། །སེམས་ཀྱིས་སེམས་ལ་བལྟས་པས་བདེ། །དེ་ཡང་རེ་དོགས་མེད་པས་བདེ། །འཛིན་མེད་འོད་གསལ་ཀློང་ན་བདེ། །མི་རྟོག་ཡེ་ཤེས་དབྱིངས་ན་བདེ། །ཤུགས་འབྱུང་གཉུག་མའི་ངང་དུ་བདེ། །ཚོགས་དྲུག་རང་སར་བཞག་པས་བདེ། །སྒོ་ལྔའི་རྣམ་ཤེས་གསལ་བས་བདེ། །ཡིད་ཀྱི་འགྲོ་འོང་ཆད་པས་བདེ། །བདག་ལ་བདེ་ལུགས་མང་བར་གདའ། །རྣལ་འབྱོར་རང་གི་སྐྱིད་གླུ་ཡིན། །སྐྱིད་པ་གཞན་ལ་ང་མི་སྨོན། །ཤི་ཡང་བདེ་སྟེ་སྡིག་མ་བྱས། །གསོན་ཡང་བདེ་སྟེ་དགེ་སྦྱོར་འཕེལ། །ཟས་གོས་ཡོན་བདག་རྣམས་ཀྱིས་སྦྱོར། །འདི་ནི་དཀོན་མཆོག་བླ་མའི་དྲིན། །རྣལ་འབྱོར་བདེ་བའི་ཆེད་དུ་གདའ། །རས་ཆུང་བདེ་འམ་དོན་གྲུབ་བམ། །ཞེས་གསུངས་པས། རས་ཆུང་པས་ཀྱང་། བདག་ཀྱང་བདེ། དོན་གྲུབ། ད་དུང་ཁྲིད་དང་གདམས་ངག་ཐུགས་རྗེས་འཛིན་པར་ཞུ་ཞུས་པས། རྗེ་བཙུན་གྱིས་སླར་ཡང་རས་ཆུང་པ་ལ་ཁྲིད་བཏབ་སྟེ་ཟ་འོག་ཕུག་ཏུ་སྒོམ་དུ་བཅུག་པས། ཉམས་རྟོགས་མཐར་ཕྱིན་པར་གྱུར་ཏོ། །ཟ་འོག་ཕུག་ཏུ་ཐུགས་སྲས་རས་ཆུང་པ་དང་མཇལ་བའི་སྐོར་རོ།། །།


༈ ན་མོ་གུ་རུ། རྗེ་བཙུན་མི་ལ་རས་པ་དེ་ཉིད། ཟ་འོག་ཕུག་ནས་རོན་ཕུའི་འོད་གསལ་ཕུག་ཏུ་བྱོན་ནས་བཞུགས་པའི་ཚེ། འཁྲུངས་ཡུལ་རྩ་ཕུའི་གཞོན་པ་འགའ་ཞིག་རྗེ་བཙུན་དང་མཇལ་དུ་བྱུང་བ་རྣམས་ན་རེ། ཁྱེད་དང་པོ་དགྲ་བཏུལ། ད་ཆོས་ཁྱད་པར་ཅན་མཛད་པ་ངོ་མཚར་ཆེ། ངེད་རྣམས་ཀྱང་ཁྱེད་ཀྱི་སར་སླེབ་ཚེ་ཆོས་བྱས་ན་སྙམ། ཡུལ་དུ་སླེབ་ཚེ་འཇིག་རྟེན་བྱས་ན་སྙམ་པ་འོང་གི་གདའ་བ། ཅི་དྲག་ན་ཞུ་བའི་ལན་དུ། རྗེ་བཙུན་གྱི་ཞལ་ནས། སྐྱེ་རྒ་ན་འཆི་སོགས་འཁོར་བའི་སྡུག་བསྔལ་ལས་གྲོལ་བའི་གདེང་ཐོབ་ན་གང་བྱས་བདེ། དེ་མིན་ཚེ་འདིའི་སྡུག་བསྔལ་ལས་ཕྱི་མའི་སྡུག་བསྔལ་རྒྱུན་རིང་ཞིང་དོས་དྲག་པས། ཕྱི་མའི་དོན་ཚགས་སུ་འཇུག་པ་གལ་ཆེ་བ་འདི་ལྟར་ཡིན་གསུང་ནས་མགུར་འདི་གསུངས་སོ། །འོ་སྐོལ་འགྲོ་བ་འཇིག་རྟེན་པ། །སྐྱེ་རྒ་ན་འཆིའི་ཆུ་བོས་འཁྱེར། །ཆུ་བོ་འདི་བས་ཕྱི་མ་ཆེ། །གྲུ་གཟིངས་ཚགས་སུ་ཚུད་ལགས་སམ། །བདུད་དང་སྲིན་པོ་གཤིན་རྗེ་ཡི། །འཇིགས་པ་འདི་བས་ཕྱི་མ་ཆེ། །སྐྱེལ་མ་ཚགས་སུ་ཚུད་ལགས་སམ། །འདོད་ཆགས་ཞེ་སྡང་གཏི་མུག་གི། །ཞེན་འཁྲིས་འདི་བས་ཕྱི་མ་ཆེ། །གཉེན་པོ་ཚགས་སུ་ཚུད་ལགས་སམ། །ཁམས་གསུམ་འཁོར་བའི་ཡུལ་པོ་ཆེ། །བཤུལ་ཐག་འདི་བས་ཕྱི་མ་རིང་། །རྒྱགས་ཕྱེ་གྲབས་སུ་ཚུད་ལགས་སམ། །མ་ཚུད་དམ་པའི་ལྷ་ཆོས་མཛོད། །ཅེས་གསུངས་པས། ཁོང་རྣམས་ན་རེ། དེ་ཤིན་ཏུ་སེམས་ལ་ཕན་པ་ཞིག་བྱུང་། ངེད་རྣམས་ཀྱང་བླ་མའི་དྲུང་དུ་ཆོས་བྱེད་པ་ལགས། སྡུག་པོ་རང་བྱེད་དོན་མི་འདུག་པས། བླ་མས་ཀྱང་ཡོན་བདག་དང་བུ་སློབ་ཀྱི་འཚོ་སྐྱོང་བྱས། ནོར་བག་ཙམ་རེ་ཕྱག་ཚགས་མཛད་པ་ཞུ། གོང་གི་དེ་རྣམས་ངེད་རྣམས་ཀྱིས་མི་ཤེས་པ་འདུག་པས། དེ་དག་གི་དོན་གསུང་བར་ཞུ་ཞུས་པའི་ལན་དུ་མགུར་འདི་གསུངས་སོ། །བླ་མ་མཁས་པ་བསྟེན་པ་ལ། །འཁོར་འདས་སྐྱེལ་མ་ཟེར་བ་ཡིན། །སྦྱིན་པ་ཕངས་མེད་གཏོང་བ་དེ། །ལམ་རྒྱགས་ཚགས་སུ་འཇུག་པ་ཡིན། །ཉམས་མྱོང་མུན་ལ་ཟླ་ཤར་དེ། །སྐྱེལ་མ་ཚགས་སུ་འཇུག་པ་ཡིན། །བསགས་པ་ཆོས་ལ་གཏོང་བ་དེ། །གྲུ་གཟིངས་ཚགས་སུ་འཇུག་པ་ཡིན། །ལྟ་བ་ཕྱོགས་རིས་མེད་པ་ན། །སྒོམ་པ་ཡེངས་པ་མེད་པ་ཡིན། །སྤྱོད་པ་ཆོས་དང་མཐུན་པ་ན། །དམ་ཚིག་བླ་མ་མཉེས་པ་ཡིན། །འབྲས་བུ་འཆི་ཁར་འགྱོད་མེད་ཡིན། །གཉེན་དང་ཡོན་བདག་སློབ་མ་གསུམ། །ང་རྣལ་འབྱོར་པ་ལ་དགོས་རྒྱུ་ཆུང་། །ཁྱེད་འཇིག་རྟེན་པ་ལ་དགོས་པ་ཡིན། །ཕྱག་དང་ཞེ་ས་ཚུལ་འཆོས་གསུམ། །ང་རྣལ་འབྱོར་པ་ལ་དགོས་རྒྱུ་ཆུང་། །ཆོས་བརྒྱད་མཁན་ལ་དགོས་པ་ཡིན། །རྫས་དང་ཡོ་བྱད་འདུ་འཛི་གསུམ། །ང་རྣལ་འབྱོར་པ་ལ་དགོས་རྒྱུ་ཆུང་། །གྲགས་འདོད་ཅན་ལ་དགོས་པ་ཡིན། །ཁྲུས་དང་གཙང་སྦྲ་རྟོགས་པ་གསུམ། །ང་རྣལ་འབྱོར་པ་ལ་དགོས་རྒྱུ་ཆུང་། །གཞོན་ནུ་ཚོ་ལ་དགོས་པ་ཡིན། །མི་དགོས་བཅུ་གཉིས་བྱ་བ་ལགས། །ཀུན་གྱི་སྤྱོད་ཡུལ་འདི་མ་ལགས། །རྣལ་འབྱོར་རས་པའི་ཁ་ཕོ་འདི། །འདིར་འཚོགས་རྣམས་ཀྱི་བློ་ལ་ཟུང་། །བདེ་བ་འདོད་ན་དམ་ཆོས་མཛོད། །འདུ་འཛིས་སྐྱོ་ན་དབེན་པ་བསྟེན། །སྙིང་རུས་ཆེ་ན་གཅིག་པུར་སྡོད། །བྱང་ཆུབ་འདོད་ན་སྒོམ་སྲན་བསྐྱེད། །བདུད་བཞིའི་དགྲ་ལས་རྒྱལ་བར་ངེས། །ཞེས་གསུངས་པས། དེ་རྣམས་ཀྱི་ནང་ནས། གཞོན་པ་དད་བརྩོན་ཤེས་རབ་སྙིང་བརྩེར་ལྡན་པ་ཞིག་འདུག་པ་དེ་ན་རེ། བླ་མ་ལགས། བདག་རྣམས་ཚེ་འདིར་དགོས་པ་རྣམས་ལ་ཆགས་ནས། ཚེ་ཕྱི་མར་དགོས་པ་རྣམས་ཚགས་སུ་མ་ཚུད། ད་བླ་མའི་ཕྱག་ཕྱིར་འབྲངས་ནས། ཚེ་འདི་བློས་བཏང་སྟེ། ཕྱི་མའི་དོན་ཚགས་སུ་འཇུག་པར་ཞུ་ཞེས་ཞུ་བ་ནན་གྱིས་འབུལ་དུ་བྱུང་བ་ལ། རྗེ་བཙུན་གྱིས་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ་དུས་ཆོས་བྱེད་པ་འདི་དཀའ་མོ་རང་ཞིག་འདུག །བརྒྱ་ལ་ཆོས་བྱེད་མི་བྱུང་རུང་། བླ་མ་ལ་སོགས་མཐུན་རྐྱེན་རྣམ་དག་འཛོམ་པ་དཀའ་མོ་ཡིན་པས། ད་ལྟ་འཛོམ་དུས་ལྷ་ཆོས་བྱེད་འཚལ་ཞེས་མགུར་འདི་གསུངས་སོ། །མི་ཁོམ་བརྒྱད་པོ་སྤངས་པ་ཡི། །དལ་འབྱོར་ཚང་བའི་མི་ལུས་དཀའ། །ཚེ་འདིའི་བདེ་སྐྱིད་བློས་བཏང་ནས། །དལ་འབྱོར་སྙིང་པོ་ལེན་པ་དཀའ། །འཁོར་བའི་ཆོས་ཀྱི་སྐྱོན་མཐོང་ནས། །མྱ་ངན་འདས་པ་སྒྲུབ་པ་དཀའ། །བརྒྱ་ལ་དམ་ཆོས་སྒྲུབ་ན་ཡང་། །མཐུན་རྐྱེན་རྣམ་དག་འཛོམ་པ་དཀའ། །ལུང་རིག་མན་ངག་ལྡན་པ་ཡི། །ཐུགས་རྗེ་ལྡན་པའི་བླ་མ་དཀའ། །དད་པ་སྐྱོ་ངལ་མེད་པ་ཡི། །ཉམས་ལེན་ནུས་པའི་སློབ་མ་དཀའ། །འཇིགས་དང་འཚེ་བ་སྤངས་པ་ཡི། །ཕུན་སུམ་ཚོགས་པའི་དགོན་པ་དཀའ། །ལྟ་སྤྱོད་གྲུབ་མཐའ་མཐུན་པ་ཡི། །བསམ་སྦྱོར་གཅིག་པའི་གྲོགས་པོ་དཀའ། །ན་དང་ཚ་བ་སྤངས་པ་ཡི། །བཀོལ་ཏུ་བཏུབ་པའི་ལུས་པོ་དཀའ། །དེ་རྣམས་ཐམས་ཅད་འཛོམ་ན་ཡང་། །རྩེ་གཅིག་ཉམས་སུ་ལེན་པ་དཀའ། །འདི་ནི་དཀའ་བའི་ཆོས་དགུ་སྟེ། །དཀའ་ཡང་དཀའ་སྟེ་སྤྱད་ཀྱང་འཚལ། །ཞེས་གསུངས་པས། ཁོ་རང་དབང་མེད་པའི་དད་པ་སྐྱེས་ཏེ། ཕྱག་ཕྱིར་འབྲངས་པ་རྗེས་སུ་བཟུང་ནས། དབང་དང་གདམས་པ་གནང་ནས་སྨིན་ཅིང་གྲོལ་ཏེ། རྩ་ཕུ་རས་པ་བྱ་བ་ཉེ་བའི་སྲས་ཤིག་བྱུང་ངོ་། །འོད་གསལ་ཕུག་ཏུ་རྩ་ཕུ་རས་པ་དང་མཇལ་བའི་སྐོར་རོ།། །།

༈ ན་མོ་གུ་རུ། རྗེ་བཙུན་མི་ལ་རས་པ་དེ་ཉིད་འོད་གསལ་ཕུག་ནས་མང་ཡུལ་སྐྱིད་གྲོང་ན་མར་སྐུ་ཁམས་བསང་བ་དང་། རོ་སྙོམས་ཟས་ཀྱི་ལྡོམ་བུ་ལ་བྱོན་པའི་ཚེ་གྲོང་ཁྱེར་ཞིག་གི་དབུས་ན་མི་མང་པོ་ཞིག་འདུག་པ་ལ། ཡོན་བདག་རྣམས་རྣལ་འབྱོར་ང་ལ་ད་ནང་གི་འཚོ་བ་སློང་བ་ཡིན་གསུངས་པས། ཁོང་རྣམས་ན་རེ། རྣལ་འབྱོར་པ་ཁྱེད་དང་པོ་ཞིག་རག་མ་ན་འདུག་ཟེར་བ་དེ་ཨེ་ཡིན་ཟེར་བ་ལ་ཡིན་གསུངས་པས། འོ་ན་ཁྱེད་ངོ་མཚར་ཅན་ཞིག་ཡིན་པར་འདུག་ཟེར། ཀུན་མོས་པར་གྱུར་པ་ལས། དེ་དག་གི་ནང་ནས་རབས་ཆད་བཟའ་མི་གཉིས་འདུག་པ་དེས་ནང་དུ་གདན་དྲངས་ཏེ། བསྙེན་བཀུར་ཞུས་ནས། བླ་མ་ལགས། ཁྱེད་ཀྱི་ཡུལ་དང་ཉེ་རིགས་རྣམས་ག་ན་ཡོད་ཟེར་བས། རྗེ་བཙུན་གྱིས། ངས་ཡུལ་དང་ཉེ་རིགས་བོར། ཡུལ་དང་ཉེ་རིགས་ཀྱིས་ང་བོར་བའི་སྤྲང་པོ་ཞིག་ཡིན་གསུངས་པས། འོ་ན་ངེད་ཀྱི་བུ་དོད་མཛོད། ངེད་ལ་ཡུལ་གཞིས་བཟང་པོ་ཡང་ཡོད། ཁྱེད་རང་ཐུགས་འགྲོ་བའི་བུ་མོ་གཅིག་ཀྱང་ལེན། དེས་ཉེ་འཁོར་ཡང་ཤུགས་ཀྱིས་འོང་ཟེར་བ་ལ། ངས་དེ་ཀུན་མི་དགོས། ངས་བོར་བ་ཞིག་ཡིན་ཞེས་མགུར་འདི་གསུངས་སོ། །ཡུལ་དང་པོ་ཉམས་དགའ་སྐྱིད་སྐྱིད་པོ། །ལུས་ངག་ཡིད་གསུམ་འབྲད་པའི་སེ་བརྡར་ཡིན། །བར་དུ་རྨོ་རྐོ་འོ་རེ་བརྒྱལ། །ས་བོན་ཕར་བཏབ་ཚུར་མི་འབྱུང་། །ཡུལ་ཅན་མུ་གེའི་གྲོང་ཁྱེར་དེ། །མགོན་མེད་དྲི་ཟའི་གནས་དང་འདྲ། །ཐ་མར་བསྐྱུར་ནས་འགྲོ་རྒྱུ་ཡིན། །སྡིག་གསོག་གི་གནས་ཁང་སེམས་ལ་གཟན། །གནས་སྐབས་ཀྱི་བཙོན་དོང་ང་མི་འདོད། །ཁྱེད་ཀྱི་བུ་དོད་ང་མི་བྱེད། །ཅེས་གསུངས་པས། ཁོང་གཉིས་ན་རེ། དེ་སྐད་མ་གསུངས། ངེད་ཀྱིས་ཁྱེད་རང་འཐད་པའི་ཕ་བཟང་གི་བུ་མོ་ཞིག་བག་མར་བསུ་བ་ཡིན་ཞུ་བའི་ལན་དུ་མགུར་འདི་གསུངས་སོ། །གྲོགས་དང་པོ་ལྷ་མོ་བཞད་ཁ་མ། །བལྟ་བའི་གདོང་ལ་ཆོག་རྒྱུ་མེད། །བར་དུ་སྲིན་མོ་རོ་མིག་མ། །ཕར་གཅིག་ལབ་ན་ཚུར་གཉིས་རྒོལ། །སྐྲ་ལ་འཆང་ན་སྒྱིད་པར་འཇུ། །དབྱུག་པ་རྒྱབ་ན་གཟར་བུ་འཕྱར། །ཐ་མར་བ་རྒན་སོ་མེད་མ། །སྲིན་མོའི་སྡང་མིག་སེམས་ལ་གཟན། །བདུད་མོའི་འཐབ་ཡ་སྤངས་པ་ཡིན། །ཁྱེད་ཀྱི་གཞོན་གྲོགས་ང་མི་འདོད། །ཅེས་གསུངས་པས། བླ་མ་ལགས། རྒས་ནས་ཤི་ལ་ཐུག་ཚེ། གཞོན་ཚེ་བཞིན་མི་འོང་བར་གདའ། རང་ལ་བུ་རེ་མེད་ན་ཡིད་ཕམ་པ་ལ་ཚད་ལས་འདས་པ་རེ་འོང་གི་འདུག །དེས་ན་ཁྱེད་ལའང་བུ་རེ་དགོས་ལགས་སམ་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །བུ་དང་པོ་ལྷ་བུ་ཡིད་འོང་པོ། །སྙིང་བརྩེ་བའི་སེམས་ལ་བཟོད་གླགས་མེད། །བར་དུ་བུ་ལོན་འདེད་དྲག་པོ། །ཐམས་ཅད་བྱིན་ཡང་མགུ་དུས་མེད། །མི་ཡི་བུ་མོ་ནང་དུ་བཅུག །དྲིན་ཅན་ཕ་མ་ཕྱི་རུ་ཕུད། །ཕ་ཡིས་བོས་ཀྱང་ལན་མི་སྟེར། །མ་ཡིས་བོས་ཀྱང་ཨང་མི་ཁུགས། །ཐ་མར་ཁྱིམ་མཚེས་སྙིང་རིང་པོ། །ཁྲམ་པའི་ཁ་ཚིས་བྱས་པས་ཕུང་། །རང་སྐྱེས་ཀྱི་དགྲ་བོ་སེམས་ལ་གཟན། །འཁོར་བའི་བཤལ་ཐག་སྤངས་པ་ཡིན། །འཇིག་རྟེན་གྱི་བུ་ཚ་ང་མི་འདོད། །ཅེས་གསུངས་པས། ཁོང་གཉིས་ན་རེ། རང་སྐྱེས་ཀྱི་དགྲ་བོ་ཡིན་ནའང་ཡིན། བུ་མོ་ཞིག་ཡོད་རུང་ཆོག་པ་འདུག་སྟེ། མེད་པས་བློ་མ་བདེ་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །བུ་མོ་དང་པོ་ལྷ་ཕྲུག་འཛུམ་ཁ་མོ། །ནོར་གང་དམར་ཁྱེར་བའི་དབང་མོ་ཆེ། །བར་དུ་ལན་ཆགས་འཁོར་མེད་མ། །ཕ་ལ་དངོས་སུ་བསླངས་ནས་ཁྱེར། །མ་ལ་ལྐོག་ཏུ་རྐུས་ནས་ཁྱེར། །བྱིན་པ་ངོ་སོར་མི་བྱེད་པ། །དྲིན་ཅན་ཕ་མའི་སྙིང་རླུང་སློང་། །ཐ་མར་འདྲེ་མོ་གདོང་དམར་མ། །ལེགས་ན་གཞན་གྱི་དཔལ་སྐྱེད་མ། །ཉེས་ན་རང་གི་བྱུར་སྡུད་མ། །ཕུང་བྱེད་ཀྱི་འདྲེ་མོ་སེམས་ལ་གཟན། །སངས་མེད་ཀྱི་མྱ་ངན་སྤངས་པ་ཡིན། །ཕུང་གཞིའི་བུ་མོ་ང་མི་འདོད། །ཅེས་གསུངས་པས། ཁོང་གཉིས་ན་རེ། བུ་དང་བུ་མོ་མི་དགོས་རུང་། གཉེན་གཞན་རེ་མེད་ན་ཁ་ཞན་པའི་སྡུག་བསྔལ་རང་བཟོད་གླགས་མི་འདུག་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །གཉེན་དང་པོ་ཕྲད་དགའ་མཐོང་འཛུམ་པོ། །འདིར་བྱོན་དང་འདིར་བཞུགས་ཀྱིས་ལུང་པ་འགེངས། །བར་དུ་ཤ་ཆང་གི་ཟས་ལན་ཅན། །ཕར་གཅིག་ལན་དུ་ཚུར་གཅིག་སྟེར། །ཐ་མར་ཆགས་སྡང་གི་འགྱོད་གཞི་ཅན། །སྡུག་འབྲོས་ཀྱི་གྱོད་རྩ་སེམས་ལ་གཟན། །སྐྱིད་ཚེའི་ཟ་གྲོགས་དེ་སྤངས་པ་ཡིན། །འཇིག་རྟེན་གྱི་ཉེ་དུ་ང་མི་འདོད། །ཅེས་གསུངས་པས། ཡང་ཁོང་གཉིས་ན་རེ། ཁྱེད་གཉེན་ཉེ་རིང་གང་ཡང་མི་འདོད་རུང་དེ་ཡིན། ངེད་ལ་ནོར་ལོངས་སྤྱོད་ཀྱིས་ཆོག་པ་ཡོད། འདི་རྣམས་ཀྱི་བདག་པོ་ཅིས་ཀྱང་མཛད་པར་ཞུ་ཟེར་ཞུ་བ་ནན་གྱིས་འབུལ་དུ་བྱུང་བ་ལ། རྗེ་བཙུན་གྱི་ཞལ་ནས། ཡུལ་ཆུང་གཅིག་གི་མུན་པ་སེལ་ཕྱིར་ཉི་ཟླས་བསྡད་མི་འོང་ངས་ཀྱང་སྒྲུབ་པ་དང་འགྲོ་བ་མང་པོའི་དོན་བློས་བཏང་ནས་ཁྱེད་གཉིས་ཀྱི་ཚེ་འདིའི་བུ་དོད་མི་བྱེད། ང་དང་ཕྲད་པ་རང་གིས་ཁྱེད་གཉིས་ཀྱི་འདི་ཕྱིའི་དོན་གྲུབ། ཕྱི་མ་ཨུ་རྒྱན་དུ་འཛོམ་པའི་སྨོན་ལམ་འདེབས་ཞེས་མགུར་འདི་གསུངས་སོ། །ནོར་དང་པོ་བདག་སྐྱིད་གཞན་སྨོན་པོ། །ཅི་ཙམ་ཡོད་ཀྱང་ཆོག་ཤེས་མེད། །བར་དུ་སེར་སྣའི་མདུད་པས་འཆིང་། །དགེ་བའི་ཕྱོགས་སུ་གཏོང་མི་ཕོད། །དགྲ་འདྲེ་གཉིས་ཀྱི་གཡབ་མོ་ཡིན། །རང་གིས་བསོགས་པ་མི་ཡིས་སྤྱོད། །ཐ་མར་སྲོག་གི་བདུད་དུ་འོང་། །དགྲ་བོའི་ནོར་གཉེར་སེམས་ལ་གཟན། །འཁོར་བའི་བསླུ་རྡོ་སྤངས་པ་ཡིན། །བདུད་ཀྱི་མགོ་བསྐོར་དེ་ང་མི་འདོད། །ཅེས་གསུངས་པས། ཁོང་གཉིས་རྗེ་བཙུན་ལ་མི་ཕྱེད་པའི་དད་པ་ཐོབ་ནས། བསོགས་པའི་ནོར་ཐམས་ཅད་ཆོས་ཕྱོགས་སུ་བཏང་། རྗེ་བཙུན་ལ་གདམས་ངག་ཞུས་ནས་བསྒོམས་པས། འཆི་ཁར་ལམ་སྣ་ཟིན་ཏེ། ངན་སོང་གི་སྡུག་བསྔལ་ལས་རྒྱུན་དུ་གྲོལ་ནས། རིམ་གྱིས་བྱང་ཆུབ་ཐོབ་པར་གྱུར་ཏོ། །དེ་ནས་རྗེ་བཙུན་གྱིས་སླར་ཡང་རག་མ་བྱང་ཆུབ་རྫོང་དུ་བྱོན་ནས་བཞུགས་པའི་ཚེ། སྔར་གྱི་ཡོན་བདག་རྣམས་ཀྱིས་ཞབས་ཏོག་ཕུལ་ནས། ཐུགས་དམ་འཕེལ་བར་ཡོད་པའི་དུས་ནམ་ཞིག་གི་ཚེ། རྗེ་བཙུན་གྱི་དྲུང་དུ་ཕྱུགས་རྫི་གཉིས་མཇལ་དུ་བྱུང་བའི་གཞོན་པ་དེ་ན་རེ། བླ་མ་ལ་བཞུགས་རོགས་མེད་པ་ལགས་སམ་ཟེར་བ་ལ། ཡོད་གསུངས་པས། སུ་ཇི་སྐད་བྱ་བ་ཡོད་ཟེར་བ་ལ། གྲོགས་བྱང་ཆུབ་ཀྱི་སེམས་བྱ་བ་ཞིག་ཡོད་གསུངས་པས། དེ་ད་ལྟ་ག་ན་ཡོད་ཟེར་བ་ལ། ད་ལྟ་ཀུན་གཞི་རྣམ་ཤེས་ཀྱི་ཁང་པ་ན་ཡོད་གསུངས་པས། ཁོ་ན་རེ། ཀུན་གཞི་རྣམ་ཤེས་ཀྱི་ཁང་པ་གང་ལ་ཟེར་བ་ལགས་ཟེར་བ་ལ། རྗེ་བཙུན་གྱིས། ང་རང་གི་ལུས་ལ་ཟེར་བ་ཡིན་གསུངས་པས། རྒན་པ་དེ་ན་རེ། བླ་མ་ཁྱོད་ལ་སྐྱབ་འབྱུང་མི་འདུག་འགྲོ་ཟེར། གཞོན་པ་དེ་ན་རེ། རྣམ་པར་ཤེས་པ་སེམས་ལ་ཟེར་བ་ལགས་སམ། ལུས་འདི་སེམས་ཀྱི་ཁང་པ་ལགས་སམ་ཟེར་བ་ལ་ཡིན་གསུངས་པས། ཡང་ཁོ་ན་རེ། མིའི་ཁང་པའི་ནང་ན་མི་གཅིག་ཡོད་པ་དང་། མི་མང་པོ་ཡོད་པ་འོང་གིན་འདུག་པ། ལུས་ཀྱི་ནང་ན་སེམས་གཅིག་ཀ་ཡོད་དམ་མང་པོ་ཡོད། དུ་ཡོད་རུང་ཅི་འདྲ་ཞིག་ཡོད་ཟེར་བ་ལ། རྗེ་བཙུན་གྱིས་གཅིག་ཡོད་དམ་དུ་ཡོད་ཁྱོད་རང་ལྟོས་ཤོག་དང་གསུངས་པས། ལགས་ཟེར་ཁོང་གཉིས་ལོག་སོང་སྟེ། ནང་པར་ཁ་སང་གི་བྱིས་པ་གཞོན་པ་དེ། རྗེ་བཙུན་གྱི་དྲུང་དུ་བྱུང་ནས། བླ་མ་ལགས། མདང་ངས་སེམས་དུ་འདུག །ཅི་འདྲ་ཞིག་འདུག་བལྟས་པས། སེམས་གཅིག་ལས་མི་འདུག །གཅིག་པོ་དེ་བསད་པས་མི་སོད། བདས་པས་མི་ནོན། བཟུང་བས་མི་ཟིན། མནན་པས་མི་ནོན། བཞག་ན་མི་སྡོད། བཏང་ན་མི་འགྲོ། བསྡུས་ན་མི་འདུ། བལྟས་ན་མི་མཐོང་། བརྟགས་ན་མི་ཤེས། ཡོད་འཕྲོ་ལ་མི་འོང་། མེད་བསམ་ན་བརྡོལ་འོང་། རིག་རིག །ཏུར་ཏུར། ཕྲས་ཕྲས། ཡལ་ཡལ་བ་འདི་ཅི་ཡིན་མི་ཤེས་པ་གདའ་བས། འདི་ཅི་ཡིན་བླ་མས་སྟོན་པར་ཞུ་དང་ཞེས་ཟེར་བས། དེ་ལ་རྗེ་བཙུན་གྱིས་མགུར་འདི་བཞེས་སོ།། སྐྱོང་བྱེད་རྫི་བོ་ཚུར་ལ་ཉོན། །བུ་རམ་མངར་བའི་རོ་མཆོག་འདིའི། །ཡོན་ཏན་ཐོས་པས་མྱོང་བ་མིན། །ཡིད་ལ་ཤར་ཀྱང་རོ་མི་མྱོང་། །ལྕེ་ཡིས་མྱོངས་པས་རོ་མྱོང་ལྟར། །དེ་བཞིན་སེམས་ཀྱི་ངོ་བོ་དེ། །གང་ཟག་གཞན་གྱིས་བརྡ་སྤྲད་པས། །གོ་སྐབས་ཙམ་ལས་མཐོང་མི་འགྱུར། །གོ་སྐབས་ཙམ་ལ་བརྟེན་ནས་ནི། །སེམས་ཉིད་བཙལ་ན་མཐོང་བར་ངེས། །སྐྱོང་བྱེད་སེམས་ལ་དེ་ལྟར་ཞོག །ཅེས་གསུངས་པས། ཁོ་ན་རེ། འོ་ན་བརྡ་སྤྲོད་པའི་གོ་སྐབས་དེ་བླ་མས་བདག་ལ་གསུངས་དང་། བདག་གིས་དོ་ནུབ་བཙལ་ལ་ནང་པར་ཁྱེར་ལ་འོང་ལགས་ཀྱིས་ཞེས་ཟེར་བ་ལ། རྗེ་བཙུན་གྱིས། འོ་ན་ཁྱེད་རང་དོ་ནུབ་སེམས་དེའི་ཁ་དོག་དཀར་དམར་སོགས་ཅི་འདྲ་འདུག །དབྱིབས་ནར་མོ་ཟླུམ་པོ་སོགས་ཅི་འདྲ་འདུག །མགོ་ནས་རྐང་མཐིལ་གྱི་བར་གང་དུ་གནས་ལྟོས་ཤོག་ཅེས་གསུངས་པས། དེར་ནང་པར་ཉི་མ་ཤར་ལྷོད་པ་དང་ཕྱུགས་བདས་ནས་སླེབ་བྱུང་བ་ལ། རྗེ་བཙུན་གྱིས་མདང་ཁྱོད་ཀྱིས་སེམས་བཙལ་ལམ་གསུངས་པས། ཁོ་ན་རེ་བཙལ་ལགས་ཟེར། ཅི་འདྲ་འདུག་གསུངས་པས། ཁོ་ན་རེ་གཡོ་བ། དྭངས་པ། གསལ་བ། ངོས་བཟུང་མེད་པ། ཁ་དོག་དང་དབྱིབས་སུ་མ་གྲུབ་པ། མིག་དང་བསྡེབས་ནས་བལྟ་བ། རྣ་བ་དང་བསྡེབས་ནས་ཉན་པ། སྣ་དང་བསྡེབས་ནས་སྣོམ་པ། ལྕེ་དང་བསྡེབས་ནས་སྨྲ་ཞིང་མྱོང་བ། རྐང་པ་དང་བསྡེབས་ནས་འགྲོ་བ། ཕུ་གཡོ་མདའ་དཀྲུག །ད་ལྟར་གྱི་ལུས་འདི་ཀུན་ཁོའི་ཁོལ་པོར་གདའ། ལུས་དགའ་རབ་ཡོད་དུས་ཁོས་བཀོལ་ནས། བེད་ཆོད་ཚད་བཅད་དེ་ལུས་རྒས་འཁོགས་པའམ། རལ་ཆད་བྱུང་ན་རཏག་པ་ཕྱིས་པའི་རྡོ་བཞིན་དུ་བསྐྱུར་ནས་ཁོ་རང་ལངས་འགྲོ་བའི་དམར་ཆུང་བདེ་བླག་ཅན་གཅིག་གདའ་སྟེ། ཁོ་ལའང་ཕུང་པོའི་ལ་ཡོགས་ཀྱིས་འབོལ་ལེ་ཤིག་གེ་བསྡད་རྒྱུ་མི་འོང་བར་སྡུག་བསྔལ་གྱིས་རང་འགགས་ལ་འགྲོ་བའི་རིགས་སུ་གདའ། ནུབ་མོ་གཉིད་དུ་སོང་བར་ཁོ་རང་དགར་འགྲོ་ཞིང་གདའ་སྟེ། ཁོ་ལ་འོ་བརྒྱལ་མང་བར་འོང་གིན་གདའ། ཁོའི་རིན་ལ་བདག་ཀྱང་སྡུག་ཏུ་འཇུག་པར་གདའ་ཟེར་རོ། །དེར་རྗེ་བཙུན་གྱིས་ཡང་མགུར་འདི་གསུངས་སོ། །བུ་སྐྱོང་བྱེད་རྫི་བོ་ཚུར་ཉོན་དང་། །ལུས་བེམ་རིག་གཉིས་ཀྱི་སོ་མཚམས་སུ། །རྣམ་པར་ཤེས་པ་སྡིག་པོ་ཆེ། །ངན་སོང་གི་སྡུག་བསྔལ་མྱོང་རྒྱུ་དེ། །འཁོར་བ་སྤངས་ནས་ཕྱིར་བཟློག་སྟེ། །མཐོ་རིས་ཐར་པའི་གྲོང་ཁྱེར་དུ། །འགྲོ་བར་འདོད་དམ་རིགས་ཀྱི་བུ། །འགྲོ་འདོད་ཡོད་ན་ཁྲིད་པས་ཆོག །ཅེས་གསུངས་པས། དེ་ཅིས་ཀྱང་ཐུགས་ལ་བཏགས་འཚལ་ཞེས་ཟེར། ཁྱོད་ཀྱི་མིང་ཅི་ཡིན་གསུངས་པས། ཁོ་ན་རེ་དགེ་བསྙེན་སངས་རྒྱས་སྐྱབས་བྱ་བ་ལགས་ཟེར། ལོ་ཇི་ཙམ་ལོན་གསུངས་པས་བཅུ་དྲུག་ལོན་ཞེས་ཟེར། དེར་རྗེ་བཙུན་གྱིས་སྐྱབས་འགྲོའི་ལུང་དང་། སྐྱབས་འགྲོའི་ཕན་ཡོན་བསྡུས་པ་ཞིག་གནང་ནས། དོ་ནུབ་མན་ཆད་སྐྱབས་འགྲོ་མ་ཆག་པར་གྱིས། ཁྱོད་རང་སྐྱབས་པ་ལུས་ཡིན་ནམ་སེམས་ཡིན་དོ་ནུབ་ཚོལ་ལ་སང་སྔ་དྲོ་ཁྱེར་ལ་ཤོག་ཅེས་གསུངས་པས། དེར་ཁོ་སང་སྔ་དྲོ་འོངས་ནས། བླ་མ་ལགས་མདང་བདག་གིས་ང་རང་སྐྱབས་པ་ལུས་ཡིན་ནམ་སེམས་ཡིན་བལྟས་པས་གཉིས་ཀ་མ་ཡིན་ཏེ། ལུས་ཀྱི་མགོ་ནས་རྐང་པའི་བར་ལ་རེ་རེ་ལ་མིང་རེ་བཏགས་གདའ། ཡང་སྐྱབས་པ་དེ་ལུས་ཐམས་ཅད་འདུས་པ་དེ་ཡིན་ནམ་བསམས་པས། ལུས་དང་སེམས་བྲལ་ཙ་ན་རོ་ཟེར་བ་མིན་པ་སྐྱབས་པའི་མིང་མི་འོང་བ་འདུག །རོ་ཡང་སིལ་བུར་འཐོར་ཙ་ན་རོའི་མིང་ཡང་མི་འོང་བ་འདུག །འོ་ན་སྐྱབས་པ་དེ་སེམས་ཡིན་ནམ་བལྟས་པས། སྐྱབས་པ་ཡིན་ན་སེམས་ཟེར་བ་མི་འཐད་ལ། སེམས་ཀྱི་མིང་ལ་སྐྱབས་པ་བཏགས་པ་ཡིན་ན་ནི་སེམས་ཟེར་བའང་མི་འཐད་ལ། གལ་ཏེ་སེམས་སྔ་མ་དེ་ལ་སེམས་ཟེར་ཞིང་། ཕྱི་མ་ལ་སྐྱབས་པ་འདོགས་པ་ཡིན་ན་ནི། སྐྱབས་པ་འདོགས་པའི་དུས་ཀྱི་སེམས་སྔ་ཕྱི་གཉིས་འགགས་ཚར་བས། ད་ལྟའི་སེམས་དང་མ་འོངས་པའི་སེམས་ལ་ཡང་མིང་འདོགས་དགོས་ལ། སེམས་སྔ་ཕྱི་ཐམས་ཅད་ལ་སྐྱབས་པ་བཏགས་པ་ཡིན་ན་ནི་སེམས་ལ་འཆི་རྒྱུ་མི་འདུག་པས། སྐྱེ་བ་སྔ་ཕྱི་ཐམས་ཅད་དུ་རིགས་དྲུག་གང་དུ་སྐྱེས་ཀྱང་། སྐྱབས་པ་ཁོ་ནས་ཆོག་པ་ལགས་ཏེ། སྐྱེ་བ་སྔ་ཕྱི་ཅི་བྱས་ནི་མི་དྲན། ཕྱི་མ་ཅི་བྱེད་ནི་མི་ཤེས། ན་ནིང་དང་ཁ་སང་སོགས་ཀྱི་སེམས་ནི་འདས་ཚར། སང་གནངས་བར་གྱི་སེམས་ནི་ད་དུང་མ་བསླེབས། ད་ལྟར་གྱི་སེམས་ཀྱང་རིམ་པ་བཞིན་མི་གནས་པ་གདའ་བས། བླ་མས་གསུང་དུ་གསོལ། བླ་མ་ཁྱེད་མཁྱེན་མཁྱེན་ཞེས་ཞུས་པས། དེའི་ལན་དུ་རྗེ་བཙུན་གྱིས་མགུར་འདི་གསུངས་སོ། །བདག་མེད་གནས་ལུགས་རྟོགས་པའི་བླ་མ་ལ། །བདག་ཅག་སྒོ་གསུམ་གུས་པས་གསོལ་བ་འདེབས། །བདག་དང་བདག་གི་རྗེས་འཇུག་སློབ་མ་རྣམས། །བདག་མེད་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །བདག་འཛིན་ཡུལ་ནས་ཐོན་པར་ཐུགས་རྗེས་ཟུངས། །དེ་རྗེས་སྐྱོང་བྱེད་རྫི་བོ་ཚུར་ལ་ཉོན། །ང་བདག་ཏུ་འཛིན་པའི་རྣམ་ཤེས་འདི། །བལྟས་པས་མཐོང་བར་ངས་མ་གོ། །སྒོམ་ཕྱག་རྒྱ་ཆེན་པོ་བསྒོམ་ནུས་ན། །མཐོང་མེད་ཚུལ་གྱིས་མཐོང་བ་ཡོད། །ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ། །གཞི་དད་གུས་དོན་གཉེར་ཆེན་པོ་དགོས། །ལམ་འཁོར་བའི་རྒྱུ་འབྲས་ཤེས་ཀྱང་འཚལ། །འབྲས་བུ་མངོན་དུ་བྱེད་པ་ལ། །བླ་མའི་དབང་ལུང་མན་ངག་དགོས། །གདམས་ངག་གི་སྣོད་དུ་རུང་བ་ལ། །བསོད་ནམས་བསགས་པའི་སློབ་མ་དགོས། །སྐྱིད་ཐེག་སྡུག་ཐེག་ཞེ་བཅད་དགོས། །འཆི་བར་ནུས་པའི་ཐོག་འགེལ་དགོས། །དེ་འགྲུབ་པར་འདུག་གི་ཁྱེའུ་ཆུང་། །དེ་འགྲུབ་ན་ཁྱོད་ལ་ལས་འཕྲོ་ཡོད། །དེ་མི་འགྲུབ་རྒྱུ་མཚན་བཤད་མི་རུང་། །ལར་ཁྱོད་ཀྱིས་བསམ་མནོ་བཏང་བ་ལ། །ང་བདག་ཏུ་འཛིན་པ་མ་རྙེད་པ། །དེ་གང་ཟག་གི་བདག་མེད་བྱ་བ་ཡིན། །ད་ཆོས་ཀྱི་བདག་མེད་རྟོགས་འདོད་ན། །ལོ་བཅུ་གཉིས་ང་ཡི་ཕྱི་བཞིན་འབྲངས། །དེ་ནས་སེམས་ངོ་ཤེས་པར་འགྱུར། །བུ་ཁྱེའུ་ཆུང་སེམས་ལ་དེ་ལྟར་ཞོག །ཅེས་གསུངས་པས། ཁོ་ན་རེ། ད་བདག་བླ་མ་ཁྱེད་ལ་མགོ་འབུལ་ལུས་འབུལ་བྱེད། བདག་གི་སེམས་འདིའི་རྩ་བརྡར་ཆོད་པ་ཞིག་མཁྱེན་ཞེས་ཟེར་རོ། །དེར་རྗེ་བཙུན་གྱི་ཐུགས་ལ་འདིས་སྒོམ་ནུས་སམ་མི་ནུས་བལྟ་དགོས་དགོངས་ནས། དཀོན་མཆོག་ལ་གསོལ་བ་བཏབ་ནས། ཁྱོད་རང་གི་མདུན་གྱི་སྣ་རྩེའི་ཐད་ཙམ་དུ་སྟོན་པ་སངས་རྒྱས་ཀྱི་སྐུ་འདི་ལྟ་བུ་ཞིག་སྒོམས་ཤིག་གསུངས་ནས། ཞི་གནས་ཀྱི་དམིགས་པ་ཞིག་ཕོག་ནས་བཏང་ངོ་། །དེར་ཞག་བདུན་མ་བྱུང་། ཞག་བདུན་སོང་བ་དང་། ཁྱེའུའི་ཕ་དེ་ཡོངས་ནས། བླ་མ་ལགས། བདག་གི་བུ་དེ་ལོག་མ་འོངས་ནས་ཞག་བདུན་སོང་། བུ་གྱ་ཉེས་སམ་བསམས་ནས་ཚོལ་དུ་ཕྱིན་པས་རྫི་རོགས་ཀུན་ན་རེ། ཁོ་བླ་མ་ཅན་སོང་ནས་ཆོས་ཉན་གྱིན་འདུག་ཟེར་ནས་ལོག་འོང་ངམ་བསམ་པས་མ་བྱུང་། འདིར་ཡོང་བ་ལགས་སོ་ཞེས་ཟེར། འདིར་མ་འོངས་ནས་ཞག་བདུན་སོང་གསུངས་པས། ཕ་དེ་ངུ་ཞིང་ལོག་ནས་སོང་ངོ་། །དེ་ནས་མང་པོས་བཙལ་བས། རྫ་ཁུང་ཞིག་ན་ལུས་དྲང་པོར་བསྲང་ནས་མིག་ཧུ་རེ་འདུག །ཅི་བྱེད་པ་ཡིན་སྨྲས་པ་དང་། ང་བླ་མའི་གདམས་ངག་བསྒོམ་པ་ཡིན་ཟེར། ཞག་བདུན་སོང་ནས་ལོག་མི་འོང་བ་ཅི་ཡིན་བྱས་པས། ཁོ་ན་རེ། ངས་ཡུག་ཅིག་མིན་པ་མ་བསྡད་ཁྱེད་ཀྱི་རྫུན་ཡིན་ཟེར། ཉི་མ་ལ་ལྟོས་བྱས་པས། ད་ཅི་ང་བསྒོམ་ལ་འཇོག་པའི་དུས་ལས་ད་ལྟ་སྔ་བ་འདུག་ཅི་ཡིན་ནམ་ཟེར། དེ་མན་ཆད་དུས་ཞག་རེ་དུས་ཞག་ལྔ་དྲུག་སྟོར་ནས་མང་པོ་ཚོལ་དགོས་པ་བྱུང་བས། འདི་གྱ་ཞིག་ཉེས་འདུག །ཚོལ་ཚོལ་ནས་སྐྱོ་བ་ཡང་སྐྱེ་བར་འདུག །ཁྱེད་རང་བླ་མ་ཅན་འགྲོ་ཡེ་བྱས་པས་འགྲོ་ཟེར་ནས་རྒྱགས་དང་བཅས་བསྐྱལ་ལོ། །དེར་བླ་མས་དགེ་བསྙེན་གྱི་བསླབ་པ་ཞིག་ཕོག །ལས་རྒྱུ་འབྲས་ཀྱི་ཆོས་བཤད་པའི་མཐར་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ཕོག་པས། སྒོམ་རྣམ་དག་རྒྱུད་ལ་སྐྱེས་ནས་བླ་མ་ཤིན་ཏུ་མཉེས་ཏེ་མགུར་འདི་གསུངས་སོ། །དཔལ་ནཱ་རོ་མཻ་ཏྲིས་བྱིན་བརླབས་པ། །རྗེ་སྒྲ་སྒྱུར་མར་པའི་ཞབས་ལ་འདུད། །ཆོས་ཁ་ལ་བྱེད་པའི་སྟོན་ཆེན་ཚོ། །ཆོས་བཤད་པའི་མཁྱེན་རྒྱ་ཆེ་ན་ཡང་། །ལུས་བེམ་རིག་རྟེན་དང་འབྲལ་དུས་སུ། །ཁ་བཤད་ཀྱི་ཆོས་བཤད་ནམ་མཁར་དེངས། །འོད་གསལ་གྱི་འཆར་སྒོ་མུན་པས་བསྒྲིབས། །འཆི་ཁའི་ཆོས་སྐུ་འཇིགས་སྐྲག་ཏུ་སོང་། །སྡེ་སྣོད་ལ་མི་ཚེ་སྦྱོངས་ན་ཡང་། །ལུས་བེམ་རིག་འབྲལ་ཁར་མ་ཕན་ནོ། །ཞི་གནས་བསྒོམ་པའི་སྒོམ་ཆེན་ཀུན། །ཉམས་ཀྱི་ངར་འདོན་གསལ་སྣང་ལ། །ལྷག་མཐོང་དུ་འཛིན་པའི་བློ་བདེ་བོ། །འཆི་ཁར་ཆོས་སྐུའི་ལྷག་མཐོང་ལ། །འོད་གསལ་མ་བུ་མ་འཕྲོད་པར། །སྔར་བསྒོམས་ཞི་གནས་ཀྱིས་འཆི་ཁར་མ་ཕན་ཞིང་། །སླར་དུད་འགྲོའི་རྒྱུ་རུ་སོང་ལགས་སམ། །བུ་དགེ་བསྙེན་སྐྱབས་མཆོག་ཚུར་ལ་ཉོན། །ལུས་གནད་མཉམ་པར་བཞག་དུས་སུ། །རྟོག་མེད་སྣང་བ་འགགས་པ་དེ། །ཞི་གནས་ལྟེང་པོ་བྱ་བ་ཡིན། །དེ་དྲན་ཤེས་ཀྱི་ངར་འདོན་བྱས་པའི་ཚེ། །མར་མེ་ལྟར་རང་གསལ་ལྷག་གེ་བ། །མེ་ཏོག་ལྟར་རང་མདངས་སལ་ལེ་བ། །མིག་ནམ་མཁའ་དངས་པར་བལྟས་པ་བཞིན། །རིག་སྟོང་རྗེན་ནེ་ཡེར་རེ་བ། །རྟོག་མེད་གསལ་ཞིང་དྭངས་པ་དེ། །ཞི་གནས་ཉམས་ཀྱི་སྣང་བ་ཡིན། །ཉམས་སྣང་བ་དེ་རྣམས་གཞིར་བཞག་ནས། །རྗེ་དཀོན་མཆོག་ལ་གསོལ་བ་འདེབས་བཞིན་དུ། །ཆོས་ཐོས་བསམ་གྱིས་ཕུ་ཐག་བཅད་ནས་ནི། །བདག་མེད་གོ་ཡུལ་གྱི་སོར་རྟོག་ལྷག་མཐོང་ལ། །ཞི་གནས་ངར་འདོན་གྱི་སྲོག་ཐག་བཟང་པོ་བཏགས། །བྱམས་དང་སྙིང་རྗེའི་སྐྱེས་བུ་སྟོབས་ལྡན་གྱིས། །གཞན་ཕན་སེམས་བསྐྱེད་ཀྱི་རྩལ་སྟོབས་དྲག་པོ་ཡིས། །སྨོན་ལམ་རྣམ་དག་གིས་གྱེན་དུ་དྲངས་པ་ལས། །མཐོང་ལམ་རྣམ་པར་དག་པའི་མངོན་སུམ་དུ། །རྣམ་དག་མཐོང་མེད་ཀྱི་ལྷག་མཐོང་རྟོགས་ཏེ་མཆི། །བློ་རེ་དོགས་ཀྱི་རང་མཚང་དེ་དུས་རིག །མ་ཕྱིན་པར་སངས་རྒྱས་ཀྱི་ས་རུ་བསླེབས། །མ་བལྟས་པར་ཆོས་སྐུ་དེ་དུས་མཐོང་། །མ་བསྒྲུབས་པར་འདུན་མ་ལྷུན་གྱིས་གྲུབ། །བུ་དགེ་བསྙེན་སེམས་ལ་དེ་ལྟར་ཞོག །ཅེས་གསུངས་ཤིང་ཞབས་ཕྱིར་ཁྲིད་ནས་དབང་དང་གདམས་པ་རྣམས་རྫོགས་པར་གནང་བ་བསྒོམས་པས། ཉམས་རྟོགས་མཐར་ཕྱིན་པའི་ཐུགས་ཀྱི་སྲས་རས་པ་སངས་རྒྱས་སྐྱབས་ཞེས་བྱ་བར་གྲགས་སོ། །རག་མར་ཕྱི་མ་བྱོན་དུས། རས་པ་སངས་རྒྱས་སྐྱབས་དང་མཇལ་བའི་སྐོར་རོ།། །།

༈ ན་མོ་གུ་རུ། རྗེ་བཙུན་མི་ལ་རས་པ་དེ་ཉིད། མང་ཡུལ་སྐྱིད་གྲོང་ནས་གཉའ་ནང་དུ་བྱོན་པས་སྔར་གྱི་ཡོན་བདག་རྣམས་དགའ་སྤྲོ་དཔག་མེད་ཐོབ་ནས་གཉའ་ནང་དུ་རྟག་ཏུ་བཞུགས་དགོས་ཞེས་གསོལ་བ་བཏབ་སྟེ། བཙན་སྡོད་ཤོད་ཀྱི་བར་ན་ཕ་བོང་གྲོད་པ་འདྲ་བ་ཞིག་གི་འོག་ན་ཕུག་པ་ཞིག་ཡོད་པ་དེར་བཞུགས་དུས་སྟོན་པ་ཤཱཀྱ་གུ་ན་དང་གཉའ་ནང་པའི་ཉ་མ་རྣམས་ཀྱིས་དྲུང་དུ་འོངས་ནས། རྗེ་བཙུན་ལ་ཡུལ་ཕྱོགས་གཞན་གྱི་རི་ཁྲོད་དུ་ཐུགས་དམ་གྱི་བོགས་ཅི་འདྲ་བྱུང་དང་གདེངས་ཅི་འདྲ་འཁྲུངས་ཞུས་པའི་ལན་དུ་མགུར་འདི་གསུངས་སོ། །སྒྲ་སྒྱུར་མར་པའི་ཞབས་ལ་འདུད། །ངས་རི་ཁྲོད་གཞན་དུ་བསྒོམས་པ་ལས། །སྐྱེ་བ་མེད་པའི་གདེངས་ཤིག་རྙེད། །ཚེ་སྔ་ཕྱི་གཉིས་སུ་འཛིན་པ་དག །རིགས་དྲུག་གི་སྣང་བ་རྫུན་དུ་ཐལ། །སྐྱེ་འཆི་གཉིས་ཀྱི་སྒྲོ་འདོགས་ཆོད། །མཉམ་པ་ཉིད་ཀྱི་གདེངས་ཤིག་རྙེད། །བདེ་སྡུག་གཉིས་སུ་འཛིན་པ་དག །ཚོར་བའི་ཉམས་མྱོང་རྫུན་དུ་ཐལ། །སྤང་བླང་གཉིས་ཀྱི་སྒྲོ་འདོགས་ཆོད། །དབྱེ་རུ་མེད་པའི་གདེངས་ཤིག་རྙེད། །འཁོར་འདས་གཉིས་སུ་འཛིན་པ་དག །ས་ལམ་སྦྱོང་པ་རྫུན་དུ་ཐལ། །རེ་དོགས་གཉིས་ཀྱི་སྒྲོ་འདོགས་ཆོད། །ཅེས་གསུངས་པས། ཉ་མ་རྣམས་ན་རེ། གཞན་ཐུགས་དམ་ཅི་འཁྲུངས་ཞུས་པས། ཁྱེད་ཉ་མ་རྣམས་ཀྱི་བློ་དང་མཐུན་པའི་དགེ་སྦྱོར་སྐྱེ་ལུགས་ཤིག་བྱུང་ཞེས་མགུར་འདི་གསུངས་སོ། །ཕ་མའི་རྒྱུ་རྐྱེན་ཕྱི་ནས་ཤར། །རང་ཀུན་གཞིའི་རྣམ་ཤེས་ནང་ནས་ཤར། །བར་དུ་མི་ལུས་གཙང་མ་ཐོབ། །དེང་ངན་སོང་གསུམ་དུ་མ་སྐྱེས་ཙམ་གདའོ། །སྐྱེ་ཤིའི་སྣང་བ་ཕྱི་ནས་ཤར། །ཞེན་ལོག་དད་པ་ནང་ནས་ཤར། །བར་དུ་དམ་པའི་ལྷ་ཆོས་དྲན། །ཡུལ་གཉེན་གྱི་དགྲ་ལ་མ་ཤོར་ཙམ་གདའོ། །ཕ་བླ་མའི་རྒྱུ་རྐྱེན་ཕྱི་ནས་ཤར། །རང་སྦྱོང་བྱེད་ཀྱི་ཤེས་རབ་ནང་ནས་ཤར། །བར་དུ་ཡིད་ཆེས་ཀྱི་གོ་བ་སྐྱེས། །ཆོས་ལ་ཐེ་ཚོམ་མ་སྐྱེས་ཙམ་གདའོ། །འགྲོ་དྲུག་གི་སེམས་ཅན་ཕྱི་ནས་ཤར། །སྙིང་རྗེ་ཕྱོགས་མེད་ནང་ནས་ཤར། །བར་དུ་བསྒོམས་པའི་ཉམས་མྱོང་དྲན། །ཐུགས་རྗེ་ཞེ་འདོད་དུ་མ་སོང་ཙམ་གདའོ། །ཁམས་གསུམ་རང་གྲོལ་ཕྱི་ནས་ཤར། །རང་བྱུང་ཡེ་ཤེས་ནང་ནས་ཤར། །བར་དུ་རྟོགས་པའི་གདེངས་དང་ལྡན། །དོན་ལ་ཉམ་ང་མེད་ཙམ་གདའོ། །འདོད་ཡོན་རྣམ་ལྔ་ཕྱི་ནས་ཤར། །འཛིན་མེད་ཀྱི་ཤེས་རབ་ནང་ནས་ཤར། །བར་དུ་རོ་སྙོམས་ཀྱི་སྤྱོད་པ་སྤྱད། །སྐྱིད་སྡུག་གཉིས་སུ་མི་འཛིན་ཙམ་གདའོ། །བྱས་ཆོས་འཇིག་པ་ཕྱི་ནས་ཤར། །རེ་དོགས་བྲལ་བ་ནང་ནས་ཤར། །བར་དུ་རྩོལ་སྒྲུབ་ཀྱི་ནད་དང་བྲལ། །དགེ་སྡིག་གཉིས་སུ་མི་འཛིན་ཙམ་གདའོ། །ཞེས་གསུངས་པས། སྟོན་པ་ཤཱཀ་གུས། རྗེ་བཙུན་གྱི་ཐུགས་དམ་དང་པོ་ནས་ཡེ་བཟང་ཡིན། བདག་གིས་རྗེ་བཙུན་གྱི་ཞལ་སྔ་མོ་ནས་མཐོང་རུང་གདམས་ངག་ཡིད་ཆེས་ཤིང་བློ་ཁེལ་བ་ཞིག་མ་ཐོབ། ད་དབང་དང་གདམས་ངག་ཐུགས་རྗེས་འཛིན་པར་ཞུ་ཞུས་པས། རྗེ་བཙུན་གྱིས་ཀྱང་དབང་དང་གདམས་པ་གནང་སྟེ་སྒོམ་དུ་བཅུག་པས། སྟོན་པ་ལ་ཉམས་སྐྱེས་ཏེ། རྗེ་བཙུན་ལ་ཞུས་པ། སྣང་བ་དང་འཁོར་བ་འདི་མེད་ན་ཉམས་སུ་ལེན་ཡང་མི་དགོས་པ་འདུག །སེམས་མེད་ན་མཁན་པོ་ཡང་མི་འོང་བ་འདུག །བླ་མ་མེད་ན་ཉམས་སུ་ལེན་ཡང་མི་ཤེས་པ་འདུག །འདི་རྣམས་ལ་མཚན་ཉིད་རེ་དང་སེམས་ཀྱི་ངོ་སྤྲོད་ཅིག་གནང་བར་ཞུ་ཞུས་པའི་ལན་དུ་མགུར་འདི་གསུངས་སོ། །སྣང་བའི་མཚན་ཉིད་སྐྱེ་བ་མེད། །སྐྱེ་བ་བྱུང་ན་དངོས་འཛིན་ཡིན། །འཁོར་བའི་མཚན་ཉིད་གཞི་རྩ་བྲལ། །གཞི་རྩ་བྱུང་ན་རྣམ་རྟོག་ཡིན། །སེམས་ཀྱི་མཚན་ཉིད་ཟུང་དུ་འཇུག །ཕྱོགས་ཆ་བྱུང་ན་ཞེ་འདོད་ཡིན། །བླ་མའི་མཚན་ཉིད་བརྒྱུད་པར་ལྡན། །རང་བཟོ་བྱེད་ན་རྨོངས་པ་ཡིན། །སེམས་ཉིད་ནམ་མཁའ་ལྟ་བུ་ལ། །རྣམ་རྟོག་ལྷ་སྤྲིན་ལྟ་བུས་བསྒྲིབས། །མཚན་ལྡན་བླ་མའི་མན་ངག་འདི། །འབྱུང་བ་སྐྱི་སེར་གྱི་ཚུལ་དུ་གདའ། །རྟོག་པ་རང་ཡང་འོད་གསལ་དང་། །ཉམས་མྱོང་ཉི་ཟླ་ལྟ་བུ་ཤར། །ཕྱོགས་བཅུ་དུས་གསུམ་མེད་པར་གསལ། །ངོས་བཟུང་མེད་པས་བརྗོད་བྲལ་དང་། །ངེས་ཤེས་གཟའ་སྐར་ལྟ་བུ་ཤར། །གང་ཤར་དུས་ན་བདེ་བ་ཆེ། །རང་བཞིན་སྤྲོས་བྲལ་ཆོས་ཀྱི་སྐུ། །ཚོགས་དྲུག་རྐྱེན་སྣང་སྟོང་པའི་ངང་། །འབད་མེད་ཤུགས་འབྱུང་ཟག་མེད་འདི། །རང་བཞིན་ལྷུག་པའི་ངང་ཞིག་ལ། །འཛིན་མེད་ཡེ་ཤེས་རྒྱུན་པར་གནས། །འབྲལ་མེད་སྐུ་གསུམ་ངོ་མཚར་ཆེ། །ཞེས་གསུངས་ནས། སྟོན་པ་ཚེ་འདིའི་སྙན་གྲགས་དང་བདེ་སྐྱིད་ལ་མ་ཆགས་ཐ་སྙད་ཀྱི་ཚིག་ཕྱིར་མ་འབྲང་པར་ཚེ་དང་སྒྲུབ་པ་སྙོམས་ཤིག །ཁྱེད་ཀྱིས་འདི་བཞིན་ཆོས་མཛད་ཀུན་གྱིས་ཉམས་སུ་ལེན་རྒྱུ་ཡིན་པས། ཚིག་འདི་དག་གི་དོན་ཉམས་སུ་ལོངས་ཤིག་གསུངས་ནས་མགུར་འདི་གསུངས་སོ། །སྐྱེས་བུ་སྐལ་ལྡན་དམ་པ་རྣམས། །ཚེ་འདི་སླུ་བྱེད་ཡིན་པ་ཆ་མེད་དམ། །ལོངས་སྤྱོད་སྒྱུ་མ་ཡིན་པ་ཆ་མེད་དམ། །འཁོར་བ་ཞི་བ་ཡིན་པ་ཆ་མེད་དམ། །བདེ་བ་རྨི་ལམ་ཡིན་པ་ཆ་མེད་དམ། །བསྟོད་སྨད་བྲག་ཅ་ཡིན་པ་ཆ་མེད་དམ། །སྣང་བ་སེམས་ཉིད་ཡིན་པ་ཆ་མེད་དམ། །རང་སེམས་སངས་རྒྱས་ཡིན་པ་ཆ་མེད་དམ། །སངས་རྒྱས་ཆོས་སྐུ་ཡིན་པ་ཆ་མེད་དམ། །ཆོས་སྐུ་ཆོས་ཉིད་ཡིན་པ་ཆ་མེད་དམ། །རྟོགས་ན་ཅི་སྣང་སེམས་སུ་འདུས། །སེམས་ལ་ཉིན་དང་མཚན་དུ་ལྟོས། །སེམས་ལ་བལྟས་པས་མཐོང་བ་མེད། །མཐོང་བ་མེད་པའི་ངང་ལ་ཞོག །དེ་ཉིད་ཕྱག་རྒྱ་ཆེན་པོ་ལ། །རང་བཞིན་ལྷག་པ་བསམ་དུ་མེད། །ཤེས་པ་མི་བཟུང་ངང་ལ་བཞག །མཉམ་གཞག་རྗེས་ཐོབ་དབྱེར་མེད་པས། །བསྒོམ་པའི་རིམ་པ་བདག་ལ་མེད། །ཇི་ལྟར་སྣང་ཡང་ངོ་བོས་སྟོང་། །དྲན་པས་བཟུང་དང་མ་བཟུང་མེད། །མ་སྐྱེས་པ་ཡི་རོ་མྱོང་བས། །དེ་བཞིན་སྒོམ་པ་རྟོགས་པ་ཡིས། །ལས་ཀྱི་ཕྱག་རྒྱ་བསྒོམ་པ་དང་། །རྩ་རླུང་ཐིག་ལེ་བསྒོམ་པ་དང་། །སྔགས་བཟླས་པ་དང་ལྷ་བསྒོམ་དང་། །ཚངས་པའི་གནས་བཞི་བསྒོམ་ལ་སོགས། །ཐེག་པ་ཆེན་པོའི་འཇུག་ཐབས་ཙམ། །དེ་རྣམས་ཆེད་དུ་བསྒོམས་པས་ཀྱང་། །ཆགས་སྡང་རྩ་བ་མི་སྤོངས་ཀྱིས། །སྣང་བ་རང་གི་སེམས་ཉིད་ལགས། །སེམས་ཉིད་སྟོང་པར་ཤེས་པར་གྱིས། །རྟོགས་པ་ཉམས་དང་མ་བྲལ་ན། །ཚུལ་ཁྲིམས་མཆོད་སོགས་དགེ་བའི་ཚོགས། །ཐམས་ཅད་མ་ལུས་དེ་ལ་ཚང་། །ཞེས་གསུངས་པས། སྟོན་པ་ཤཱཀ་གུས་ཀྱང་སྒྲུབ་པ་ཁོ་ན་མཛད་པས་ཉམས་རྟོགས་ཁྱད་པར་ཅན་འཁྲུངས་པའི་སྟོན་སྒོམ་ཉེ་བའི་སྲས་ཤིག་བྱུང་བ་ཡིན་ནོ། །གཉའ་ནང་གྲོད་ཕུག་ཏུ་སྟོན་པ་ཤཱཀྱ་གུ་ན་རྗེས་སུ་བཟུང་བའི་སྐོར་རོ།། །།

༈ ན་མོ་གུ་རུ། རྗེ་བཙུན་མི་ལ་རས་པ་དེ་ཉིད་བྱང་རྟ་སྒོའི་གངས་ལ་སྒོམ་དུ་འབྱོན་དགོངས་ནས། ནམ་ཟླ་སྟོན་ཞིག་ལ་བྱོན་པའི་ཚེ། གཅུང་གི་གད་པ་གླེ་གསུམ་དུ་ཕྱག་ཕེབས་པ་ལས། ཡུལ་པ་ཀུན་བཙས་མ་བརྔ་བཞིན་འདུག །ཁྱད་པར་ཞིང་ཆེན་པོ་ཞིག་གི་སྟེང་ན། བུ་མོ་ལོ་ལྔ་གསུམ་བཅོ་ལྔ་ཙམ་ལོན་པ་ཡེ་ཤེས་མཁའ་འགྲོའི་མཚན་རྟགས་དང་ལྡན་པ་ཞིག་གིས་མགོ་བྱས་པའི་མི་མང་པོ་བཙས་མ་བརྔ་བ་ཞིག་འདུག་པས་དེར་བྱོན་ནས། ཡོན་བདག་རྣམས་རྣལ་འབྱོར་པ་ང་ལ་འཚོ་བ་ཞིག་སློང་གསུངས་པས། བུ་མོ་ན་རེ། རྣལ་འབྱོར་པ་ཁྱེད་རང་མཁར་ཕ་གིའི་སྒོར་བྱོན་ལ་བཞུགས་ཤིག །ངས་ཀྱང་འཕྲལ་དུ་སླེབ་འོང་ཟེར་བ་ལས། རྗེ་བཙུན་གྱིས་མཁར་དེའི་སྒོར་བྱོན་ནས། སྒོ་དེ་ལ་ཕྱག་བེར་སུག་པ་ཞིག་མཛད་པས། སྒོ་དེ་ནང་དུ་རྒྱངས་སོང་བ་དང་། ཡུག་ཅིག་ནས་དེའི་ནང་ནས་རྒན་མོ་མི་སྡུག་པའི་ཆ་བྱད་ཅན་ཐལ་བ་སྤར་མོ་གང་ཁྱེར་བ་ཞིག་བྱུང་ནས། སྤྲང་པོ་རྣལ་འབྱོར་པ་ཁྱེད་རྣམས་དབྱར་གྱི་དུས་ན་དཀར་སྤྲང་བྱེད། དགུན་གྱི་དུས་ན་སྐྱུར་སྤྲང་བྱེད། ཁྱོད་ལ་སྡོད་པའི་དུས་ཀྱང་མི་འདུག །ཁྱོད་ངའི་བུ་མོ་དང་མནའ་མའི་སྐྱེ་ཆ་རྣམས་རྐུ་བསམས་ནས་མི་མེད་པའི་སྐབས་བཤར་ནས་འོངས་པ་ཡིན་ནམ་ཟེར་གཟུགས་པོ་ཁྲིག་ཁྲིག་བྱེད་ཐལ་བ་འདེབས་གྲབས་བྱེད་ཅིང་། མང་དུ་འབར་དུ་བྱུང་བ་ལས། རྗེ་བཙུན་གྱིས་རྒན་མོ་ཁྱོད་ཀྱི་ཐལ་བ་བརྡེག་ལོང་འོང་བས། ཅུང་ཟད་ཅིག་ང་མི་ལ་རས་པའི་གླུ་འདི་ཉོན་ཅིག་གསུངས། ཨ་ཕྱི་ལ་དོན་དགུ་དང་ལྡན་པའི་མགུར་འདི་གསུངས་སོ། །ཡར་མཐོ་རིས་ཐར་པའི་བདེ་བ་དང་གཅིག །མར་ངན་སོང་གསུམ་གྱི་སྡུག་བསྔལ་དང་གཉིས། །བར་གར་སྐྱེ་རང་དབང་མེད་པ་དང་གསུམ། །གསུམ་དེ་གསུམ་འཛོམ་པའི་དུས་ཚོད་ན། །ཨ་ཕྱི་ཆོས་དང་འཁོན་པའི་ཞེ་གནག་མ། །ཁྱོད་ལྟ་རྟོག་རང་གི་སེམས་ལ་ཐོངས། །བྱེད་ན་དམ་པའི་ལྷ་ཆོས་གྱིས། །བསྟེན་ན་མཚན་ལྡན་བླ་མ་བསྟེན། །ཁྱོད་དང་པོ་ཁྱིམ་ལ་བཏང་དུས་སུ། །འདི་འདྲ་མ་ཞིག་ཨེ་བྱུང་སོམས། །སྔ་དྲོ་ལྡང་བའི་སྔ་མ་དང་གཅིག །དགོངས་མོ་ཉལ་བའི་ཕྱི་མ་དང་གཉིས། །ཟིན་པ་མེད་པའི་བྱ་ལས་དང་གསུམ། །གསུམ་དེ་གསུམ་འཛོམ་པའི་དུས་ཚོད་ན། །ཨ་ཕྱི་གླ་ལྟོ་མེད་པའི་བྲན་ཁོལ་མ། །ཁྱོད་ལྟ་རྟོག་རང་གི་སེམས་ལ་ཐོངས། །བྱེད་ན་དམ་པའི་ལྷ་ཆོས་གྱིས། །བསྟེན་ན་མཚན་ལྡན་བླ་མ་བསྟེན། །དེ་རྗེས་འདི་འདྲ་ཨེ་བྱུང་སོམས། །གལ་པོ་ཆེའི་བཟའ་དཔོན་དང་གཅིག །མེད་ཀྱང་དགོས་པའི་ཁྲལ་སྡུད་དང་གཉིས། །མེད་མི་རུང་གི་བུ་ཚ་དང་གསུམ། །གསུམ་དེ་གསུམ་འཛོམ་པའི་དུས་ཚོད་ན། །ཨ་ཕྱི་གལ་ཆུང་རང་ལ་དགོས་པའི་སྐལ་མེད་མ། །ཁྱོད་ལྟ་རྟོག་རང་གི་སེམས་ལ་ཐོངས། །བྱེད་ན་དམ་པའི་ལྷ་ཆོས་གྱིས། །བསྟེན་ན་མཚན་ལྡན་བླ་མ་བསྟེན། །དེ་རྗེས་འདི་འདྲ་ཨེ་བྱུང་སོམས། །ཐོབ་ན་རྐུ་བའི་རྐུན་མ་དང་གཅིག །མ་ཐོབ་འཕྲོག་པའི་ཇག་པ་དང་གཉིས། །ཤི་རྨས་མེད་པའི་འཁྲུག་པ་དང་གསུམ། །གསུམ་དེ་གསུམ་འཛོམ་པའི་དུས་ཚོད་ན། །ཨ་ཕྱི་དགྲ་ཕུགས་ནས་ལངས་པའི་མེ་རེག་མ། །ཁྱོད་ལྟ་རྟོག་རང་གི་སེམས་ལ་ཐོངས། །བྱེད་ན་དམ་པའི་ལྷ་ཆོས་གྱིས། །བསྟེན་ན་མཚན་ལྡན་བླ་མ་བསྟེན། །དེ་རྗེས་འདི་འདྲ་ཨེ་བྱུང་སོམས། །མིའི་བུ་མོའི་ངོ་འཛིན་དང་གཅིག །རང་གི་བུ་ཚའི་ཚིགས་སྤོགས་དང་གཉིས། །ཚ་ཡུག་མང་པོའི་ཅོ་ལོ་དང་གསུམ། །གསུམ་དེ་གསུམ་འཛོམ་པའི་དུས་ཚོད་ན། །ཨ་ཕྱི་བཟོད་པ་སྒོམ་པའི་རྣ་ཐེག་ཅན། །ཁྱོད་ལྟ་རྟོག་རང་གི་སེམས་ལ་ཐོངས། །བྱེད་ན་དམ་པའི་ལྷ་ཆོས་གྱིས། །བསྟེན་ན་མཚན་ལྡན་བླ་མ་བསྟེན། །དེ་རྗེས་འདི་འདྲ་ཨེ་བྱུང་སོམས། །བརྟོད་ཕུར་འདོན་པའི་ལྡང་ལུགས་དང་གཅིག །བྱ་ལ་འཇབ་བའི་འགྲོ་ལུགས་དང་གཉིས། །ས་དོ་ཆད་པའི་སྡོད་ལུགས་དང་གསུམ། །གསུམ་དེ་གསུམ་འཛོམ་པའི་དུས་ཚོད་ན། །ཨ་ཕྱི་སྒྱུ་ལུས་རྒུད་པའི་ཡིད་ཕམ་མ། །ཁྱོད་ལྟ་རྟོག་རང་གི་སེམས་ལ་ཐོངས། །བྱེད་ན་དམ་པའི་ལྷ་ཆོས་གྱིས། །བསྟེན་ན་མཚན་ལྡན་བླ་མ་བསྟེན། །དེ་རྗེས་འདི་འདྲ་ཨེ་བྱུང་སོམས། །ཕྱི་ལྤགས་པ་འདུས་པའི་གཉེར་མ་དང་གཅིག །ནང་ཤ་ཁྲག་ཟད་པའི་རོས་འབོར་དང་གཉིས། །བར་གླེན་ལྐུགས་འོན་ལོང་ཐོམ་ཡོར་དང་གསུམ། །གསུམ་དེ་གསུམ་འཛོམ་པའི་དུས་ཚོད་ན། །ཨ་ཕྱི་མི་སྡུག་སྟོན་པའི་ཁྲོ་གཉེར་མ། །ཁྱོད་ལྟ་རྟོག་རང་གི་སེམས་ལ་ཐོངས། །བྱེད་ན་དམ་པའི་ལྷ་ཆོས་གྱིས། །བསྟེན་ན་མཚན་ལྡན་བླ་མ་བསྟེན། །ད་ལྟ་འདི་འདྲ་ཨེ་འདུག་སོམས། །གྲང་ལ་ཉོག་པའི་བཟའ་བཏུང་དང་གཅིག །ལྕི་ལ་སྲུལ་བའི་དུག་པོ་དང་གཉིས། །པག་པོ་བཞི་སྐྱོར་གྱི་མལ་ས་དང་གསུམ། །གསུམ་དེ་གསུམ་འཛོམ་པའི་དུས་ཚོད་ན། །ཨ་ཕྱི་མི་འགོམ་ཁྱི་འགོམ་གྱི་རྟོགས་ལྡན་མ། །ཁྱོད་ལྟ་རྟོག་རང་གི་སེམས་ལ་ཐོངས། །བྱེད་ན་དམ་པའི་ལྷ་ཆོས་གྱིས། །བསྟེན་ན་མཚན་ལྡན་བླ་མ་བསྟེན། །ད་ནི་འདི་འདྲ་འོང་བས་སོམས། །ཡར་མཐོ་རིས་དང་ཐར་པ་ནི་ཉིན་མོའི་སྐར་མ་བས་དཀོན། །མར་འཁོར་བ་དང་ངན་སོང་ནི་ཤ་གཟུག་ཕྲན་པས་བྲིན། །ད་ལྟ་ཡིད་ཕམ་བེམ་རིག་འགྱེས་དུས་འདིར། །ཨ་ཕྱི་འཆི་བྲོད་གདེངས་ཚད་མེད་པའི་གནོང་ཅན་མ། །ཁྱོད་ལྟ་རྟོག་རང་གི་སེམས་ལ་ཐོངས། །བྱེད་ན་དམ་པའི་ལྷ་ཆོས་མཛོད། །བསྟེན་ན་མཚན་ལྡན་བླ་མ་བསྟེན། །ཞེས་གསུངས་པས། རྗེ་བཙུན་གྱི་ཐུགས་རྗེ་དང་གསུང་དབྱངས་སྙན་པོས་རྒད་མོ་རང་དབང་མེད་པའི་དད་པ་སྐྱེས། ལག་པའི་ཐལ་བ་ཡང་སོར་བར་ནས་འཛགས་ནས་སོང་སྟེ། རྒན་མོ་སྔར་བྱས་ཀྱི་ལས་རྣམས་དྲན་ནས་འགྱོད་དེ། མཆི་མ་གཏོང་ཞིང་ཡོད་པའི་ཚེ། ཞིང་ཁའི་བུ་མོ་རྗེ་བཙུན་ལ་སྒོ་ཁུངས་སྟོན་མཁན་དེ་སླེབ་བྱུང་བས། རྗེ་བཙུན་ལ། རྣལ་འབྱོར་པ་ཁྱེད་ཆོས་པ་མི་འདྲ་བར་རྒན་མོ་འདི་བརྡུངས་ནས། འདི་བརྡུང་པའི་ཤག་རང་ཅི་ཡོད་དམ་ཟེར་བྱུང་བ་ལ། རྒན་མོ་ན་རེ། བུ་མོ་ཁོང་ལ་རྒོལ་བ་མ་ཞུ་ཞིག །ཁོང་གིས་ང་ལ་བཀའ་བཀྱོན་པ་མ་ཡིན། ངས་ཁོང་ལ་རྒོལ་བ་ཞུས་པའི་ལན་དུ། ཆོས་ཤིག་གནང་བ་དེ་རྣམས་ངའི་ཐོག་ཏུ་མ་བྱུང་བ་སྣ་གཅིག་ཀྱང་མི་འདུག་པས། རང་ལ་ཡི་ཆད་གནོང་ལངས་ཏེ། ཆོས་མ་ནུས་པ་ལ་འགྱོད་དྲགས་ནས་མཆི་མ་ཤོར་བ་ཡིན། ད་ཁྱོད་རང་ང་ལྟ་བུ་ནི་མིན། ན་སོ་ནི་གཞོན། ལོངས་སྤྱོད་དང་དད་པ་ནི་ཡོད། བླ་མ་འདི་མི་ལ་རས་པ་ཟེར་བ་དེ་ཡིན་པར་འདུག་ཁོང་ལ་བསྙེན་བཀུར་ཕུལ་ལ། ཆོས་དང་གདམས་ངག་ཞུས་ཤིག་ཟེར་བ་ལ། བུ་མོ་དེ་ན་རེ། དེ་ལྟར་ཡིན་ན་ཁྱེད་གཉིས་ཀ་ངོ་མཚར་ཆེ། ཁྱེད་དབང་ཕྱུག་མི་ལ་རས་པ་ཡིན་ན། ངེད་ཞལ་མཇལ་བ་རང་གིས་བསོད་ནམས་བསགས་ཁྱེད་ཆོས་པ་རྣམས་ལ་བརྒྱུད་པའི་ལོ་རྒྱུས་བཤད་པས། བུ་སློབ་རྣམས་ཡིད་ཆེས་པ་དང་། སྣང་བ་འགྱུར་པའི་གདམས་པ་བྱ་བ་ཡོད་ཟེར་བ། ཁྱེད་ཀྱི་བརྒྱུད་པ་དེ་གསུངས་དང་ཟེར་བ་ལ། རྗེ་བཙུན་གྱིས་བུ་མོ་དེ་ལས་ཅན་གྱི་སློབ་མར་དགོངས་ནས། བརྒྱུད་པའི་ཐུག་ཚུལ་འདི་མགུར་དུ་གསུངས་སོ། །ཆོས་སྐུ་ཀུན་ལ་ཁྱབ་པ་ཀུན་ཏུ་བཟང་པོ་དང་གཅིག །ལོངས་སྐུ་མཚན་དཔེས་སྤྲས་པ་རྡོ་རྗེ་འཆང་ཆེན་དང་གཉིས། །སྤྲུལ་སྐུ་འགྲོ་དོན་མཛད་པ་ཤཱཀྱ་ཐུབ་པ་དང་གསུམ། །བརྒྱུད་པ་དེ་གསུམ་དང་ལྡན་པའི་རྣལ་འབྱོར་པ་ལགས་ཏེ། །བརྒྱུད་པ་དེ་གསུམ་ལ་དད་པའི་ཉ་མ་འདྲ་ཡོད་དམ། །གསུངས་པས། བརྒྱུད་པ་ངོ་མཚར་ཆེ་བར་གདའ། དཔེ་ཆུ་འགོ་གངས་ལ་ཐུག་པ་ལྟ་བུ་ཞིག་འདུག །ཁྱེད་ཆོས་པ་ལ། ཕྱི་ཤེས་རྒྱུད་བརྡའི་བླ་མ་ལ་བརྟེན་ནས། ནང་སྐྱེ་མེད་ཆོས་སྐུ་གཏན་ལ་འབེབས་པ་བྱ་བ་ཡོད་ཟེར་བ། ཁྱེད་རང་གིས་རྩ་བའི་བླ་མ་ཇི་ལྟ་བུ་ཞིག་བསྟེན་གསུངས་དང་ཟེར་བ་ལ། རྗེ་བཙུན་གྱིས་ང་ལ་རྩ་བའི་བླ་མ་འདི་ལྟ་བུ་ཡོད་གསུང་མཚན་ལྡན་བླ་མ་བསྟེན་ཚུལ་འདི་མགུར་དུ་གསུངས་སོ། །ཤེས་རྒྱུད་ཕྱི་ནས་མཚོན་པ་ཕྱིའི་བླ་མ། །རིག་རྒྱུད་ནང་ནས་སྟོན་པ་ནང་གི་བླ་མ། །དོན་རྒྱུད་སེམས་ལ་སྟོན་པ་དོན་གྱི་བླ་མ། །བླ་མ་དེ་གསུམ་དང་ལྡན་པའི་རྣལ་འབྱོར་པ་ལགས་ཏེ། །བླ་མ་དེ་གསུམ་ལ་དད་པའི་ཉ་མ་འདྲ་ཡོད་དམ། །ཞེས་གསུངས་པས། མོ་ན་རེ། བླ་མ་དེ་ཁྱད་པར་འཕགས་གདའ། དཔེ་གསེར་གྱི་ཉག་ཐག་ལ་གཡུ་བརྒྱུས་པ་ལྟ་བུ་ཞིག་འདུག །བླ་མ་དེ་ལྟ་བུ་ལ་ཆོས་ཞུ་བའི་སྔོན་དུ་དབང་ཇི་ལྟ་བུ་ཞུས་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །བུམ་པ་སྤྱི་ཐོག་ཏུ་འཇོག་པ་ཕྱི་ཡི་དབང་། །རང་ལུས་ལྷ་སྐུར་སྟོན་པ་ནང་གི་དབང་། །སེམས་ཉིད་རང་ངོ་སྤྲོད་པ་དོན་གྱི་དབང་། །དབང་དེ་གསུམ་དང་ལྡན་པའི་རྣལ་འབྱོར་པ་ལགས་ཏེ། །དབང་དེ་གསུམ་ཞུ་བའི་ཉ་མ་འདྲ་ཡོད་དམ། །ཞེས་གསུངས་པས། ཡང་མོ་ན་རེ། དབང་ཤིན་ཏུ་ཟབ་པར་གདའ། དཔེ་གཅན་གཟན་གྱི་རྒྱལ་པོ་སེང་གེས་སྡེར་ཆགས་ཐམས་ཅད་ཟིལ་གྱིས་ནོན་པ་ལྟ་བུ་ཞིག་གདའ། ད་དབང་ཞུས་རྟིང་རིག་པ་ལམ་དུ་འཇུག་པ་ལ་དོན་གྱི་ཁྲིད་བྱ་བ་ཡོད་ཟེར་བ་ཁྲིད་ཇི་ལྟ་བུ་ཞུས་ཞུ་བའི་ལན་དུ་མགུར་འདི་གསུངས་སོ། །ཐོས་བསམ་སྒོམ་གསུམ་བྱེད་པ་ཕྱི་ཡི་ཁྲིད། །རིག་པ་རྡོ་རུས་སྤྲོད་པ་ནང་གི་ཁྲིད། །ཉམས་རྟོགས་འདུ་འབྲལ་མེད་པ་དོན་གྱི་ཁྲིད། །ཁྲིད་དེ་གསུམ་དང་ལྡན་པའི་རྣལ་འབྱོར་པ་ལགས་ཏེ། །ཁྲིད་དེ་གསུམ་ཞུ་བའི་ཉ་མ་འདྲ་ཡོད་དམ། །ཞེས་གསུངས་པས། ཁྲིད་དེ་མེ་ལོང་གཡའ་དག་པ་ལ་གཟུགས་བརྙན་འཆར་བ་ལྟ་བུ་ཞིག་གདའ། ཁྲིད་ཞུས་རྟིང་རི་ཁྲོད་འགྲིམས་ནས་གཅོད་བྱེད་དགོས་ཟེར་བ། ཁྱེད་ཀྱིས་གཅོད་ཇི་ལྟ་བུ་ཞིག་བྱས་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །གཉན་ས་རི་ཁྲོད་འགྲིམས་པ་ཕྱི་ཡི་གཅོད། །ཕུང་པོ་གཟན་དུ་བསྐྱུར་བ་ནང་གི་གཅོད། །ཉག་གཅིག་རྩད་ནས་གཅོད་པ་དོན་གྱི་གཅོད། །གཅོད་དེ་གསུམ་དང་ལྡན་པའི་རྣལ་འབྱོར་པ་ལགས་ཏེ། །གཅོད་དེ་གསུམ་ཞུ་བའི་ཉ་མ་འདྲ་ཡོད་དམ། །ཞེས་གསུངས་པས། མོ་ན་རེ། གཅོད་དེ་བྱ་ཁྱུང་ནམ་མཁའ་ལ་འཕུར་བས་བྱ་ཕྲན་ཐམས་ཅད་ཟིལ་གྱིས་གནོན་པ་ལྟར་ངོ་མཚར་ཤིན་ཏུ་ཆེ་བར་གདའ། རྣལ་འབྱོར་པ་ལ་གཅོད་བྱེད་དུས་རྐྱེན་ངན་ལམ་དུ་སློང་བ་ལ་ཕཊ་བྱ་བ་ཡོད་ཟེར་བ། ཁྱེད་ཀྱིས་ཕཊ་ཀྱི་དོན་ཞིག་གསུངས་དང་ཟེར་བ་ལ་མགུར་འདི་གསུངས་སོ། །རྣམ་རྟོག་འཐོར་བ་སྡུད་པ་ཕྱི་ཡི་ཕཊ། །རིག་པ་བྱིང་བ་སངས་པ་ནང་གི་ཕཊ། །གནས་ལུགས་ངང་ལ་འཇོག་པ་དོན་གྱི་ཕཊ། །ཕཊ་སྐོར་དེ་གསུམ་དང་ལྡན་པའི་རྣལ་འབྱོར་པ་ལགས་ཏེ། །ཕཊ་དེ་གསུམ་སྒྲོག་པའི་ཉ་མ་འདྲ་ཡོད་དམ། །ཞེས་གསུངས་པས། མོ་ན་རེ། ཕཊ་དེ་ཤིན་ཏུ་ངོ་མཚར་ཆེ་བར་གདའ་སྟེ། རྒྱལ་པོ་ཆེན་པོའི་དམག་གི་དུང་ངམ་བཀའ་ལྟ་བུ་དོན་མྱུར་ལ་ཆེ་བ་སྟོན་པ་ཞིག་གདའ། དེ་ལྟར་ཐུགས་ཉམས་སུ་བཞེས་པ་ལ་འཆར་སྒོ་ཇི་ལྟ་བུ་ཞིག་བྱུང་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །གཞི་མ་བཅོས་ཁྱབ་གདལ་ཆེན་པོར་ཤར། །ལམ་མ་བཅོས་ཟངས་ཐལ་ཆེན་པོར་ཤར། །འབྲས་བུ་མ་བཅོས་ཕྱག་རྒྱ་ཆེན་པོར་ཤར། །འཆར་སྒོ་དེ་གསུམ་དང་ལྡན་པའི་རྣལ་འབྱོར་པ་ལགས་ཏེ། །འཆར་སྒོ་དེ་གསུམ་སྒྲུབ་པའི་ཉ་མ་འདྲ་ཡོད་དམ། །ཞེས་གསུངས་པས། མོ་ན་རེ། འཆར་སྒོ་དེ་རྣམས་སྤྲིན་མེད་ཀྱི་མཁའ་ལ་ཉི་མ་ཤར་བས་དངོས་པོ་ཐམས་ཅད་གསལ་བ་ལྟར་ངོ་མཚར་ཤིན་ཏུ་ཆེ་བར་གདའ། འཆར་སྒོ་དེ་ལ་ཐུགས་ཉམས་སུ་བཞེས་པའི་གདེང་ཇི་ལྟ་བུ་ཞིག་ཐོབ་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །ལྷ་མེད་འདྲེ་མེད་ལྟ་བའི་གདེངས། །དམིགས་མེད་ཡེངས་མེད་སྒོམ་པའི་གདེངས། །རེ་མེད་དོགས་མེད་འབྲས་བུའི་གདེངས། །གདེངས་དེ་གསུམ་དང་ལྡན་པའི་རྣལ་འབྱོར་པ་ལགས་ཏེ། །གདེངས་དེ་གསུམ་འདོད་པའི་ཉ་མ་འདྲ་ཡོད་དམ། །ཞེས་གསུངས་པས། དེ་ནས་བུ་མོ་དེ་ཤིན་ཏུ་དད་པར་གྱུར་ནས་ཕྱག་བཙལ། ཞབས་སྤྱི་བོར་བླངས་ནས་ནང་དུ་གདན་དྲངས་ཏེ། བསྙེན་བཀུར་ཕུན་སུམ་ཚོགས་པ་ཞུས་ནས། བླ་མ་ལགས། བདག་སྔར་མ་རིག་པས་བསྒྲིབས་ནས་ཆོས་མ་དྲན། ད་བླ་མ་ཁྱེད་ཀྱི་ཕྱག་ཕྱི་ལ་འབྲང་བས། ཆོས་ཐུགས་རྗེས་འཛིན་པར་ཞུ་ཞེས་རང་སྐྱོན་མཐོང་ནས། ཆོས་ཞུ་བའི་ཞུ་དོན་འདི་ལྟར་ཕུལ་ལོ། །ཨཾ་གི་བླ་མ་རིན་པོ་ཆེ། །འོ་ན་སྐྱེས་མཆོག་སྤྲུལ་པའི་སྐུ། །བདག་མ་གོ་མ་རིག་འཁྲུལ་དང་གསུམ། །འཇིག་རྟེན་འདི་ན་མཚང་རེ་ཆེ། །དབྱར་གསུམ་ལྷོ་སྤྲིན་སྟོབས་ཆེས་པས། །ཁྲི་གདུགས་ཤར་བ་ངས་མ་ཚོར། །དགུན་གསུམ་ངར་བ་སྟོབས་ཆེས་པས། །མེ་ཏོག་འཁྲུངས་པ་ངས་མ་ཚོར། །བག་ཆགས་ངན་པ་ཚན་ཆེས་པས། །ཁྱེད་གྲུབ་ཐོབ་ཡིན་པ་ངོ་མ་ཤེས། །ངེད་མོ་བྱིས་ཀྱི་རྣལ་ཐར་བཤད་ཙ་ན། །ལས་ངན་དབང་གིས་ལུས་ངན་བླངས། །སྐྱེ་གནས་ངན་པའི་སྒྲིབ་གཡོགས་ཀྱིས། །རང་སངས་རྒྱས་ཡིན་པ་ངས་མ་ཚོར། །སྙིང་རུས་མེད་པས་ཆོས་མི་དྲན། །ཆོས་བྱ་བློ་ཡོད་ཀྱང་ལེ་ལོས་ཁྱེར། །སྐྱེ་སྒོ་ལེགས་ན་གཞན་དབང་འཆོར། །སྐྱེ་སྒོ་ཞན་ན་གྲོགས་མི་རྙེད། །དྲིན་ཅན་ཕ་མ་རྒྱབ་ཏུ་བོར། །གཏན་གྲོགས་ཕྱོགས་སུ་ཤི་ལྕེབས་བྱེད། །རྩེ་རེག་ཆེ་ལ་བཟོད་སྲན་ཆུང་། །སྐྱོ་མ་མང་ལ་ཆུ་འདུར་མཁས། །ཡུལ་སྡེའི་ནང་ནས་མི་ཁ་སྡུད། །བཟའ་ཚང་ནང་ནས་སྒོ་ཁྱི་དགོས། །ཟས་ནོར་སྤྱི་རུ་སྤྱོད་ལགས་ཀྱང་། །གཤིས་ངན་སེར་སྣ་གོས་སུ་བྱེད། །མི་རྟག་འཆི་བ་འོང་སྙམ་མེད། །སྒྲིབ་པ་ལུས་ཀྱི་གྲིབ་བཞིན་འབྲང་། །ང་སྙིང་ནས་ལྷ་ཆོས་བྱེད་ལགས་པས། །བདག་གོ་བདེ་ཁྱེར་སླའི་ཆོས་ཤིག་ཞུ། །ཞེས་ཞུས་པས། མཉེས་ནས་རྗེ་བཙུན་གྱིས་མོའི་ཞུས་ལན་དུ་མགུར་འདི་གསུངས་སོ། །ཨང་གེ་ཉ་མ་དཔལ་དར་འབུམ། །ཁྱེད་བུད་མེད་རྣམས་ཀྱི་རྣམ་ཐར་འདི། །བསྟོད་ར་བརྗོད་ན་རང་མཐོང་སྐྱེ། །སྨད་ར་བརྗོད་ན་ཁོང་ཁྲོ་སྐྱེ། །གནས་ལུགས་བརྗོད་ན་མཚང་ལ་ཕོག །ད་མི་རྒན་ང་ཡི་ཁ་ལ་ཉོན། །ཁྱེད་སྙིང་ནས་ལྷ་ཆོས་བྱེད་པ་ན། །བྱད་ཀྱི་ཕྱི་བརྡར་བཤོལ་ནས་ཀྱང་། །སེམས་ལ་ཕྱི་བརྡར་བྱེད་རེ་རན། །ལེགས་འདོད་ཚུལ་འཆོས་སྤངས་ནས་ཀྱང་། །དམན་པའི་གོ་ས་འཛིན་རེ་རན། །བུ་ཁྱོའི་ཁོལ་མོ་བཤོལ་ནས་ཀྱང་། །མཚན་ལྡན་བླ་མ་བསྟེན་རེ་རན། །ཚེ་འདིའི་བྱ་དོན་སྤངས་ནས་ཀྱང་། །ཕྱི་མའི་དོན་ཆེན་སྒྲུབ་རེ་རན། །ནོར་འདོད་སེར་སྣ་སྤངས་ནས་ཀྱང་། །ཕྱོགས་མེད་སྦྱིན་པ་གཏོང་རེ་རན། །དོན་དེ་ཚོ་ཤེས་ན་གྲུང་མོ་ཡིན། །ཁྱེད་མོ་བྱིས་དང་བྱིའུ་ལྕོ་ག་འདྲ། །ལྕེ་བདེ་མོ་ལ་ལྷ་ཆོས་དཀོན། །ཁྱེད་མོ་བྱིས་དང་ནགས་གསེབ་རྨ་བྱ་འདྲ། །སྒེག་གཟུགས་མཁན་ལ་ལྷ་ཆོས་དཀོན། །ཁྱེད་མོ་བྱིས་དང་ཚོང་འདུས་ཁེ་བ་འདྲ། །ཁྲམ་སེམས་ཅན་ལ་ལྷ་ཆོས་དཀོན། །ཁྱེད་ལྷ་ཆོས་ཚུལ་བཞིན་བྱེད་འདོད་ན། །ང་ཕྱིར་འབྲོངས་ལ་ང་བཞིན་མཛོད། །གདམས་ངག་ཡེངས་མེད་རི་ལ་སྒོམས། །ཞེས་གསུངས་པས། ཡང་བུ་མོ་དེས། རྗེ་བཙུན་ལ་ཞུ་དོན་འདི་གླུ་རུ་ཕུལ་ལོ། །ཨང་གེ་རྗེ་བཙུན་རིན་པོ་ཆེ། །འབྲེལ་ཚད་དོན་ལྡན་རྣལ་འབྱོར་པ། །ང་ཉིན་པར་ཟིན་མེད་ལས་ཀྱིས་བྲེལ། །མཚན་མོ་གཏི་མུག་གཉིད་དུ་སོང་། །ནང་ནུབ་ལྟོ་གོས་ཀྱིས་བྲན་དུ་བཀོལ། །ཆོས་ལ་བྱེད་པའི་ལོང་མ་བྱུང་། །ཞེས་ཞུས་པས། རྗེ་བཙུན་གྱི་ཞལ་ནས། ཁྱོད་ཆོས་རྣམ་དག་བྱེད་ན་འཇིག་རྟེན་གྱི་བྱ་བ་དགྲར་ཤེས་ནས། རྒྱབ་ཏུ་བསྐྱུར་དགོས་ཞེས་མོའི་ཞུས་ལན་དུ་རྒྱབ་བསྐྱུར་བཞི་མ་འདི་མགུར་དུ་གསུངས་སོ། །ཨང་གེ་ཉ་མ་དཔལ་དར་འབུམ། །གསོན་དང་ཕྱུག་མོ་དད་པ་ཅན། །ཚེ་འདི་བས་ཕྱི་མ་བཤུལ་ཐག་རིང་། །རྒྱགས་ཕྱེ་གྲབས་སུ་ཚུད་ལགས་སམ། །རྒྱགས་ཕྱེ་གྲབས་སུ་མ་ཚུད་ན། །སྦྱིན་པ་ཡིན་པས་གཏོང་ཡང་འཚལ། །དགྲ་སེར་སྣ་ཟེར་བའི་འགག་ཁྱི་མཁན། །འདིས་ཕན་པར་བཟུང་ཡང་གནོད་པ་བསྐྱལ། །སེར་སྣ་དགྲ་བོ་ཡིན་པར་ཤེས་ལགས་སམ། །ཤེས་ན་རྒྱབ་ཏུ་བསྐྱུར་ལ་ཐོངས། །ཨང་གེ་ཉ་མ་དཔལ་དར་འབུམ། །ཚེ་འདི་བས་ཕྱི་མ་མུན་པ་ནག །སྒྲོན་མེ་གྲབས་སུ་ཚུད་ལགས་སམ། །སྒྲོན་མེ་གྲབས་སུ་མ་ཚུད་ན། །འོད་གསལ་ཡིན་པས་སྒོམ་ཡང་འཚལ། །དགྲ་གཏི་མུག་ཟེར་བའི་རོ་ཉལ་མཁན། །འདིས་ཕན་པར་བཟུང་ཡང་གནོད་པ་བསྐྱལ། །གཏི་མུག་དགྲ་བོ་ཡིན་པར་ཤེས་ལགས་སམ། །ཤེས་ན་རྒྱབ་ཏུ་བསྐྱུར་ལ་ཐོངས། །ཨང་གེ་ཉ་མ་དཔལ་དར་འབུམ། །ཚེ་འདི་བས་ཕྱི་མ་འཇིགས་པ་ཆེ། །སྐྱེལ་མ་གྲབས་སུ་ཚུད་ལགས་སམ། །སྐྱེལ་མ་གྲབས་སུ་མ་ཚུད་ན། །ལྷ་ཆོས་ཡིན་པས་བྱེད་ཀྱང་འཚལ། །དགྲ་ཉེ་འབྲེལ་ཟེར་བའི་བཤོལ་འདེབས་མཁན། །འདིས་ཕན་པར་བཟུང་ཡང་གནོད་པ་བསྐྱལ། །ཉེ་འབྲེལ་དགྲ་བོ་ཡིན་པར་ཤེས་ལགས་སམ། །ཤེས་ན་རྒྱབ་ཏུ་བསྐྱུར་ལ་ཐོངས། །ཨང་གེ་ཉ་མ་དཔལ་དར་འབུམ། །ཚེ་འདི་བས་ཕྱི་མ་ལམ་འཕྲང་རིང་། །རྟ་ཕོ་ཚགས་སུ་ཚུད་ལགས་སམ། །རྟ་ཕོ་ཚགས་སུ་མ་ཚུད་ན། །བརྩོན་འགྲུས་ཡིན་པས་རྩོམ་ཡང་འཚལ། །དགྲ་ལེ་ལོ་ཟེར་བའི་བསླུ་བྲིད་མཁན། །འདིས་ཕན་པར་བཟུང་ཡང་གནོད་པ་བསྐྱལ། །ལེ་ལོ་དགྲ་བོ་ཡིན་པར་ཤེས་ལགས་སམ། །ཤེས་ན་རྒྱབ་ཏུ་བསྐྱུར་ལ་ཐོངས། །ཞེས་གསུངས་པས། ཡང་བུ་མོ་དེ་ན་རེ། བླ་མ་ལགས། ཚེ་ཕྱི་མའི་གྲབས་ཅི་ཡང་ཚགས་སུ་མ་ཚུད། ད་ཚགས་སུ་འཇུག་པས་སྒོམ་ཁྲིད་ཅིག་ཐུགས་རྗེས་འཛིན་པར་ཞུ་ཞེས། ཞེ་ཐག་པའི་ཞུ་བ་འབུལ་དུ་བྱུང་བས། རྗེ་བཙུན་ཤིན་ཏུ་མཉེས་ཏེ་ཁྱོད་ཞེ་ཐག་པ་ནས་ཆོས་བྱེད་ན། ངེད་ཀྱི་ལུགས་ལ་མིང་སྤོ་ཡང་མི་དགོས། རབ་སྐྲའི་འོག་ནས་འཚང་རྒྱ་བ་ཡིན་པས། སྐྲ་གཅོད་པ་དང་ཆས་བསྒྱུར་བ་ཡང་མི་དགོས་གསུངས། སྒོམ་ཁྲིད་སེམས་ཀྱི་ཉམས་ལེན་དཔེ་བཞི་དོན་དང་ལྔའི་མགུར་འདི་གསུངས་སོ། །ཨང་གེ་ཉ་མ་དཔལ་དར་འབུམ། །འོ་ན་ཕྱུག་མོ་དད་ཅན་མ། །ཁྱོད་ནམ་མཁའ་འདི་ལ་དཔེ་ལོང་ལ། །མཐའ་དབུས་མེད་པའི་སྒོམ་ཞིག་གྱིས། །ཉི་ཟླ་གཉིས་ལ་དཔེ་ལོང་ལ། །གསལ་འགྲིབ་མེད་པའི་སྒོམ་ཞིག་གྱིས། །རི་བོ་འདི་ལ་དཔེ་ལོང་ལ། །འཕོ་འགྱུར་མེད་པའི་སྒོམ་ཞིག་གྱིས། །རྒྱ་མཚོ་ཆེ་ལ་དཔེ་ལོང་ལ། །ཁ་གཏིང་མེད་པའི་སྒོམ་ཞིག་གྱིས། །རང་གི་སེམས་ལ་དོན་གྱིས་ལ། །ཁུ་འཕྲིག་མེད་པའི་སྒོམ་ཞིག་གྱིས། །ཞེས་གསུངས་ནས། ལུས་གནད་དང་སེམས་གནད་རྣམས་བསྟན་ཏེ། སྒོམ་དུ་བཅུག་པས། བུ་མོ་དེ་ལ་ཉམས་རྟོགས་བཟང་པོ་སྐྱེས་ནས། ཐེ་ཚོམ་དང་གེགས་བསལ་བའི་ཕྱིར། ཞུ་དོན་འདི་ལྟར་ཕུལ་ལོ། །ཨང་གེ་རྗེ་བཙུན་རིན་པོ་ཆེ། །འོ་ན་སྐྱེས་མཆོག་སྤྲུལ་པའི་སྐུ། །ངས་ནམ་མཁའ་བསྒོམ་དུ་བདེ་ལགས་ཏེ། །ལྷོ་སྤྲིན་བསྒོམ་དུ་ཅུང་མ་བདེ། །ད་ལྷོ་སྤྲིན་བསྒོམ་པའི་གདམས་ངག་ཞུ། །ཉི་ཟླ་བསྒོམ་དུ་བདེ་ལགས་ཏེ། །གཟའ་སྐར་བསྒོམ་དུ་ཅུང་མ་བདེ། །ད་གཟའ་སྐར་བསྒོམ་པའི་གདམས་ངག་ཞུ། །རི་བོ་བསྒོམ་དུ་བདེ་ལགས་ཏེ། །རྩི་ཤིང་བསྒོམ་དུ་ཅུང་མ་བདེ། །ད་རྩི་ཤིང་བསྒོམ་པའི་གདམས་ངག་ཞུ། །རྒྱ་མཚོ་བསྒོམ་དུ་བདེ་ལགས་ཏེ། །རྦ་རླབས་བསྒོམ་དུ་ཅུང་མ་བདེ། །ད་རྦ་རླབས་བསྒོམ་པའི་གདམས་ངག་ཞུ། །རང་སེམས་བསྒོམ་དུ་བདེ་ལགས་ཏེ། །རྣམ་རྟོག་བསྒོམ་དུ་ཅུང་མ་བདེ། །ད་རྣམ་རྟོག་བསྒོམ་པའི་གདམས་ངག་ཞུ། །ཞེས་ཞུས་པས། རྗེ་བཙུན་ཡང་སྒོམ་སྐྱེས་འདུག་དགོངས་ཐུགས་ཤིན་ཏུ་མཉེས་ཏེ། མོའི་ཞུས་ལན་དུ་གེགས་སེལ་བོགས་འདོན་གྱི་མགུར་འདི་གསུངས་སོ། །ཨང་གེ་ཉ་མ་དཔལ་དར་འབུམ། །ཉོན་དང་ཕྱུག་མོ་དད་ཅན་མ། །ནམ་མཁའ་བསྒོམ་དུ་བདེ་ལགས་ན། །ལྷོ་སྤྲིན་ནམ་མཁའི་ཆོ་འཕྲུལ་ཡིན། །ནམ་མཁའ་རང་གི་ངང་དུ་ཞོག །ཉི་ཟླ་བསྒོམ་དུ་བདེ་ལགས་ན། །གཟའ་སྐར་ཉི་ཟླའི་ཆོ་འཕྲུལ་ཡིན། །ཉི་ཟླ་རང་གི་ངང་དུ་ཞོག །རི་བོ་བསྒོམ་དུ་བདེ་ལགས་ན། །རྩི་ཤིང་རི་བོའི་ཆོ་འཕྲུལ་ཡིན། །རི་བོ་རང་གི་ངང་དུ་ཞོག །རྒྱ་མཚོ་བསྒོམ་དུ་བདེ་ལགས་ན། །རྦ་རླབས་རྒྱ་མཚོའི་ཆོ་འཕྲུལ་ཡིན། །རྒྱ་མཚོ་རང་གི་ངང་དུ་ཞོག །རང་སེམས་བསྒོམ་དུ་བདེ་ལགས་ན། །རྣམ་རྟོག་སེམས་ཀྱི་ཆོ་འཕྲུལ་ཡིན། །སེམས་ཉིད་རང་གི་ངང་དུ་ཞོག །ཅེས་གསུངས་ནས་བསྒོམ་པས། སེམས་ཆོས་ཉིད་ཀྱི་གནས་ལུགས་གཏན་ལ་ཕེབས་ཏེ། ཕྱིས་སྐུ་ལུས་འདི་ཉིད་ཀྱིས་རོལ་མོའི་སྒྲ་དང་བཅས་ཏེ་མཁའ་སྤྱོད་དུ་གཤེགས་པ་ཡིན་ནོ། །རྗེ་བཙུན་གྱི་སྲས་རྣམས་ཀྱི་སྲིང་བཞི་ལས། གཅུང་གི་གད་པ་གླེ་གསུམ་དུ་ཉ་མ་དཔལ་དར་འབུམ་དང་མཇལ་བའི་སྐོར་རོ།། །།


༈ ན་མོ་གུ་རུ། རྗེ་བཙུན་མི་ལ་རས་པ་དེ་ཉིད། བྱང་རྟ་སྒོ་ལ་བསྒོམས་ནས་ཤྲཱི་རི་ལ་བསྒོམ་དུ་བྱོན་པའི་ལམ། གཡས་རུ་བྱང་གི་མགྲོན་ཁང་ཞིག་ཏུ་བཞུགས་པ་ལས། མགྲོན་ཁང་དེ་ན། དགེ་བཤེས་གཡག་རུ་ཐང་པ་གྲྭ་པ་མང་པོའི་འཁོར་དང་བཅས་ཏེ་བྱོན་འདུག །ཚོང་དཔོན་ཟླ་བ་ནོར་བུ་ཡང་འཁོར་མང་པོ་ནོར་དང་བཅས་ཏེ་བསྡད་འདུག་པ་ལ། རྗེ་བཙུན་གྱིས་ཚོང་དཔོན་ཟླ་བ་ནོར་བུ་འཁོར་བཅས་ལ་འཚོ་བ་བསླངས་པས། ཚོང་དཔོན་ན་རེ། ཁྱེད་རྣལ་འབྱོར་པ་ཚོ་ཡང་མི་ནོར་རང་སློང་བ་བས། རང་ནོར་བཤམས་ནས་ཟ་ཞིང་བསྡད་ན་སྐྱིད་པ་འོང་བ་འདུག་སྟེ་ཟེར་འབར་དུ་བྱུང་བ་ལ། རྗེ་བཙུན་གྱིས་ཀྱང་། ད་ལྟ་དག་ཁྱེད་ཚོའི་འདི་སྐྱིད་པ་འདུག་སྟེ། ཁྱེད་རྣམས་དེ་འབྲས་ཀྱིས་ཕྱི་མ་སྡུག་པོ་འོང་བ་དེ་མ་དྲན་པ་ཡིན་པས། ངའི་གླུ་འདི་ཉོན་ཅིག་གསུང་དྲན་ནེ་བརྒྱད་ཀྱི་མགུར་འདི་གསུངས་སོ།། ཁྱོད་ད་ལྟ་མཁར་ཁང་ཞོལ་ཁྱིམ་དུ་འཛོམ་པ་དེ་དགའ་སྟེ། །རང་ཤི་ན་རང་ཤུལ་སྟོངས་ནས་འགྲོ་བ་དེ་དྲན་ནེ། །ཁྱོད་ད་ལྟ་ཁ་དྲག་དཔུང་པར་འཛོམ་པ་དེ་དགའ་སྟེ། །རང་ཤི་ཙ་ན་མགོན་མེད་སྐྱབས་མེད་དུ་འགྲོ་བ་དེ་དྲན་ནེ། །ཁྱོད་ད་ལྟ་ཕ་ཚན་ཉེ་འཁོར་དུ་མང་བ་དེ་དགའ་སྟེ། །རང་ཤི་ཙ་ན་གཉེན་བཤེས་ཀུན་དང་འབྲལ་བ་དེ་དྲན་ནེ། །ཁྱོད་ད་ལྟ་གཡོག་འཁོར་བུ་ནོར་དུ་འཛོམ་པ་དེ་དགའ་སྟེ། །རང་ཤི་ཙ་ན་ནོར་མེད་ལག་སྟོང་གཅེར་བུར་འགྲོ་བ་དེ་དྲན་ནེ། །ཁྱེད་ད་ལྟ་རྒྱུ་ཤེད་དཔའ་རྩལ་དུ་འཛོམ་པ་དེ་དགའ་སྟེ། །རང་ཤི་ཙ་ན་གཟུགས་པོ་གསུམ་ལྟབ་བྱེད་པ་དེ་དྲན་ནེ། །ཁྱོད་ད་ལྟ་དབང་པོ་དང་ཤ་ཁྲག་གསལ་བ་དེ་དགའ་སྟེ། །རང་ཤི་ཙ་ན་རིག་པ་རང་དབང་མེད་པ་དེ་དྲན་ནེ། །ཁྱོད་ད་ལྟ་ཁ་ཟས་ཞིམ་མངར་འཛོམ་པ་དེ་དགའ་སྟེ། །རང་འཆི་ཙ་ན་དང་ཁར་ཆུ་ལས་མི་འགྲོ་བ་དེ་དྲན་ནེ། །ངས་དེ་ཀུན་དྲན་ནས་ལྷ་ཆོས་བྱས། །འཇིག་རྟེན་གྱི་ལོངས་སྤྱོད་མེད་པས་བདེ། །དྲན་ནེ་བརྒྱད་ཀྱི་གླུ་དབྱངས་འདི། །གཙང་སྒར་ཁ་ཆེའི་མགྲོན་ཁང་དུ། །རྣལ་འབྱོར་མི་ལ་ང་ཡིས་བླངས། །ཉམས་དགེ་བསྐུལ་གྱི་གསལ་འདེབས་དེ་ལ་གྱིས། །ཞེས་གསུངས་པས། ཚོང་དཔོན་ཟླ་བ་ནོར་བུ་ཤིན་ཏུ་དད་པར་གྱུར་ནས། བླ་མ་ལགས་གསུང་དེ་ཀུན་ཤིན་ཏུ་སེམས་ལ་འཐད་པ་ཞིག་བྱུང་། བདག་ཀྱང་ཆོས་ཤིག་དྲན་པས། ཆོས་བྱེད་ལུགས་འདི་ལྟར་གྱིས་གསུང་བའི་ཞལ་གདམས་ཤིག་གནང་བར་ཞུ་ཞུས་པའི་ལན་དུ་མགུར་འདི་གསུངས་སོ། །ཡུལ་ཡོན་ཏན་ཅན་གཉན་ས་རི་ཁྲོད་ན། །བླ་མ་ལྟ་སྤྱོད་དང་ལྡན་པའི་རིན་པོ་ཆེ། །དེ་ལ་དད་ཅིང་གུས་པས་གསོལ་བ་འདེབས། །དོན་མ་ནོར་ཉམས་སུ་ལེན་པ་ཀུན། །བློ་རྒོད་ཙ་ན་ལྟ་བའི་ཐོག་རྫིས་ཐོངས། །སེམས་མཚན་མ་རང་གྲོལ་འདི་ངོ་མཚར་ཆེ། །སེམས་མ་བདེ་ན་རོ་སྙོམས་ལྡུམ་བུ་གྱིས། །ཡུལ་སྣ་ཚོགས་རང་གྲོལ་འདི་ངོ་མཚར་ཆེ། །ཉམས་མི་དགའ་ན་ཉམས་ཅན་དང་གོ་བསྡུར་མཛོད། །གྲོགས་ཉམས་ཅན་གྱི་གོ་བསྡུར་སེམས་ལ་ཕན། །ཡིད་མ་ཆེས་ན་རྒྱལ་བའི་བཀའ་ལ་གཟིགས། །བཀའ་བདེན་པའི་ཚིག་གིས་ངེས་ཤེས་བསྐྱེད། །སྙིང་མི་དགའ་ན་རྗེ་ལ་གསོལ་བ་ཐོབ། །ཕ་བླ་མའི་བྱིན་རླབས་སེམས་ལ་ཕན། །ལར་མི་དད་མེད་གཅིག་ལ་ཕར་བལྟས་པས། །གཞི་འཁོར་བའི་མལ་དུ་ལུས་པོ་ཉལ། །དུག་ལྔའི་སྔས་ལ་མགོ་བོ་གཏད། །ཉོན་མོངས་ལུད་པ་ཕྱོགས་བཅུར་འཕེན། །ནད་དེ་ལ་ཕན་པའི་སྨན་པ་ཚོལ། །སྒོ་གསུམ་མོས་གུས་ཀྱི་ཕྱག་རྟེན་ཐོངས། །བླ་མའི་སྨན་པ་བཟང་དྲུག་ལ། །སྐུ་གསུམ་གྱི་ངོ་སྤྲོད་སྨན་སྦྱོར་བཟང་། །དུག་ལྔའི་ནད་ལས་གྲོལ་བར་ངེས། །གཏང་རག་ཏུ་སྒྲུབ་པའི་མཆོད་པ་ཕུལ། །ཞེས་གསུངས་པས། ཁོ་མཆོག་ཏུ་དད་པར་གྱུར་ནས། རྗེ་བཙུན་གྱི་བཀའ་བཞིན་བསྒྲུབས་པས། ཕྱིས་ཁྱིམ་པའི་ཚུལ་ཅན་གྱི་རྣལ་འབྱོར་པ་བཟང་པོ་ཞིག་བྱུང་ངོ་། །དེའི་ཚེ་དགེ་བཤེས་གཡག་རུ་ཐང་པ་ཆོས་འཆད་ཀྱིན་འདུག་པ་ལ། རྗེ་བཙུན་ཀུ་སུ་ལུའི་ཚུལ་དུ་བཞུགས་པ་ལས། ཁོང་གི་གྲྭ་པ་རྣམས་མཚན་མོ་ཆོས་བརྗོད་བཤར་སྦྱང་མང་པོ་བྱེད། སྲོད་ལ་ཏིང་ངེ་འཛིན་སྒོམ་པའི་ཚུལ་དུ་ཙོག་མོར་བཞུགས། ཐོ་རེངས་ཀྱང་ཆོས་བརྗོད་དང་བཤར་སྦྱང་མཛད་ཅིང་འདུག །ཚ་བའི་དུས་སུ་རྗེ་བཙུན་གྱིས་ཁམ་ཟན་སློང་དུ་བྱོན་པས། གྲྭ་པ་རྣམས་ན་རེ། རྣལ་འབྱོར་པའི་གཟུགས་བྱས་ནས་ཆོས་སྤྱོད་དང་སློབ་གཉེར་རེ་ཡང་མི་ནུས། ཏིང་ངེ་འཛིན་རེ་ཡང་སྒོམ་མི་ནུས། སྔགས་རེ་ཡང་འདྲེན་མི་ནུས་པར་དགེ་འདུན་གྱི་དཀོར་ལ་སྐྲུ་རུ་འོང་བ་འདི་ཀུན་སྙིང་རྗེ་ཟེར་འབར་དུ་བྱུང་བ་ལ། རྗེ་བཙུན་གྱིས་ཀྱང་ངས་ཀྱང་ལྷ་སྒོམ་སྔགས་བཟླས། སློབ་གཉེར་དང་ཆོས་སྤྱོད་བྱས། ཏིང་ངེ་འཛིན་བསྒོམས་པ་རྣམས་ཅིག་ཅར་དུ་གྲུབ་པས་བློ་བདེ་བ་ཞིག་ཡིན་གསུངས་ནས་མགུར་འདི་གསུངས་སོ། །རྟེན་ཀུན་ནས་གྲུབ་པའི་དཀོན་མཆོག་གསུམ། །དེ་མ་བཅོས་རིག་པའི་ངང་དུ་རྫོགས། །དེ་ལ་གསོལ་བ་འདེབས་ཀྱང་མ་དགོས་སོ། །ངག་བཟླས་བརྗོད་དང་བྲལ་བའི་རྣལ་འབྱོར་བདེ། །དངོས་གྲུབ་རྣམ་གཉིས་སྟེར་བའི་ཡི་དམ་ལྷ། །ལྷ་བསྒྲུབ་མེད་འོད་གསལ་ངང་དུ་རྫོགས། །དེ་ལ་བསྐྱེད་རིམ་སྒོམ་ཡང་མ་དགོས་སོ། །རང་ལུས་ལྷ་སྐུར་ཤར་བའི་རྣལ་འབྱོར་བདེ། །རྐྱེན་ངན་བར་ཆོད་སེལ་བའི་མཁའ་འགྲོའི་ཚོགས། །རང་བཞིན་གཉུག་མའི་ངང་དུ་རྫོགས། །དེ་ལ་གཏོར་མ་གཏོང་ཡང་མ་དགོས་སོ། །ཚོགས་དྲུག་ལྷུག་པར་འཇོག་པའི་རྣལ་འབྱོར་བདེ། །རྣམ་རྟོག་བགེགས་ཀྱི་འགོང་པོ་འདི། །འདྲེར་སྣང་ཆོས་ཉིད་ཀྱི་ངང་དུ་རྫོགས། །དེ་ལ་ཛ་བརྡུངས་བྱ་ཡང་མ་དགོས་སོ། །རྣམ་རྟོག་ཆོས་སྐུར་ཤར་བའི་རྣལ་འབྱོར་བདེ། །ཐ་སྙད་ཚིག་གི་ལུང་རིགས་ཀུན། །ཉམས་མྱོང་འོད་གསལ་གྱི་ངང་དུ་རྫོགས། །དེ་ལ་སློབ་གཉེར་བྱ་ཡང་མ་དགོས་སོ། །སྣང་བ་དཔེ་ཆར་ཤར་བའི་རྣལ་འབྱོར་བདེའོ། །ཞེས་གསུངས་པས། དགེ་བཤེས་གཡག་རུ་ཐང་པ་ན་རེ། རྣལ་འབྱོར་པ་ཁྱེད་རང་གི་ཐུགས་དམ་དག་ངོ་མཚར་ཆེ་སྟེ། སངས་རྒྱས་ཀྱི་བསྟན་པའི་དམིགས་རྐྱེན་དུ་ཐོག་མར་སློབ་གཉེར་རེ་ཡང་བྱས། ན་བཟའ་སེར་མོ་རེ་བཞེས་ནས་སྤྱོད་པ་རྣམས་ཀྱང་ལེགས་སུ་བཅུག་ན་དགའ་བ་འདུག་ཟེར་བ་ལ། རྗེ་བཙུན་གྱི་ཞལ་ནས། དེ་དག་ཁྱེད་རང་གི་ཆོས་ལུགས་ཡིན་པས་ཁྱེད་རང་རྣམས་གྱིས། ང་མི་ལ་རས་པའི་ཆོས་ལུགས་ལ། རང་ལ་རང་གིས་མ་ཁྲེལ་བ་ཞིག་གིས་ཆོག་པ་ཡིན། ངས་བལྟས་ཚེ་ཁྱེད་ཀྱི་ཆོས་ལུགས་དེ་འདི་འདྲ་ཞིག་འོང་གི་འདུག །ཨེ་བདེན་ལྟོས་ཤིག་གསུངས་ནས་མགུར་འདི་གསུངས་སོ། །ལྷ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །བླ་མས་ཐུགས་རྗེས་གཟུང་དུ་གསོལ། །ཁྱོད་དགེ་བའི་བཤེས་གཉེན་ཆོས་བརྒྱད་མཁན། །ནང་རང་རྒྱུད་སེམས་ཉིད་མ་ཐུལ་བའི། །ཕྱི་སེམས་ཅན་དམུ་རྒོད་ག་ལ་ཐུལ། །གདུགས་དཀར་རྨ་བྱའི་ལྡིང་ཁང་རྣམས། །མི་རྟག་བར་སྣང་གི་གློག་དང་འདྲ། །དེ་ཨེ་འདྲ་དགེ་བའི་བཤེས་རང་སོམས། །གྲོང་ལྟག་དགོན་པའི་ཇ་ཐབ་དེ། །མགོ་གཡོགས་ཕུང་གཞིའི་གཡབ་མོ་འདྲ། །དེ་ཨེ་འདྲ་དགེ་བའི་བཤེས་རང་སོམས། །མགོ་ནག་མི་ཡི་འདུ་འཛི་དེ། །སྡང་བ་དགྲ་བོའི་སྐོར་རྒྱུགས་འདྲ། །དེ་ཨེ་འདྲ་དགེ་བའི་བཤེས་རང་སོམས། །རྟ་ནོར་ལུག་གསུམ་འཚོ་སྐྱོང་དེ། །རྩྭ་ཐོག་ཟིལ་པའི་རླུང་དམར་འདྲ། །དེ་ཨེ་འདྲ་དགེ་བའི་བཤེས་རང་སོམས། །སྒྱུ་ལུས་ཉོན་མོངས་ཕུང་པོ་འདི། །མི་རོ་གསེར་ཆུས་བྱུགས་པ་འདྲ། །དེ་ཨེ་འདྲ་དགེ་བའི་བཤེས་རང་སོམས། །མ་ཇོ་སྒོམ་མའི་ཚོགས་དཔོན་འདི། །ཡ་རབས་ཟད་པའི་མ་རབས་འདྲ། །དེ་ཨེ་འདྲ་དགེ་བའི་བཤེས་རང་སོམས། །ཁ་ཟ་འདོད་ཚོགས་ཀྱི་འཁོར་ལོ་དེ། །ཁྲལ་འུ་ལག་སྡུད་པའི་ཧོར་འདྲ་འདྲ། །དེ་ཨེ་འདྲ་དགེ་བའི་བཤེས་རང་སོམས། །མོ་བོན་རྩིས་གསུམ་གྲོང་ཆོག་འདི། །ཧབ་རྫིས་ཐེབས་པའི་ཁྲམ་པ་འདྲ། །དེ་ཨེ་འདྲ་དགེ་བའི་བཤེས་རང་སོམས། །ཉ་མ་མགོ་སྐོར་གླུ་ཆུང་འདི། །འདོད་ངན་བྱི་ལའི་གསུང་ངག་འདྲ། །དེ་ཨེ་འདྲ་དགེ་བའི་བཤེས་རང་སོམས། །ཕ་ཡུལ་ཞིང་ཁང་བདག་པོ་དེ། །བྱིས་པ་འཇའ་ལ་ལྟ་བ་འདྲ། །དེ་ཨེ་འདྲ་དགེ་བའི་བཤེས་རང་སོམས། །ཁྲམ་པ་འདུས་པའི་བུ་སློབ་དེ། །དཔོན་པོ་མང་པོའི་གཡོག་པོ་འདྲ། །དེ་ཨེ་འདྲ་དགེ་བའི་བཤེས་རང་སོམས། །དོན་འཛིན་པ་མེད་པའི་ཆོས་བཤད་དེ། །རྫུན་མས་མགོ་བསྐོར་བྱེད་པ་འདྲ། །དེ་ཨེ་འདྲ་དགེ་བའི་བཤེས་རང་སོམས། །ལར་སོ་ནམ་རང་དོན་མ་གྲུབ་པའི། །གཞན་དོན་བསྒྲུབ་པ་དཀའ་མོ་ཡིན། །ཞེས་གསུངས་པས། དགེ་བཤེས་གཡག་རུ་ཐང་པ་རྗེ་བཙུན་ལ་མོས་པ་དཔག་ཏུ་མེད་པ་སྐྱེས་སྟན་ལས་ལངས་ཏེ། རྗེ་བཙུན་ལ་ཕྱག་བཙལ། མཆི་མ་བཏང་། ཁྱེད་མད་གསུང་ཞིང་ཆོས་འབྲེལ་ཞུས་པ་ལས། ཁོང་གི་གྲྭ་པའི་ནང་ནས་སེ་བན་སྟོན་ཆུང་བྱ་བ་ཞིག་རྗེ་བཙུན་གྱི་ཕྱི་བཞིན་འབྲངས་པ་ལས། དབང་དང་གདམས་པ་གནང་སྟེ་བསྒོམས་པས་ཉམས་རྟོགས་མཐར་ཕྱིན་ཏེ། ཐུགས་ཀྱི་སྲས་མདོ་བཀྲའི་སེ་བན་རས་པ་ཞེས་བྱ་བ་དེ་བྱུང་ངོ་། །གཙང་གཡས་རུ་བྱང་གི་སྒར་ཁ་ཆེའི་མགྲོན་ཁང་དུ་སེ་བན་རས་པ་དང་མཇལ་བའི་སྐོར་རོ།། །།

༈ ན་མོ་གུ་རུ། རྗེ་བཙུན་མི་ལ་རས་པ་དེ་ཉིད་ལ་སྟོད་རྒྱལ་གྱི་ཤྲཱི་ལ་ཐུགས་དམ་ལ་བཞུགས་པའི་དུས་ནམ་ཞིག་གི་ཚེ། ཇག་པ་དཔོན་གཡོག་འགའ་བྱུང་བ་དེ་རྣམས་རྗེ་བཙུན་ལ་ཕྱག་རྫས་དང་། མཐུན་རྐྱེན་ཅི་ཡང་མེད་པ་ལ། དམ་པའི་ཆོས་མཛད་ཚུལ་མཐོང་ནས་དད་པ་སྐྱེས་ཏེ། བླ་མ་ལགས། གནས་ཆུ་ངན་ལ་མཐུན་རྐྱེན་དཀོན་པ་འདི་འདྲར་བཞུགས་ནས་ཅི་མཛད། ངེད་ཀྱི་ཡུལ་དུ་ཕེབས་པར་ཞུ་ཞབས་ཏོག་འབུལ་ཟེར་བ་ལ། རྗེ་བཙུན་གྱིས་གནས་འདི་མཐུན་རྐྱེན་དཀོན་ཞིང་ཆུ་ངན་རུང་དེ་ཀས་ང་ལ་དགོས་པའི་བསམ་གཏན་འཕེལ་བ་ཡིན་པས། ཁྱེད་ཀྱི་ཡུལ་དུ་མཐུན་རྐྱེན་འཛོམ་རུང་ང་མི་འགྲོ། དེ་བས་ཁྱེད་རང་རྣམས་ཀྱང་སྐལ་བ་དང་ལས་འཕྲོ་ཡོད་ན། རྒྱལ་གྱི་ཤྲཱི་ལ་བསྒོམ་དུ་ཤོག་གསུངས་ནས་མགུར་འདི་གསུངས་སོ། །གནས་ངོ་མཚར་ཅན་རྒྱལ་གྱི་ཤྲཱི་འདི། །ས་སྐོར་ཐག་རིང་སྟེ་ལམ་བགྲོད་ཐག་ཉེ་བའི་གནས། །སྐལ་ལྡན་དད་པ་ཅན་ཡོད་ན་རྒྱལ་གྱི་ཤྲཱི་ལ་བྱོན། །ཚེ་འདི་བློས་བཏང་ཡོད་ན་རྒྱལ་གྱི་ཤྲཱི་ལ་བྱོན། །གནས་ངོ་མཚར་ཅན་རྒྱལ་གྱི་ཤྲཱི་འདི། །གནས་ཆུ་ཐག་རིང་ཡང་ཉམས་རྟོགས་སྒྲུབ་ཐག་ཉེ། །སྐལ་ལྡན་ལས་འཕྲོ་ཅན་ཡོད་ན་ལ་སྟོད་རྒྱལ་གྱི་ཤྲཱི་ལ་བྱོན། །ཚེ་འདི་བློས་བཏང་ཡོད་ན་རྒྱལ་གྱི་ཤྲཱི་ལ་བྱོན། །གནས་ངོ་མཚར་ཅན་རྒྱལ་གྱི་ཤྲཱི་འདི། །ཆུ་མེ་ཤིང་དཀོན་ཡང་མཁའ་འགྲོ་འདུ་འཚོགས་མང་། །སྐལ་ལྡན་ལས་འཕྲོ་ཅན་ཡོད་ན་རྒྱལ་གྱི་ཤྲཱི་ལ་བྱོན། །ཚེ་འདི་བློས་བཏང་ཡོད་ན་རྒྱལ་གྱི་ཤྲཱི་ལ་བྱོན། །གནས་ངོ་མཚར་ཅན་རྒྱལ་གྱི་ཤྲཱི་ལ། །ཡི་དམ་བྱིན་རླབས་ཅན་བདེ་མཆོག་འཁོར་ལོ་བཞུགས། །དེ་དངོས་གྲུབ་སྟེར་བའི་ཡི་དམ་ལྷ་ཡིན། །སྐལ་ལྡན་ལས་འཕྲོ་ཅན་ཡོད་ན་རྒྱལ་གྱི་ཤྲཱི་ལ་བྱོན། །ཚེ་འདི་བློས་བཏང་ཡོད་ན་རྒྱལ་གྱི་ཤྲཱི་ལ་བྱོན། །གནས་ངོ་མཚར་ཅན་རྒྱལ་གྱི་ཤྲཱི་ན། །ཆོས་སྐྱོང་ངོ་མཚར་ཅན་མ་མགོན་ལྕམ་དྲལ་བཞུགས། །དེ་བར་ཆོད་སེལ་བའི་ཆོས་སྐྱོང་ཡིན། །སྐལ་ལྡན་དད་པ་ཅན་ཡོད་ན་རྒྱལ་གྱི་ཤྲཱི་ལ་བྱོན། །ཚེ་འདི་བློས་བཏང་ཡོད་ན་རྒྱལ་གྱི་ཤྲཱི་ལ་བྱོན། །ཞེས་གསུངས་པས། ཇག་དཔོན་དེ་ཤིན་ཏུ་དད་པར་གྱུར་ནས། ཕྱག་བཙལ་ཞབས་སྤྱི་བོར་བླངས་ནས། ཕྱིས་མྱུར་དུ་མཇལ་དུ་འོང་ཟེར་སོང་བ་ལ། ཁོས་ཕྱིས་གཡུ་རྡོག་ཆེན་པོ་གཅིག་ཕུལ་བ་དྲག་གམ་སྙམ་ཐེ་ཚོམ་ལོག་གེ་བ་ལ་ཁྱེར། གཞན་འབུལ་བ་མཚོན་པ་ཞིག་ཁྱེར་ནས་མཇལ་དུ་ཕྱིན་ཏེ། འབུལ་བ་ཆུང་བ་དེ་སྔོན་ལ་ཕུལ་བས། རྗེ་བཙུན་ཞལ་འཛུམ་མཛད་ནས། ང་ལ་བསྔོས་པའི་གཡུ་དེ་ཕུལ། ཐེ་ཚོམ་མི་དགོས། ང་ལ་གཡུའི་དགོས་པ་མེད་དེ། ཁྱོད་རང་ཚོགས་རྫོགས་པ་ཡིན་གསུངས་པས། ཁོ་མངོན་མཁྱེན་ཐོགས་རྡུགས་མེད་པ་མངའ་བ་འདུག་སྙམ་གཡུ་ཕུལ་བས་རེ་ཞིག་བཞེས་ཏེ། ཡང་ཁོ་རང་ལ་ཁྱོད་རང་གི་སྒྲུབ་རྒྱགས་གྱིས་ཤིག་གསུངས་ནས་གཡུ་ཁོ་རང་ལ་གནང་བས། ནོར་ལ་ཞེན་པ་མི་འདུག་སྙམ་མི་ཕྱེད་པའི་དད་པ་ཐོབ་སྟེ། ཕྱག་ཕྱིར་འབྲངས་པ་ལ་དབང་དང་གདམས་པ་གནང་ནས་བསྒོམས་པས། ཉམས་རྟོགས་མཐར་ཕྱིན་པ་འབྲི་སྒོམ་གླིང་ཁ་བ་ཞེས་བྱ་བའི་ཐུགས་སྲས་དེ་བྱུང་བ་ཡིན་ནོ། །རྒྱལ་གྱི་ཤྲཱིར་འབྲི་སྒོམ་རས་པ་དང་མཇལ་བའི་སྐོར་རོ།། །།

༈ ན་མོ་གུ་རུ། རྣལ་འབྱོར་དབང་ཕྱུག་རྗེ་བཙུན་མི་ལ་རས་པ་དེ་ཉིད། དབྱར་ཤྲཱི་རིའི་ལྷོ་ཕྱོགས་སུ་བསྒོམས་ནས་སྟོན་བཙས་མ་རན་ཙ་ན། ཕྱིས་རོ་སྙོམས་ཟས་ཀྱི་ལྡོམ་བུ་ལ་བྱོན་ནས། ལྐོག་ཐང་སྟོད་དུ་གཟིམས་པའི་མནལ་ལམ་དུ། བུད་མེད་སྔོ་བསངས་མ་སྨིན་མ་དང་སྨ་ར་སེར་ཁྱུག་གེ་བ་ཡོད་པ་ཞིག་གིས་ཁྱེའུ་ཆུང་གཞོན་ནུ་ལོ་ཉི་ཤུ་ཙམ་ལོན་པ་ཞིག་ཁྲིད་ནས། མི་ལ་རས་པ་ཁྱོད་ལ་སྙིང་ཚལ་པ་བརྒྱད་ཡོད་པ་ལས་གཅིག་འདིའི་དབང་བ་ཡིན་པས་འདི་ལ་བྱིན་ཅིག་ཟེར་ནས་མི་སྣང་བར་སོང་བ་རྨིས་སྐད། དེར་རྗེ་བཙུན་མནལ་སད་པ་དང་ཐུགས་དགོངས་བཏང་བས། ཡོངས་བུད་མེད་དེ་མཁའ་འགྲོ་མ་ཡིན་པར་འདུག །ང་ལ་ལས་ཅན་གྱི་སློབ་མ་གང་ཟག་མཐར་ཐོན་པ་སྙིང་དང་འདྲ་བ་བརྒྱད་འོང་བ་ལས། དེ་རིང་གི་ཉི་མ་ལ་ལས་སད་པའི་གང་ཟག་གཅིག་དང་ཕྲད་དེ་འོང་བས། དེ་ལ་ངེས་པར་ཕན་གདགས་དགོས་དགོངས་ནས། ལམ་བོང་ཤོད་ངོས་ན་ཡར་ལ་བྱོན་ཏེ། ཆུ་མིག་དངུལ་འབུམ་ཀྱི་ཐད་ཀར་ཅུང་ཞིག་གཟིམས་ནས་བཞུགས་པ་ལས། ཁྱེའུ་ཆུང་གཞོན་ནུ་རྟ་འོལ་བ་ཞོན་པ་ཞིག་བྱུང་ནས། རྣལ་འབྱོར་པ་ཁྱོད་དེར་ཉལ་ནས་ཅི་བྱེད་ཟེར་སྐད། དེར་རྗེ་བཙུན་གྱིས་ཡོན་བདག་ཁྱེད་གང་དུ་འགྲོ་གསུངས་པས། ཁོ་ན་རེ་ཆུ་ཕ་གར་ཐོན་ནས་དིང་རི་ཁོག་སྣར་འགྲོ་ཟེར། འོ་ན་རྣལ་འབྱོར་པ་རྒད་པོ་ཆུ་ལ་མ་ཐར་བ་ཡིན་པས། ཡོན་བདག་གི་རྟ་རྒྱབ་ཏུ་བསྐྱོན་དགོས་གསུངས་པས། ཁོ་ན་རེ་ང་ཤར་ཕྱོགས་སུ་ལྟད་མོ་ལ་སྙེགས་པས་རིངས་པར་ཡོད། ཁྱོད་བསྐྱོན་ན་ངའི་རྟ་སྣད་འགྲོ་ཟེར་ནས་རྗེ་བཙུན་ལ་སྡེབ་ཏུ་ཡང་མ་འདོད་པར་སྔོན་ལ་སོང་སྐད། དེར་རྗེ་བཙུན་གྱིས་མོས་གུས་བླ་མའི་རྣལ་འབྱོར་གྱི་ངང་ལ་རླུང་བཟུང་ནས་བྱོན་པས། ཆུ་ལ་མ་བྱིང་བར་ཆུའི་ཁ་ནས་ཕར་ལ་ཡམ་མེ་གཤེགས་སྐད། ཡང་ཕྱི་མིག་གཅིག་གཟིགས་པས་ཁོ་ད་ཅི་སྔོན་ལ་སོང་བ་དེ་གཟོད་ཆུའི་དཀྱིལ་ན་རྦ་སྐྱ་ཐལ་ཐལ་འོང་ཞིང་གདའ་སྐད། ཁོས་བལྟས་པས་ཀྱང་རྗེ་བཙུན་ཆུ་ལ་མི་བྱིང་བར་སྔོན་ལ་གཤེགས་པ་མཐོང་བ་ལ། ད་དུང་ཡིད་མ་ཆེས་ནས་ང་མིག་འཁྲུལ་བ་ཡིན་ནམ། ཁོང་སྙིང་ནས་ཆུ་ལ་མི་བྱིང་བ་ཡིན་སྙམ་ནས་ཆུ་ཕ་གར་ཕྱིན་པ་དང་། བླ་མ་དེར་བཞུགས་དང་བྱས་ནས་དྲུང་དུ་ཕྱིན་ཏེ་ཞབས་ལ་བལྟས་པས་ཞབས་མཐིལ་ལ་ཆུ་རེག་པ་ཙམ་ལས་མི་གདའ་སྐད། དེར་ཁོ་དད་པ་དུང་བ་ཞིག་སྐྱེས་ཏེ། བླ་མ་གྲུབ་ཐོབ་ཏུ་འདུག་པ་ལ་ངས་ངོ་མ་ཤེས་པར་ད་ཅི་རྟ་ལ་མ་བསྐྱོན་པ་བཟོད་པར་བཞེས་འཚལ་ཟེར་ནས་གཟོད་རྟ་ལས་བབས་ཏེ་རྗེ་བཙུན་ལ་ཕྱག་མང་པོ་བཙལ་ཞབས་སྤྱི་བོར་བླངས། མོས་གུས་དྲག་པོ་སྐྱེས་ནས་བླ་མ་ལ་ཞུས་པ། བླ་མ་ཁྱེད་ཡུལ་ཕྱོགས་ནི་གང་ལགས། སློབ་གཉེར་ནི་གང་དུ་བགྱིས། བླ་མ་ནི་ཇི་སྐད་བྱ་བ་ལགས། དགོན་པ་ནི་གང་ན་བདོག །ཐུགས་ཉམས་སུ་ཇི་ལྟ་བུ་བཞེས། ད་ནང་ནི་གང་ནས་བྱོན། དོ་ནུབ་ནི་གང་དུ་གཤེགས་ཟེར་ནས། རྒྱུ་མཚན་ལོ་རྒྱུས་ཞིབ་ཏུ་འདྲིར་བྱུང་བ་ལ། རྗེ་བཙུན་གྱིས་ཁོའི་ཞུས་ལན་མགུར་དུ་གསུངས་པ། འོ་ན་ཁྱེའུ་ཆུང་བཞིན་ལེགས་པོ། །ཁྱོད་རྟོགས་འདོད་ཅན་དེ་ཚུར་ཉོན་དང་། །མི་ང་ངོ་ཁྱོད་ཀྱིས་ཤེས་མ་ཤེས། །མི་ང་ངོ་ཁྱོད་ཀྱིས་མ་ཤེས་ན། །མི་ང་རང་མི་ལ་རས་པ་ཡིན། །ལྟེ་བ་གུང་ཐང་སྨད་དུ་བཅད། །སློབ་གཉེར་དབུས་གཙང་མཐིལ་དུ་བགྱིས། །ཕ་དགྱེས་སྟོན་རྔོག་མིས་དབུ་མཛད་ནས། །རོང་སྟོན་ལྷ་དགའ་ཡན་ཆད་དུ། །ལར་དྲིན་ཅན་གྱི་བླ་མ་བཅུ་ཙམ་བཞུགས། །ཆོས་ནི་རྒྱུད་སྡེ་སྔ་འགྱུར་ཞུས། །ཁོང་ལྟ་དགོངས་ཀྱི་ཆོས་ལ་མཁྱེན་པ་མཐོ། །ཁྱད་པར་ལྷ་རྗེ་གནུབས་ཆུང་ལ། །དྲག་སྔགས་གཟའ་གདོང་དམར་ནག་ཞུས། །ཁོང་སྒྲུབ་འཕྲིན་གྱི་ཕྱག་བཞེས་མཁས་ན་ཡང་། །མི་ཁོ་བོའི་སྒྲོ་འདོགས་ཅུང་མ་ཆོད། །རྗེ་ནཱ་རོ་དང་མཻ་ཏྲིས་བྱིན་བརླབས་པ། །སེམས་ཆོས་ཉིད་མ་དང་ངོ་སྤྲོད་ཅིང་། །ལུས་རྟེན་འབྲེལ་གནད་དུ་བསྣུན་པ་ཞིག །ལྷོ་ཆུས་ཁྱེར་གྱི་གནས་ན་བཞུགས་སོ་སྐད། །ཕ་ལོ་ཙྪའི་སྙན་པ་རྒྱང་ནས་ཁུམས། །མཚན་ཐོས་པ་ཙམ་གྱིས་བ་སྤུ་གཡོས། །ལམ་དཀའ་བ་སྤྱད་དེ་སྤྱན་སྔར་ཕྱིན། །ཞལ་མཐོང་བའི་མོད་ལ་སྣང་བ་འགྱུར། །ཁོང་ཚེ་རབས་ཀྱི་བླ་མ་ཡིན་པར་ངེས། །རྗེ་འགྲན་གྱི་དོ་མེད་ལྷོ་བྲག་པ། །བཀའ་དྲིན་ཅན་གྱི་རྗེ་བཙུན་ལ། །ནོར་ཟང་ཟིང་གི་འབུལ་བ་བདག་ལ་མེད། །ལུས་ངག་གི་ཞབས་ཏོག་རྡུལ་དུ་བརླགས། །རྒྱུད་ཟབ་མོ་དགྱེས་པ་རྡོ་རྗེ་ཐོས། །ཁྱད་པར་ནཱ་རོའི་ཐབས་ལམ་ཞུས། །བྱིན་རླབས་ཅན་གྱི་བདེ་མཆོག་ལ། །སྨིན་ལམ་དབང་བཞི་རྫོགས་པར་ཐོབ། །ཆོས་ཕྱག་རྒྱ་ཆེ་ལ་ངོ་སྤྲོད་བགྱིས། །དོན་གཉུག་མ་སེམས་ཀྱི་ངོ་བོ་མཐོང་། །གཞི་ཆོས་ཉིད་སྤྲོས་དང་བྲལ་བར་རྟོགས། །སྤྱིར་སྙན་རྒྱུད་ཀྱི་ཆུ་བོ་རྣམ་བཞི་ལ། །གདམས་ངག་ཆེ་དགུ་སྤུས་བཏུས་ནས། །གནད་ཟབ་དགུ་བཅུད་ཀྱི་ཡང་སྙིང་ཕྱུང་། །སྒོམ་ནི་རྩ་རླུང་ཐིག་ལེ་བསྒོམས། །དོན་རླུང་སེམས་གཉིས་ལ་རང་དབང་ཐོབ། །ང་དེ་ཕྱིར་ནམ་མཁའི་རྣལ་འབྱོར་པ། །ནང་འདུ་བ་རྣམ་བཞི་ཡོངས་སུ་འདྲེས། །ཕྱི་འབྱུང་བ་ཆུ་ལ་ཉམ་ང་མེད། །མི་ཁྱོད་ལ་ཉམས་སད་བྱས་པ་ཙམ། །དགོན་པ་རྒྱལ་གྱི་ཤྲཱི་ཡིན། །གདུགས་ད་ནང་ལྐོག་ཐང་སྟོད་ནས་ཡོང་། །དགུང་དོ་ནུབ་གར་འགྲོ་ངེས་པ་མེད། །ང་རྣལ་འབྱོར་གྱི་བྱུང་ཚུལ་དེ་ལྟར་གདའ། །བུ་ཁྱེའུ་ཆུང་སྐྱིད་དོ་ཅི་བདེར་གཤེགས། །ཞེས་རྗེ་བཙུན་གྱིས་དེ་སྐད་གསུངས་པས། ཁོ་དད་པ་ལྷག་པར་སྐྱེས་མཆི་མ་ལྷུག་པར་ཤོར་ཏེ། རྟ་འོལ་བའི་མཐུར་མདའ་རྗེ་བཙུན་གྱི་ཕྱག་ཏུ་ཕུལ་ནས་ཞུ་དོན་གླུར་ཕུལ་བ། ཡོངས་སྔར་མ་མཐོང་བའི་གྲུབ་ཐོབ་གཅིག །མི་ལས་འདས་པའི་སྐྱེས་བུ་ཞིག །ཞལ་མཇལ་བར་དཀའ་བའི་སངས་རྒྱས་ཤིག །གསུང་ཐོས་པར་དཀའ་བའི་སྤྲུལ་སྐུ་ཞིག །མཚན་ཡང་དེའུ་ཐོས་དེའུ་མ་ཐོས། །ངོ་ཡང་དེའུ་ཤེས་དེའུ་མ་ཤེས། །ཕྱག་ཀྱང་དེའུ་བཙལ་དེའུ་མ་བཙལ། །སྙུན་ཡང་དེའུ་དྲིས་དེའུ་མ་དྲིས། །ལར་དྲི་བོ་འགྱོད་ཀྱང་རེ་འགྱོད་ན། །རྗེ་ཐུགས་ཀྱིས་ཁྲེལ་ཏེ་བཟོད་པར་བཞེས། །རྟ་འོལ་བ་རླུང་གི་གཤོག་པ་ཅན། །མགུལ་དོམ་གཡེར་ཁས་གཟེངས་བསྟོད་དེ། །ཆོ་རིས་ཅན་གྱི་གཡང་ཤུན་ལ། །དྲོ་ལ་འཇམ་པའི་རྩིད་སྟན་དང་། །བཙུན་པོ་བེ་དཀར་གྱི་སྒ་ཁྲ་བསྟད། །མདོ་མངས་ལྕགས་ཀྱིས་གློ་ནན་བགྱིས། །གོང་རྨེད་འབྲེང་དམར་ཕོ་ལོང་མདུད། །གྲོ་ཚེམས་འཕྲུལ་གྱི་སྲབ་མགོ་ལ། །སྟག་གཟར་འཛུམ་གྱི་སྨིན་ཁྱུག་ཅན། །འབུར་མེ་ལོང་སྐར་ཆེན་ཤར་བ་འདྲ། །སྲབ་སྐྱོགས་བློན་པོས་ཁ་བསྒྱུར་ཏེ། །སྦ་ལྕག་དཀར་པོའི་བཀའ་ནན་ཕབ། །ཁོང་རྩད་པོ་ཕ་ཤིང་བྱེད་པའི་ཚེ། །གྱེར་ལིང་གི་མགྱོགས་དར་བཙུགས་ཙ་ན། །དཀྱུས་དར་ཐོག་ཆོད་ཀྱི་རྟ་ཕོ་ལགས། །ངེད་འཇིག་རྟེན་པ་ཡི་ཆེ་རྟགས་ཡིན། །ཕ་རྗེ་བཙུན་གྱི་ཆིབས་སུ་འབུལ་ལགས་ཀྱིས། །བདག་དྲི་བོ་དམྱལ་བར་མི་གཏོང་འཚལ། །ཞེས་དེ་སྐད་ཞུས་ཏེ་རྟ་ཕུལ་བ་ལས། རྗེ་བཙུན་གྱིས་མ་བཞེས་ཏེ། ཁྱོད་ཀྱི་དེ་བས་ལྷག་པའི་རྟ་ང་རང་ལ་ཡོད་ཅེས་ཁོའི་ཞུས་ལན་མགུར་དུ་གསུངས་པ། བུ་ཡོན་བདག་ལན་གཅིག་ཚུར་ཉོན་དང་། །ང་རྣམ་ཤེས་རླུང་གི་རྟ་ཕོ་ལ། །མཉམ་བཞག་ངར་གྱིས་གཟེངས་བསྟོད་དེ། །རྗེས་ཐོབ་སྒྱུ་མའི་གཡང་ཤུན་དང་། །རང་རིག་གསལ་བའི་སྒ་ཁྲ་བསྟད། །གཟེར་དམིགས་པ་གསུམ་གྱི་བློ་ཡིས་མནན། །སྒོ་གཉིས་མན་ངག་གི་གོང་རྨེད་བཅུག །སྲོག་རྩོལ་རླུང་གི་སྲབ་མགོ་ལ། །དུས་སྣ་རྩེ་གསུམ་གྱི་སྨིན་ཁྱུག་ཅན། །ནང་ཞི་བ་རྦ་རླབས་ཀྱི་འབུར་མགོ་བཏབ། །འཁྲུལ་འཁོར་ལུས་ཀྱི་ཁ་བསྒྱུར་ཏེ། །ཉམས་ཆུ་བོ་རྒྱུན་གྱི་ལྕག་གིས་བྲབས། །རྩ་དབུ་མའི་ཐང་ལ་དཀྱུས་ཐོག་ཆོད། །དེ་རྣལ་འབྱོར་ང་ཡི་འོག་རྟ་ལགས། །བྲོས་ན་འཁོར་བའི་འདམ་ལས་ཐར། །བསྙེགས་ན་བྱང་ཆུབ་ཀྱི་སྐམ་སར་སླེབ། །མི་ཁྱོད་ཀྱི་འོལ་བ་ང་མི་འདོད། །དེ་བས་ཁྱེའུ་ཆུང་རང་འགྲོ་ས་སྙོགས། །ཞེས་རྗེ་བཙུན་གྱིས་དེ་སྐད་གསུངས་པ་དང་། ཡང་ཁོའི་བསམ་པ་ལ་རྟ་མི་བཞེས་ན་ཡང་ཞབས་རྗེན་པར་གདའ་བས། ལྷམ་འདི་མཁོ་སྟེ་འོང་སྙམ་ནས། རྒྱ་ལྷམ་འབུར་མ་ཞིག་ཡོད་པ་དེ་ཕུད་ནས་ཞུ་དོན་གླུར་ཕུལ་བ། རྗེ་གྲུབ་ཐོབ་ཀྱི་རྣལ་འབྱོར་རིན་པོ་ཆེ། །ཁྱེད་ཡུལ་ལ་ཞེན་པ་མ་མཆིས་པས། །རྒྱལ་ཁམས་ཕྱོགས་མེད་འགྲིམ་པ་ལ། །མཚོན་ཁ་ན་ཐོགས་པ་ཞེ་སྡང་ཁྱི། །གཅོང་རོང་ཚེར་མ་ཞབས་ལ་གཟན། །ཞབས་རྗེན་པར་གཤེགས་པ་འོ་བརྒྱལ་བས། །རྒྱ་ལྷམ་སྔོ་ཡི་ཉེ་བྲན་ཅན། །རིན་ཐང་ཅན་གྱི་ཟབ་སྐུད་ཀྱིས། །སྤྱན་སྔར་མཛེས་པའི་སྐུད་རིས་དང་། །ར་གན་འབུར་གྱིས་གཟེར་མགོ་བཏབ། །རྒྱུ་ཁ་ཤ་སྟོད་ཀྱི་གུང་ཐོན་དང་། །ཁོ་མ་འབྲོང་གི་སྨད་ཀོ་གཉིས། །བཟོ་བོ་མཁས་ཀྱིས་མཚམས་སྦྱར་ཏེ། །འཕྲུལ་སེན་ཐབས་ཅན་གྱི་ལྷམ་སྒྲོག་ལ། །སྐད་སེང་མགོ་དང་ཆུ་སྲིན་འཕར་མ་བསྣོལ། །འདི་ཁྱེའུ་ཆུང་ང་ཡི་ཕོ་ཆས་ཡིན། །རྗེ་བཙུན་གྱི་ཞབས་ལ་འདི་གསོལ་ལ། །མི་བདག་ལ་ཐུགས་རྗེས་གཟུང་དུ་གསོལ། །ཞེས་ཞུ་དོན་དེ་ལྟར་ཕུལ་བ་ལས། རྗེ་བཙུན་གྱིས་མ་བཞེས་ཏེ། ཁྱོད་ཀྱི་དེ་བས་ལྷག་པའི་ལྷམ་ང་རང་ལ་འདི་ལྟ་བུ་ཡོད་ཅེས་ཁོའི་ཞུ་ལན་མགུར་དུ་གསུངས་པ། བུ་ཁྱེའུ་ཆུང་ཉོན་དང་དད་པ་ཅན། །སྤྱིར་ཁམས་གསུམ་འཁོར་བའི་ཕ་ཡུལ་འདིར། །གཏི་མུག་གི་མུན་པ་སྨག་རུམ་འཐིབས། །འདོད་ཆགས་ཀྱི་ནེའུ་ཐང་འདམ་རྫབ་ཆེ། །ཕྲག་དོག་གི་གྲམ་ཐང་ཚེར་མ་རྩུབ། །ཞེ་སྡང་གི་ཁྱི་རྒོད་ཟུག་ཅིང་ཟ། །ང་རྒྱལ་གྱི་བྲག་རི་མཐོ་ལ་གཟར། །ང་ཆུ་བོ་བཞི་ལས་ཕྱིར་བརྒལ་ནས། །བདེ་ཆེན་གྱི་ཐང་ལ་འབྲོས་ཀྱང་འཚལ། །རྒྱུ་མི་རྟག་སྒྱུ་མའི་ཁ་ཤ་དང་། །འཁོར་བ་བློ་ལོག་གི་ཀོ་མཐིལ་གཉིས། །ལས་རྒྱུ་འབྲས་ཡིད་ཆེས་ཀྱིས་མཚམས་སྦྱར་ནས། །ཡུལ་འདོད་ཡོན་སྣ་ཚོགས་ཀྱི་སྔོ་བྲན་ལ། །རང་སྣང་ཞེན་མེད་ཀྱི་ཟབ་སྐུད་དང་། །སྒྲུབ་པ་ཉམས་ལེན་གྱི་རག་འབུར་གདབ། །གནད་བཅིངས་པ་གསུམ་གྱིས་ཆབ་མས་མནན། །དེ་རྣལ་འབྱོར་ང་ཡི་རྒྱ་ལྷམ་ཡིན། །མི་ཁྱོད་ཀྱི་འབུར་མ་ང་མི་འདོད། །ཡོན་བདག་རང་འགྲོ་སའི་ཁྱིམ་དུ་བཞུད། །ཅེས་གསུངས་ནས་མ་བཞེས་ཏེ། ཡང་ཁྱེའུ་ཆུང་གིས་ཞུས་པ། རྗེ་བཙུན་ལགས། ལྷམ་མི་བཞེས་ན་ཡང་ན་བཟའ་རས་རྐྱང་པ་ཞིག་ལས་མི་གདའ་བས་བསེར་དུ་མཆི་བས། མལ་གོས་ཀྱི་ཀེའུ་རྩེ་དམར་ལྗང་འདི་ཅིས་ཀྱང་བཞེས་པར་ཞུ་ཞེས་ཞུ་དོན་གླུར་ཕུལ་བ། རྗེ་གྲུབ་ཐོབ་ཀྱི་བླ་མ་རིན་པོ་ཆེ། །ཁྱེད་གནས་ལ་བདག་འཛིན་མ་མཆིས་པས། །གཟའ་གཏད་མེད་པར་འཁྱམས་པ་དེ། །རེས་འགའ་རི་བོའི་རྩེ་ལ་གཤེགས། །རེས་འགའ་གྲོང་ཁྱེར་སྲང་དུ་གཟིམས། །རས་རྐྱང་ཞིག་ན་བཟའ་མེད་དང་འདྲ། །སྐུ་གཅེར་བུར་བཞུགས་པ་བསེར་ཏེ་མཆི། །བདག་ཁྱེའུ་ཆུང་ལུས་ལ་གྱོན་པ་འདི། །རྒྱུ་སྤྲིན་ཆུ་མེནྟྲི་དམར་ལྗང་ལ། །བཟོ་བོ་མཁས་ཀྱིས་དྲས་སུ་བསྡེབས། །ནང་སྤྲིན་དཀར་ཏེའུ་སྣའི་ཁོང་ཚང་ཅན། །ཐོང་ཁ་ཟ་འོག་གཟོང་དྲས་མ། །གོང་སྐོར་གཡི་ཡི་འཕར་ནོན་ཅན། །སྨད་ཆུ་སྲམ་གྱི་ཆ་ག་གདབ། །གུ་ལིང་དར་གྱི་དཔུང་ཁེབས་ཅན། །འདི་གྱོན་ན་ཡང་ལ་དཔའ་བརྗིད་ཆེ། །སྐྱི་སེར་རླུང་ལ་ཉམ་ང་མེད། །སྤྱིར་ཞང་བློན་དྲ་མའི་ན་བཟའ་ལགས། །ཕ་རྗེ་བཙུན་སྐུ་ལ་འདི་གསོལ་ལ། །མི་བདག་ལ་བཀའ་དྲིན་སྐྱབས་པར་ཞུ། །ཞེས་གསོལ་བ་བཏབ་པས། རྗེ་བཙུན་གྱིས་མ་བཞེས་ཏེ། ཁྱོད་ཀྱི་དེ་བས་ལྷག་པའི་ཀེའུ་རྩེ་ང་རང་ལ་ཡོད་ཅེས་ཁོའི་ཞུས་ལན་མགུར་དུ་གསུངས་པ། བུ་ཁྱེའུ་ཆུང་ཉོན་དང་ལྕེ་བདེ་འོ། །སྤྱིར་རིགས་དྲུག་འཁོར་བའི་གྲོང་ཁྱེར་དུ། །ལས་ངན་གྱི་རླུང་གིས་དེད་དེད་ནས། །ང་རང་དབང་མེད་པའི་རྣམ་ཤེས་འཁོར། །སྐྱེ་ཤི་བར་དོའི་ཐང་ལ་འཁྱམས། །རྨི་ལམ་བར་དོའི་རི་རྩེར་ཕྱིན། །སྲིད་པ་བར་དོའི་སྲང་སྒོར་ཉལ། །ང་གཉུག་མའི་གཏན་ཡུལ་བསྙེག་ཀྱང་འཚལ། །རྒྱུ་རྣམ་དག་དཀར་པོའི་སྲིན་ཆུ་ལ། །དམ་ཚིག་སྡོམ་པའི་དར་གྱིས་གཡོགས། །དྲན་པ་ཤེས་བཞིན་གྱི་བཟོ་བོས་དྲུབས། །དབྱིབས་རྣལ་འབྱོར་གསུམ་གྱི་ཐོང་ཁ་ལ། །གནད་བསྲེ་བ་གསུམ་གྱི་འཕར་ནོན་བཏང་། །འདའ་ཁ་འོད་གསལ་གྱི་དཔུང་ཁེབས་ལ། །དག་པ་སྒྱུ་ལུས་ཀྱི་མཚམས་སྦྱར་ནས། །བར་དོ་ངོ་སྤྲོད་ཀྱི་ཆ་ག་བཏབ། །དེ་རྣལ་འབྱོར་ང་ཡི་ཀེའུ་རྩེ་ཡིན། །མི་ཁྱོད་ཀྱི་དམར་ལྗང་ང་མི་འདོད། །བུ་ཡོན་བདག་སྐྱིད་དོ་ཅི་བདེར་བཞུད། །ཅེས་གསུངས་པས། ཡང་ཁྱེའུ་ཆུང་གིས་ཞུས་པ། རྗེ་བཙུན་ལགས། ཀེའུ་རྩེ་མི་བཞེས་ན་ཡང་ན་བཟའ་སྲབ་པར་གདའ་བས། ཀེའུ་རྩེའི་སྟེང་གཡོགས་རེ་ཕྲུག་འདི་ཅིས་ཀྱང་བཞེས་པར་ཞུ་ཞེས་གསོལ་བ་བཏབ་པ། འོ་ན་སྐྱེས་མཆོག་རིན་པོ་ཆེ། །དབྱར་ཟླ་གསུམ་དྲོད་ཀྱི་རྒྱལ་པོ་ཤར། །བྱ་ཁུ་བྱུག་གསུང་སྙན་སྒྲོག་པའི་དུས། །སྐུ་གཅེར་བུར་བཞུགས་ཀྱང་ཅང་མི་བསེར། །དགུན་ཟླ་གསུམ་ས་གཞི་དབུགས་དང་བྲལ། །ན་བཟའ་རས་རྐྱང་དར་བས་སྲབ། །ལོ་གསར་ལྷགས་པ་མདའ་བས་ཚ། །ཕ་རྗེ་བཙུན་འོ་བརྒྱལ་བསེར་ཏེ་མཆི། །དམར་ལྗང་ཀེའུ་རྩེའི་སྟེང་གཡོགས་འདི། །རྒྱུ་ཆོ་རིས་ཅན་གྱི་རེའུ་དཀར་ལ། །མོན་དར་སྨུག་པོའི་ཆ་ག་བཏབ། །ཐོང་ཁ་ཟབ་ཆེན་གྱི་གོང་ནོན་ལ། །མཛེས་དར་ཚོན་སྣ་ལྔའི་སྲུབ་མས་གཏུམས། །གོང་རས་སེན་ཐབས་མདོ་ལོང་རིས། །ཁྱེའུ་ཆུང་ང་ཡི་ཆས་གོས་ཡིན། །རྗེ་རས་པའི་ན་བཟར་འབུལ་ལགས་ཀྱིས། །མི་བདག་ལ་ཐུགས་རྗེས་གཟུང་དུ་གསོལ། །ཞེས་ཞུ་དོན་ཕུལ་བས། རྗེ་བཙུན་གྱིས་མ་བཞེས་ཏེ། ཁྱོད་ཀྱི་དེ་བས་ལྷག་པའི་གོས་ང་རང་ལ་ཡོད་ཅེས་ཁོའི་ཞུས་ལན་མགུར་དུ་གསུངས་པ། ཁྱོད་མ་དྲིན་ཅན་དེ་ཚུར་ཉོན་དང་། །ང་མ་རིག་འཁྲུལ་པས་ཁྲིད་ཁྲིད་ནས། །མ་མཐོང་འཇིགས་པའི་གཡང་སར་ཕྱིན། །ཉོན་མོངས་ཀྱི་རླུང་དམར་ཚ་གྲང་ཆེ། །ལས་ངན་གྱི་རྣམ་སྨིན་ཆར་བཞིན་འབབ། །ང་ཐར་པའི་གྲོང་དུ་འབྲོས་ཀྱང་འཚལ། །རྒྱུ་ཨ་ཤད་གཏུམ་མོའི་རེའུ་དཀར་ལ། །རྩ་འཁོར་ལོ་བཞི་ཡི་ཐོང་ཁ་ཅན། །ནང་རླུང་སེམས་ཁ་སྦྱོར་ཆ་ག་བཏབ། །དྲོད་ཐིག་ལེ་འབར་འཛག་གི་ཟ་འོག་ལ། །ཉམས་བདེ་སྟོང་ཟུང་འཇུག་གི་སྲུབ་མས་གཏུམས། །དེ་ལྷན་ཅིག་སྐྱེས་པ་གཏུམ་མོའི་གོས། །ནང་གཏུམ་མོའི་གོས་ལ་དབྱར་དགུན་མེད། །ཕྱི་ལྟར་ལྷོ་བལ་གྱི་རས་གོས་མཛེས། །རས་གོས་རྐྱང་ཞིག་ཡང་ཞིང་བདེ། །མི་ཁྱོད་ཀྱི་ཆས་གོས་ང་མི་འདོད། །དེ་བས་ཡོན་བདག་རང་ཁྱིམ་དུ་བཞུད། །ཅེས་གསུངས་པས། ཡང་ཁྱེའུ་ཆུང་གིས་ཞུ་དོན་ཕུལ་བ། རྗེ་བཙུན་ལགས། ཁྱེད་ན་བཟའ་མི་བཞེས་ན་ཡང་། ཁ་ནིང་ནས་སྒྲུབ་པ་ཡུན་རིང་མཛད་ནས་གདའ་བས། སྐུ་ཁམས་ཞན་པར་ཡོད་དེ་མཆི། བདག་གི་བྱང་ཐོད་འདི་འབུལ་བས་ཀྲུམས་ཤིག་ཏུ་བསྒྱུར་ལ་སྐུ་ཁམས་གསོ་བར་ཞུ་ཞེས་ཞུ་དོན་གླུ་རུ་ཕུལ་བ། འོ་ན་སྐྱེས་མཆོག་རྣལ་འབྱོར་པ། །ཁྱེད་འཁོར་བའི་ཆོས་ལ་སྐྱོ་བ་སྐྱེས། །ལམ་སྐྱེ་འཆི་གཉིས་ལས་གྲོལ་འདོད་པས། །རྩེ་གཅིག་སྒྲུབ་པ་མཛད་དགོངས་ཏེ། །དཀའ་བ་ཉམས་སུ་བླངས་བླངས་ནས། །སྐུ་འོ་བརྒྱལ་བསེར་མ་སྐྱེས་ཏེ་མཆི། །མི་བདག་གི་མགོ་ལ་གྱོན་པ་འདི། །བྱང་ཐོད་རྒྱ་གར་ཟིལ་པ་ཅན། །ཡ་མཚན་རིན་ཆེན་ལྕགས་དཀར་ལ། །འཕྲུལ་མགར་མཁས་ཀྱི་བཟོ་བསླབས་ཀྱིས། །འབུར་སེན་ཐབས་དང་ཆུ་སྲིན་ཕྱི་མ་ནང་། །ལྡེམ་བྱ་རྒྱལ་རྒོད་ཀྱི་ཕྲུ་དོ་བཙུགས། །བཙུན་པོ་ཤེའུ་ཕྲན་གྱི་མགུལ་ཆིངས་བགྱིས། །འདི་འཇལ་ན་ཆེ་དགའི་གཡག་ཅིག་རི། །སྤྲུལ་སྐུ་ཁྱེད་ལ་འབུལ་ལགས་ཀྱིས། །བཅུད་ཁྲ་བོའི་ཀྲུམས་སུ་བསྒྱུར་མཛོད་ལ། །ཕ་རྗེ་བཙུན་སྐུ་ཁམས་གསོ་བར་ཞུ། །བདག་དབྱར་དགུན་ཕྱག་ཕྱིར་འབྲང་བར་ཞུ། །ཞེས་ཞུས་པས། རྗེ་བཙུན་གྱིས་མ་བཞེས་ཏེ་ཁོའི་ཞུས་ལན་དུ་མགུར་གསུངས་པ། བུ་ཁྱེའུ་ཆུང་ཉོན་དང་མིག་མ་འཕྲུལ། །ང་ནཱ་རོ་པཎ་ཆེན་གྱི་བུ་བརྒྱུད་འདི། །ལམ་རྟེན་འབྲེལ་གྱི་གནད་ལ་མངའ་བརྙེས་ཤིང་། །ཐབས་ཟབ་མོ་གོམས་པ་མཐར་ཕྱིན་པས། །ནང་འབྱུང་བ་རླུང་ལ་ང་མི་འཇིགས། །བཅུད་ཁྲ་བོའི་ཤ་ལ་རག་ལས་མེད། །གྲང་རླུང་ཇི་ལྟར་དགྱེས་དགྱེས་མཛོད། །མི་ང་ཡི་སྤྱི་གཙུག་ཅོད་པན་ན། །རྒྱན་ཉི་ཟླ་ལྟར་གསལ་མཛེས་པ་དེ། །རྗེ་ཡིད་བཞིན་ནོར་བུ་སྤྲུལ་པའི་སྐུ། །མཚན་ཡོངས་སུ་གྲགས་པའི་ལོ་ཙྪ་བ། །ཁོང་དུར་ཁྲོད་རྒྱན་གྱིས་མཛེས་པར་བཞུགས། །ཁྱོད་གུས་པའི་མིག་གིས་བལྟ་ཤེས་ན། །དཔལ་རྡོ་རྗེ་འཆང་དང་ཞལ་ཡང་མཇལ། །ཐུགས་བརྩེ་བས་བུ་བཞིན་སྐྱོང་བར་ངེས། །དེ་སྦས་པ་ནང་གི་དབུ་རྒྱན་ཡིན། །ཕྱི་ལྟར་རྒྱ་གར་གྱི་པཎ་ཞུ་མཛེས། །མི་ཁྱོད་ཀྱི་བྱང་ཐོད་ང་མི་འདོད། །བུ་ཁྱེའུ་ཆུང་སྐྱིད་དོ་འགྲོ་ས་སྙོགས། །ཞེས་གསུངས་པས། ཡང་ཁྱེའུ་ཆུང་གི་བསམ་པ་ལ། རྗེ་བཙུན་འདི་ཙམ་དུ་བཀའ་དོག་ཅིང་མི་གནང་བ་འདི་སྔར་གྱི་འབུལ་བ་དེ་རྣམས་ཆུང་བ་ཡིན་ནམ་སྙམ་ནས་སྐེ་ལ་གཡུ་རྡོག་བཟང་པོ་ཞིག་ཡོད་པ་དེ་བཀྲོལ་ནས་ཞུ་དོན་གླུར་ཕུལ་བ། འོ་ན་སྐྱེས་མཆོག་ངོ་མཚར་ཅན། །ཁྱེད་ཞེན་མེད་ཉམས་སུ་བླངས་བླངས་ནས། །ཅིར་སྣང་སྒྱུ་མར་གཟིགས་པའི་ཕྱིར། །ནོར་ཟང་ཟིང་གི་འདོད་པ་མི་མངའ་ཡང་། །ང་རང་དབང་མེད་པར་དད་པ་སྐྱེས། །ཕ་བསགས་པ་ཅན་གྱི་ཟས་ནོར་ལ། །བུ་གཏོང་ཕོད་ཅན་གྱིས་མ་ཕུལ་ན། །ལྷས་མི་མངོན་དབྱིངས་ནས་ཐུགས་ཀྱིས་ཁྲེལ། །སང་ཕན་ཆད་མི་བློ་འདྲེ་ཡིས་བསྒྱུར། །རྗེ་དེ་ཕྱིར་མི་འདོད་མི་གསུང་འཚལ། །གཡུ་དྲུག་དཀར་མཚར་པོ་འོད་པོ་ཆེ། །ཞུ་ཡས་ཀྱི་སྒྲོན་མེ་དཀར་པོ་འདི། །གླ་འབྲེང་མཉེན་གྱིས་མིག་བརྒྱུས་ཏེ། །ལེ་བརྒན་དམར་པོའི་གདན་ལ་བླངས། །འདི་བཙོངས་ན་འཇིག་རྟེན་དབུལ་དང་བྲལ། །རྗེ་དམ་པའི་མགུལ་དུ་འབུལ་ལགས་ཀྱིས། །བཀའ་དྲིན་ལྷ་ཆོས་གནང་བར་ཞུ། །དེ་སྐད་ཞུས་ཏེ་གཡུ་ཕུལ་བས། ཡང་རྗེ་བཙུན་གྱིས་གཡུ་མ་བཞེས་ཏེ། ཁྱོད་ཀྱི་གཡུ་ང་མི་འདོད། དེ་བས་ལྷག་པའི་ནོར་བུ་རིན་པོ་ཆེ་ང་རང་ལ་ཡོད་ཅེས་ཁོའི་ཞུས་ལན་མགུར་དུ་གསུངས་པ། བུ་ཡོན་བདག་ཉོན་ཅིག་ཕ་དྲིན་ཅན། །སྤྱིར་རྒྱལ་ཁམས་ཡངས་པའི་ས་ཕྱོགས་སུ། །བཤུལ་ཐག་རིང་པོའི་རྣལ་འབྱོར་འཁྱམས། །གྲོང་ཁྱེར་མཐུག་པོའི་སྲང་སྒོ་རུ། །འཚོ་བ་བྱ་ཚོལ་ཁམ་ཟན་སློངས། །ཟས་ཞིམ་མངར་གྱི་ཞེན་པ་ལོག་ནས་གདའ། །ལར་ཟང་ཟིང་གི་ནོར་ལ་ཆོག་ཤེས་མེད། །ནོར་བསོགས་ཤིང་ལུས་པ་མཐོང་ཙ་ན། །ཁྱེད་ཕྱུག་པོའི་ནོར་ལ་སྨོན་རྒྱུ་མེད། །ང་ཆོག་ཤེས་རྒྱལ་པོའི་དཀོར་མཛོད་ན། །སྙན་བརྒྱུད་ཀྱི་ནོར་བུ་རིན་པོ་ཆེ། །ཉམས་སུ་མྱོང་བའི་ཕྲ་བཀོད་དེ། །དྲན་པ་བརྗེད་མེད་ཀྱི་བྱི་དོར་བྱས། །ཐུན་བཞིའི་རྣལ་འབྱོར་མིག་ལ་བརྒྱུས། །སེམས་རིག་པ་ཁྱེའུ་ཆུང་གི་རྒྱན་དུ་མཛེས། །མི་ཁྱོད་ཀྱི་སྐེ་གཡུ་ང་མི་འདོད། །བུ་ཁྱེའུ་ཆུང་སྐྱིད་དོ་ལམ་དུ་ཞུགས། །ཞེས་རྗེ་བཙུན་གྱིས་མགུར་དེ་སྐད་གསུངས་པ་དང་། ཡང་ཁོའི་བསམ་པ་ལ། རྗེ་བཙུན་སྤྲུལ་སྐུ་འདིས་ང་སྡིག་ཅན་དུ་གཟིགས་ནས་ཐུགས་ལ་མི་འདོགས་པ་ཡིན་ནམ་སྙམ་ནས། སྐྱེས་བུ་དམ་པ་ཁྱེད་སྒྱུ་མའི་ནོར་ལ་མི་གཟིགས་ན་ཡང་ད་རེས་འཁོར་གསུམ་འདི་ཁྱེད་ལ་འབུལ། ད་ཕྱིན་ཆད་མཚོན་ཆ་སྤངས། སྲོག་གཅོད་པ་སྤངས་ནས་སྡོམ་པ་ལེན་པས་ཅིས་ཀྱང་བཀའ་དྲིན་གྱིས་བསྐྱབ་པར་ཞུ་འཚལ་ཞེས་མདོ་དྲུག་སྟག་ཆས་ཕུལ་ནས་ཞུ་དོན་གླུར་ཕུལ་བ། འོ་ན་སྐྱེས་མཆོག་ཐུགས་རྗེ་ཅན། །ངས་སྔོན་ཆད་དགྲ་ལ་དགྲ་རུ་བཟུང་། །དགྲ་གཉའ་རེངས་ཡན་པར་བཏང་མ་མྱོང་། །གཡས་སྟག་དོང་ཁྲ་མོ་མེ་ལྕེ་རིས། །དེ་ཉག་ཕྲན་མདའ་ཡི་འགྲིམ་ས་ཡིན། །གཡོན་གཟིག་ཤུབས་འཛུམ་ཕྲན་ཐིག་ལེ་རིས། །དེ་མཆོག་དཀར་གཞུ་ཡི་བསྐུངས་ས་ཡིན། །རལ་ཐག་མདོ་ལོང་སེན་ཐབས་ཅན། །དེ་དགྲ་ལྷ་བཙན་གྱི་གོལ་ས་ཡིན། །ང་མདོ་དྲུག་རྐེད་ལ་བཏགས་ཙ་ན། །ཧོར་ཡན་པ་ཇག་ལ་ཆས་པ་འདྲ། །སྡང་དགྲ་ཡིས་མཐོང་ན་གློ་སྙིང་འདར། །འབྲོང་རྩི་ཐོག་གཡབ་པ་རྫ་ལ་འབྲོས། །ང་དེ་ཕྱིར་བསམས་ཤིང་འགྱོད་པ་སྐྱེས། །ང་སྔར་བྱས་ཀྱི་ལས་ལ་འགྱོད་ཚངས་བགྱིད། །དུས་ད་རེས་འཁོར་གསུམ་ཁྱེད་ལ་འབུལ། །ད་ཕྱིན་ཆད་དམ་བཅའ་གཡར་གྱིས་ལེན། །རྗེ་གར་གཤེགས་ཕྱག་ཕྱིར་འབྲང་བར་ཞུ། །དེ་སྐད་ཞུ་དོན་ཕུལ་བ་ལས། ཡང་རྗེ་བཙུན་གྱིས་མ་བཞེས་ཏེ། བུ་ཁྱོད་ཀྱི་དམ་བཅའ་ཐུབ་སྟེ་མི་འོང་། འཁོར་གསུམ་གྱི་འབུལ་བ་ཡང་ང་མི་འདོད། ཁྱོད་ཀྱི་དེ་བས་ལྷག་པའི་སྟག་ཆས་ང་རང་ལ་ཡོད་གསུངས་ནས་ཁོའི་ཞུས་ལན་མགུར་དུ་གསུངས་པ། བུ་གྱད་པ་དོ་མེད་ཚུར་ཉོན་དང་། །ཡུལ་ལོག་རྟོག་འཁྲུལ་པའི་སོ་མཁར་ན། །དགྲ་དུག་ལྔའི་ཇག་པས་ཤབ་རྒྱུགས་བྱེད། །དུས་ད་རེས་ཕམ་རྒྱལ་མ་བསྲེས་ན། །ཕྱིས་ཐར་མེད་ཀྱི་བཙོན་རར་ཆུད་ཉེན་གདའ། །རྣལ་འབྱོར་དགྲ་ལ་གཡུལ་ངོ་འགྱེད། །ཕྱི་སྣང་བ་ཁྲ་བོའི་སྟག་དོང་དང་། །ནང་འཛིན་མེད་རང་གསལ་གཟིག་ཤུབས་ཅན། །ཤེས་རབ་ཆེན་པོའི་རལ་གྲི་དང་། །ལམ་ཟུང་འཇུག་ཡངས་པའི་རལ་ཐག་ལ། །དྲོད་རྟགས་ཡོན་ཏན་གྱི་སེན་ཐབས་ཅན། །དེ་སྦས་པ་ནང་གི་མདོ་དྲུག་ཡིན། །དོན་སྐྱེ་མེད་སྟོང་པའི་གཞུ་མོ་ལ། །ཐབས་བྱང་ཆུབ་སེམས་ཀྱི་སྟོང་སྦྱར་ཏེ། །ཚད་མེད་བཞི་ཡི་མདའ་འཕངས་ན། །དགྲ་དུག་ལྔའི་གཡུལ་ངོ་བཟློག་པར་ངེས། །ལས་ཉོན་མོངས་ཀྱི་དམག་ཚོགས་བཟློག་སྟེ་མཆི། །དེ་རྣལ་འབྱོར་ང་ཡི་དགྲ་ཐབས་ཡིན། །མི་ཁྱོད་ཀྱི་སྟག་ཆས་ང་མི་འདོད། །བུ་ཡོན་བདག་སྐྱིད་དོ་ཁྱིམ་དུ་བཞུད། །ཅེས་རྗེ་བཙུན་གྱིས་མགུར་དེ་སྐད་གསུངས་པ་ལས། ཡང་ཁྱེའུ་ཆུང་གིས་ཞུས་པ། རྗེ་བཙུན་དམ་པ་ལགས། ཁྱེད་འཁོར་གསུམ་མི་བཞེས་ན་ཡང་། བཀའ་དྲིན་ཞིག་མི་ཞུ་བའི་ཐབས་མེད་པས། སྐེ་རགས་ཀྱི་རས་འདི་དང་གྲི་སེག་འདི་ཅིས་ཀྱང་བཞེས་ལ། ཐུགས་རྗེས་གཟུང་འཚལ་ཞེས་ཞུ་དོན་གླུར་ཕུལ་བ། རྗེ་སྤྲུལ་སྐུ་གསོན་དང་རྣལ་འབྱོར་པ། །ཆོས་མཁྱེན་པ་མང་ཡང་སྒྲུབ་པ་ཉུང་། །གྲུབ་རྟགས་ཐོན་པ་བརྒྱ་ལ་འགའ། །ཕ་སྤྲུལ་སྐུ་རས་པ་མ་ལགས་པ། །ཆོས་མཁྱེན་དགུ་ཅོག་ལ་ང་མི་ཞུ། །ཁྱེད་དཀའ་བ་སྤྱད་པའི་དམ་ཆོས་ལ། །ང་ཅང་མེད་སྟོང་པར་ཞུ་མ་ཕོད། །བལ་ཡུལ་མཐིལ་གྱི་ཁྲོ་ཆུ་ལ། །ཆུ་རིས་སྤྲིན་གྱི་ཀ་བ་ཅན། །རྣོན་པོ་ཁྲོ་ཆུའི་སེང་མགོ་ལ། །ཤུབས་ལྕགས་དཀར་དངུལ་གྱི་དྲྭ་བ་ཅན། །ལུང་མདོ་མངས་ལྕགས་ཀྱི་ཉག་ཐག་དང་། །ར་གན་གསེར་གྱི་ཉག་ཐག་གཉིས། །མི་ང་ཡི་རྐེད་སྐབས་འགྱིང་ལ་མཛེས། །སྤྱིར་སྟག་ཤར་ཡོངས་ཀྱི་རྒྱན་དུ་ཆེ། །བདག་མོས་པའི་ཞུ་རྟེན་འདི་བཞེས་ལ། །ལར་སྒོམ་ཉམས་ཚིག་གསུམ་ཅིས་ཀྱང་ཞུ། །དེ་སྐད་ཞུ་དོན་གླུར་བླངས་ནས་སྐེ་རགས་དང་གྲི་སེག་ཕྱག་ཏུ་ཕུལ་བས། རྗེ་བཙུན་གྱི་ཞལ་ནས། ངའི་སྒོམ་ཉམས་ད་ལྟ་བསྟན་དུ་མི་རུང་། ཁྱེད་ཀྱི་ཞུ་རྟེན་ཡང་ང་མི་འདོད། གྲི་དང་སྐེ་རགས་ཁྱོད་ཀྱི་དེ་བས་ལྷག་པ་ང་རང་ལ་ཡོད་གསུངས་ནས་ཁོའི་ཞུས་ལན་མགུར་དུ་གསུངས་པ། བུ་སྟག་ཤར་དོ་མེད་ཚུར་ཉོན་དང་། །ང་གངས་ཁྲོད་འགྲིམ་པའི་སེང་ལྕམ་ལ། །བཅུད་བདུད་རྩི་ལྟ་བུའི་འོ་མ་ཡོད། །དེ་རིན་ཆེན་གསེར་སྐྱོགས་མ་ལགས་པ། །སྣོད་ཕལ་པ་རྣམས་སུ་ཅང་མི་བླུགས། །ང་གཡོ་མེད་དྲང་པོའི་རྐེད་སྐབས་ལ། གཞི་འདུན་པ་དྲག་པོའི་རས་ཡུག་བཅིངས། །སེམས་ཟོལ་ཟོག་མེད་པའི་ཆུ་རིས་བཏབ། །ཤེས་རབ་རྣོན་པོའི་གྲི་སེག་ལ། །ཉམས་གདེངས་ཚད་གསུམ་གྱི་ལྕགས་ཤུབས་ཅན། །ལུང་དད་པ་ལྕགས་ཀྱི་ཉག་ཐག་དང་། །བརྩོན་འགྲུས་གསེར་གྱི་ཉག་ཐག་གཉིས། །སྤྱིར་ཆོས་མཛད་ཡོངས་ཀྱི་རྒྱན་དུ་ཆེ། །ང་མཁའ་འགྲོའི་ཆད་པས་འཇིགས་འཇིགས་ནས། །སྔར་ཡང་ནོར་ཕྱིར་ཆོས་མ་བཙོངས། །ད་ཡང་ཞུ་རྟེན་ལེན་མི་འཚལ། །བུ་ཁྱེའུ་ཆུང་ཁྱིམ་དུ་ལོག་ལ་བཞུད། །ཅེས་རྗེ་བཙུན་གྱིས་དེ་སྐད་གསུངས་པ་ལས། ཡང་ཁྱེའུ་ཆུང་གིས་ཞུས་པ། རྗེ་བཙུན་རྣལ་འབྱོར་པ་ཁྱེད་ཟང་ཟིང་གི་ཞབས་ཏོག་གང་ཡང་མི་བཞེས་ན་ཡང་དགོན་པ་དབེན་པ་ཞིག་འཕུལ་བས་དེར་གདན་ཕབ་ནས་བཞུགས་པར་ཞུ་འཚལ་ཞེས་ཞུ་དོན་གླུར་ཕུལ་བ། རྗེ་སྤྱོད་པའི་རྣལ་འབྱོར་བརཏལ་ཞུགས་ཅན། །ཁྱེད་བྱར་མེད་ཞེན་པ་ལོག་པའི་ཕྱིར། །ཕ་ཡུལ་བཙོན་ར་རྒྱབ་ཏུ་བསྐྱུར། །ས་ཕྱོགས་རིས་མེད་པའི་མི་ཡུལ་བསྐོར། །སྐུ་སྐྱིད་སྡུག་གི་སྤྲོས་པ་ཆོད་དེ་མཆིས། །ད་གཞི་གཅིག་ཏུ་བཞུགས་ན་ཐུགས་དམ་འཕེལ། །དགོན་པ་རི་ཐང་མཚམས་སུ་བརྩིག །རང་བྱུང་དག་པའི་ཀ་བ་ལ། །སྣང་གསལ་ཉི་ཟླའི་རྒྱུ་སྐར་ཤར། །རྒྱ་སྣང་མཐིང་གི་ས་གཞི་ལ། །རྡོ་རྒྱུས་མཚལ་གྱི་མནྜལ་བྲིས། །ཧ་ལོ་མེ་ཏོག་ཚོམ་བུར་བཀོད། །ཕྱི་ནི་བཙན་པོའི་འོབས་ཀྱིས་བསྐོར། །གཉན་པོ་ཤིང་གིས་ཁ་བད་བཏང་། །རྩ་བརྒྱད་མཆོད་རྟེན་རྒྱན་གྱིས་མཛེས། །ངེད་འཇིག་རྟེན་པ་རྣམས་མོས་པའི་རྟེན། །ཕ་རྗེ་བཙུན་གྱི་གདན་སར་འབུལ་ལགས་ཀྱིས། །ཐུགས་མ་རིངས་གློད་ལ་བཞུགས་པར་ཞུ། །ཞེས་ཞུ་བ་ཕུལ་བས། རྗེ་བཙུན་གྱིས་མ་བཞེས་ཏེ། གཞི་བདག་ཏུ་བཟུང་བའི་དགོན་པར་ང་མི་སྡོད། མཐུན་འཇུག་གི་མི་ཆོས་ངས་མི་ཤེས། དེ་བས་ངའི་གླུ་འདི་ལ་ཉོན་གསུངས་ནས་ཁོའི་ཞུས་ལན་མགུར་དུ་གསུངས་པ། འོ་ན་སྟག་ཤར་འཕྲུལ་གྱི་རྒྱན། །ཚེ་འདི་ཀུན་མི་རྟག་སྒྱུ་མ་ཙམ། །འཆི་བདག་གི་གཤིན་རྗེ་སླེབ་ཙ་ན། །ཁྱེད་ཕྱུག་པོས་ནོར་གྱིས་བླུ་ས་མེད། །དཔའ་བོས་རལ་ཁ་སྤྲད་ས་མེད། །སྡར་མ་ཝ་བྲོས་བྱ་ས་མེད། །དུས་དེ་དུས་ཙ་ན་ཤ་རེ་གཡའ། །ང་དེ་ཀས་འཇིགས་ནས་བཙན་ས་བཟུང་། །ནང་སྐྱེ་མེད་སེམས་ཀྱི་དགོན་པ་ལ། །བར་གཡོ་མེད་རླུང་གིས་ཁ་བད་བཏང་། །གཞི་འགྱུར་མེད་དོན་གྱི་ཀ་བ་བཙུགས། །ལམ་བསྐྱེད་རྫོགས་ཉི་ཟླའི་རྒྱུ་སྐར་ཤར། །ཞི་གནས་དྲོད་ཀྱི་ས་གཞི་ལ། །ལྷག་མཐོང་མཚལ་གྱིས་མནྜལ་བྲིས། །ཉམས་བདེ་གསལ་མི་རྟོག་གི་ཚོམ་བུ་བཀོད། །དགེ་བཅུ་མཛེས་པའི་རྩ་བརྒྱད་ལ། །བཙན་པོ་སྟོང་ཉིད་འོབས་ཀྱིས་བསྐོར། །དེ་རྣལ་འབྱོར་ང་ཡི་དགོན་པ་ཡིན། །མི་ཁྱོད་ཀྱི་དགོན་པ་ང་མི་འདོད། །བུ་ཡོན་བདག་སྐྱིད་དོ་ཁྱིམ་དུ་བཞུད། །དེ་སྐད་གསུངས་ནས་དགོན་པ་མ་བཞེས་པས། ཡང་ཁྱེའུ་ཆུང་གིས་ཞུས་པ། བླ་མ་ལགས། ཁྱེད་དགོན་པ་མི་བཞེས་ན་ཡང་། སྐུ་སྒྱུ་མ་ལགས་པས་སྙུང་གཞི་མཆི། བདག་གི་སྲིང་མོ་གོ་ཆོད་མ་དད་པ་ཅན་ཞིག་ཡོད་པ་དེ་ཇོ་མོར་འབུལ་བས། ཀོ་ལོང་མི་མཛད་པར་བཞེས་པར་ཞུ་ཞེས་ཞུ་དོན་གླུར་ཕུལ་བ། རྗེ་རི་ཁྲོད་འགྲིམས་པའི་རྣལ་འབྱོར་པ། །ཁྱེད་བུད་མེད་སྐྱོན་མཚང་གཟིགས་པ་དེས། །ཆགས་སེམས་འདོད་པ་མི་མངའ་ཡང་། །སྐུ་སྒྱུ་མ་ལགས་པས་སྙུང་གཞི་མཆི། །ཤ་ཚ་སྙིང་ཉེའི་གྲོགས་ཤིག་འཚལ། །ངེད་མིང་པོ་གསུམ་གྱི་སྲིང་གཅིག་མོ། །ཕ་བཟང་གི་བུ་མོ་ཆོ་རིས་ཅན། །མ་མཛངས་ཀྱི་བུ་མོ་སྨན་མ་འཕྲུལ། །ཁྲོམ་ལྷ་མིའི་ཚོགས་ཀྱི་ཡིད་འཕྲོག་མ། །རྗེ་ས་བདག་རྒྱལ་པོའི་བཙུན་མོའི་རྒྱུ། །གོས་རེའུ་འབྲི་ལེགས་ཏེ་དར་ལ་མེན། །འཇའ་ཚོན་འཁྱུགས་ཀྱི་ཆུ་རིས་ཅན། །མགོ་བོ་གསེར་གཡུའི་ལན་ཚར་ལ། །གཟི་མཆོང་སྤེལ་མའི་དོ་ཤལ་ཅན། །སྨན་མཚར་སྡུག་ལྡན་ཏེ་བྲིས་པ་འདྲ། །མི་སློང་བ་མང་སྟེ་ཁ་མ་ཤོར། །དུས་དེ་རིང་སྤྲུལ་སྐུ་ཁྱེད་ལ་འབུལ། །ཐུགས་ཀོ་ལོང་མི་མཛད་བཞེས་པར་ཞུ། །ཞེས་དེ་ལྟར་ཞུ་དོན་ཕུལ་བ་ལས། རྗེ་བཙུན་གྱིས་མ་བཞེས་ཏེ། བུ་དེ་སྐད་མ་ཟེར་ང་འཁོར་བའི་ཁྱིམ་ཐབ་བློ་ཡིས་སྤངས། བདག་འཛིན་གྱི་ཆུང་མ་ཞེ་ནས་མི་འདོད། ད་ལྟའི་དད་པ་གློ་བུར་བ་ཡིན། ང་སྡེ་རིགས་དང་ཕ་ཚན་མེད་པའི་སྤྲང་རྒན་ཞིག་ལ་སྲིང་མོ་བྱིན་ན་ཕྱིས་ཡུལ་མི་ཁྱིམ་མཚེས་ཀྱིས་འཕྱར་འོང་། བུ་རང་ཡང་འགྱོད་དེ་འོང་བས་ཁྱོད་ཀྱི་མག་པ་ང་མི་བྱེད། དེ་བས་ལྷག་པའི་ཆུང་མ་ང་རང་ལ་ཡོད་ཅེས་ཁོའི་ཞུས་ལན་མགུར་དུ་གསུངས་པ། འོ་ན་ཡ་རབས་མཛངས་ཀྱི་རྒྱུད། །སྤྱིར་ཡང་བུད་མེད་ཆགས་པའི་རྒྱུ། །མཚན་ལྡན་གྱི་རིག་མ་ཤིན་ཏུ་དཀོན། །ལམ་ཕོ་ཉས་བགྲོད་པ་ངོ་མཚར་ཡང་། །ཁྱེད་སྐྱེ་བོ་ཡ་གའི་སྒྲོ་སྐུར་མཆི། །ཡོངས་དེ་ཕྱིར་ཕྱག་རྒྱ་བསྟེན་པར་དཀའ། །ང་ཆགས་བྲལ་སྟོང་པའི་བུད་མེད་ལ། །སྙིང་རྗེའི་མདངས་ཅན་བཞིན་བཟང་མ། །བྱམས་པའི་འཛུམ་གྱིས་ཡིད་འཕྲོག་ཅིང་། །སྣ་ཚོགས་དཀར་དམར་རེའུ་འབྲི་ལ། །གཉིས་མེད་ཐུག་ཕྲད་དར་གྱིས་གཡོགས། །རོ་སྙོམས་སྤྱོད་པའི་ག་ཤ་ཅན། །ཉམས་དགའ་བ་བཞི་ཡི་ལན་ཚར་ལ། །དུ་མ་རོ་གཅིག་དོ་ཤལ་ཅན། །གཞི་གཉུག་མའི་དོན་རྟོགས་མཚར་སྡུག་ལྡན། །དེ་རྣལ་འབྱོར་ང་ཡི་གྲོགས་མོ་ཡིན། །ཁྱེད་འཁོར་བའི་ཁྱིམ་ཐབ་ང་མི་འདོད། །ཡོན་བདག་རང་ཁྱིམ་དུ་ལོག་ལ་བཞུད། །ཅེས་གསུངས་ནས། རྗེ་བཙུན་གྱིས་མ་བཞེས་པ་ལས། ཡང་ཞུས་པ་རྗེ་བཙུན་ལགས། ཁྱེད་རྟོགས་པ་ཅན་གྱི་གང་ཟག་ལ་ངོ་ཚ་བའི་རྣམ་པར་རྟོག་པ་མི་མངའ་ན་ཡང་། ངེད་འཇིག་རྟེན་པ་མི་མོས་པ་སྐྱེ་བས་བྱང་རྐྱང་འདི་ཅིས་ཀྱང་བཞེས་འཚལ་ཞེས་བྱང་རྐྱང་ཕུད་ནས་ཞུ་དོན་གླུར་ཕུལ་བ། རྗེ་སྦ་གསང་མེད་པའི་རྣལ་འབྱོར་པ། །བརཏལ་ཞུགས་སྤྱོད་པའི་གཅེར་ཉལ་མཁན། །འདོམས་སྟོན་ནོར་བུ་གང་དགར་སྟོན། །ཁྱེད་འཁྲུལ་པ་ནང་ནས་ཞིག་པ་དེས། །ཉམ་ང་བག་ཚ་མི་བདོག་ཀྱང་། །ངེད་འཇིག་རྟེན་པ་རྣམས་ངོ་ཚར་བྱེད། །ཐུགས་དགོངས་པ་མཐོ་སྟེ་སངས་རྒྱས་ཀྱང་། །འཕྲལ་མཛད་སྤྱོད་མི་དང་བསྟུན་ན་ལེགས། །བདག་ཁྱེའུ་ཆུང་གོན་པའི་བྱང་རྐྱང་འདི། །རྒྱུ་གཡང་མོ་ལུག་གི་བལ་འཇམ་ལ། །མ་སྲིང་གཉིས་ཀྱི་ཉག་ཏུ་དྲངས། །མནའ་མ་མཛངས་ཀྱིས་ཐགས་བྲན་བྱས། །ཁྱིམ་མཛེས་བུ་མོས་ཆགས་སུ་བཅགས། །ཁུ་བོ་བྱམས་ཀྱིས་བཟོ་བོ་བྱས། །ངེད་འཇིག་རྟེན་པ་ཡི་ངོ་ཚའི་གོས། །ན་བཟའ་བྱང་རྐྱང་འདི་འབུལ་བས། །མི་འདོད་མི་གསུང་བཞེས་པར་ཞུ། །ཞེས་དེ་སྐད་ཞུ་དོན་གསོལ་བ་ལས། རྗེ་བཙུན་གྱི་ཞལ་ནས། བུ་ཁྱོད་ཀྱིས་ངོ་ཚ་བ་དང་མི་ཚ་བའི་བྱེ་བྲག་མི་ཤེས། ང་ཆ་ལུགས་ལྷུག་པར་འཇོག་པ་ལ་ཁྱེད་བཞད་གད་དུ་བྱེད་དེ། དང་པོ་མའི་ཁོང་ནས་ཀྱང་གོས་མེད་གཅེར་བུར་འོངས། ཐ་མ་འཆི་ཚེ་ཡང་རིག་པ་གཅེར་བུར་ཐོན་ནས་འགྲོ་བ་ཡིན། ད་ལྟ་ཡང་བཅས་བཅོས་མི་བྱེད་སྤྱོད་ལམ་རང་སོ་འདི་ལྟར་འཇོག །བཅོས་མའི་ངོ་ཚ་ངས་མི་ཤེས། དེ་བས་བུ་རང་གླུ་འདི་ཉོན་ཅིག་གསུངས་ནས་ཁོའི་ཞུས་ལན་མགུར་དུ་གསུངས་པ། འོ་ན་ཁྱེའུ་ཆུང་སྐྱེས་ལེགས་པོ། །ཁྱེད་ངོ་མི་ཚ་ལ་ངོ་ཚར་བྱེད། །འདི་ནི་རང་བྱུང་ཕོ་རྟགས་ཡིན། །བཅོས་མའི་ངོ་ཚ་ངས་མི་ཤེས། །ངོ་ཚ་བ་རྣམས་ལ་ཁྱེད་མི་འཛེམ། །ངན་སྤྱོད་སྡིག་དང་གཡོ་སྒྱུ་ལ། །ཁྲེལ་ངོ་ཚ་བསྲུང་བ་ཁྱེད་ལ་མེད། །མི་ང་ཡི་ངོ་ཚ་འདི་ལྟར་བྱེད། །རྒྱུ་བྱང་ཆུབ་སེམས་ཀྱི་བལ་འཇམ་དེ། །སྨིན་ལམ་དབང་བཞིའི་ཉག་ནས་དྲངས། །གྲོལ་ལམ་ཏིང་འཛིན་གྱི་ཐགས་སུ་བཏགས། །དག་པ་སྨོན་ལམ་གྱི་ཆུ་ཕྱགས་བཏབ། །བྱས་པ་ཤེས་པའི་བཟོ་བོ་ཡིས། །ཁྲེལ་ཡོད་ངོ་ཚའི་བྱང་རྐྱང་བཙེམས། །གཞན་དོན་མཐར་ཕྱིན་ངོ་ཚའི་གོས། །མི་ཁྱོད་ཀྱི་བྱང་རྐྱང་ང་མི་འདོད། །ཡོན་བདག་རང་ཁྱིམ་དུ་ལོག་ལ་བཞུད། །ཅེས་དེ་སྐད་གསུངས་པས། ཁྱེའུ་ཆུང་གི་བསམ་པ་ལ་སྐྱེས་བུ་ཆེན་པོ་འདི་ཞབས་ཏོག་གང་ཕུལ་ཡང་མི་བཞེས་པར་འདུག་པས། གར་གཤེགས་གར་བཞུགས་རྩད་བཅད་ལ་ང་རང་གི་ཡུལ་དུ་གདན་དྲངས་དགོས་སྙམ་ནས། རྗེ་བཙུན་དམ་པ་ལགས། ཁྱེད་ཞབས་ཏོག་དང་བསྙེན་བཀུར་གང་ཡང་མི་བཞེས་ནའང་། ད་ལྟ་ལམ་འདི་ན་ཕར་ལ་འབྱོན་ཡུལ་འདིར་བཞུགས་བྱ་བའི་ཐུགས་ཀྱི་གཏད་སོ་ཞིག་ཡོད་དེ་མཆི་བས་དེ་བདག་ལ་མི་གསང་བ་ཅིས་ཀྱང་གསུང་འཚལ་ཞེས་ཞུས་པས། རྗེ་བཙུན་གྱི་ཞལ་ནས། བུ་དེ་ལ་གསང་རྒྱུ་མེད། ང་བཙས་མ་ལ་དིང་རིར་ལྡོམ་བུ་བྱེད། གཡུལ་གྱི་དུས་སུ་གཉའ་ནང་ནས་ཕར་ལ་འགྲོ། དགུན་ལ་ཕྱི་བྱ་བའི་ལུང་སྟོང་ཞིག་ཡོད་པ་དེར་སྡོད་དེ་འོང་གསུངས་པས། ཡང་ཁྱེའུ་ཆུང་གི་བསམ་པ་ལ་འོ་ན་བཤོལ་བཏབ་ལ་ཞག་འགའ་ང་རང་གི་ཁྱིམ་དུ་སྤྱན་དྲངས་ཏེ་བཞེས་པ་དྲང་ཞིང་ཆོས་ཞུས་ན་གནང་ངམ་སྙམ་ནས་ཞུ་དོན་གླུར་ཕུལ་བ། རྗེ་འགྲན་གྱི་དོ་མེད་སྤྲུལ་པའི་སྐུ། །ཁྱེད་དིང་རི་ཕྱོགས་སུ་བྱོན་ནས་ཀྱང་། །རོ་སྙོམས་ལྡོམ་བུ་མཛད་དགོངས་པ། །ཡུལ་དེ་ན་ཡོན་ཏན་ཅང་མ་མཆིས། །གནམ་ཁ་ཞེང་ཅན་གྱི་དིང་རི་དེ། །མི་དགེ་སེམས་ཡུངས་ཀར་བས་ཀྱང་ཆུང་། །ལག་པ་ལྷ་ཁང་སྒོ་བས་དམ། །རྩམ་པ་རིན་ཆེན་གསེར་བས་དཀོན། །དུས་བརྒྱ་ལ་རྙེད་ཀྱང་ནད་ཁམས་འཁྲུག །དེ་མུ་གེ་ལྗོངས་ཀྱི་གྲོང་ཁྱེར་ཡིན། །གཉའ་ནང་ཕྱོགས་སུ་འབྱོན་པ་ལའང་། །ལ་ཐོང་ལ་སྔོན་མོ་འཇིགས་པ་ཆེ། །མི་སེར་ཇག་པའི་འགྲིམ་ས་ཡིན། །མཛེ་ཕོ་མཚན་འགྲོས་བྱེད་པའི་ས། །སྐུངས་ས་བགྲངས་ན་ཟད་པ་མེད། །གྲོགས་བརྒྱ་བརྒྱ་མེད་པར་ལམ་མི་བགྲོད། །གོམ་གསུམ་ཙམ་ལའང་སྣ་བོ་དགོས། །ཡུལ་གཉའ་ནང་ལུང་ནག་སྐད་པ་དེ། །བལ་བོད་གཉིས་ཀྱི་སོ་མཚམས་ཡིན། །སྟོད་ནི་བོད་ཁམས་ཁ་བའི་ཡུལ། །དབྱར་དགུན་མེད་པར་ཁ་བ་འབབ། །ཉིན་མཚན་མེད་པར་ལྷགས་པ་ཆེ། །མི་ནི་བྱོལ་སོང་ཕྱུགས་པས་བླུན། །ཆུ་ནི་མོན་ཁ་ལྷོ་རུ་འབབ། །སྨད་ནི་རོང་ཁུང་ཚད་པའི་ཡུལ། །བཅའ་འཕྲང་ཟམ་པ་སྲོག་ལ་གཟན། །བལ་ནད་ཚད་པ་ཚེ་ལ་གནོད། །མི་ནི་ལྷོ་བལ་སྐད་མི་གཅིག །ཤིང་སྡོང་མི་རོ་རེངས་པ་འདྲ། །རྗེ་ཁྱེད་ཀྱི་གཤེགས་ས་དེ་ན་མེད། །དུས་ད་རེས་མི་གཤེགས་བཤོལ་བར་ཞུ། །ཁྱེད་གཏན་གྱི་མཆོད་གནས་མི་གནང་ཡང་། །དུས་ཟླ་ཕྱེད་བཞེས་པ་འདྲེན་ལགས་པས། །བདག་ཁྱེའུ་ཆུང་གི་ཡུལ་དུ་གཤེགས་པར་ཞུ། །རྗེ་ཐུགས་རྗེས་དགོངས་ལ་གཤེགས་པར་ཞུ། །ཞེས་ཡོན་བདག་གིས་ཞུས་པས། རྗེ་བཙུན་གྱི་ཞལ་ནས། སྤྱིར་ཡང་བདག་འཛིན་གྱི་ཡོན་བདག་ང་མི་འདོད་ལ། བུ་ཁྱོད་ཀྱི་ཡུལ་དུའང་ང་མི་འགྲོ། ཡུལ་གཉའ་ནང་དང་དིང་རིའི་རྒྱུས་ཁྱོད་ལས་ང་རང་ཞིབ། དེ་བས་གླུ་འདི་ཉོན་ཅིག་གསུངས་ནས་ཁོའི་ཞུས་ལན་མགུར་དུ་བཞེས་པ། འོ་ན་ཁྱེའུ་ཆུང་འདུན་མ་ཅན། །བུ་དད་པ་འགྱུར་མེད་ཚུར་ཉོན་དང་། །ལར་ཡུལ་ལ་དགེ་བཅུ་ཚང་བ་དང་། །མི་སྐྱོན་མེད་ཡོན་ཏན་ལྡན་པ་དེ། །ད་དུས་ཀྱིས་བསྒྱུར་ཏེ་དཀའ་བར་གདའ། །ང་རྣལ་འབྱོར་སེམས་ལ་གང་བྱུང་བྱེད། །དབང་གྲོས་ཁ་མི་ལ་འཆོར་མ་མྱོང་། །དིང་རི་རྩམ་པ་དཀོན་ལགས་ཀྱང་། །མི་ང་ཡི་ཟས་ལ་སྨེ་གཙང་མེད། །ཕྱི་ལྟར་བདུད་རྩི་ལྔ་ལ་སྤྱོད། །ཟས་ཞིམ་པའི་རོ་ལ་ཆགས་མ་མྱོང་། །ང་དེ་ཕྱིར་གདོལ་པའི་རྣལ་འབྱོར་པ། །ནང་མི་རྟོག་ཏིང་འཛིན་ཟས་སུ་ཟ། །ང་དེ་ཕྱིར་ལྟོ་ལ་འདུན་པ་ཆུང་། །མུ་གེ་ཀུན་ཇི་ལྟར་དགྱེས་དགྱེས་མཛོད། །ལ་ཐོང་ལ་འཇིགས་པ་ཆེ་ལགས་ཀྱང་། །རྗེ་བྱིན་རླབས་ཅན་ལ་གསོལ་བ་འདེབས། །སྐྱབས་དཀོན་མཆོག་གསུམ་ནི་རྒྱབ་རྟེན་བཟང་། །གནས་གསུམ་གྱི་མཁའ་འགྲོ་སྐྱེལ་མར་ཡོད། །གྲོགས་བྱང་ཆུབ་སེམས་དང་ལྷན་ཅིག་འགྲོགས། །ལྷ་སྲིན་སྡེ་བརྒྱད་སུན་མར་ཡོང་། །ལར་ཡང་ནོར་མེད་དགྲ་དང་བྲལ། །ཇག་པ་ཀུན་ཇི་ལྟར་དགྱེས་དགྱེས་མཛོད། །ཡུལ་གཉའ་ནང་ལུང་ནག་ཟེར་ལགས་ཀྱང་། །མི་ནི་མ་བཅོས་སྔོན་གྱི་མི། །གཏམ་ནི་མ་བཅོས་དྲང་པོར་སྨྲ། །སྤྱོད་པ་མ་བཅོས་ལྷོད་ལྷོད་པོ། །བཟའ་བཏུང་མ་བཅོས་སྦ་སྲི་མེད། །ཡུལ་ནི་མ་བཅོས་ནགས་ཚལ་ཅན། །ནོར་ཟང་ཟིང་གི་བསོད་ནམས་ང་མི་འདོད། །བཟའ་བཏུང་གི་ཟས་ལ་ཁོང་ཅག་ཡངས། །ང་རྣལ་འབྱོར་གྱི་ཤེས་པ་དེ་ན་བདེ། །འདུ་འཛིའི་གཡེང་བ་དེ་ན་ཉུང་། །མཉམ་གཞག་གི་ཏིང་འཛིན་དེ་ན་འཕེལ། །དེ་ཕྱིར་གཉའ་ནང་ཕྱོགས་སུ་འགྲོ། །ང་གཏུམ་མོའི་དྲོད་ལ་རང་དབང་ཐོབ། །རླུང་ཚ་གྲང་གཉིས་ཀྱི་འཇིགས་དང་བྲལ། །ཁ་བ་ཀུན་ཇི་ལྟར་དགྱེས་དགྱེས་མཛོད། །དུས་ད་རེས་ལམ་ལ་བཤོལ་ཐབས་མེད། །བུ་ཁྱོད་ཀྱི་ཡུལ་དུ་ང་མི་འགྲོ། །ཁེང་དྲེགས་ཀྱི་ཡོན་བདག་ང་མི་འདོད། །ངོ་བསྲུངས་ཀྱི་སྤྱོད་པ་ངས་མི་ཤེས། །ཡོངས་ཉི་མ་ཟེར་བྱུང་རྟ་ལ་ཞོན། །བུ་ཁྱེའུ་ཆུང་སྐྱིད་དོ་འགྲོ་འདུག་རན། །བུ་ཚེ་རིང་ནད་མེད་སྨོན་ལམ་འཚལ། །གསུང་ནས་གཤེགས་སུ་མ་བཞེད་པས། དེར་ཁོ་ཡི་ཆད་ནས་རྗེ་བཙུན་ཁྱེད་ཞབས་ཏོག་ཅི་ཕུལ་ཡང་མི་བཞེས། ཆོས་ཅི་ཞུས་ཀྱང་མི་གནང་བ་དེ་བདག་སྒྲིབ་པ་ཆེ་བ་ཡིན་འོང་བས། ད་ནི་སྨོན་ལམ་བཏབ་ནས་ཁྱེད་ཀྱི་དྲུང་དུ་ལྕེབ་པ་ལས་གང་དུ་ཡང་མི་འགྲོ་ཟེར་ནས། གྲི་སེག་ཤིན་ཏུ་རྣོ་བ་ཞིག་ཡོད་པ་དེ་སྙིང་ཁར་བཙུགས་ནས་སྨྲེ་སྔགས་ཀྱིས་ཞུ་དོན་གླུར་ཕུལ་བ། རྗེ་རྣལ་འབྱོར་ཆེན་པོ་སྙན་གསོན་དང་། །ང་ད་ནང་གདུགས་ཀྱི་སྔ་དྲོ་ལ། །ཆུ་མིག་དངུལ་འབུམ་གྱི་ཐད་སོ་ན། །གཅེར་ཉལ་བྱེད་པའི་མི་ཞིག་མཐོང་། །འོ་ན་རྣལ་འབྱོར་སྨྱོན་པ་ཞིག །སྤྱོད་པ་ཐོ་ཅོ་བྱེད་པ་ཞིག །ཆ་ལུགས་གང་དགར་སྟོན་པ་ཞིག །མི་ཁྱོད་ལ་གཏད་ས་མེད་དོ་སྙམ། །ཡིད་མོས་ཀྱང་མ་མོས་སྐུར་པ་ཤོར། །ལམ་ཡང་མ་འགྲོགས་བཟུར་ནས་ཕྱིན། །དེ་ཡང་རྗེ་བཙུན་ཐུགས་ཀྱིས་མཁྱེན། །འབངས་གཡར་རོ་གནོང་སྟེ་ཤི་དང་འདྲ། །དེ་ནས་ཁྲི་གདུགས་རྩེ་འཇམ་ལ། །ཆུ་བོང་ཆུ་སྔོན་མོ་བརྒལ་ཙ་ན། །ཁྱེད་ཆབ་ལ་བྱ་ལྟར་ལྡིང་བ་མཐོང་། །མཁའ་ལ་རླུང་ལྟར་འཕྱོ་བ་མཐོང་། །རྫུ་འཕྲུལ་ལུས་ཀྱིས་གཤེགས་པ་མཐོང་། །གཙང་ཆབ་ཕ་གར་ཕྱིན་ཙ་ན། །རྗེ་གྲུབ་ཐོབ་གཅིག་དང་མཇལ་ལུགས་ཀྱིས། །བདག་བག་ཆགས་སྒྲིབ་པ་ཆུང་ངོ་སྙམ། །ཁ་རྗེ་བསོད་ནམས་ཆེའོ་སྙམ། །ལས་འཕྲོ་སྨོན་ལམ་དག་གོ་སྙམ། །ལྷ་ཆོས་སྐལ་བ་ཡོད་དོ་སྙམ། །དུས་དེ་རིང་ཙམ་ལས་དགའ་བ་ཞིག །བདག་མ་ལ་སྐྱེས་ནས་ཡོང་མ་མྱོང་། །སྒྱུ་མ་ནོར་གྱི་ཞབས་ཏོག་ལ། །མི་འདོད་མི་དགོས་ཟེར་བ་དེ། །རྗེ་རྣལ་འབྱོར་རས་པ་མ་ལགས་པ། །བོད་རྣ་ཐོས་ཙམ་ལ་ཡོང་མ་མྱོང་། །ལར་མི་ཁྱེད་ལས་ངོ་མཚར་ཆེ་བ་ཞིག །ཆོས་མཛད་ཡོངས་ལ་མཐོང་མ་མྱོང་། །རྗེ་དེ་ཙམ་ཡ་མཚན་ཆེ་ལགས་ཀྱང་། །དེ་རིང་གདུགས་ཀྱི་ཉིན་སྐོར་དུ། །མི་བདག་གི་ཞུ་དོན་འབུལ་ལུགས་ལ། །རྗེ་དམ་པའི་ཐུགས་ཀྱིས་མ་དགོངས་པས། །བདག་ལས་ངན་སྒྲིབ་པ་ཆེ་ཆེ་འདྲ། །གཡར་ངོ་བསོད་ནམས་ཆུང་ཆུང་འདྲ། །ལྷ་ཆོས་ཀྱི་སྐལ་བ་མེད་མེད་འདྲ། །ད་ནི་ཡི་ཆད་གློ་བ་རྨོངས། །སེམས་ཀྱང་མི་དགའ་ཕྱད་མ་ཕྱོད། །ལམ་ཡང་མི་ཤེས་ཕྱི་མ་ནང་། །ཡོངས་སྤྲུལ་སྐུ་སངས་རྒྱས་མཐོང་མཐོང་ནས། །བཀའ་དྲིན་ཚིག་གསུམ་མ་ཐོབ་ན། །རྗེ་མ་མཇལ་བ་དང་ཅི་མ་འདྲ། །རྒྱལ་ཁམས་ཀྱི་མི་ལ་ཇི་སྐད་སྒྲོག །སླར་ལོག་ཡུལ་དུ་གཡར་ངོ་ཚ། །དེ་བས་རང་སྲོག་རང་གིས་གཅོད། །ལར་སེམས་ཅན་སྐྱེས་ནས་འཆི་བ་ལ། །དུས་ད་ལྟ་ཙམ་ལ་ཤི་བ་ལེགས། །རྗེ་གྲུབ་ཐོབ་གཅིག་གི་དྲུང་དུ་འགུམ། །ཡིད་དམ་པའི་ཆོས་ལ་བསམས་ནས་འགུམ། །གཏམ་དེ་ལས་སྙན་དུ་ཅི་སྒྲོག་པ། །རྗེ་མངོན་ཤེས་ཅན་གྱི་ཐུགས་ཀྱིས་མཁྱེན། །ལར་ཡང་ཁྱེའུ་ཆུང་བསོད་ནམས་ཆུང་། །ཞེས་གསོལ་བ་བཏབ་ནས། གཅུད་ལ་བོར་བས་རྗེ་བཙུན་གྱི་ཐུགས་དགོངས་ལ། ཁོ་ང་ལ་འདི་ཙམ་དུ་མོས་ཤིང་གདུང་སེམས་ཆེ་བ་དེ། སྨོན་ལམ་གྱི་འབྲེལ་བ་ཡོད་པར་འདུག །མདང་རྨི་ལམ་དུ་བྱུང་བ་དེ་ཡང་འདི་ཁོ་ན་ཡིན་པར་ངེས། ད་ནི་རྗེས་སུ་བཟུང་དགོས་སྙམ་དུ་དགོངས་ནས། ཁོའི་ཞུས་ལན་མགུར་དུ་བཞེས་པ། བུ་ཁྱེའུ་ཆུང་ཡོན་བདག་ཚུར་ཉོན་དང་། །ཁྱོད་དགེ་སེམས་འདུན་པ་ཆེ་ལུགས་ཀྱིས། །ལས་ངན་སྒྲིབ་པ་ཆུང་བར་ངེས། །ཞུ་དོན་སྤོབས་པ་ཆེ་ལུགས་ཀྱིས། །ང་རྒྱལ་རང་མཐོང་ཆུང་བར་ངེས། །བརྩོན་འགྲུས་ནན་ཏན་ཆེ་ལུགས་ཀྱིས། །ལེ་ལོ་སྙོམ་ལས་ཆུང་བར་ངེས། །གཏོང་ཕོད་འབུལ་སྙིང་ཆེ་ལུགས་ཀྱིས། །སེར་སྣ་ཞེན་ཆགས་ཆུང་བར་ངེས། །ཤེས་རབ་སྙིང་རྗེ་ཆེ་ལུགས་ཀྱིས། །གཏི་མུག་ཞེ་སྡང་ཆུང་བར་ངེས། །མི་ང་ལ་ལྷག་པར་མོས་ལུགས་ཀྱིས། །སྔོན་ཡང་དམ་པ་བསྟེན་པར་ངེས། །བུ་དེ་ཕྱིར་ཡི་ཆད་མི་ཟེར་བར། །ཁྱོད་རྒྱལ་ཁྲོམ་སྨད་ནས་འོངས་པ་དང་། །ང་གུང་ཐང་རྩ་ནས་འཁྱམས་པ་གཉིས། །ད་ནང་གདུགས་ཀྱི་སྔ་དྲོ་ལ། །ཆུ་བོང་ཆུ་སྔོན་མོའི་འགྲམ་དུ་འཕྲད། །ཆུ་མིག་དངུལ་འབུམ་གྱི་རྩ་བར་འཛོམ། །དེ་སྔོན་ཆད་སྨོན་ལམ་བཏབ་པ་འདྲ། །སྦྱངས་པའི་ལས་འབྲེལ་ཡོད་པར་ངེས། །ཀུན་གཞིའི་བག་ཆགས་སད་པ་འདྲ། །དེ་ཡན་ཆད་རྟེན་འབྲེལ་བཟང་པོའི་གླུ། །ད་ཡང་དག་དོན་ལ་གཏུགས་ཙ་ན། །བུ་སྙིང་ནས་ལྷ་ཆོས་བྱ་བསམ་ན། །དད་པ་ཞིག་གཏིང་ནས་སྐྱེས་པ་ན། །ཚེ་འདི་ལ་ཕྱི་མིག་མི་ལྟ་ན། །བདེན་པར་ང་ཕྱིར་འབྲང་བ་ན། །གཉེན་ཚན་བདུད་ཀྱི་བཤོལ་འདེབས་ཡིན། །བདེན་ནོ་མ་སྙམ་འཁྲི་བ་ཆོད། །ཟས་ནོར་བདུད་ཀྱི་སོ་པ་ཡིན། །འདྲིས་ཤིང་ངན་ནོ་འཛིན་ཆགས་སྤོངས། །འདོད་ཡོན་བདུད་ཀྱི་ཞགས་པ་ཡིན། །འཆིང་བར་ངེས་སོ་ཞེན་པ་ཐོངས། །གཞོན་གྲོགས་བདུད་ཀྱི་བུ་མོ་ཡིན། །སླུ་བར་ངེས་སོ་ཁོང་ཟོན་གྱིས། །ཕ་ཡུལ་བདུད་ཀྱི་བཙོན་ར་ཡིན། །ཐར་བར་དཀའོ་མྱུར་དུ་བྲོས། །ལར་ཐམས་ཅད་བཞག་ནས་འགྲོ་དགོས་ཏེ། །དུས་ད་ལྟ་བཞག་ན་དོན་ཅན་ལགས། །སྒྱུ་ལུས་ཀྱི་ཐོ་ཡོར་ཅིས་ཀྱང་འགྱེལ། །དུས་ད་ལྟ་རྟེན་འབྲེལ་བསྒྲིགས་ན་ལེགས། །སེམས་ཀྱི་བྱ་རྒོད་ཅིས་ཀྱང་འཕུར། །དུས་ད་ལྟ་ནམ་འཕང་བཅད་ན་ལེགས། །མི་ང་ཟེར་དེ་ཚོ་ཉན་སྤྱོད་ན། །བུ་ཁྱོད་ལ་ལྷ་ཆོས་སྐལ་བ་ཡོད། །འཇུག་སྒོ་དབང་དང་བྱིན་རླབས་བྱ། །ཟབ་མོ་སྙན་བརྒྱུད་ཀྱི་གདམས་པ་སྦྱིན། །བུ་ཁྱོད་ཀྱི་ལམ་སྣ་ཟིན་ཏེ་མཆི། །རྣལ་འབྱོར་ང་ཡང་སྤྲོ་བ་སྐྱེ། །ཁྱེའུ་ཆུང་གི་སེམས་ལ་དེ་ལྟར་ཞོག །རྗེ་བཙུན་གྱིས་དེ་སྐད་གསུངས་ནས་ཁོ་བྲོད་པ་བསྐྱེད་པ་ལས་ཁོ་ཤིན་ཏུ་མགུ་ནས། རྗེ་བཙུན་གྱི་ཞབས་སྤྱི་བོར་བླངས། ཕྱག་མང་པོ་བཙལ། བསྐོར་བ་དུ་མ་བྱས། སྨོན་ལམ་བཏབ་ནས་སོང་སྐད། དུས་ཕྱིས་ཟླ་བ་བཞི་ཙམ་ན་རྗེ་བཙུན་བྲིན་གྱི་སྨན་ལུང་ཆུ་དབར་ན་བཞུགས་པའི་དུས་སུ་ཁོང་ཞང་ཚན་གཉིས་འོངས་ནས། ཞང་པོས་ཞུ་ཡས་ཀྱི་གཡུ་མེ་སྒྲོན་དཀར་པོ་དང་། ཚ་བོས་གསེར་སྲང་ཕྱེད་ཕུལ་བ་མ་བཞེས་ནས། དེའི་དུས་བླ་མ་བ་རི་ལོཙྪ་བ་བྲིན་ན་གཙུག་ཏོར་རྣམ་རྒྱལ་གྱི་མཆོད་རྟེན་བཞེངས་པ་དང་དུས་མཚུངས་པས། རྗེ་བཙུན་གྱི་ཞལ་ནས། ཁྱེད་ཞང་ཚན་གཉིས་ཀྱི་འབུལ་བ་དེ་ང་ལ་མེད་ཀྱང་རུང་གིས། བླ་མ་བ་རི་ལོཙྪ་བ་ལ་ཕུལ་ལ་དབང་བསྐུར་ཞུས་ཤིག །གདམས་པ་ང་རང་གིས་གདབ་ཀྱིས་གསུངས་ནས། རྗེ་བཙུན་ཉིད་ཀྱིས་ཞུ་སྣ་མཛད་དེ། བླ་མ་བ་རི་ལོཙྪ་བ་ལ་བདེ་མཆོག་གི་དབང་རྫོགས་པར་ཞུས། བླ་མས་ཁོང་ཞང་ཚན་གཉིས་ལ་ཕྱིའི་ཆོས་གཙུག་ཏོར་རྣམ་རྒྱལ་གྱི་ཆོས་སྐོར་དང་། ཚེ་བསྲིང་བའི་ཆོ་ག་མེ་རུ་སིངྷའི་འདོན་ཐབས་དང་། འཕགས་པ་དོན་ཡོད་ཞགས་པའི་སྐོར་དང་གསུམ་གནང་། ནང་གི་ཆོས་བདེ་མཆོག་ཡི་གེ་བདུན་པའི་སྒྲུབ་ཐབས་དང་། བླ་མ་བརྡའི་རྗེ་བཙུན་མའི་སྐོར་དང་། ལྷ་མོ་ཀུ་རུ་ཀུལླེའི་སྒྲུབ་ཐབས་དང་གསུམ་གནང་། དེར་ཁོང་གཉིས་ཀྱིས་བླ་མ་བ་རི་ལོཙྪ་བ་ས་སྐྱར་བསྐྱལ་ནས་གཟོད་ཡར་ལོག་སྟེ། རྗེ་བཙུན་གྱི་ཞབས་དྲུང་དུ་ལོ་ལྔ་བསྡད་པས། ཡོངས་སུ་གྲགས་པ་ནཱ་རོ་པའི་ཆོས་དྲུག་དང་། མངའ་བདག་མཻ་ཏྲི་པ་ནས་བརྒྱུད་པའི་ཕྱག་རྒྱ་ཆེན་པོ་རྣམས་ཉམས་ཁྲིད་དུ་བསྐྱངས་ཏེ། གདམས་ངག་མ་ལུས་པ་གནང་ནས། སྔར་གྱི་མིང་ཞུ་ཡས་དར་མ་དབང་ཕྱུག་བྱ་བ་ཡིན་པ་ལ། ཕྱིས་རྗེ་བཙུན་གྱིས་རས་པ་ཞི་བ་འོད་དུ་མིང་སྤོས་པ་དེ། སྔར་མི་ཆོས་ཀྱི་དུས་ཤིན་ཏུ་རོ་བཙའ་བ་ཡིན་པ་ལ། ཕྱིས་འཇིག་རྟེན་བློས་བཏང་བ་ཞིག་བྱུང་ནས། རྗེ་བཙུན་གྱི་དྲུང་དུ་གོས་རས་རྐྱང་ལས་མི་གོན་པ། ཀོ་པགས་ཀྱི་ལྷམ་མི་གྱོན་པ། ཕ་ཡུལ་དུ་མི་འགྲོ་བ། ཉི་མ་གཉིས་ལྡང་བ་ལས་ལྷག་པའི་རྫས་མི་འཛིན་པའི་དམ་བཅའ་རྣམས་ཕུལ་ནས། སྙིང་རུས་ཀྱིས་བསྒོམས་པས་ཉམས་བཟང་པོ་སྐྱེས་པ་ལས། རྗེ་བཙུན་མཉེས་ནས་མགུར་འདི་གསུངས་སོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སྒྲུབ་བརྒྱུད་ཐུགས་རྗེ་ཅན་འདི་བྱིན་རླབས་ཆེ། །མར་པ་མི་ལའི་གདམས་ངག་ནུས་པ་ཆེ། །ཁྱེའུ་ཆུང་ཞི་བ་འོད་འདི་སྒོམ་སྲན་ཆེ། །མ་དང་མཁའ་འགྲོས་རྟོགས་པ་མྱུར་དུ་བསྐྱེད། །བུ་ཉམས་ལེན་མཐའ་རུ་འདོན་པ་ན། །ཁ་ལྟ་སྐམ་པོ་མ་ལབ་པར། །ཆོས་ལ་ཕྱོགས་རིས་མེད་པར་མཛོད། །མི་སྔོན་གྱི་ཇོ་བཟང་མ་འདོད་པར། །དབེན་པ་མི་མེད་ལུང་སྟོང་འགྲིམས། །གྲོགས་ངན་གཡོག་དང་མ་འགྲོགས་པར། །གཅིག་པུར་རྒྱུན་དུ་ཟུག་པར་གྱིས། །བླ་མ་བྱེད་འདོད་མ་སེམས་པར། །དམན་ས་ཟུང་ལ་སྒོམ་སྒྲུབ་གྱིས། །མྱུར་དུ་གྲུབ་རྟགས་མ་འདོད་པར། །སྒོམ་ཡུན་ཤི་དང་མཉམ་པར་གྱིས། །ཚིག་དང་ཐ་སྙད་མ་སློབ་པར། །སྙན་བརྒྱུད་གདམས་ངག་ཡེངས་མེད་སྒོམས། །རང་ལ་ཨེ་ཕན་བསམ་པ་ན། །ཐ་སྙད་སྤོངས་ལ་སྒོམ་སྒྲུབ་མཛོད། །ཅེས་གསུངས་པས། ཞི་བ་འོད་ཀྱིས་སྔོན་ལ་ཤེས་པར་བསླབས་ནས་མ་བསྒོམས་ན་གོལ་ས་ཡོད་ཟེར་བ་ཇི་སྐད་ལགས་ཞུས་པས། རྗེ་བཙུན་གྱི་ཞལ་ནས་ཚེ་འདི་བློས་མ་ཐོངས་པ་དང་། གནད་མ་ཤེས་པ་ལ་གོལ་ས་འབྱུང་བ་ཡིན། ང་མར་པའི་བུ་བརྒྱུད་ལ་གོལ་ས་མེད་ཚིག་དང་ཐ་སྙད་མ་སློབ་པར་སྒོམ་ལ་དྲིལ་ཞེས་མགུར་འདི་གསུངས་སོ། །བླ་མ་དམ་པའི་ཞབས་ལ་འདུད། །ཚིག་གིས་སྦོས་པའི་སྟོན་པ་དེ། །རྩོད་དུས་ཁྲམ་པས་སྨྱོན་སྨྱོན་བྱེད། །ལབ་དུས་བྲེད་མས་ལབ་ལབ་བྱེད། །ཉལ་དུས་མི་ཆེན་ཉལ་ཉལ་བྱེད། །འགྲོ་དུས་ཧོར་འདྲ་འགྲོ་འགྲོ་བྱེད། །བགེགས་དང་གོལ་ས་དེ་ལ་མང་། །སྤྱིར་ཁམས་གསུམ་རིགས་དྲུག་སོ་སོར་གོལ། །སོ་སྐྱེ་འདོད་པའི་ལས་སུ་གོལ། །ཉན་རང་ཞི་བདེའི་གནས་སུ་གོལ། །དགེ་བཤེས་ཟ་བའི་ཐབས་སུ་གོལ། །སྟོན་པ་ཚིག་གི་རྫོང་དུ་གོལ། །དགེ་སློང་བཟང་རྫུའི་ངང་དུ་གོལ། །རྣལ་འབྱོར་སྨྱོན་པའི་གསེབ་ཏུ་གོལ། །སྒོམ་ཆེན་སྟོང་ལྟ་ཧད་པོར་གོལ། །མི་ཤེས་ཐམས་ཅད་གོལ་ཚབས་ཆེ། །སྙན་རྒྱུད་མཁའ་འགྲོའི་ཁ་རླངས་ལ། །གོལ་ས་ཡོད་སྙམ་བདུད་ཡིན་པས། །རས་ཆེན་དྲུང་དུ་ཞི་བ་འོད། །གོལ་སར་ཤོར་ན་བསླུས་པ་ཡིན། །ཐེ་ཚོམ་སྤོངས་ལ་སྒོམ་སྒྲུབ་མཛོད། །དམར་ཁྲིད་ལག་ལེན་མངོན་སུམ་ལ། །གོལ་ས་བྱུང་ན་བདེན་པ་མེད། །བུ་ཐ་སྙད་སློབ་གཉེར་མ་སེམས་པར། །རྩེ་གཅིག་སྒོམས་དང་འབྲས་བུ་ཐོབ། །ཅེས་གསུངས་པས། ཐ་སྙད་སྤངས་ནས་རྩེ་གཅིག་ཏུ་བླ་མའི་དྲུང་ན་ལྟོ་གོས་ལ་གྱོང་ཆེན་པོ་བསྐུར་ནས་སྒོམ་ཞིང་ཡོད་པའི་ཚེ། སྔར་གྱི་གྲོགས་པོ་ཞིག་སླེབ་བྱུང་བས། ཁོས་རས་པ་ཞི་བ་འོད་ཀྱི་ལྟོ་གོས་སོགས་ཟས་ནོར་དང་བྲལ་བའི་འཕྲལ་གྱི་འདུག་ཚུགས་ངན་པ་དེ་མཐོང་ནས། གོ་ལོག་གི་སྙིང་རྗེ་སྐྱེས་ཏེ། ཁོ་ན་རེ། ཞུ་ཡས་དར་མ་དབང་ཕྱུག །ཁྱོད་དང་པོ་ཕྱུག་པོ་ཆེན་པོའི་གཅེས་ཕྲུག་ཡིན་པ་ལ། ད་སྤྲང་རྒན་བཟར་མེད་བགོར་མེད་འདི་འདྲ་ཞིག་བྱས་འདུག་ཨང་ཟེར་བའི་ལན་དུ། རས་པ་ཞི་བ་འོད་ཀྱིས་མགུར་འདི་གསུངས་སོ། །ཕ་བླ་མ་རྗེ་བཙུན་སངས་རྒྱས་ཀྱི་ངང་། །ཕ་མ་གཉིས་པོ་མཆོད་གནས་ཀྱི་རྟེན། །སྤུན་ཟླ་ཕན་ཆད་འཁོར་བའི་རྒྱུ། །བདག་དེས་ཀྱང་ཉེ་དུ་སྤངས་པ་ལགས། །རང་ཉིད་གཅིག་པུ་སངས་རྒྱས་ཀྱི་ངང་། །ཆོས་མཐུན་གྲོགས་པོ་དགེ་སྦྱོར་གྱི་རྟེན། །གསུམ་བཞི་ཕན་ཆད་ལོང་གཏམ་གྱི་རྒྱུ། །བདག་དེས་ཀྱང་གཅིག་པུར་བསྡད་པ་ཞིག་ལགས། །གདམས་ངག་ཚིག་གཅིག་སངས་རྒྱས་ཀྱི་ངང་། །གསལ་འདེབས་བེའུ་བུམ་དགེ་སྦྱོར་གྱི་རྟེན། །དཔེ་སྣ་མང་པོ་ང་རྒྱལ་གྱི་རྒྱུ། །བདག་དེས་ཀྱང་ཟིན་བྲིས་སྤངས་པ་ཞིག་ལགས། །རི་ཁྲོད་དགོན་པ་སངས་རྒྱས་ཀྱི་ངང་། །འཚོ་བ་བྱ་ཚོལ་དགེ་སྦྱོར་གྱི་རྟེན། །རྫས་ཡོ་བྱད་མང་པོ་ཆགས་པའི་རྒྱུ། །བདག་དེས་ཀྱང་ཕ་ཡུལ་སྤངས་པ་ཞིག་ལགས། །རྒྱལ་ཁམས་ཕྱོགས་མེད་སངས་རྒྱས་ཀྱི་ངང་། །དད་ལྡན་གྱི་བསོད་ནམས་དགེ་སྦྱོར་གྱི་རྟེན། །འཁོར་གཡོག་མང་པོ་ཉོན་མོངས་ཀྱི་རྒྱུ། །བདག་དེས་ཀྱང་འཁོར་གཡོག་སྤངས་པ་ཞིག་ལགས། །ཞེས་གསུངས་པས། ཁོ་ཡང་དད་པ་སྐྱེས་ནས་ཀ་ཆ་མང་པོ་ཕུལ་ལོ། །རྗེ་བཙུན་ཡང་ཤིན་ཏུ་མཉེས་ནས་སྐུ་མྱ་ངན་ལས་མ་འདས་ཀྱི་བར་དུ་ཕྱག་ཕྱི་བསྒྲུབས་ཆོས་གདམས་ངག་རྫོགས་པར་ཞུས་ནས། ཉམས་རྟོགས་ཀྱི་གོལ་ས་རྣམས་བཅད་པ་ཡིན་ནོ། །ཚ་བོས་རས་པ་མ་བྱུང་བར་རྗེ་བཙུན་ཅུང་ཟད་མ་མཉེས་ཤིང་། གླེན་བཙུན་སངས་རྒྱས་སྐྱབས་ཞེས་བྱ་བ་གཉའ་ནང་དུ་ར་སྣ་ན་དགོན་ཆུང་བཟུང་ནས་ཡོད་སྐད། རས་པ་ཞི་བ་འོད་དེ་རྗེ་བཙུན་མྱ་ངན་ལས་འདས་རྗེས། ཕ་དྲུག་གི་གོ་ལུང་སྨན་ཆུའི་ཕུག་པར་བསྒོམས་པའི་མཐར། ཉམས་རྟོགས་ས་ལམ་གྱི་ཡོན་ཏན་ཐམས་ཅད་མཐར་ཕྱིན་ཏེ། སྒྲུབ་ཕུག་གི་བྲག་ཟང་ཐལ་ཕུག་ནས་སྐུ་ཚེ་འདི་ཉིད་ཀྱིས་མཁའ་སྤྱོད་དུ་བྱོན་པ་ཡིན་ནོ། །ཆུ་མིག་དངུལ་འབུམ་སོགས་རས་པ་ཞི་བ་འོད་ཀྱི་སྐོར་རོ།། །།

༈ ན་མོ་གུ་རུ། རྗེ་བཙུན་མི་ལ་རས་པ་དེ་ཉིད་ལ་ནོར་དང་ལོངས་སྤྱོད་གཞན་ཅི་ཡང་མེད་པ་ལས། ཉེ་བར་མཁོ་བའི་ཡོ་བྱད་གང་ཡོད་ཐམས་ཅད་སྦའི་བེར་མ་ལྕག་ཅིག་ཡོད་པ་ལ་བཏགས་པ་ཞིག་ཡོད་པ་དེ་བསྣམས་ཏེ། སེ་བན་རས་པས་ཕྱག་ཕྱི་བགྱིས་ནས། གཅེན་ལུང་གི་ཆུ་མདའ་མཁར་བུར་རོ་སྙོམས་ཟས་ཀྱི་ལྡོམ་བུ་ལ་བྱོན་པས། ཡུལ་དེ་ན་རྒན་མོ་གཅིག་མིན་པ་མི་སུ་ཡང་མི་འདུག །རྒན་མོ་དེ་ལ་འཚོ་བ་སློང་གསུངས་པས། རྒན་མོ་དེ་ན་རེ། ང་ཅི་ཡང་མེད་པའི་དབུལ་མོ་ཞིག་ཡིན། ཕྱི་ལོགས་ཞིང་ཁ་ཕ་གི་ན་ངན་རྫོང་ཕྱུག་པོ་བྱང་ཆུབ་འབར་ཞེས་བྱ་བ། དེ་རིང་སོ་ནམ་བྱེད་ཀྱིན་ཡོད། དེར་བྱོན་དང་བཞེས་པ་འདྲེན་ཏེ་འོང་ཟེར་བས། རྗེ་བཙུན་ཡབ་སྲས་ཀྱང་དེར་བྱོན་པས། ཕྱུག་པོ་དེ་ས་བོན་ཁལ་གཅིག་ལ་སྟེགས་བྱས་ནས་བསྡད་འདུག་པ་ལ། རྗེ་བཙུན་ཆེན་པོས། ཡོན་བདག་ཁྱོད་ཕྱུག་པོ་ཞིག་ཡིན་ཟེར་བ། ངེད་རྣལ་འབྱོར་པ་འདི་གཉིས་ལ་དེ་རིང་ཉིན་འཁོར་གྱི་ཚ་ཆོས་སློང་དགོས་གསུངས་པས། ཁོ་ན་རེ། བཞེས་པ་དྲངས་པས་ཆོག །ཁྱེད་རྣལ་འབྱོར་པ་གཤའ་མ་ཞིག་ཡིན་ན་སྣང་བ་དཔེ་རུ་འདྲེན་ཤེས་པ་ཡིན་པས། ངའི་ཞིང་རྨོ་བ་འདི་དང་བསྟུན་པའི་མགུར་ཅིག་གསུང་འཚལ་ཞུས་པས། རྗེ་བཙུན་དང་ཉེ་གནས་སེ་བན་གཉིས་པོས་ཁོའི་ཞུས་ལན་མགུར་དུ་གསུངས་པ། འོ་ན་ཡོན་བདག་ཁེང་དྲེགས་ཅན། །ངན་རྫོང་ཕྱུག་པོ་ཚུར་ཉོན་དང་། །ཡོངས་དཔྱིད་གསུམ་སོས་ཀའི་ཟླ་བ་ལ། །བོད་མི་རེ་ཞིང་རེ་རྨོ་ཙ་ན། །རྣལ་འབྱོར་ང་ཡང་ཞིང་ཞིག་རྨོ། །གཞི་ཉོན་མོངས་ཐ་བའི་ཞིང་ས་ལ། །སྔོན་འགྲོ་དད་པའི་ལུད་ཅིག་བཀྲམ། །བདུད་རྩི་ལྔ་ཡི་རླན་གྱིས་སྦངས། །བློ་དང་ལྡན་པའི་ཞིང་མཁན་གྱིས། །འཁྲུལ་རྟོག་མེད་པའི་ས་བོན་བཏབ། །གཉིས་མེད་གླང་པོ་དོར་བསྡེབས་ནས། །ཤེས་རབ་ལྡན་པའི་ཐོང་གཤོལ་བཏགས། །དམ་ཚིག་ལྡན་པས་སྣ་ཁྲིད་དེ། །ཡེངས་པ་མེད་པའི་ཐོང་བཙུགས་ནས། །བརྩོན་འགྲུས་མྱུར་པོའི་ལྕག་བཅུག་པས། །ཐ་བ་སྲ་ཡང་ཕེད་དེ་མཆི། །བྱང་ཆུབ་མྱུ་གུ་ཐོན་ཏེ་མཆི། །འབྲས་བུ་དུས་སུ་སྨིན་ཏེ་མཆི། །ཁྱོད་འཇིག་རྟེན་འདི་ཡི་སོ་ནམ་མཁན། །ང་སྐྱེ་བ་གཏན་གྱི་སོ་ནམ་མཁན། །སྟོན་ཐོག་སུ་མང་བལྟ་ཡང་བལྟ། །ནམ་ཕུགས་སུ་སྐྱིད་འགྲན་ཡང་འགྲན། །དེ་སྣང་བ་དཔེ་རུ་དྲས་པ་ཡིན། །སོ་ནམ་གླུ་རུ་བླངས་པ་ཡིན། །ཐུགས་དགྱེས་པར་མཛོད་ཅིག་ཁེངས་དྲེགས་ཅན། །ཁྱེད་རང་དོན་ལགས་ཀྱིས་ཚོགས་གསོག་མཛོད། །ཅེས་གསུངས་པ་དང་། ཡང་ཁོ་ན་རེ་འོ་ན་རྣལ་འབྱོར་པ་ཁྱེད་རང་གི་ཕྱག་ན་བསྣམས་པའི་སྦ་ལྕག་དེའི་བརྡ་ཅི་ལགས། བྱིས་པའི་རྩེད་མོའམ། སྨྱོན་པའི་ལག་ཆ་ལྟ་བུ་འདི་ལ་དོན་ཞིག་ཡོད་ངེས་པས། འདིའི་དོན་འགྲོལ་བར་ཞུ་ཞུས་པས། ཡང་རྗེ་བཙུན་གྱིས་ཁོའི་ཞུས་ལན་མགུར་དུ་གསུངས་པ། འོ་ན་ཡོན་བདག་འདྲི་རྟོགས་མཁན། །ཁྱོད་སྦྱིན་ཤུགས་ཅན་དེ་ཚུར་ཉོན་དང་། །མི་ང་ངོ་ཁྱོད་ཀྱིས་ཤེས་མ་ཤེས། །ང་ངོ་ཁྱོད་ཀྱིས་མ་ཤེས་ན། །ཁོ་བོ་མི་ལ་རས་པ་ཡིན། །ང་དཀའ་བ་སྤྱད་པའི་གང་ཟག་ཡིན། །སྙིང་རུས་བྱས་པའི་སྒོམ་ཆེན་ཡིན། །ཕྱོགས་མེད་སྦྱངས་པའི་རྣལ་འབྱོར་ཡིན། །ང་ཡི་ལག་ན་བཟུང་བའི་སྦ་འཁར་འདི། །དང་པོ་རྒྱ་བྲག་ལོགས་ལ་སྐྱེས། །བར་དུ་རྒྱ་ཟོར་གུག་པས་བརྔས། །ཐ་མ་ཤ་འབྲེང་མཉེན་ལ་དྲགས། །འོངས་ནི་ལྷོ་ཁ་མོན་ནས་འོངས། །བཀལ་ནི་ཐེག་ཆེན་མཛོ་ལ་བཀལ། །འགྲིམས་ནི་ཚོང་འདུས་རྣམས་སུ་འགྲིམས། །ཕུལ་ནི་དད་པ་ཅན་གྱིས་ཕུལ། །ད་ལྟ་ང་ཡི་བེར་མ་ལྕག །འདི་དོན་ཁྱོད་ཀྱིས་གོ་མ་གོ། །འདི་དོན་ཁྱོད་ཀྱིས་མ་གོ་ན། །འདི་དོན་བཤད་ཀྱིས་ལེགས་པར་ཉོན། །སྦ་མ་ཐོག་རྩ་བ་བཅད་པ་དེ། །འཁོར་བའི་གཞི་རྩ་བཅད་པའི་རྟགས། །སྦ་ཡ་ཐོག་རྩེ་མོ་བཅད་པ་དེ། །ཐེ་ཚོམ་གོལ་ས་བཅད་པའི་རྟགས། །ཁྲུ་དོ་ཚད་ལ་བོར་བ་དེ། །ཆོས་པའི་ཚད་དོར་བོར་བའི་རྟགས། །སྦ་རྒྱུ་ནས་བཟང་ཞིང་མཉེན་པ་དེ། །གཞི་སེམས་ཉིད་ཡེ་ནས་བཟང་བའི་རྟགས། །སྦ་རྩི་འཇམ་ཁ་དོག་ལེགས་པ་དེ། །སེམས་གཉུག་མའི་དོན་ལ་སྦྱངས་པའི་རྟགས། །སྦ་དྲང་ལ་ལྡེམ་པར་འདུག་པ་དེ། །དོན་མ་ནོར་ཉམས་སུ་ལེན་པའི་རྟགས། །སྦ་ལ་ལུང་སུ་ལ་འདུག་པ་དེ། །བྱང་ཆུབ་རྒྱུན་ལམ་འབྱོངས་པའི་རྟགས། །སྦ་དུམ་བུ་བཞི་རུ་འདུག་པ་དེ། །ཚད་མེད་བཞི་དང་ལྡན་པའི་རྟགས། །སྦ་ལ་ཚིགས་གསུམ་འདུག་པ་དེ། །གཞི་ལ་སྐུ་གསུམ་ཚང་བའི་རྟགས། །སྦ་ཁ་དོག་བསྒྱུར་དུ་མེད་པ་དེ། །གཞི་ཆོས་ཉིད་འགྱུར་བ་མེད་པའི་རྟགས། །སྦ་ཟླུམ་ལ་འགྲིལ་བར་འདུག་པ་དེ། །ཆོས་ཉིད་སྤྲོས་དང་བྲལ་བའི་རྟགས། །སྦ་ཡེ་ནས་དཀར་ཞིང་འཚེར་བ་དེ། །ཆོས་སྐུ་དྲི་མ་མེད་པའི་རྟགས། །སྦ་ལ་སྦུ་གུ་འདུག་པ་དེ། །ཆོས་རྣམས་ཐམས་ཅད་སྟོང་པའི་རྟགས། །སྦ་ལ་སྨེ་བ་འདུག་པ་དེ། །ཆོས་ཐིག་ལེ་ཉག་གཅིག་གོ་བའི་རྟགས། །ནག་པོ་ཚག་ཚིག་འདུག་པ་དེ། །བོད་ཀྱི་རྣལ་འབྱོར་རས་པ་ལ། །རྣམ་རྟོག་ཕྲ་མོ་ཡོད་པའི་རྟགས། །སྦ་ཆོ་རིས་ཡེ་ནས་བཙུན་པ་དེ། །ཆོས་ཚུལ་བཞིན་ཉམས་སུ་བླངས་པའི་རྟགས། །སྦ་མཛེས་ཤིང་ཡིད་དུ་འོང་བ་དེ། །འགྲོ་བ་དད་ཅིང་འདུན་པའི་རྟགས། །སྦ་ཞབས་ལྕགས་ཀྱིས་བསྐོར་བ་དེ། །རྣལ་འབྱོར་རི་ཁྲོད་འགྲིམ་པའི་རྟགས། །འཆང་བཟུང་ཟངས་ཀྱིས་དྲིལ་བ་དེ། །ཌཱ་ཀི་དབང་དུ་འདུས་པའི་རྟགས། །སྦ་ལ་ལྕགས་གཟེར་བཏབ་པ་དེ། །རྣལ་འབྱོར་སྙིང་རུས་ཆེ་བའི་རྟགས། །ར་གན་ཨ་ལོང་བཏགས་པ་དེ། །ནང་གི་ཡོན་ཏན་རྒྱས་པའི་རྟགས། །དེ་ལ་ཤ་འབྲེང་བཏགས་པ་དེ། །རྣལ་འབྱོར་ཤེས་པ་མཉེན་པའི་རྟགས། །ལྕག་འབྲས་གཉིས་སུ་སྒྲིལ་བ་དེ། །ཟུང་འཇུག་ལམ་དུ་ཁྱེར་བའི་རྟགས། །ལྕག་འབྲས་མ་བུ་འཛོམ་པ་དེ། །སྐུ་གསུམ་མ་དང་མཇལ་བའི་རྟགས། །རུས་པའི་སློང་མོར་བཏགས་པ་དེ། །རྣལ་འབྱོར་རྒྱལ་ཁམས་བསྐོར་བའི་རྟགས། །མེ་ལྕགས་ཁུག་མ་བཏགས་པ་དེ། །ཅི་སྣང་གྲོགས་སུ་ཁྱེར་བའི་རྟགས། །དུང་ལོ་དཀར་པོ་བཏགས་པ་དེ། །ཆོས་ཀྱི་འཁོར་ལོ་བསྐོར་བའི་རྟགས། །གཅན་གཟན་རས་མ་བཏགས་པ་དེ། །ཉམ་ང་བག་ཚ་མེད་པའི་རྟགས། །དེ་ལ་མེ་ལོང་བཏགས་པ་དེ། །རྟོགས་ཚད་ནང་ནས་ཤར་བའི་རྟགས། །སྤུ་གྲི་རྣོན་པོ་བཏགས་པ་དེ། །ཉོན་མོངས་ཟུག་རྔུ་གཅོད་པའི་རྟགས། །ཤེལ་སྒོང་རྡོ་གཅིག་བཏགས་པ་དེ། །བག་ཆགས་དྲི་མ་སྤངས་པའི་རྟགས། །བ་སོའི་འཕྲེང་བ་བཏགས་པ་དེ། །བླ་མ་ཡིད་ལ་འཕྲེང་བའི་རྟགས། །དྲིལ་བུ་གཡེར་ཁ་བཏགས་པ་དེ། །སྙན་པ་ཕྱོགས་བཅུར་སྒྲོག་པའི་རྟགས། །སྣམ་རས་དཀར་དམར་བཏགས་པ་དེ། །བུ་སློབ་མང་པོ་འཁོར་བའི་རྟགས། །རྣལ་འབྱོར་ལག་ན་མཛེས་པ་དེ། །མི་ནག་ཐབས་ཀྱིས་འདུལ་བའི་རྟགས། །དེ་དོན་གང་ལགས་འདྲི་བ་དེ། །མོས་གུས་བག་ཆགས་ཡོད་པའི་རྟགས། །མི་ཁྱོད་དང་ང་རུ་འཕྲད་པ་དེ། །སྔོན་ཆད་སྨོན་ལམ་བཏབ་པའི་རྟགས། །དེ་སྦ་ལྕག་དཀར་པོ་རྟགས་ཀྱི་གླུ། །བརྡ་གོ་བར་གདའ་འམ་ལྷ་མི་ཀུན། །དོན་ཆོས་སུ་བདོག་གོ་དད་གུས་གྱིས། །ཁྱེད་ཡུན་དུ་སྐྱིད་ཀྱིས་དམ་ཆོས་མཛོད། །ཅེས་སྦ་ལྕག་དཀར་པོ་ཆོས་དང་མཐུན་པའི་མགུར་གསུངས་པས། ཡོན་བདག་དེ་དད་པ་ལྷག་པར་སྐྱེས་ཏེ། ཕྱག་བཙལ་ཞབས་སྤྱི་བོར་བླངས་ནས། བླ་མ་ལགས། བདག་མ་ཤི་བར་དུ་མཆོད་གནས་བྱེད་པས་གདན་ཕབ་ལ་བཞུགས་འཚལ་ཞེས་ཞུས་པས། བླ་མ་ཡབ་སྲས་གཉིས་ཞག་བདུན་ལས་བཞུགས་སུ་མ་བཞེད་དེ། ཁྱེད་འཇིག་རྟེན་པའི་བླ་མཆོད་ངས་མི་འོང་གསུངས་ནས་གཤེགས་གྲབས་མཛད། དེ་ནས་གཤེགས་ཁར་ཡོན་བདག་ན་རེ། ད་བླ་མ་རྗེ་བཙུན་ཅིས་ཀྱང་གཤེགས་ན་ཁྱེད་རང་གི་ཐུགས་ལ་འཁྲུངས་པའི་སྒོམ་ཉམས་ཚིག་གསུམ་ཙམ་གནང་འཚལ་ཞུས་པས། ཡང་རྗེ་བཙུན་ཡབ་སྲས་ཀྱིས་ཁོའི་ཞུས་ལན་དུ་མགུར་འདི་གསུངས་སོ། །འོ་ན་ཡོན་བདག་དད་པ་ཅན། །ཁྱོད་ཕྱུག་པོ་མདོ་མེད་ཚུར་ཉོན་དང་། །ཆོས་ཁ་ལ་སླ་སྟེ་དོན་ལ་དཀའ། །ཁྱེད་ཅག་འཁྲུལ་པའི་འཇིག་རྟེན་པ། །ལོང་ཡོད་དུ་རེ་ལ་ནམ་ཟླ་འདས། །ཆོས་བྱེད་དོ་སྙམ་ལ་མི་ཚེ་ཟད། །ལར་ནི་དམ་ཆོས་བགྱིས་ན་ལེགས། །ཡོངས་གཡའ་ཡི་ཆུ་མིག་བསིལ་གསུམ་པོ། །ནད་མཁྲིས་པ་སེལ་བར་ཆ་མཆིས་ཏེ། །ལྷ་བྱ་གོང་མོ་མ་ལགས་པ། །རི་དྭགས་དམན་པས་བཏུང་དབང་མེད། །གནམ་ལྕགས་ཐོག་གི་རལ་གྲི་དེས། །གཡུལ་ངོ་བཟློག་པར་ཆ་མཆིས་ཏེ། །གླང་པོ་ས་སྲུང་མ་ལགས་པ། །གླང་ཕྲན་གཞན་ལ་གདགས་དབང་མེད། །འཆི་མེད་ལྷ་ཡི་བདུད་རྩི་དེས། །ལུས་བཅུད་ལེན་གྲུབ་པར་ཆ་མཆིས་ཏེ། །སློབ་དཔོན་ཀླུ་སྒྲུབ་མ་ལགས་པ། །ཆོས་མཛད་ཡོངས་ཀྱིས་མྱང་བ་མེད། །རོ་ལངས་གསེར་གྱི་སྒྲོམ་བུ་དེས། །དབུལ་པ་སེལ་བར་ཆ་མཆིས་ཏེ། །རྒྱལ་བུ་ཟླ་འོད་མ་ལགས་པ། །དམངས་ཕལ་པ་རྣམས་ལ་སྤྱད་དབང་མེད། །རྒྱ་མཚོའི་གཏིང་གི་ནོར་བུ་ལ། །དགོས་འདོད་འབྱུང་བར་ཆ་མཆིས་ཏེ། །ཀླུ་དགའ་བོ་འཇོག་པོ་མ་ལགས་པ། །འཛམ་གླིང་མི་ལ་སྤྱད་དབང་མེད། །དགའ་ལྡན་ལྷ་ཡི་ཕོ་བྲང་དེ། །གཟིགས་མོ་ཆེ་བར་ཆ་མཆིས་ཏེ། །སློབ་དཔོན་ཐོགས་མེད་མ་ལགས་པ། །གང་ཟག་ཕལ་གྱིས་མཐོང་བ་མེད། །བཟང་དྲུག་སྨན་གྱི་ནུས་པ་དེས། །ནད་ཚ་གྲང་སེལ་བར་ཆ་མཆིས་ཏེ། །ཙན་དན་སྡོང་པོ་མ་ལགས་པ། །ཤིང་ཕལ་པ་རྣམས་ལ་ཡོངས་མི་སྨིན། །ལས་རྒྱུ་འབྲས་དཀར་པོ་དགེ་བ་བཅུས། །མཐོ་རིས་ཐོབ་པར་ཆ་མཆིས་ཏེ། །མི་དད་པ་ཅན་ཞིག་མ་ལགས་པ། །སྡིག་པོ་ཆེ་ལ་རང་དབང་མེད། །བཀའ་བརྒྱུད་བླ་མའི་མན་ངག་གིས། །བྱང་ཆུབ་ཐོབ་པར་ཆ་མཆིས་ཏེ། །མི་ལས་འཕྲོ་ཅན་ཞིག་མ་ལགས་པ། །སྐལ་མེད་རྣམས་ལ་རང་དབང་མེད། །སྙན་བརྒྱུད་མན་ངག་རིན་པོ་ཆེས། །མངོན་སངས་རྒྱ་བར་ཆ་མཆིས་ཏེ། །མི་སྙིང་རུས་ཅན་ཞིག་མ་ལགས་པ། །ཁྱེད་གཡེང་བ་ཅན་ལ་སྒོམ་དབང་མེད། །བཟའ་བཏུང་ཟས་ཀྱི་ཚོགས་འཁོར་དེས། །དབུལ་བ་སེལ་བར་ཆ་མཆིས་ཏེ། །ཁྱོད་སྤྱང་མོ་འདྲེན་ནེ་མ་ལགས་པ། །མི་སེར་སྣ་ཅན་ལ་སྤྱད་དབང་མེད། །ཟང་ཟིང་ནོར་གྱི་གཏོང་ཕོད་དེས། །རང་རྒྱགས་ཡིན་པར་ཆ་མཆིས་ཏེ། །ཁྱོད་ངན་རྫོང་ཕྱུག་པོ་མ་ལགས་པ། །ནོར་ཡོད་དགུ་ཅོག་གིས་གཏོང་མི་ཕོད། །ང་རྣལ་འབྱོར་མི་ལ་རས་པ་དང་། །ཉེ་གནས་སེ་སྟོན་རས་པ་གཉིས། །ཁྱོད་གཅེན་ལུང་གི་ངན་རྫོང་ཕྱུག་པོ་གསུམ། །ཞག་བདུན་བར་དུ་ཉལ་ས་གཅིག །དེ་སྨོན་ལམ་འབྲེལ་པ་བཞག་པ་ཡིན། །ད་ནི་མི་སྡོད་འཁྱམ་དུ་འགྲོ། །ཁྱོད་ཡོན་བདག་བཟའ་མི་འཁོར་བཅས་རྣམས། །ཚེ་རིང་ནད་མེད་སྨོན་ལམ་འཚལ། །ཞེས་གསུངས་ཤིང་། ཁྱེད་ཀྱིས་ང་ལ་ཟས་བྱིན་པ་དང་། ངས་ཁྱོད་ལ་ཆོས་བཤད་པ་དང་། ཉལ་བའི་གནས་མལ་གསུམ་པོ་དེ་གལ་ཆེ་བ་ཡིན། ལར་མོས་པ་སེམས་ཀྱི་ས་བོན་བྱ་བ་དུས་རྟག་ཏུ་དད་པ་བྱས་ན་ཚེ་ཕྱི་མ་ལྷན་ཅིག་སྐྱེ་བའི་རྒྱུ་ཡིན། སྨོན་ལམ་འབྲེལ་པ་འཇོག་པ་ལ་ཆོས་མང་པོ་བཤད་མི་དགོས། ཡུན་རིང་པོ་འགྲོགས་མི་དགོས། དམིགས་པ་ཡུལ་གྱི་རྐྱེན་དང་། མོས་པ་སེམས་ཀྱི་ས་བོན་འཛོམ་ན། དར་ཅིག་སྣོལ་བ་ཡང་སྨོན་ལམ་གྱི་དབང་གིས་འཛོམ་ནས་འོང་བ་ཡིན། ལར་སེམས་དད་ཅིང་འདུན་པ་གལ་ཆེ། དུས་དིང་སང་མི་བསོད་ནམས་མ་བསགས་པས། ནང་གི་ཡོན་ཏན་མང་པོ་ཡོད་པ་མི་མཐོང་། ཕྱིའི་སྐྱོན་བག་རེ་ཡོད་པ་མཐོང་བ་ཡིན། མོས་པ་བྱེད་པ་ལ་ང་དང་ཐག་ཉེ་རིང་མེད། ཐག་ཉེ་ཞིང་ཧ་ཅང་མཛའ་ཆེས་པ་ཡང་འཁོན་ཤུགས་ཅན་དུ་འགྲོ་བ་ཡིན། ཁྱོད་ཀྱི་ཆོས་བྱེད་པ་མི་འོང་། བག་ཆགས་ཀྱིས་བསླབ་དགོས། ངས་ཁྱོད་ལ་སྨོན་ལམ་བཏབ། ཁྱེད་རང་ཡང་ང་ལ་གསོལ་བ་ཐོབ། མོས་གུས་སྐྱེད། དུས་ད་ལྟའི་དད་པ་དང་སྤྱོད་འགྲོས་ལས་མ་འགྱུར་ན། ཚེ་ཕྱི་མ་ལ་སྐྱེ་གནས་ཁྱད་པར་ཅན་དང་། ལོངས་སྤྱོད་ཕུན་སུམ་ཚོགས་པ་འབྱུང་བ་ལ་གདོན་མི་ཟ། ཆོས་བྱེད་པ་ལ་རྒྱལ་ཁམས་མང་པོ་འགྲིམ་མི་དགོས། སླར་ཡང་ངན་སྤྱོད་མང་པོ་མཐོང་ཙ་ན། མི་ཤེས་པ་སྒྲིམ་དུ་འགྲོ་བ་ཡིན། ཁྱེད་མི་ཆོས་པའི་ཆོས་དེ་ཡུལ་རང་ན་བཟང་བ་ཡིན། ཚོགས་ཞོར་ལ་སོགས། སེམས་ཀྱིས་ཟིན་ན་སྤྲང་པོ་ལ་ཡོན་མྱུར་དུ་བྱིན་པ་གཅིག་པུས་ཀྱང་ཆོག །ཆོས་འདི་ཡིན་བྱ་བའི་བཟང་བཟང་པོ་ཞིག་ལོགས་ན་མེད། ངེད་ཀྱི་ལད་མོ་ཁྱོད་ཀྱིས་མི་འོང་། སེང་གེས་མཆོངས་སར་ཝས་མཆོངས་ན་རྐེད་པ་ཆག །ངེད་ཀྱི་ལུགས་བཞིན་ཆོས་པ་ཕལ་ཆེར་གྱིས་མི་འོང་བར་གདའ། དེ་བས་ཁྱོད་རང་ཁྱིམ་པ་དྲག་གིས་དད་པ་འདི་ལས་མ་འགྱུར་ཅིག་གསུངས་ནས། རྗེ་བཙུན་དཔོན་སློབ་གཉིས་རོ་སྙོམས་ཀྱི་ལྡོམ་བུ་ལ་བྱོན་པས། ཡུལ་གྲོང་ཞིག་ན་སྔགས་ལུགས་ཀྱི་སྟོན་པ་ཞིག་འདུག་པ་དེ་ན་རེ། རྣལ་འབྱོར་པ་རྣམས་ག་ནས་ཡིན། ཆ་ལུགས་འདི་ལ་བལྟས་ན་ལྟ་བ་དང་སྒོམ་པ་རྣམ་དག་གི་ཉམས་ལེན་རོ་སྙོམས་ཀྱི་སྤྱོད་པས་བོགས་འདོན་པ་ཞིག་ཡོད་ལས་ཆེ་ཤོད་དང་ཟེར་བས། རྗེ་བཙུན་གྱིས་ཁྱོད་རང་ལ་ལྟ་སྒོམ་སྤྱོད་པའི་ཉམས་ལེན་ཡོད་དམ་མེད་ན་ངེད་ལ་ཡོད་པ་བཤད་རུང་ཁྱེད་ཀྱིས་མི་གོ། དེ་བས་ངེད་ལ་ལས་དཀར་པོའི་འབྲེལ་པ་འཇོག་ཕྱིར་ད་ནང་གི་འཚོ་བ་ཞིག་སློང་དང་གསུངས་པས། ཁོ་ན་རེ། འཚོ་བ་དྲངས་པས་ཆོག །ང་རང་ཡང་སྔགས་ལུགས་ཀྱི་སྟོན་པ་ཡིན་པས་དེ་ཚོ་གོ་བ་ཙམ་ཡོད་དེ། ངེད་རང་གི་ལུགས་ཀྱི་ལྟ་སྒོམ་སྤྱོད་པ་འདི་ལྟར་ཉམས་སུ་ལེན་ཟེར། ཁོ་རང་གི་ལུགས་ཀྱི་ལྟ་སྒོམ་སྤྱོད་པ་རྒྱས་པར་བཤད་ནས་ཁྱེད་དང་མཐུན་པ་འདུག་གེ་ཟེར་བས། རྗེ་བཙུན་གྱི་ཞལ་ནས་འཁོར་བས་འཇིགས་ནས་ཚེ་འདི་བློས་བཏང་སྟེ། མྱུར་དུ་སངས་རྒྱས་ཐོབ་འདོད་ཀྱི་བསམ་པས་སྦྱོར་བ་མཚན་ལྡན་གྱི་བླ་མའི་བཀའ་བཞིན་ཡེངས་མེད་དུ་མ་བསྒྲུབས་ན། ཚེ་འདིའི་ལོ་འདོད་ཀྱི་ཆེད་དུ་ཡིག་ནག་ལ་བལྟས་པའི་ཚིག་རིགས་ཀྱི་ལྟ་སྒོམ་སྤྱོད་པ་རྣམས་ལམ་ལོག་པར་འགྱུར་བ་ཡིན་ཞེས་མགུར་འདི་གསུངས་སོ། །ཨང་གེ་གསན་དང་སྟོན་ཆེན་པ། །ཚེ་འདི་བློ་ཡིས་མ་བཏང་བའི། །གཞན་དོན་སྒྲུབ་པ་མི་བྱེད་ཅིང་། །འཁོར་འདས་གཅིག་ཏུ་མ་རྟོགས་ན། །ཡིག་ནག་དཔེ་ལ་བལྟས་པ་ཡི། །རོ་སྙོམས་སྤྱོད་པ་བླ་མེད་དེ། །ཆོས་བརྒྱད་ཆུ་བོས་མ་ཁྱེར་རམ། །མཐའ་བྲལ་གྱི་ལྟ་བ་ཟུང་འཇུག་དེ། །མུ་བཞིའི་གཡང་ལ་མ་ལྷུང་ངམ། །སྒོམ་པ་ཡིད་ལ་མི་བྱེད་པ། །མཚན་མའི་འཇུར་བུས་མ་བཅིངས་སམ། །བདེ་བ་ཆེན་པོའི་ཏིང་འཛིན་དེ། །འདོད་པའི་ཞེན་པས་མ་བསླུས་སམ། །ལུས་ངག་བྱིན་གྱིས་མ་བརླབས་པའི། །མཚན་མའི་ཆོས་ཀྱིས་མ་བཅིངས་སམ། །སྣང་བ་བླ་མར་སྒོམ་དུས་སུ། །རིག་པ་ཡན་ལ་མ་ཤོར་རམ། །གསང་སྔགས་བརྡ་ཡིས་སྟོན་པ་ལ། །བརྡ་དོན་མེད་པར་མ་བཤད་དམ། །རང་སེམས་ཡེ་ནས་རྣམ་དག་ལ། །རྫུན་དང་བཅོས་མས་མ་བསླད་དམ། །བླ་མ་དམ་པས་མ་གནང་བར། །སྤྱོད་པ་རང་དགར་མ་སྤྱད་དམ། །ཚེ་འདིའི་ཞེ་འདོད་འཕྲིན་ལས་རྣམས། །བདུད་ཀྱི་བར་ཆད་མ་ཡིན་ནམ། །བྱིན་རླབས་བརྒྱུད་པར་ལྡན་པ་ཡི། །ལྟ་སྒོམ་ཉམས་ལེན་མ་མཆིས་ན། །བདུད་ཀྱི་མགོ་གཡོགས་བསླུ་ཐབས་ཀྱིས། །འཁོར་བ་ངན་སོང་མི་གྲོལ་ངེས། །དེས་ན་ཡང་དག་བརྒྱུད་པ་སྟེན། །རང་འདོད་མེད་པའི་ཉམས་ལེན་མཛོད། །ཅེས་གསུངས་པས། སྟོན་པ་ཤིན་ཏུ་དད་པར་གྱུར་ཏེ། ཤིན་ཏུ་མད་ངོ་མཚར་ཆེ་ཟེར། ཕྱག་བཙལ་ཞབས་སྤྱི་བོར་བླངས་ནང་དུ་གདན་དྲངས་ནས་བསྙེན་བཀུར་ཕུན་སུམ་ཚོགས་པ་བྱས་ཏེ། ཕྱག་ཕྱིར་འབྲང་བ་ཞུས་པ་ལས། རྗེ་བཙུན་གྱིས་ལས་ཅན་གྱི་གང་ཟག་ཏུ་དགོངས་ནས་གནང་སྟེ། ལ་ཕྱིའི་གངས་ལ་བྱོན། དབང་དང་གདམས་པས་སྨིན་གྲོལ་ལ་བཀོད་པ་དེ་ལ། ཐུགས་སྲས་ངན་རྫོང་སྟོན་པ་བྱང་ཆུབ་རྒྱལ་པོ་ཞེས་གྲགས་པ་དེ་བྱུང་ངོ་། །གཅེན་ལུང་དུ་སྦ་ལྕག་གི་སྐོར་ལ་ངན་རྫོང་སྟོན་པ་དང་མཇལ་བའི་སྐོར་རོ།། །།

༈ ན་མོ་གུ་རུ། རྗེ་བཙུན་མི་ལ་རས་པ་དེ་ཉིད་ལ་ཕྱི་གངས་ལ་བཞུགས་པའི་ཚེ་ནུབ་གཅིག་གི་མནལ་ལམ་དུ། བུ་མོ་མཛེས་མ་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་ཞིག་བྱུང་ནས། རྣལ་འབྱོར་མི་ལ་རས་པ་བླ་མའི་བཀའ་བཞིན་ངེས་པར་གངས་ཏི་སེ་ལ་སྒོམ་དུ་སོངས་ཤིག །དེའི་ལམ་དུ་སྐྱེས་བུ་ལས་འཕྲོ་ཅན་ཞིག་དང་འཕྲད་འོང་བར་འདུག་པས། དེ་ཡང་རྗེས་སུ་ཟུངས་ཤིག་ཟེར་མི་སྣང་བར་གྱུར་པ་ལས། མནལ་སད་པ་དང་། ཐུགས་དགོངས་ལ་དེ་ཡི་དམ་མཁའ་འགྲོས་བླ་མའི་བཀའ་དྲིན་གསོ་ཞིང་བསྐུལ་བ་དང་། ལུང་བསྟན་དུ་འདུག་པས་ཅིས་ཀྱང་འགྲོ་དགོས་དགོངས་ཏེ། ལ་ཕྱི་ནས་ཏི་སེ་ལ་བྱོན་པའི་ལམ་གཉའ་ནང་རྒྱགས་མདར། དམ་པ་རྒྱགས་ཕུ་བ་རྗེ་བཙུན་གྱི་དྲུང་དུ་འོངས་པ་དང་མཇལ་ཏེ། རང་གནས་སུ་གདན་དྲངས་ནས་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར་བའི་ཚོགས་གྲལ་དུ། དམ་པ་རྒྱགས་ཕུ་བས། ད་ལན་གྱི་ཚོགས་གྲལ་འདིར་རྗེ་བཙུན་རང་གི་ཐུགས་ལ་འཁྲུངས་ཤིང་ཆོས་པ་ཀུན་ལ་དགོས་པའི་མགུར་ཞིག་གསུང་བར་ཞུ་ཞུས་པའི་ལན་དུ། རྗེ་བཙུན་གྱིས་སེམས་དོན་ཉེར་གཅིག་འདི་མགུར་དུ་གསུངས་སོ། །གཅིག་ཏུ་གསང་སྔགས་ཐབས་ལམ་ཆེ། །གཉིས་སུ་བླ་མའི་གདམས་ངག་ཆེ། །གསུམ་དུ་རང་གི་སྒོམ་སྲན་ཆེ། །འདི་ནི་ཆེ་བ་རྣམ་གསུམ་ལགས། །གཅིག་ཏུ་སྲོག་རྩོལ་གནད་དུ་ཆུད། །གཉིས་སུ་སེམས་ཉིད་ཀློང་དུ་ཆུད། །གསུམ་དུ་སེམས་ལ་རང་བྱན་ཆུད། །འདི་ནི་ཆུད་པ་རྣམ་གསུམ་ལགས། །གཅིག་ཏུ་བླ་མའི་བཀའ་བཞིན་གྲུབ། །གཉིས་སུ་རང་གི་སེམས་དོན་གྲུབ། །གསུམ་དུ་གཞན་དོན་ལྷུན་གྱིས་གྲུབ། །འདི་ནི་གྲུབ་པ་རྣམ་གསུམ་ལགས། །གཅིག་ཏུ་ཕྱི་ཡི་གདོན་བགེགས་ཞི། །གཉིས་སུ་ནང་གི་ཉོན་མོངས་ཞི། །གསུམ་དུ་ལུས་ཀྱི་ན་ཚ་ཞི། །འདི་ནི་ཞི་བ་རྣམ་གསུམ་ལགས། །གཅིག་ཏུ་ཚིག་གི་སྡེབ་སྦྱོར་མཁས། །གཉིས་སུ་དྲི་བའི་ལན་ལ་མཁས། །གསུམ་དུ་སེམས་ཀྱི་མཚན་ཉིད་མཁས། །འདི་ནི་མཁས་པ་རྣམ་གསུམ་ལགས། །གཅིག་ཏུ་བདེ་བ་དངོས་མེད་མཐོང་། །གཉིས་སུ་སྣང་བ་ཧད་པོར་མཐོང་། །གསུམ་དུ་ཚིག་དང་དྲལ་བར་མཐོང་། །འདི་ནི་མཐོང་བ་རྣམ་གསུམ་ལགས། །གཅིག་ཏུ་མི་རྣམས་ཚོགས་སུ་འདུ། །གཉིས་སུ་ལོངས་སྤྱོད་ཚོགས་སུ་འདུ། །གསུམ་དུ་མཁའ་འགྲོ་ཚོགས་སུ་འདུ། །འདི་ནི་འདུ་བ་རྣམ་གསུམ་ལགས། །སེམས་ཀྱི་དགོས་དོན་ཉི་ཤུ་གཅིག །རྣལ་འབྱོར་བློ་ལ་ཤར་ནས་བླངས། །སྤྱིར་ཆོས་མཛད་རྣམས་ལ་དེ་ཚོ་གཅེས། །སྒོས་བུ་སློབ་རྣམས་ལ་དེ་ཚོ་གཅེས། །དགོས་དོན་འཛོམ་པ་བརྒྱ་ལ་འགའ། །དེ་ཕྱིར་ཐར་པ་ཐོབ་པར་དཀའ། །ད་ལྟ་དགོས་དོན་འཛོམ་དུས་འདིར། །དཀའ་ཡང་དཀའ་སྟེ་སྤྱད་ཀྱང་འཚལ། །ཞེས་གསུངས་པས། །དམ་པ་རྒྱགས་ཕུ་བ་ཡང་ཞབས་ཕྱིར་འབྲངས་ཏེ། དབང་དང་གདམས་པ་གནང་བ་བསྒོམས་པས། ཉམས་རྟོགས་མཐར་ཕྱིན་ནས། སྟོན་སྒོམ་ཉེ་བའི་སྲས་ཤིག་བྱུང་ངོ་། །དམ་པ་རྒྱགས་ཕུ་བ་དང་མཇལ་བའི་སྐོར་རོ།། །།


༈ ན་མོ་གུ་རུ། རྗེ་བཙུན་མི་ལ་རས་པ་དཔོན་སློབ་འགའ་ཤས་ལུང་བསྟན་ལྟར་གངས་ཏི་སེ་ལ་བྱོན་ནས་གློ་བོ་མཚོ་བར་དུ་ཕྱག་ཕེབས་པའི་ཚེ། སློབ་མ་སྒོམ་མ་གཅིག་ནད་རྫུན་བཏབ་ནས་འགྲོ་མ་ཉན་པ་ལ། དེར་འབྱོན་སྟབས་ཆག་སྟེ། དབྱར་གློ་བོའི་སྟོད་དུ་ཆོས་གསུང་ཞིང་བཞུགས། ནམ་ཟླ་སྟོན་སེར་དུ་སོང་བ་དང་། ཡར་ཏི་སེ་ལ་བྱོན་པའི་ཚེ། ཉ་མ་ཕོ་མོ་རྣམས་ཀྱིས་སྐོར་ར་ལ་ཐོག་གི་བར་དུ་གཤེགས་སྐྱེལ་བྱས་པའི་སར་ཕྱག་དང་བསྐོར་བ་མང་དུ་བྱས་ནས། ད་བདག་ཅག་རྣམས་དང་མཇལ་ངེས་མེད་པས་མགུར་ཅིག་གསུང་འཚལ་ཞུས་པའི་ལན་དུ་རྣལ་འབྱོར་གྱི་ཡིན་ཚུལ་འདི་མགུར་དུ་གསུངས་སོ། །མི་ང་དག་ང་ནི་ང་གཅིག་ཡིན། །ང་དག་བོད་ཀྱི་རྣལ་འབྱོར་ཡིན། །ང་ནི་མི་ལ་རས་པ་ཡིན། །ང་ཐོས་ཆུང་གདམས་ངག་ཆེ་བ་ཡིན། །སེམས་ཆུང་སྙིང་རུས་ཆེ་བ་ཡིན། །གཉིད་ཆུང་སྒོམ་སྲན་ཆེ་བ་ཡིན། །གཅིག་ཤེས་ཀུན་ལ་མཁས་པ་ཡིན། །ཀུན་ཤེས་གཅིག་ཏུ་གོ་བ་ཡིན། །ཡང་དག་དོན་ལ་མཁས་པ་ཡིན། །མལ་ཆུང་བརྐྱང་བསྐུམ་བདེ་བ་ཡིན། །གོས་སྲབ་ལུས་པོ་དྲོ་བ་ཡིན། །ཟན་ཆུང་ལྟོ་བ་འགྲངས་པ་ཡིན། །སྒོམ་ཆེན་ཀུན་གྱི་ཐུག་ས་ཡིན། །དད་པ་ཅན་གྱི་འཚོག་ས་ཡིན། །སྐྱེ་འཆིས་འཇིགས་པའི་འཁྲི་ས་ཡིན། །ང་ཡུལ་ལ་ཕྱོགས་རིས་མེད་པ་ཡིན། །གནས་ལ་ངེས་པ་མེད་པ་ཡིན། །སྤྱོད་པ་གཟའ་གཏད་མེད་པ་ཡིན། །རྫས་ལ་འཛིན་ཆགས་མེད་པ་ཡིན། །ཟས་ལ་སྨེ་གཙང་མེད་པ་ཡིན། །ཉོན་མོངས་ཟུག་རྔུ་ཆུང་བ་ཡིན། །རང་མཐོང་འདོད་པ་ཆུང་བ་ཡིན། །གཟུང་འཛིན་ཞེན་ཆགས་ཆུང་བ་ཡིན། །མྱ་ངན་འདས་པའི་མདུད་འགྲོལ་ཡིན། །རྒན་རྒོན་རྣམས་ཀྱི་སྐྱོ་གྲོགས་ཡིན། །བྱིས་པ་རྣམས་ཀྱི་རྩེ་གྲོགས་ཡིན། །རྣལ་འབྱོར་རྒྱལ་ཁམས་ཡོངས་སུ་འགྲིམ། །ཁྱེད་ལྷ་མི་སྐུ་ཁམས་བདེ་བར་བཞུགས། །ཞེས་གསུངས་པས། ཁོང་རྣམས་ན་རེ། རྗེ་བཙུན་གྱི་མཛད་སྤྱོད་དེ་ལྟར་ལགས་ཏེ། ངེད་བུ་སློབ་རྣམས་ཇི་ལྟར་བགྱི་ཞེས་ཞུས་པས། ཡང་རྗེ་བཙུན་གྱིས་ཐམས་ཅད་མི་རྟག་པ་ཡིན་པས་ཆོས་གྱིས་ཤིག་ཅེས་མི་རྟག་དཔེ་བརྒྱད་འདི་མགུར་དུ་གསུངས་སོ། །ཁྱེད་འདིར་བྱོན་དད་ལྡན་བུ་སློབ་རྣམས། །ནན་ཏར་ལྷ་ཆོས་བགྱིད་མི་བགྱིད། །དད་པ་གཏིང་ནས་སྐྱེས་མ་སྐྱེས། །སྙིང་ནས་ལྷ་ཆོས་བགྱིད་བསམ་ན། །དད་པ་འགྱུར་ལྡོག་མི་བདོག་ན། །དཔེ་དེ་ཀུན་རྫོབ་ཀྱི་འཁོར་ལོས་མཚོན། །དོན་དེ་རང་གི་སེམས་ལ་དྲིས། །ཕྱི་སྣང་བ་དཔེ་རུ་བསྟན་མ་བསྟན། །སྣང་བ་དཔེ་རུ་བསྟན་ཙ་ན། །གསེར་ལོ་ཐང་ཀ་དེ་དང་གཅིག །གཡུ་ལོ་མེ་ཏོག་དེ་དང་གཉིས། །ཕུ་ཡི་བཤེའུ་དེ་དང་གསུམ། །མདའ་ཡི་འབྲས་ཕྲུག་ལེགས་དང་བཞི། །ཟ་འོག་ཁྲིགས་སེ་དེ་དང་ལྔ། །ནོར་བུ་རིན་ཆེན་དེ་དང་དྲུག །ཚེས་གསུམ་ཟླ་བ་དེ་དང་བདུན། །མི་བུ་རིན་ཆེན་དེ་དང་བརྒྱད། །སྔོན་ཆད་ཚིག་ལ་སྐྱར་མ་མྱོང་། །གླུ་དེ་ཡི་ཕྱི་རྗེས་མ་ཟློས་ན། །ཚིག་དེས་དོན་གྱི་བརྡ་མི་ཁྲོལ། །ཚིག་དེ་དོན་དང་སྦྱོར་ཙ་ན། །གསེར་ལོ་ཐང་ཀར་དགུང་དུ་ཡལ། །དེས་ཀྱང་སྒྱུ་མའི་དཔེ་ཞིག་མཚོན། །དེ་ཡང་མི་རྟག་ཚུལ་དུ་གདའ། །དོན་དེ་ལ་སོམས་ལ་ལྷ་ཆོས་མཛོད། །གཡུ་ལོ་མེ་ཏོག་སད་ཀྱི་ཁྱེར། །དེས་ཀྱང་སྒྱུ་མའི་དཔེ་ཞིག་མཚོན། །དེ་ཡང་མི་རྟག་ཚུལ་དུ་གདའ། །དོན་དེ་ལ་སོམས་ལ་ལྷ་ཆོས་མཛོད། །ཕུ་ཡི་བཤེ་ཆུང་མདའ་ཡིས་བསད། །དེས་ཀྱང་སྒྱུ་མའི་དཔེ་ཞིག་མཚོན། །དེ་ཡང་མི་རྟག་ཚུལ་དུ་གདའ། །དོན་དེ་ལ་སོམས་ལ་ལྷ་ཆོས་མཛོད། །མདའ་ཡི་འབྲས་ཕྲུག་ཟོར་བས་བརྔས། །དེས་ཀྱང་སྒྱུ་མའི་དཔེ་ཞིག་མཚོན། །དེ་ཡང་མི་རྟག་ཚུལ་དུ་གདའ། །དོན་དེ་ལ་སོམས་ལ་ལྷ་ཆོས་མཛོད། །ཟ་འོག་ཁྲིགས་སེ་གཟོང་གིས་དྲས། །དེས་ཀྱང་སྒྱུ་མའི་དཔེ་ཞིག་མཚོན། །དེ་ཡང་མི་རྟག་ཚུལ་དུ་གདའ། །དོན་དེ་ལ་སོམས་ལ་ལྷ་ཆོས་མཛོད། །ནོར་བུ་རིན་ཆེན་རྙེད་ནས་སྟོར། །དེས་ཀྱང་སྒྱུ་མའི་དཔེ་ཞིག་མཚོན། །དེ་ཡང་མི་རྟག་ཚུལ་དུ་གདའ། །དོན་དེ་ལ་སོམས་ལ་ལྷ་ཆོས་མཛོད། །ཚེས་གསུམ་ཟླ་བ་ཤར་ནས་རྒས། །དེས་ཀྱང་སྒྱུ་མའི་དཔེ་ཞིག་མཚོན། །དེ་ཡང་མི་རྟག་ཚུལ་དུ་གདའ། །དོན་དེ་ལ་སོམས་ལ་ལྷ་ཆོས་མཛོད། །མི་བུ་རིན་ཆེན་སྐྱེས་ནས་ཤི། །དེས་ཀྱང་སྒྱུ་མའི་དཔེ་ཞིག་མཚོན། །དེ་ཡང་མི་རྟག་ཚུལ་དུ་གདའ། །དོན་དེ་ལ་སོམས་ལ་ལྷ་ཆོས་མཛོད། །ངོ་མཚར་ཅན་གྱི་དཔེ་བརྒྱད་པོ། །ཁྱེད་སྐྱེལ་མི་རྣམས་ཀྱི་ཕྱག་ལེན་མཛོད། །ལར་བྱ་བའི་ལས་ལ་ཟིན་མཐའ་མེད། །གང་དགར་ཞོག་ལ་ལྷ་ཆོས་མཛོད། །ལོང་ཡོད་སྙམ་ལ་མི་ཚེ་ཟད། །འཆི་བ་ནམ་འོང་ཆ་མེད་པས། །དོན་དེ་ལ་སོམས་ལ་ལྷ་ཆོས་མཛོད། །ཅེས་གསུངས་པས། ཐམས་ཅད་དད་པ་སྐྱེས་ནས་ཕྱག་གྱང་འགྱེལ་བ་ལྟར་འཚལ། མཆི་མ་ལྷུག་པར་བྱུང་ནས། དེ་རྣམས་ཀྱི་ནང་ནས་ཤ་ཕོ་གཞོན་པ་གསུམ་ངེད་བླ་མའི་ཕྱག་ཕྱིར་འབྲང་བས་ཁྲིད་པར་ཞུ་འཚལ་ཟེར་བ་ལ། རྗེ་བཙུན་གྱིས་དཀའ་བའི་མདོ་བཅུ་འདི་མགུར་དུ་གསུངས་སོ། །ཡོངས་ཕན་སེམས་མེད་པའི་ཆོས་པ་དེས། །མི་ནག་ཐུལ་བ་དཀའ་མོར་མཆིས། །ཆོས་རྒྱུད་ལ་མ་སྐྱེས་སྟོན་པ་ལ། །སྐུ་བསོད་འོང་བ་དཀའ་མོར་མཆིས། །སྙིང་རུས་མེད་པའི་སྒོམ་ཆེན་ལ། །དྲོད་རྟགས་སྐྱེ་བ་དཀའ་མོར་མཆིས། །འདུལ་ཁྲིམས་མེད་པའི་རབ་བྱུང་ལ། །བསྙེན་བཀུར་ཞབས་ཏོག་དཀའ་མོར་མཆིས། །དམ་ཚིག་མེད་པའི་སྔགས་པ་ལ། །ནུས་མཐུ་བྱིན་རླབས་དཀའ་མོར་མཆིས། སེར་སྣས་བཅིངས་པའི་ཡོན་བདག་ལ། །གཏམ་སྙན་གྲགས་པ་དཀའ་མོར་མཆིས། །ཐོ་ཅོ་བྱེད་པའི་རྣལ་འབྱོར་ལ། །རྟེན་འབྲེལ་ནུས་པ་དཀའ་མོར་མཆིས། །ལས་རྒྱུ་འབྲས་མ་བསམས་ཉ་མ་ཡིས། །སྟོང་ཉིད་གོ་བ་དཀའ་མོར་མཆིས། །ཆོས་དང་འཁོན་པའི་བཙུན་པ་ཡིས། །ཁྱིམ་ཐབ་རྙེད་པའང་དཀའ་མོར་མཆིས། །ཁྱེད་གཅེས་ཕྲུག་དད་པ་སྐྱེས་མོད་ཀྱང་། །རང་དབང་ཐོབ་པ་དཀའ་མོར་མཆིས། །ཁྱེད་ད་ལྟ་ལོང་མེད་རྒྱུད་ལ་སྐྱེས། །བུ་ཕྱིས་ནས་འགྱོད་པ་སྐྱེས་ཏེ་མཆིས། །དུས་ལན་ཅིག་འཛོམ་པར་སྨོན་ལམ་ཐོབ། །ལས་འབྲེལ་དབང་གིས་འཛོམ་སྟེ་མཆིས། །ད་ཡང་མ་འཛོམ་བར་དུ་ནི། །རྣལ་འབྱོར་ང་ཡང་ངག་བཙན་ཅིང་། །ཡོན་བདག་ཁྱེད་ཀྱང་བཀྲ་ཤིས་ལ། །ལུས་ལ་ནད་དང་རྨ་མེད་ཅིང་། །ཚེ་ལ་བར་ཆད་རྐྱེན་མེད་པར། །ཕ་དང་བུ་རུ་འཕྲད་པར་ཤོག །ང་རྣལ་འབྱོར་རྒྱལ་ཁམས་ཅི་བདེར་འགྲོ། །ཁྱེད་གཅེས་ཕྲུག་ཀུན་ཀྱང་ལོག་ལ་བཞུད། །ཅེས་གསུངས་པས། །ཀུན་གྱིས་རྗེ་བཙུན་གྱི་སྐུ་དང་ན་བཟའ་ལ་འཇུས་ནས་ངུ་ཞིང་སྨོན་ལམ་བཏབ་ཞབས་སྤྱི་བོར་བླངས། ཕྱག་དང་བསྐོར་བ་བྱས་ནས་སོང་བ་ལས། གཞོན་པ་གཅིག་ཞུ་བ་ནན་གྱིས་ཕུལ་ནས་རྗེ་བཙུན་དཔོན་སློབ་ཏི་སེ་ལ་འབྱོན་པའི་ཕྱག་ཕྱིར་འབྲངས་བ་དབང་དང་གདམས་པས་སྨིན་གྲོལ་ལ་བཀོད་པ་དེ་ལ་མཁར་ཆུང་རས་པ་ཞེས་བྱ་བ་ཉེ་བའི་སྲས་ཤིག་བྱུང་ངོ་། །སྐོར་ར་ལ་ཐོག་ཏུ་མཁར་ཆུང་རས་པ་དང་མཇལ་བའི་སྐོར་རོ།། །།

༈ ན་མོ་གུ་རུ། རྗེ་བཙུན་མི་ལ་རས་པ་དཔོན་སློབ་རྣམས་ཀྱིས་སྟོན་ཟླ་ཐ་ཆུང་གི་ཡར་ངོ་ལ་སྤུ་སྲེང་སྐྱིད་ཐང་དུ་ཕྱག་ཕེབས་པའི་ཚེ། མི་མང་པོ་འདུག་པ་ལ། རྗེ་བཙུན་གྱིས་ཡོན་བདག་རྣམས་ལ་ངེད་རྣལ་འབྱོར་པ་འདི་རྣམས་ཀྱིས་ད་ལན་གྱི་འཚོ་བ་ཞིག་སློང་དགོས་གསུངས་པས། དེ་རྣམས་ཀྱི་ནང་ན་བུད་མེད་སྔོ་སངས་མ་རྒྱན་བཟང་པོ་བཏགས་པ་ཞིག་འདུག་པ་དེ་ན་རེ། རྣལ་འབྱོར་པ་ཁྱེད་ལ་ཕ་མ་དང་ཚང་ཟླ་ཇི་སྐད་བྱ་བ་ཡོད། ཁྱེད་རང་ཇི་ལྟ་བུ་ཞིག་ཡིན་ཟེར་ཞིབ་ཏུ་འདྲིར་བྱུང་བའི་ལན་དུ་རྗེ་བཙུན་གྱིས་མགུར་འདི་གསུངས་སོ། །རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ང་ལ་ཡབ་གཅིག་ཀུན་ཏུ་བཟང་པོ་ཡོད། །ཡུམ་ཞིག་འགྲོ་བ་བཟང་མོ་ཡོད། །ཕུ་བོ་ཐོས་པའི་རྒྱལ་པོ་ཡོད། །ཨ་ནེ་སྣང་གསལ་སྒྲོན་མེ་ཡོད། །སྲིང་མོ་དད་པའི་ལྕམ་མེ་ཡོད། །གྲོགས་ཤིག་རང་བྱུང་ཡེ་ཤེས་ཡོད། །བུ་གཅིག་རིག་པའི་ཁྱེའུ་ཆུང་ཡོད། །དཔེ་ཆ་སྣང་སྲིད་གཞིར་བཞག་ཡོད། །རྟ་ཕོ་རྣམ་ཤེས་རླུང་ཞོན་ཡོད། །ཡོན་བདག་དབུས་གཙང་རུ་བཞི་ཡོད། །ང་རང་མཆོད་རྟེན་དཀར་ཆུང་ཡིན། །ངས་སྔོན་ཆད་དབྱངས་ལ་སྐྱར་མ་མྱོང་། །ད་རེས་ཚིག་ལ་གསལ་ཞིག་འདེབས། །ང་ཡི་ཡབ་གཅིག་ཀུན་ཏུ་བཟང་པོ་དེས། །ལྟ་སྒོམ་ཕོགས་སུ་གཏད་པ་ལ། །འཇིག་རྟེན་གྱི་སྣང་བ་འཆར་མ་མྱོང་། །ཡུམ་ཞིག་འགྲོ་བ་བཟང་མོ་དེས། །གདམས་ངག་ནུ་ཞོ་བླུད་པ་ལ། །ཉམས་ལེན་གྱི་མུ་གེ་ཡོང་མ་མྱོང་། །ཕུ་བོ་ཐོས་པའི་རྒྱལ་པོ་དེས། །ཐབས་ཤེས་རལ་གྲི་ལག་ཏུ་གཏད། །ཆོས་ཕྱི་ནང་སྒྲོ་འདོགས་བཅད་ནས་བཞག །ཨ་ནེ་སྣང་གསལ་སྒྲོན་མེ་ཡིས། །རང་སེམས་མེ་ལོང་ཕྱིས་ནས་བསྟན། །བག་ཆགས་གཡའ་ཡིས་གོས་མ་མྱོང་། །སྲིང་མོ་དད་པའི་ལྕམ་མོ་དེས། །སེར་སྣའི་མདུད་པ་བཀྲོལ་བ་ཡིས། །རྣལ་འབྱོར་ལ་ནོར་རྫས་ཡོད་ཀྱང་མེད། །ཡོད་ཀྱང་སྡུག་རྩིར་བྱེད་མ་མྱོང་། །གྲོགས་ཤིག་རང་བྱུང་ཡེ་ཤེས་དང་། །གཉིས་སུ་མེད་པར་འགྲོགས་པ་ལ། །གཤིས་ངན་གྱི་སྡུག་འཐབ་བྱེད་མ་མྱོང་། །བུ་གཅིག་རིག་པའི་ཁྱེའུ་ཆུང་གིས། །རྒྱལ་བའི་གདུང་བརྒྱུད་འཛིན་པ་ལ། །སྣབས་བཤལ་གྱི་བུ་ཚ་གསོ་མ་མྱོང་། །དཔེ་ཆ་སྣང་སྲིད་གཞིར་བཞག་དེས། །མཚོན་པའི་གོ་ཡུལ་སྟོན་པ་ལ། །ཡིག་ནག་དཔེ་ལ་བལྟ་མ་མྱོང་། །རྟ་ཕོ་རྣམ་ཤེས་རླུང་བཞོན་དེས། །གང་འདོད་གནས་སུ་སྐྱེལ་བ་ལ། །ཁྲག་ཆགས་རྟ་ལ་བཞོན་མ་མྱོང་། །ཡོན་བདག་དབུས་གཙང་རུ་བཞི་དེས། །འཚོ་བ་དུས་སུ་སྦྱོར་བ་ལ། །ཕྱེ་རྐྱལ་ལག་བཙིར་བྱེད་མ་མྱོང་། །ང་མཆོད་པ་དཀོན་མཆོག་མཆོད་པ་ཡིན། །བསྟེན་པ་བླ་མ་བསྟེན་པ་ཡིན། །དཀར་བ་ཆོས་ལ་དཀར་བ་ཡིན། །ཆུང་བ་ཉོན་མོངས་ཆུང་བ་ཡིན། །ང་དེ་ཕྱིར་མཆོད་རྟེན་དཀར་ཆུང་ཡིན། །ཞེས་གསུངས་པས། མོ་ན་རེ། དེ་ཀུན་ངོ་མཚར་ཤིན་ཏུ་ཆེ་བར་གདའ། དེ་མིན་འཁོར་བའི་ཕྱོགས་ཀྱི་གྲོགས་དང་བུ་ཚ་ནོར་ལ་སོགས་པ་ཡོད་དམ་མེད་ཟེར་བའི་ལན་དུ་མགུར་འདི་གསུངས་སོ།། ངས་དགྲ་འཁོར་བ་འདི་ལ་ཕར་བལྟས་པས། །དང་པོ་འཁོར་བ་ཉམས་དགའ་བོ། །བར་དུ་སྣང་བ་ཁྲིད་མཁས་པོ། །ཐ་མ་བདུད་ཀྱི་བཙོན་རར་གོ། །ངས་དེས་ཀྱང་འཁོར་བ་སྤངས་པ་ལགས། །དེ་ནས་གྲོགས་ལ་ཕར་བལྟས་པས། །གྲོགས་དང་པོ་ལྷ་མོ་འཛུམ་ཁ་མོ། །བར་དུ་མི་མོ་ཁྲོ་གཏུམ་ཅན། །ཐ་མར་བདུད་མོ་ཨང་མི་ཁུགས། །དེས་ཀྱང་གཏན་གྲོགས་སྤངས་པ་ལགས། །དེ་ནས་བུ་ལ་ཕར་བལྟས་པས། །བུ་དང་པོ་ལྷ་ཕྲུག་འཛུམ་ཁ་པོ། །བར་དུ་ཁྱིམ་མཚེས་སྙིང་རིང་པོ། །ཐ་མར་དགྲ་བོ་ལན་ཆགས་ཅན། །དེས་ཀྱང་བུ་ཚ་སྤངས་པ་ལགས། །དེ་ནས་ནོར་ལ་ཕར་བལྟས་པས། །དང་པོ་ནོར་བུ་རིན་པོ་ཆེ། །བར་དུ་མེད་ཐབས་མེད་པ་བྱུང་། །ཐ་མར་སྦྲང་མའི་སྦྲང་རྩི་འདྲ། །དེས་ཀྱང་ནོར་རྫས་སྤངས་པ་ལགས། །དེ་ལ་སོམས་ལ་ལྷ་ཆོས་མཛོད། །ཆོས་ལ་སོམས་ལ་སྦྱིན་པ་ཐོངས། །འཆི་ཁར་མི་འགྱོད་ཙམ་རེ་མཛོད། །ཅེས་གསུངས་པས། །མོ་དད་ནས་རྗེ་བཙུན་དཔོན་སློབ་ནང་དུ་གདན་དྲངས་བསྙེན་བཀུར་ཕུན་སུམ་ཚོགས་པ་ཕུལ། ཆོས་ཞུས་ནས་བསྒོམས་པས་ལམ་སྣ་ཟིན་པར་གྱུར་ཏོ། །དེ་ནས་རྗེ་བཙུན་དཔོན་སློབ་འབྲེ་རྩེའི་གངས་ལ་བཞུགས་དུས་ཉ་མ་མང་པོ་མཇལ་དུ་བྱུང་བའི་ནང་ན། ཇོ་བོའི་རིགས་ཀྱི་བུ་གཞོན་ནུ་ཞིག་འདུག་པ་དེ་རྗེ་བཙུན་ལ་མཆོག་ཏུ་དད་པར་གྱུར་ནས་བླ་མའི་མཛད་པ་ཐམས་ཅད་ངོ་མཚར་བ་ཁོ་ན་འདུག །ངེད་རྣམས་ལ་སྤྱོད་ལམ་ཀུན་གྱི་དུས་སུ་ཉམས་ལེན་གྱི་ཆོས་རེ་གནང་བར་ཞུ་ཟེར་བའི་ལན་དུ་རྗེ་བཙུན་གྱིས་མགུར་འདི་གསུངས་སོ། །འདིར་འདུས་དད་ཅན་གྱི་ཉ་མ་རྣམས། །ཁྱེད་འགྲོ་ན་སྣང་བ་ལམ་དུ་ཁྱེར། །ཚོགས་དྲུག་རང་གྲོལ་འགྲོ་ལུགས་ཡིན། །སྡོད་ན་མ་བཅོས་རྣལ་མར་སྡོད། །སྙིང་པོ་དོན་གྱི་སྡོད་ལུགས་ཡིན། །ཉལ་ན་མཉམ་ཉིད་ངང་དུ་ཉོལ། །འོད་གསལ་ངང་དུ་ཉལ་ལུགས་ཡིན། །ཟ་ན་སྟོང་ཉིད་ངང་དུ་ཟོ། །གཟུང་འཛིན་སྤངས་པའི་ཟ་ལུགས་ཡིན། །འཐུང་ན་ཐབས་ཤེས་ཀྱི་ཆབ་ལ་འཐུངས། །རྒྱུན་ཆད་མེད་པའི་འཐུང་ལུགས་ཡིན། །འགྲོ་འཆག་ཉལ་འདུག་སེམས་ལ་ལྟོས། །ཐུན་མཚམས་མེད་པའི་དགེ་སྦྱོར་ཡིན། །ཞེས་གསུངས་པས། ཁོང་རྣམས་ན་རེ། ངེད་རྣམས་ཀྱིས་དེ་ལྟ་བུའི་ཉམས་ལེན་མི་ཤེས་པས་སྐྱོན་ཆེ་བར་འདུག །ཤེས་ན་དག་དགའ་མོ་ལགས་ཏེ་ཟེར་བ་ལ། རྗེ་བཙུན་གྱིས་མི་ཤེས་ཟེར་བློས་གཏོང་བ་དེ་ཉམས་སུ་ལེན་མི་ནུས་པའི་རྟགས་ཡིན། ཉམས་སུ་ལེན་ནུས་ན་ཤེས་ངེས་ཤིང་། ཤེས་ན་ཕན་ཡོན་འདི་ལྟ་བུ་ཡོད་ཅེས་མགུར་འདི་གསུངས་སོ། །འོ་ན་སྐལ་ལྡན་ཉ་མ་ཀུན། །འདུས་བྱས་ལུས་ཀྱི་བུམ་པ་ན། །ལྷན་ཅིག་སྐྱེས་པའི་ལྷ་སྐུ་བདོག །འོད་གསལ་སྒྲོན་མེ་འདེགས་ནུས་ན། །ཕྱི་ནང་ཆོས་སྐུ་གསལ་བར་ངེས། །རྣམ་རྟོག་འཁོར་བའི་ཚང་མལ་ན། །བྱང་ཆུབ་སེམས་ཀྱི་ཁྱུང་ཕྲུག་བདོག །ཐབས་ཤེས་གཤོག་པ་འདོགས་ནུས་ན། །ཀུན་མཁྱེན་མཁའ་ལ་འཕུར་བར་ངེས། །རང་ལུས་རྒྱལ་བའི་གངས་རི་ལ། །རྣམ་པར་ཤེས་པའི་སེང་ཕྲུག་བདོག །ཚོགས་དྲུག་ཞེན་མེད་སྒོམ་ནུས་ན། །འཁོར་འདས་ཟིལ་གྱིས་གནོན་པར་ངེས། །མ་རིག་འཁོར་བའི་རྒྱ་མཚོ་ན། །རིགས་དྲུག་འཁོར་བའི་ཚོང་ཕྲུག་བདོག །སྐུ་གསུམ་གྱི་གྲུ་དང་མ་བྲལ་ན། །སྡུག་བསྔལ་གྱི་རྦ་ཀློང་སྒྲོལ་བར་ངེས། །རྣམ་རྟོག་དུག་ལྔའི་ཁང་པ་ན། །ཐར་པ་འཇོམས་པའི་ཇག་པ་བདོག །ཐབས་ཀྱི་ཞགས་པས་འཛིན་ནུས་ན། །འཇིགས་པའི་གཡུལ་ལས་སྒྲོལ་བར་བྱེད། །ཆོས་སྐུ་ནམ་མཁའ་ལྟ་བུ་ལ། །དགོས་འདོད་ཡིད་བཞིན་ནོར་བུ་བདོག །ཡེངས་པ་མེད་པར་སྒོམ་ནུས་ན། །འབྲས་བུ་སྐུ་གསུམ་ཐོབ་པར་ངེས། །ཁམས་གསུམ་འཁོར་བའི་གྲོང་ཁྱེར་ན། །རིགས་དྲུག་འཆིང་བའི་ལྕགས་སྒྲོག་བདོག །བླ་མའི་ཐབས་ཀྱིས་འགྲོལ་ཤེས་ན། །འཁོར་བ་རང་གྲོལ་དུ་འགྲོ་བར་ངེས། །བླ་མ་རིན་ཆེན་ལྟ་བུ་ལ། །གདམས་ངག་དམ་པའི་ཆུ་མིག་བདོག །དད་པ་སྐྱོ་མེད་ཀྱིས་འཐུང་ནུས་ན། །ཉེས་པའི་སྐོམ་ཚད་སེལ་བར་ངེས། །ཞེས་གསུངས་པས། ཉ་མ་རྣམས་དད་ནས་ལོག་སོང་། ཁྱད་པར་ཇོ་བོ་དེ་ཆོས་མི་བྱེད་པའི་ཐབས་མི་འདུག་པས། བླ་མ་འདིའི་ཞབས་ཕྱིར་འབྲང་དགོས་སྙམ་པའི་ངང་ལ་ལོག་སོང་ངོ་། །རྗེ་བཙུན་དཔོན་སློབ་ཀྱང་མི་དང་མི་མ་ཡིན་མང་པོས་ཞབས་ཏོག་བགྱིས་ཏེ་ཐུགས་དམ་འཕེལ་བའི་ངང་ནས་དཔྱིད་ཟླ་ཐ་ཆུང་དུ་སོང་སྟེ། ཏི་སེ་ལ་འབྱོན་ཁར་སྔར་གྱི་ཉ་མ་རྣམས་ཀྱིས་ཡུལ་དུ་གདན་དྲངས་ནས་ཚོགས་ཀྱི་བསྙེན་བཀུར་རྒྱ་ཆེན་ཞུས་པའི་ཚོགས་གྲལ་དུ་སྔར་ནས་མཆོག་ཏུ་དད་པའི་ཇོ་བོ་དེ་ན་རེ། བླ་མ་ལགས། ཁྱེད་ཆོས་པ་རྣམས་ལ་ལྟ་སྒོམ་སྤྱོད་འབྲས་ཞེས་བྱ་བ་ཡོད་ཟེར་བ། བླ་མ་རང་གི་ཐུགས་ཉམས་སུ་བཞེས་ཤིང་ཕུ་ཐག་ཆོད་ལུགས་ཀྱི་ཆོས་ཤིག་གནང་བར་ཞུ་དང་ཟེར་བའི་ལན་དུ་རྗེ་བཙུན་གྱིས་མགུར་འདི་གསུངས་སོ། །ངས་ལྟ་བ་རང་ངོ་ཤེས་ཙ་ན། །གཞན་སྣང་མཚན་མ་རང་སར་གྲོལ། །བདག་གཞན་གཉིས་སུ་ཡོད་རེ་སྐན། །ལྟ་བའི་ཕྱོགས་སུ་གཟའ་གཏད་བྲལ། །སྒོམ་པ་རང་ས་ཟིན་ཙ་ན། །དགེ་སྡིག་མཚན་མ་རང་སར་གྲོལ། །བདེ་སྡུག་གཉིས་སུ་ཡོད་རེ་སྐན། །སྒོམ་པའི་ཕྱོགས་སུ་ཉམས་མྱོང་བྲལ། །སྤྱོད་པ་རང་རྒྱུད་ཟིན་ཙ་ན། །དགྲ་ཟུན་མཚན་མ་རང་སར་གྲོལ། །ཆགས་སྡང་གཉིས་སུ་ཡོད་རེ་སྐན། །སྤྱོད་པའི་ཕྱོགས་སུ་ཞེན་པ་བྲལ། །འབྲས་བུ་རང་སར་གྲོལ་ཙ་ན། །འཁོར་འདས་མཚན་མ་རང་སར་གྲོལ། །བླང་དོར་གཉིས་སུ་ཡོད་རེ་སྐན། །འབྲས་བུའི་ཕྱོགས་སུ་རེ་དོགས་བྲལ། །ཞེས་གསུངས་པས། ཡང་ཁོ་ན་རེ། བླ་མ་ལགས། བདག་ཆོས་བྱེད་པར་བློ་ཐག་ཆོད་རུང་། ཕ་མ་སོགས་གཉེན་གྱི་ངོ་མ་ཆོག་པར་བྱེད་རང་མ་ཕོད། ད་ཕ་མ་ལ་གནང་བ་ཞུས་ནས་ཆོས་བྱེད་པས། བླ་མའི་ཕྱག་ཕྱིར་ཁྲིད་པར་ཞུ་ཞུ་བའི་ལན་དུ། རྗེ་བཙུན་གྱི་ཞལ་ནས། ཆོས་བྱེད་པ་ལ་འཁོར་བའི་ཉེས་དམིགས་བསམས་ནས་རང་གིས་ཐག་མ་བཅད་ན། གཞན་གྱི་ངོ་བསྲུང་བས་མི་ལང་ཞེས་ག་ལ་ལང་གི་མགུར་འདི་གསུངས་སོ། །དད་ལྡན་ལྷ་ཆོས་བྱེད་པ་རྣམས། །ངོ་བསྲུང་ཐག་པ་མ་བཅད་ན། །མི་སེམས་བཟུང་གིས་ག་ལ་ལང་། །ཞེན་མེད་ཀྱི་ལྡོམ་བུ་མ་བྱས་ན། །བསྙེན་བཀུར་བསྒྲུབ་ཀྱིས་ག་ལ་ལང་། །ཆོག་ཤེས་འཕྲལ་ཕྱིར་མ་བྱས་ན། །ནོར་རྫས་གསོག་གིས་ག་ལ་ལང་། །བརྗོད་མེད་ཀྱི་དོན་གཅིག་མ་རྟོགས་ན། །ཐ་སྙད་བརྗོད་ཀྱིས་ག་ལ་ལང་། །དཔེ་མེད་དོན་གཅིག་མ་རྟོགས་ན། །ཡིག་ནག་བྲིས་པས་ག་ལ་ལང་། །རྐྱེན་ངན་གྲོགས་སུ་མ་ཤེས་ན། །སྡུག་བསྔལ་སྤང་གིས་ག་ལ་ལང་། །སྡུག་བསྔལ་ལམ་དུ་མ་ལོངས་ན། །གཉེན་པོ་བསྟེན་གྱིས་ག་ལ་ལང་། །རྣམ་རྟོག་ཆོས་སྐུར་མ་ཤེས་ན། །དྲན་སྣང་བཀག་གིས་ག་ལ་ལང་། །བྱ་བསམ་རྒྱབ་ཏུ་མ་བསྐྱུར་ན། །དགོས་ཚད་སྒྲུབ་པས་ག་ལ་ལང་། །བྱར་མེད་ཞེན་མེད་མ་ཆོད་ན། །བྱ་བློ་བསྒྲུབས་པས་ག་ལ་ལང་། །ད་ལྟ་རྦད་ཀྱིས་མ་ཆོད་ན། །འཕྲོ་ཡོད་བསྒྲུབས་པས་ག་ལ་ལང་། །ད་ལྟ་བཙན་གྲོལ་མ་བཏང་ན། །ཤུགས་གྲོལ་རེ་བས་ག་ལ་ལང་། །ད་ལྟ་སེམས་རྩལ་མ་སྦྱངས་ན། །ཞར་བྱུང་རེ་བས་ག་ལ་ལང་། །ད་ལྟ་ཐག་ཆོད་མ་བཏང་ན། །ཕྱིས་བྱ་བསམ་པས་ག་ལ་ལང་། །ད་ལྟ་བརྡར་ཤ་མ་ཆོད་ན། །ཕྱིས་འོང་དུ་རེ་བས་ག་ལ་ལང་། །ཞེས་གསུངས་པས། ཁོ་ངེས་ཤེས་སྐྱེས་ཏེ། ཆོས་བྱེད་པར་ཐག་ཆོད་ནས་ཕ་མས་ཀྱང་གནང་སྟེ། རྗེ་བཙུན་གྱི་ཕྱག་ཕྱིར་འབྲངས་པ་ལ་དབང་དང་གདམས་པས་སྨིན་གྲོལ་ལ་བཀོད་པ་དེ་ལ་ཇོ་སྒོམ་རས་པ་དར་མ་དབང་ཕྱུག་བྱ་བའི་ཉེ་བའི་སྲས་ཤིག་བྱུང་བ་ཡིན་ནོ། །སྤུ་སྲེང་དུ་རས་པ་དར་མ་དབང་ཕྱུག་དང་མཇལ་བའི་སྐོར་རོ།། །།

༈ ན་མོ་གུ་རུ། རྗེ་བཙུན་མི་ལ་རས་པ་དེ་ཉིད་བུ་སློབ་དུ་མ་དང་བཅས་ཏེ་སྤུ་སྲེང་ནས་ཏི་སེ་ལ་བྱོན་པ་ལས། ལ་ཐོག་ཏུ་ཏི་སེ་དང་མ་ཕམ་གྱི་གཞི་བདག་འཁོར་དང་བཅས་པས་བསུ་བ་བྱས། ཕྱག་བཙལ་མཆོད་པ་ངོ་མཚར་ཅན་རྒྱ་ཆེན་ཕུལ། ཏི་སེ་དང་མ་ཕམ་རྗེ་བཙུན་སློབ་བརྒྱུད་དང་བཅས་པའི་སྒྲུབ་གནས་སུ་ཕུལ། གཞན་ཡང་རྗེ་བཙུན་གྱི་ཆོས་བརྒྱུད་འཛིན་པའི་གང་ཟག་རྣམས་སྐྱོང་བར་ཁས་བླངས་ནས་རང་རང་གི་གནས་སུ་སོང་ངོ་། །རྗེ་བཙུན་དཔོན་སློབ་ཀྱང་མཚོ་མ་ཕམ་གྱི་འགྲམ་དུ་ཕྱག་ཕེབས་པའི་ཚེ། ན་རོ་བོན་ཆུང་མིང་སྲིང་གིས་ཀྱང་རྗེ་བཙུན་དཔོན་སློབ་ཀྱི་སྙན་གྲགས་དང་། ཏི་སེ་ལ་འབྱོན་པའི་ལོ་རྒྱུས་སྔར་ནས་ཚོར་བས་མཚོ་མ་ཕམ་གྱི་འགྲམ་དུ་གདོང་བསུ་རུ་བྱུང་སྟེ། ངོ་ཤེས་རུང་མ་ཤེས་པ་ལྟར་བྱས་ནས། རྗེ་བཙུན་དཔོན་སློབ་ལ་ཁྱེད་རྣམས་གང་ནས་ཡིན། གང་དུ་འགྲོ་ཟེར་བ་ལ། རྗེ་བཙུན་གྱིས་ངེད་རྣམས་ལ་ཕྱི་བྱ་བའི་རི་ཁྲོད་གཅིག་ནས་ཡིན། ཏི་སེ་ལ་སྒོམ་དུ་འོངས་པ་ཡིན་གསུངས་པས། ཁོ་ན་རེ། སུ་ཇི་སྐད་བྱ་བ་ཡིན་ཟེར་བས། རྗེ་བཙུན་གྱིས་ང་མི་ལ་རས་པ་བྱ་བ་ཡིན་གསུངས་པས། ཡང་ཁོ་ན་རེ། འོ་ན་གངས་ཏི་སེ་དང་མཚོ་མ་ཕམ་འདི་ཁྱོད་རང་དང་འདྲ་སྟེ། རྒྱང་ནས་གྲགས་པ་ཆེ་བ་མ་གཏོགས་དེ་ཙམ་ཡ་མཚན་རྒྱུ་མེད། ཡ་མཚན་ཆེ་རུང་ངེད་བོན་པོར་དབང་བའི་རི་ཡིན་པས། འདིར་སྡོད་ན་ངའི་ལུགས་ཀྱིས་བོན་བྱེད་དགོས་ཟེར་བས། རྗེ་བཙུན་གྱིས། རི་འདི་སངས་རྒྱས་ཀྱི་བསྟན་འཛིན་སྤྱི་ལ་ཐུབ་པས་ལུང་བསྟན་པའི་རི་ཡིན། སྒོས་ང་མི་ལ་རས་པ་ལ་མར་པས་ལུང་བསྟན་པའི་གནས་ཡིན་པས། ཁྱེད་རང་བོན་པོ་རྣམས་སྔར་བསྡད་པ་རྒྱལ་དུ་ཆུག །ད་འདིར་སྡོད་ན་ངེད་ཀྱི་ལུགས་ཀྱི་ཆོས་བྱེད་ན་རུང་། མི་བྱེད་ན་གཞན་དུ་སོང་ཞིག་གསུངས་པས། ཁོ་ན་རེ། ཁྱེད་གཉིས་འདྲ་བར་འདུག །རྒྱང་ནས་སྒྲ་ཆེ་ལ་འགྲམ་དུ་དོན་ཆུང་བ་ཞིག་འདུག །ཁྱོད་ངོ་མཚར་ཅན་ཞིག་ཡིན་ན། ཁྱོད་དང་ང་རྫུ་འཕྲུལ་གྱི་རྩལ་ཞིག་འགྲན་ནས་སུ་རྒྱལ་བ་དེ་གནས་འདི་དབང་བ་ཡིན་ཟེར། བོན་པོས་མ་ཕམ་གྱི་འགྲམ་ཕན་ཚུན་དུ་རྐང་པ་བཞག་ནས་འདི་སྐད་དུ། གངས་དཀར་ཏི་སེ་སྒྲ་ཆེ་ཡང་། །རི་མགོ་ཁ་བས་གཡོགས་པ་ཞིག །མ་ཕམ་གཡུ་མཚོ་སྒྲ་ཆེ་ཡང་། །ཆུ་ཉིད་ཆུ་ཡིས་གཤགས་པ་ཞིག །མི་ལ་རས་པ་སྒྲ་ཆེ་ཡང་། །མི་རྒན་གཅེར་ཉལ་བྱེད་པ་ཞིག །ཁ་ནས་གླུ་ཆུང་ལེན་པ་ཞིག །ལག་ན་བེར་ལྕག་བཟུང་བ་ཞིག །དེ་ལ་ཡ་མཚན་ཆེ་རྒྱུ་མེད། །ངེད་བོན་པོ་མི་འགྱུར་གཡུང་དྲུང་སྐུ། །ཡེ་གཤེན་གཙུག་ཕུད་ཀྱི་ལྷ་ཚོགས་དང་། །ཁྲོ་རྒྱལ་ཁྲག་འཐུང་ཁ་འགྱིང་བ། །དབུ་དགུ་པ་ལ་ཕྱག་བཅོ་བརྒྱད། །དེ་ཉིད་སྤྲུལ་པ་གེ་ཁོད་ནི། །མགོ་དགུ་རྫུ་འཕྲུལ་སྣ་ཚོགས་མངའ། །དེ་ཡི་སྲིང་མོ་སྲིད་རྒྱལ་མ། །དེ་ཡིས་རྗེས་བཟུང་བོན་ཆུང་ང་། །རྫུ་འཕྲུལ་སྟོན་ན་འདི་ལྟར་སྟོན། །ཟེར་བྱུང་བས། རྗེ་བཙུན་གྱི་སྐུ་ཆེར་མ་སོང་བས། མ་ཕམ་ཆུང་དུ་མ་སོང་བ་སྟེང་ནས་བཀབ་སྟེ་བཞུགས་ནས་མགུར་འདི་གསུངས་སོ། །ཀྱེ་ཀྱེ་ཉོན་དང་ལྷ་མི་ཚོ། །བྱ་རྒོད་ཕུང་པོའི་རི་བོ་ན། །མི་འཇིགས་བརྒྱད་ཀྱི་ཁྲི་སྟེང་ན། །རྒྱལ་བ་ཤཱཀྱ་ཐུབ་པ་བཞུགས། །དེ་དང་ཡེ་ཤེས་གཉིས་མེད་སྐུ། །འོག་མིན་ཆོས་ཀྱི་ཕོ་བྲང་ན། །དྲུག་པ་རྡོ་རྗེ་འཆང་ཆེན་དེ། །ཡུམ་ཆེན་བདག་མེད་ལྷ་མོ་དང་། །ལྷན་སྐྱེས་ངང་དུ་རོལ་པ་ཡི། །ཏཻ་ལོ་ཞེས་བྱ་སྤྲུལ་སྐུ་དང་། །པཎ་ཆེན་སྒོ་སྐྱོང་ནཱ་རོ་པ། །སྒྲ་སྒྱུར་སངས་རྒྱས་མར་པ་དེ། །དེ་རྣམས་བྱིན་རླབས་ཞུགས་པ་ཡི། །མིང་ཡོངས་སུ་གྲགས་པའི་མི་ལ་ངས། །ལྷོ་བྲག་མར་པའི་བཀའ་བསྒྲུབ་ཕྱིར། །ཏི་སེའི་གངས་ལ་སྒོམ་དུ་ཡོངས། །རང་གཞན་དོན་གཉིས་སྒྲུབ་པའི་ཚེ། །ཁྱོད་ལྟ་ལོག་ཅན་གྱི་བོན་པོ་ལ། །བཀའ་མཆིད་གཏམ་ལན་གླུ་ཡིས་འཇལ། །གངས་དཀར་ཏི་སེ་སྒྲ་ཆེ་བ། །རི་མགོ་ཁ་བས་གཡོགས་པ་དེ། །སངས་རྒྱས་བསྟན་པ་དཀར་བ་ཡིན། །མ་ཕམ་གཡུ་མཚོ་སྒྲ་ཆེ་བ། །ཆུ་ཉིད་ཆུ་ཡིས་གཤགས་པ་དེ། །ཆོས་རྣམས་ཟད་སར་སྐྱལ་བ་ཡིན། །ང་མི་ལ་རས་པ་སྒྲ་ཆེ་བ། །མི་རྒན་གཅེར་ཉལ་བྱེད་པ་དེ། །གཟུང་འཛིན་སྦུབས་ནས་ཐོན་པ་ཡིན། །ཁ་རུ་གླུ་ཆུང་ལེན་པ་དེ། །སྣང་བ་དཔེ་ཆར་ཤར་བ་ཡིན། །ལག་ན་བེར་ལྕག་བཟུང་བ་དེ། །འཁོར་བའི་རྒྱ་མཚོ་བརྒལ་བ་ཡིན། །ང་སྣང་སེམས་གཉིས་ལ་དབང་བསྒྱུར་བས། །སྣ་ཚོགས་རྫུ་འཕྲུལ་སྟོན་པ་ལ། །འཇིག་རྟེན་ལྷ་ལ་རག་མ་ལུས། །འཛམ་གླིང་རི་རྒྱལ་ཏི་སེ་འདི། །སྤྱིར་སངས་རྒྱས་བསྟན་འཛིན་ཐམས་ཅད་དབང་། །སྒོས་མི་ལ་བརྒྱུད་པར་བཅས་ལ་དབང་། །ཁྱེད་ལྟ་ལོག་ཅན་གྱི་བོན་པོ་རྣམས། །དམ་ཆོས་བྱེད་ན་ཀུན་ལ་ཕན། །མི་བྱེད་རྫུ་འཕྲུལ་ང་ཆེ་བས། །ཡུལ་ཕྱོགས་ས་ཆ་གཞན་དུ་སོང་། །སླར་ཡང་རྫུ་འཕྲུལ་འདི་ལ་ལྟོས། །ཞེས་གསུངས་ནས། སླར་ཡར་མ་ཕམ་ཕྱག་སོར་གྱི་རྩེ་ལ་བླངས་ཏེ། ཆུ་ལ་གནས་པའི་སྲོག་ཆགས་རྣམས་ལ་གནོད་པ་མེད་པར་མཛད་པས། ན་རོ་བོན་ཆུང་ན་རེ། ད་ལན་གྱི་རྫུ་འཕྲུལ་ཁྱོད་ངོ་མཚར་ཆེ་བ་ཙམ་བྱུང་སྟེ། ང་བསླེབས་པ་སྔ་བས་མཉམ་པོར་ཐོང་ལ་ད་རྫུ་འཕྲུལ་གྱི་རྩལ་འགྲན་ཏེ་ནུས་པ་སུ་ཆེ་བལྟ་ཟེར་བས། རྗེ་བཙུན་གྱི་ཞལ་ནས། ང་རྫས་ཀྱིས་བསླད་ནས་ཕ་རོལ་གྱི་མིག་འཕྲུལ་དུ་འཇུག་པའི་སྒྱུ་མ་མཁན་དང་རྫུ་འཕྲུལ་མི་འགྲན། ཁྱོད་རང་ངའི་ཆོས་མི་བྱེད་ན། གནས་གཞན་དུ་སོང་གསུངས་པས། ཁོ་ན་རེ། ང་གཡུང་དྲུང་གི་བོན་བློས་བཏང་བ་མི་ཡོང་། རྫུ་འཕྲུལ་འགྲན་ནས་ཁྱོད་རང་རྒྱལ་ན་ང་རང་བློས་བླངས་ནས་འགྲོ། དེ་མིན་ན་ཁྱོད་ཆོས་པས་ང་གསོད་པ་དང་བརྡུང་བ་བྱས་ན་ནི་ཆོས་ཀྱི་དམ་ཚིག་དང་འགལ་བས་ཆོས་པར་མི་རུང་། དེ་མིན་ང་མི་འགྲོ་བས་རྫུ་འཕྲུལ་འགྲན་ནོ་ཟེར། ཁོ་ཏི་སེ་ལ་བོན་སྐོར་དུ་སོང་། རྗེ་བཙུན་དཔོན་སློབ་ཀྱིས་ཆོས་སྐོར་ལ་བྱོན་པས། ཏི་སེའི་བྱང་ཤར་རྫོང་གི་ལུང་པའི་ནང་ཕ་བོང་ཆེན་པོ་ཞིག་གི་ཁར་མཇལ་བས། ཁོ་ན་རེ། ཁྱེད་རྣམས་བསྐོར་བ་བྱེད་པ་ལེགས། ད་ལན་ངའི་ལུགས་སུ་འགྲོ་ཟེར་རྗེ་བཙུན་གྱི་ཕྱག་ནས་འཐེན་ལོ་བྱེད་དུ་བྱུང་བས། རྗེ་བཙུན་གྱི་ཞལ་ནས། ང་ལམ་ལོག་པ་ལ་ཞུགས་ནས་སྐོར་ལོག་ལ་མི་འགྲོ། ཆོས་ལོག་མི་བྱེད། དེ་བས་ཁྱོད་རང་ངའི་ཕྱི་བཞིན་ཆོས་དང་བསྐོར་བ་ལ་ཤོག་གསུང་། བོན་པོའི་ལག་པ་ནས་བཟུང་སྟེ་ཕར་འཐེན་ཚུར་འཐེན་པའི་བར་ལ། ཕ་བོང་གི་སྟེང་ན་གཉིས་ཀའི་ཞབས་རྗེས་བྱུང་སྟེ། དེའི་ཚེ་རྗེ་བཙུན་གྱི་ཐུགས་དམ་གྱི་ནུས་པས། བོན་པོ་ཆོས་སྐོར་ལ་ཁྲིད་ནས། ཏི་སེའི་བྱང་རྒྱབ་ཏུ་བསླེབས་ཚེ། ཁོ་ན་རེ། རྟིང་སོར་ཡང་བོན་སྐོར་ལ་འགྲོ་དགོས་སོ་ཟེར་བ་ལ། རྗེ་བཙུན་གྱི་ཞལ་ནས་དེ་ཁྱོད་རང་གི་ནུས་པ་ལ་རག་ལུས་གསུངས་པས། ཁོ་ན་རེ། ད་ལན་ཁྱོད་ནུས་པ་ཆེ་ཆེ་འདྲ་བ་ཞིག་བྱུང་སྟེ། ད་དུང་གྱད་ཀྱི་རྩལ་འགྲན་ཟེར། ཕ་བོང་ཆེན་པོ་ཞིག་གི་ཁར་ཕ་བོང་གཡག་རོ་ཙམ་ཞིག་བསྐྱལ་བྱུང་བ་ལ། རྗེ་བཙུན་གྱིས་ཀྱང་བོན་པོའི་གྱད་རྡོའི་ཁར་ཁོ་རང་གི་དེ་ཉིས་འགྱུར་ཙམ་ཞིག་བསྐྱལ་བས། ཡང་ཁོ་ན་རེ། ད་ལན་ཡང་ཁྱོད་རྒྱལ་ཏེ་ལན་རེ་ལན་གཉིས་རྒྱལ་བས་རྒྱལ་གོ་མི་ཆོད། ད་དུང་རྩལ་འགྲན་ཟེར་བ་ལ། རྗེ་བཙུན་གྱི་ཞལ་ནས། ཉི་ཟླ་དང་རྒྱུ་སྐར་འོད་འགྲན་རུང་གླིང་བཞིའི་མུན་པ་ཉི་ཟླས་སེལ། ཁྱོད་དང་ང་རྩལ་འགྲན་རུང་ཁྱོད་ཀྱིས་ང་མི་དོ་བས། ཏི་སེ་ངའི་དབང་ཡིན། ཁྱོད་འཕྲལ་ཉམས་དགའ་བ་ཙམ་དང་། ངེད་རང་ཆོས་པའི་སྒྲུབ་བརྒྱུད་ཀྱི་ཆེ་བ་ཀུན་གྱིས་མཐོང་ཕྱིར། རྫུ་འཕྲུལ་བསྟན་པས་ཆོག་གསུང་། རྗེ་བཙུན་ཏི་སེའི་ནུབ་ཕྱོགས་རྫོང་ལུང་གི་པདྨ་ཕུག་ན་བཞུགས། བོན་པོ་དེའི་ཤར་ཕྱོགས་ན་ཡོད་པ་ལས། རྗེ་བཙུན་གྱི་ཞབས་ནུབ་རི་ནས་ཁོ་རང་གི་སྒྲུབ་ཁང་གི་བྲག་གཅིག་གི་ངོས་ལ་བརྐྱང་སྟེ་ཞབས་རྗེས་བཞག་ནས། ཁྱོད་ཀྱིས་ཀྱང་འདི་བཞིན་གྱིས་ཤིག་གསུངས་པས། ཁོས་ཀྱང་ནུབ་ཕྱོགས་ལ་རྐང་པ་བརྐྱངས་པས་ཆུ་ཁ་ལས་མ་བསླེབས་པ་ལས། ནམ་མཁར་མི་མ་ཡིན་རྣམས་ཀྱིས་བཞད་གད་ཐེག་པ་ཞིག་བྱུང་བས། བོན་པོ་ཅུང་ཟད་ཁ་སྐྱེངས་རུང་ད་དུང་ཡང་རྫུ་འཕྲུལ་འགྲན་ནོ་ཟེར་ཞིང་བོན་པོ་ཁོ་བོན་བསྐོར་ལ་སོང་། རྗེ་བཙུན་གྱིས་ཆོས་བསྐོར་ཁོ་ན་ལ་ཕེབས་ནས། ཡང་ཏི་སེའི་ལྷོ་ཕྱོགས་སུ་མཇལ་བའི་ཚེ་ཆར་ཞིག་བབས་པ་ལས། རྗེ་བཙུན་གྱིས་ཆར་ཡིབ་བྱེད་ས་དགོས་པ་འདུག་པས། ཁྱོད་ཀྱིས་ཁང་པའི་འོག་འགྲམ་རྩིག་གམ། སྟེང་གི་ཐོག་འབུབས་གསུངས་པས། ཁྱོད་རང་འགྲམ་རྩིགས་ཤིག །ངས་ཐོག་འབུབས་པ་ཡིན་ཟེར་བ་ལས། ཕ་བོང་ཆེན་པོ་མི་གསུམ་ཙམ་གྱེན་དུ་ལངས་པ་ཞིག་ལ་ཕྱག་མཛུབ་གཏད་དེ། འོ་ན་ཕ་གི་ཤོགས་ཤིག་གསུངས་པས་བྱེད་ཟེར་སོང་། རྗེ་བཙུན་གྱིས་འགྲམ་བླངས་ནས་གཟིགས་པས། ཁོས་ཕ་བོང་དེ་ལས་རྔམས་ཁྱེའུ་ལོ་བརྒྱད་ཙམ་ལོན་པའི་གཟུགས་ཙམ་ཕ་བོང་རང་ཇི་ལྟ་བུར་གཤགས་ཚར་འདུག་པ། ལྟ་སྟངས་མཛད་སྡིགས་མཛུབ་ཕྱར་བས། ཁོས་གཤགས་པའི་རྡོ་དེ་རྐེད་པ་ནས་ཆག་པ། ད་ཁྱེར་ཤོག་གསུངས་པས། ངའི་དེ་ཁྱོད་ཀྱིས་བཅག་ཟེར་བས། རྫུ་འཕྲུལ་འགྲན་ན་མི་ཆོག་པ་བྱེད་པ་ཡིན་མོད། ངས་གཤོག་ཏུ་འཇུག་ཅིང་ཆག་པའི་ལྟ་སྟངས་མི་བྱེད། ཤོགས་ལ་ཁྱེར་ཤོག་གསུངས་པས། ཡང་ཁོས་སྔར་གྱི་དེ་ལྟ་བུ་ཞིག་གཤགས་ནས་འདེགས་པར་བརྩམས་པ་ལས། ཡང་རྗེ་བཙུན་གྱིས་མི་ཐེག་པའི་ལྟ་སྟངས་མཛད་པས། ཁོ་ན་རེ་ངས་གཤགས་ཡོད། ཁྱོད་ཀྱིས་ཁོལ་ཅིག་ཟེར་བས། རྗེ་བཙུན་གྱིས་ངས་འགྲམ་སློང་བར་བྱས། ཁྱོད་ཀྱིས་ཐོག་འགེལ་བར་བྱས་པ་ཡིན་པས་ཁྱོད་རང་གིས་ཨེ་ཐེག་ལྟོས་ལ་ཤོག་ཅིག་གསུངས་པས། ཁོས་སླར་ཡང་འདེགས་པར་བརྩམས་པ་ལས་མ་ཐེག་པར་མིག་རིག་རིག་ལུས་པས། རྗེ་བཙུན་གྱི་ཞལ་ནས། ང་མཆོག་ཐུན་མོང་གཉིས་ཀའི་དངོས་གྲུབ་ཐོབ་པའི་རྣལ་འབྱོར་པའི་རྩལ་དང་རྫུ་འཕྲུལ། ཁྱོད་ཐུན་མོང་གི་རྫུ་འཕྲུལ་ཐོབ་པ་ཙམ་གྱིས་མི་ཐུབ། ངས་ལྟ་སྟངས་བྱས་ཟིལ་གྱིས་མནན་ན་ཁྱོད་ཀྱིས་གཤོག་ཀྱང་མི་ཐུབ་པར་འདུག་སྟེ། ངས་ལྟ་སྟངས་མ་བྱས་རུང་ཤོགས་པ་ཡང་གང་ཟག་གཞན་མ་ལ་ལྟོས་ན་དགའ་རབ་ཡིན། ད་བྱེད་ན་འདི་ལྟར་བྱེད་གསུང་ཕྱག་ཡ་ཅིག་གི་བླངས་ཏེ་བཀལ་བས། རྡོ་ལ་ཕྱག་རྗེས་ཤིག་བྱུང་། མཐོས་འདུག་གསུངས་ནས་སྟེང་ནས་བརྫིས་པས་ཞབས་རྗེས་བྱུང་། དམས་འདུག་གསུངས་ནས་འོག་ནས་བཏེག་པས་ཡང་དབུ་དང་ཕྱག་རྗེས་བྱུང་བ་དེ་ལ་རྫུ་འཕྲུལ་ཕུག་ཏུ་གྲགས། དེའི་ཚེ་ཡང་བོན་པོས་རྗེ་བཙུན་རྒྱལ་བར་ཁས་བླངས་སོ། །གཞན་ཡང་རྗེ་བཙུན་དང་ན་རོ་བོན་ཆུང་གཉིས་རྫུ་འཕྲུལ་གྱི་རྩལ་མང་དུ་འགྲན་པ་ལས། རྗེ་བཙུན་གྱིས་མཛད་པ་རྣམས་ངོ་མཚར་ཆེ་བ་ཁོ་ན་བྱུང་བའི་མཐར། ན་རོ་བོན་ཆུང་ན་རེ། ཁྱོད་ང་ལ་སྒྱུ་མ་མཁན་ཟེར་ཏེ། ངས་བལྟས་ཚེ་ཁྱོད་རང་སྒྱུ་མ་མཁན་དུ་འདུག །ཁྱེད་ཀྱི་རྫུ་འཕྲུལ་དེ་རྣམས་ལ་ང་ཡིད་མི་ཆེས་པས། ད་རང་རེ་གཉིས་ཟླ་བ་འདིའི་ཚེས་བཅོ་ལྔ་ལ་གངས་ཏི་སེའི་རྩེ་མོར་སུས་སླེབ་པ་མགྱོགས་པ་དེ་ཏི་སེ་དབང་བ་བྱེད་ཅིང་མཆོག་གི་དངོས་གྲུབ་ཀྱང་སུས་ཐོབ་འདུག་བལྟའོ་ཟེར་བས། རྗེ་བཙུན་གྱིས་དེ་སྐད་བྱས་པས་ཆོག་སྟེ། ཁྱོད་རང་ཉམས་བན་བུན་གྱི་སྣང་བ་ལ་མཆོག་གི་དངོས་གྲུབ་ཏུ་འཛིན་པ་སྙིང་རེ་རྗེ། མཆོག་གི་དངོས་གྲུབ་ཐོབ་པ་ལ་སེམས་ཀྱི་རང་ཞལ་མཐོང་དགོས་ཏེ། དེ་མཐོང་བ་ལ་ངེད་ཀྱི་སྒྲུབ་བརྒྱུད་ཀྱི་བསྟན་པ་ལ་ཞུགས་ནས་བསྒོམ་དགོས་གསུངས་པས། ཁོ་ན་རེ། ཁྱོད་ཀྱི་སེམས་དང་ངའི་སེམས་ལ་བཟང་ངན་ཅི་ཡོད། བོན་དང་ཆོས་ལ་ཁྱད་ཅི་ཡོད། སྒྲུབ་པ་བྱས་མཉམ་དུ་འདུག་ནའང་། མིག་འཁྲུལ་ཡིན་ནམ་སྔར་གྱི་རྫུ་འཕྲུལ་རྣམས་ཁྱོད་ཀྱི་དེ་ཁ་མཐོ་བ་ཙམ་བྱུང་། ད་ཏི་སེའི་རྩེ་མོར་སུ་མགྱོགས་པ་ཐག་ཆོད་པ་བྱེད་དོ་ཟེར་བ་ལ། རྗེ་བཙུན་གྱིས་དེ་ལྟར་ཞལ་གྱིས་བཞེས་ཏེ་ཐག་བཅད་དོ། །དེའི་ཚེ་ན་རོ་བོན་ཆུང་ནི་ཁོ་རང་གི་ལྷ་ལ་གཡེལ་མེད་དུ་གསོལ་བ་འདེབས་ཤིང་འདུག་སྐད། རྗེ་བཙུན་ནི་སྤྱོད་ལམ་སྔར་ལས་གཡོ་བ་མེད་པར་བཞུགས་པས། ཚེས་བཅོ་ལྔའི་ཐོ་རེངས་སུ་སོང་ཚེ། ན་རོ་བོན་ཆུང་ནི་སྔོ་ཐུལ་གྱོན་ནས་གཤང་འཁྲོལ་ཞིང་རྔ་ལ་ཞོན་ཏེ་ནམ་མཁའ་ལ་འགྲོ་བ། རྗེ་བཙུན་གྱི་བུ་སློབ་རྣམས་ཀྱིས་གཟིགས་ཏེ། རྗེ་བཙུན་གཟིམས་ནས་འདུག་པ་ལ། རས་ཆུང་པས། རྗེ་བཙུན་ལགས། ན་རོ་བོན་ཆུང་ནི་སྔ་མོ་རང་རྔ་ལ་ཞོན་ནས་འཕུར་ཏེ་ཏི་སེའི་རྐེད་པ་ན་ཡར་བསླེབས་སོང་། རྗེ་བཙུན་ད་དུང་བཞུགས་ནས་བོན་པོ་ལ་གནས་སྐྱེལ་བ་ལགས་སམ་ཞེས་ཞུ་བ་ནན་གྱིས་ཕུལ་བ་ལྟར་བུ་སློབ་ཀུན་གྱིས་ཕུལ་བས། རྗེ་བཙུན་གྱིས་ལྟ་སྟངས་ཤིག་མཛད་ནས། ད་ལྟོས་དང་གསུངས། བལྟས་པས་ཁོ་གྱེན་ལ་འགྲོ་མ་ནུས་པར་བསྐོར་བ་ལ་སོང་འདུག །དེ་ནས་ཉི་མ་འཆར་དུ་ཆ་བ་དང་། རྗེ་བཙུན་ཆེན་པོས་ཀྱང་སེ་གོལ་གཏོགས་པ་གཅིག་དང་། ན་བཟའ་རས་འགའི་གཤོག་རྒྱངས་མཛད་ནས་འཕུར་བྱོན་པས། སྐད་ཅིག་ལ་ཏི་སེའི་རྩེར་ཕེབས་པ་དང་ཉི་མ་ཤར་བ་དུས་མཉམ་དུ་བྱུང་ངོ་། །དེའི་ཚེ་རྗེ་བཙུན་གྱིས་བརྒྱུད་པའི་བླ་མ་རྣམས་དང་འཁོར་ལོ་སྡོམ་པའི་ལྷ་ཚོགས་འཁོར་དང་བཅས་པ་དགྱེས་པའི་ཚུལ་དུ་ཁྲ་ལམ་མེ་བཞུགས་འདུག་པ་མངོན་སུམ་དུ་གཟིགས་པས། ངོ་བོ་མཉམ་པ་ཉིད་ནའང་རྣམ་པ་ཤིན་ཏུ་དགྱེས་ཤིང་སྤྲོ་བར་གྱུར་ཏོ། །དེ་ཚེ་ན་རོ་བོན་ཆུང་ཡང་ཏི་སེའི་མགུལ་ན་ཡར་སླེབ་བྱུང་བ་ལས། རྗེ་བཙུན་གྱི་ཐུགས་རྗེའི་ཟིལ་མ་བཟོད་པར་ནམ་མཁའ་ལས་ལྷུང་སྟེ་འོག་གི་རྔ་ཏི་སེའི་ལྷོ་ཕྱོགས་ན་མར་ལ་རྦབ་ཏུ་ཤོར་བས། ཁོའི་ང་རྒྱལ་དང་དྲེགས་པ་ཉམས་ཏེ། དམན་ས་བཟུང་བའི་ངང་ནས་ད་ཁྱོད་རྫུ་འཕྲུལ་དང་ནུས་པ་ཆེ་བར་སོང་བས། ཏི་སེ་ཁྱོད་ཀྱིས་ཐོབ་ཟིན། ང་ལ་གནས་འདི་མཐོང་ས་ཞིག་ཏུ་སྡོད་ས་དགོས་ཟེར་བྱུང་བས། རྗེ་བཙུན་གྱི་ཞལ་ནས་ཁྱོད་ལ་འཇིག་རྟེན་འདིའི་ལྷས་རྗེས་སུ་བཟུང་བའི་ཐུན་མོང་གི་རྫུ་འཕྲུལ་ཅུང་ཟད་འདུག་ནའང་། ང་རང་བྱུང་ཡེ་ཤེས་མངོན་དུ་གྱུར་པས་མཆོག་གི་དངོས་གྲུབ་ཐོབ་པའི་གང་ཟག་རྣམས་དང་རྫུ་འཕྲུལ་འགྲན་རུང་མི་དོ་སྔ་གོང་ནས་བྱས། ཏི་སེའི་རྩེ་མོའི་རྡོ་རྗེའི་ར་བ་ཡན་ཡེ་ཤེས་ཀྱི་ལྷ་དཔལ་འཁོར་ལོ་སྡོམ་པའི་བཞུགས་གནས་ཡིན་པས། ཁྱོད་ཀྱིས་བགྲོད་པའི་སྐབས་མེད་རུང་། ད་ལན་ངས་ངེད་ཆོས་པའི་ཆེ་བ་བསྟན་ཕྱིར་རྒྱལ་བ་གོང་མ་རྣམས་ལ་གནང་བ་ཞུས་ནས་སྐབས་ཕྱེ་བ་ཡིན། ནམ་མཁའ་ནས་ལྷུང་བ་དང་རྔ་རྦབ་ཏུ་ཤོར་བ་དེ། ཁྱོད་ལ་ང་རྒྱལ་ཆེན་པོ་འདུག་པས་དེ་བཅག་པའི་ཕྱིར་ངས་བྱས་པ་ཡིན། ད་གནས་འདིའི་རྩ་བར་འགྲོ་བ་ཡང་ངའི་ནུས་པ་ལ་བརྟེན་ནས་འགྲོ་དགོས། ང་ལ་རྩལ་འདི་ལྟ་བུ་ཡོད་པའི་རྒྱུ་མཚན་འདི་རྣམས་ཡོད་པས་ཉོན་ཅིག་གསུང་མགུར་འདི་གསུངས་སོ། །དྲིན་ཅན་མར་པའི་ཞབས་ལ་འདུད། །སྒྲ་སྒྱུར་མར་པའི་བཀའ་དྲིན་དང་། །རྒྱལ་བ་གོང་མའི་ཐུགས་རྗེ་ཡིས། །སྔོན་གྲོང་ཁྱེར་ཆེན་པོ་མཉན་ཡོད་དུ། །བཅོམ་ལྡན་ཤཱཀྱ་ཐུབ་པ་དེས། །མུ་སྟེགས་སྟོན་པ་དྲུག་པོ་དེ། །འཁོར་བཅས་ཆོས་ཀྱིས་ཕམ་བྱས་ཏེ། །སངས་རྒྱས་བསྟན་པ་རྒྱས་མཛད་ལྟར། །འཛམ་གླིང་རི་རྒྱལ་ཏི་སེ་འདིར། །བོད་ཀྱི་རྣལ་འབྱོར་རས་པས་ཀྱང་། །བོན་པོ་ཆོས་ཀྱིས་ཕམ་བྱས་ཏེ། །ཐུབ་བསྟན་སྒྲུབ་བརྒྱུད་ཉིན་མོར་བྱས། །རྫུ་འཕྲུལ་གྱད་ཀྱི་རྩལ་ལས་བྱུང་། །རྣལ་འབྱོར་མི་ལ་རས་པ་ལ། །རྩལ་འདི་བྱུང་བའི་རྒྱུ་རྐྱེན་མང་། །བྱིན་རླབས་བརྒྱུད་པར་ལྡན་པས་ན། །བརྒྱུད་པ་འདི་ཡི་རྩལ་ཞིག་བྱུང་། །རྡོ་རྗེ་འཆང་གི་རྩལ་ཞིག་བྱུང་། །མཁྱེན་བརྩེ་གདམས་ངག་ཀུན་ལྡན་པས། །རྩ་བའི་བླ་མའི་རྩལ་ཞིག་བྱུང་། །མར་པ་ལོ་ཙྪའི་རྩལ་ཞིག་བྱུང་། །མཐའ་བྲལ་བློ་ལས་འདས་པ་ཡི། །ལྟ་བ་འདི་ཡི་རྩལ་ཞིག་བྱུང་། །གདོད་ནས་དག་པའི་རྩལ་ཞིག་བྱུང་། །ཡེངས་མེད་དམིགས་པ་བྲལ་བས་ན། །སྒོམ་པ་འདི་ཡི་རྩལ་ཞིག་བྱུང་། །འོད་གསལ་ཆེན་པོའི་རྩལ་ཞིག་བྱུང་། །གང་ཤར་ལྷུག་པར་སྐྱོང་བས་ན། །སྤྱོད་པ་འདི་ཡི་རྩལ་ཞིག་བྱུང་། །ཤུགས་འབྱུང་ལྷུག་པའི་རྩལ་ཞིག་བྱུང་། །ཆོས་ཉིད་རང་ངོ་འཕྲོད་པས་ན། །འབྲས་བུ་འདི་ཡི་རྩལ་ཞིག་བྱུང་། །སྣ་ཚོགས་རང་གྲོལ་རྩལ་ཞིག་བྱུང་། །བླ་མའི་བཀའ་བཞིན་བསྒྲུབས་པས་ན། །དམ་ཚིག་འདི་ཡི་རྩལ་ཞིག་བྱུང་། །ཉེས་ལྟུང་མེད་པའི་རྩལ་ཞིག་བྱུང་། །རྐྱེན་དང་བསྲེས་ནས་བསྒོམས་པས་ན། །ཉམས་ལེན་འདི་ཡི་རྩལ་ཞིག་བྱུང་། །སྣང་བ་གྲོགས་ཤར་རྩལ་ཞིག་བྱུང་། །དཀའ་ཐུབ་སྙིང་རུས་མཐར་བསྐྱལ་བས། །རྣལ་འབྱོར་རང་གི་རྩལ་ཞིག་བྱུང་། །མི་ལ་རས་པའི་རྩལ་ཞིག་བྱུང་། །རྩལ་དེས་ཆོས་ལོག་ཚར་བཅད་ནས། །གངས་དཀར་ཏི་སེ་ང་དབང་ཕྱིར། །གནས་འདིར་དམ་ཆོས་བསྟན་པ་དང་། །དེ་རྒྱལ་བ་གོང་མའི་བཀའ་དྲིན་ཡིན། །གསོལ་ལོ་མཆོད་དོ་ཡེ་ཤེས་ལྷ། །ཞེས་གསུངས་པས། ཁོ་ན་རེ། ཁྱོད་ཀྱི་རྫུ་འཕྲུལ་དང་ནུས་པ་ལ་ཡིད་ཆེས། ངོ་མཚར་ཆེ། ད་ང་ལ་གནས་འདི་མཐོང་ས་ཞིག་ཏུ་བསྡད་ས་ཡོད་པ་ཞིག་ཁྱོད་ཤེས་ཟེར་བས། རྗེ་བཙུན་གྱིས་ཀྱང་འོ་ན་ཁྱོད་རང་ཕ་གིར་སྡོད་ཅིག་གསུངས་ནས་ཕྱག་ཡ་གཅིག་གིས་གངས་ཆག་སྤར་གང་ཤར་ཕྱོགས་ཀྱི་རི་སྟག་ལའི་རྩེར་འཕངས་པས་རི་དེའི་རྩེ་མོར་གངས་ཅུང་ཟད་ཅིག་ཆགས་སོ། །དེ་ནས་རྗེ་བཙུན་གྱི་ནུས་པ་ལ་བརྟེན་ནས། གཉིས་ཀས་ཏི་སེའི་མགུལ་དུ་ཕེབས་པའི་ཚེ། ཡང་ཁོ་ན་རེ། ངས་ཏི་སེ་ལ་སྐབས་སུ་བསྐོར་བ་བྱེད་རྒྱུ་ཡོད་པ་དང་། དེ་དུས་སྡོད་ས་ཞིག་ཁྱེད་ཤེས་ཟེར་བས། རྗེ་བཙུན་གྱིས་འོ་ན་ཁྱོད་རང་བསྐོར་བ་ཡང་གྱིས། དེ་དུས་འདིར་སྡོད་ཅིག་གསུང་ཏི་སེའི་མདུན་གྱི་རི་ཞབས་ཤིག་ཏུ་བཀའ་གནང་བས། མཆོད་རྟེན་ཁོང་སེང་དུ་ཆགས་ནས་བོན་པོ་རྣམས་བསྐོར་བ་བྱེད་ཚེ་དེར་སྡོད་པ་ཞིག་བྱུང་། རྗེ་བཙུན་གྱི་སློབ་བརྒྱུད་རྣམས་ནི་གངས་རི་མཚོ་གསུམ་ཀུན་ལ་དུས་རྒྱུན་དུ་དབང་བསྒྱུར་བ་ཡིན་ནོ། །གངས་ཏི་སེར་ན་རོ་བོན་ཆུང་བཏུལ་བའི་སྐོར་རོ།། །།

༈ ན་མོ་གུ་རུ། རྗེ་བཙུན་མི་ལ་རས་པ་དཔོན་སློབ་རྣམས་ཀྱིས་གངས་ཏི་སེ་འཁོར་ནས། སླར་ཡང་ཀུ་ཐང་གི་བྲག་སྐྱ་རྡོ་རྗེ་རྫོང་དུ་ཕྱག་ཕེབས་པའི་ཚེ། སྔར་གྱི་ཉ་མ་རྣམས་མཇལ་དུ་བྱུང་སྟེ་ཁོང་རྣམས་ཀྱིས། རྗེ་བཙུན་ལ་སྐུ་ཁམས་བདེ་ལགས་སམ་ཞེས་སྙུན་དྲིས་པས། རྗེ་བཙུན་གྱི་ཞལ་ནས་ང་ཤིན་ཏུ་བདེ། ཁྱེད་རྣམས་ཁམས་བདེའམ་གསུངས་པས། ཁོང་རྣམས་ན་རེ། བདག་རྣམས་བླ་མའི་བཀའ་དྲིན་གྱིས་ནོར་ལ་གོད་དང་། མི་ལ་ན་ཚ་ཤི་ཆད་མེད་ཅིང་། བླ་མ་ལ་བར་ཆད་མེད་པར་ཏི་སེ་འཁོར་བ་དང་ཞལ་མཇལ་བ་འདི་བློ་སེམས་ཤིན་ཏུ་བདེ་ལགས། བླ་མ་ཇི་ལྟར་བདེ་གསུངས་པར་ཞུ་དང་ཞེས་ཞུས་པས། རྗེ་བཙུན་གྱི་ཞལ་ནས་ང་ཡང་འདི་ལྟར་བདེ་གསུངས་ནས་རྣལ་འབྱོར་བདེ་བ་བཅུ་གཉིས་འདི་མགུར་དུ་གསུངས་སོ། །མི་ནག་ཅན་དོང་ནས་ཐར་བ་བཞིན། ཕ་ཡུལ་སྤངས་པའི་རྣལ་འབྱོར་བདེ། །རྟ་བཟང་སྒྲོག་གིས་གྲོལ་བ་བཞིན། །གཟུང་འཛིན་བྲལ་བའི་རྣལ་འབྱོར་བདེ། །རི་དྭགས་རྨས་མ་སྡོད་པ་བཞིན། །གཅིག་པུར་སྡོད་པའི་རྣལ་འབྱོར་བདེ། །བྱ་རྒྱལ་ནམ་འཕངས་གཅོད་པ་བཞིན། །ལྟ་བ་ཐག་ཆོད་ཀྱི་རྣལ་འབྱོར་བདེ། །མཁའ་ལ་རྒྱུ་བའི་སྐྱི་སེར་བཞིན། །ཐོགས་རྡུགས་མེད་པའི་རྣལ་འབྱོར་བདེ། །ལུག་གཡང་དཀར་སྐྱོང་བའི་རྫི་བོ་བཞིན། །ཉམས་སྟོང་གསལ་སྐྱོང་བའི་རྣལ་འབྱོར་བདེ། །དབུས་ཀྱི་རི་རྒྱལ་ལྷུན་པོ་བཞིན། །འཕོ་འགྱུར་མེད་པའི་རྣལ་འབྱོར་བདེ། །ཆུ་བོ་ཆེན་པོའི་རྒྱུན་བཞིན་དུ། །ཉམས་རྒྱུན་ཆད་མེད་པའི་རྣལ་འབྱོར་བདེ། །དུར་ཁྲོད་ནང་གི་མི་རོ་བཞིན། །བྱ་བ་ཐོངས་པའི་རྣལ་འབྱོར་བདེ། །རྒྱ་མཚོའི་ནང་དུ་རྡོ་བསྐྱུར་བཞིན། །ཕྱིར་མི་ལྡོག་པའི་རྣལ་འབྱོར་བདེ། །མཁའ་ལ་ཉི་མ་ཤར་བ་བཞིན། །འོད་ཀུན་ལ་གསལ་བའི་རྣལ་འབྱོར་བདེ། །ཤིང་ཏཱ་ལའི་ལོ་མ་བྲེགས་པ་བཞིན། །ཕྱིས་སྐྱེ་བ་མེད་པའི་རྣལ་འབྱོར་བདེ། །དབྱངས་རྣལ་འབྱོར་བདེ་བ་བཅུ་གཉིས་འདི། །ཁྱེད་ཉ་མའི་དྲིས་ལན་ཆོས་སྐྱེས་མཛོད། །ཅེས་གསུངས་པས། ཉ་མ་རྣམས་དད་བཞིན་ལོག་སྟེ་སོང་ངོ་། །དེ་ནས་རྗེ་བཙུན་གྱིས་རས་ཆུང་པ་ལ་སྐྱོ་ཤས་དང་ངེས་འབྱུང་ཉམས་དང་རྟོགས་པ་ཅི་འདུག་གཟིགས་པའི་ཕྱིར། རྐྱེན་མེད་དུ་བསླུ་བསླུ་འདྲ་བཅུ་གཉིས་འདི་མགུར་དུ་གསུངས་སོ། །ལར་འཇིག་རྟེན་ཆོས་ཀྱིས་བསླུ་བསླུ་འདྲ། །ང་ནི་ཡང་དག་དོན་དུ་གཉེར། །ཟང་ཟིང་གཡེང་བས་བསླུ་བསླུ་འདྲ། །ང་ནི་གཉིས་མེད་ཉམས་སུ་ལེན། །འཁོར་དང་གཡོག་གིས་བསླུ་བསླུ་འདྲ། །ང་ནི་གཅིག་པུར་རི་ཁྲོད་འགྲིམ། །ནོར་དང་རྫས་ཀྱིས་བསླུ་བསླུ་འདྲ། །ང་ནི་ཡོད་ན་ཆོས་ཕྱིར་བཏང་། །ཕྱི་སྣང་བའི་ཡུལ་གྱིས་བསླུ་བསླུ་འདྲ། །ང་ནི་ནང་གི་སེམས་ལ་བལྟ། །རྣམ་པར་རྟོག་པས་བསླུ་བསླུ་འདྲ། །ང་ནི་ཡེ་ཤེས་རྗེས་སུ་འབྲང་། །ཆོས་དྲང་བའི་དོན་གྱིས་བསླུ་བསླུ་འདྲ། །ང་ནི་ངེས་དོན་གཏན་ལ་འབེབས། །ཡིག་ནག་དཔེ་ཆས་བསླུ་བསླུ་འདྲ། །ང་ནི་སྙན་རྒྱུད་ཀྱི་གདམས་ངག་བསྒོམ། །ཐ་སྙད་བཤད་པས་བསླུ་བསླུ་འདྲ། །ང་ནི་མ་བཅོས་ལྷུག་པར་འཇོག །ལར་སྐྱེ་འཆི་གཉིས་ཀྱིས་བསླུ་བསླུ་འདྲ། །ང་ནི་སྐྱེ་མེད་དོན་ལ་བལྟ། །ཐ་མལ་ཤེས་པས་བསླུ་བསླུ་འདྲ། །ང་ནི་རིག་པའི་རང་རྩལ་སྤྱོད། །སེམས་འཛིན་སྤྲོས་པས་བསླུ་བསླུ་འདྲ། །ང་ནི་གནས་ལུགས་ངང་དུ་འཇོག །ཅེས་གསུངས་པས། རས་ཆུང་པའི་ཐུགས་ལ་བླ་མ་སངས་རྒྱས་དངོས་ལ་བསླུ་བའི་ཆོས་མེད་ངེས། ང་དང་ཉམས་ལེན་མི་ནུས་པ་རྣམས་ཀྱི་སྐྱོན་ལ་དགོངས་ནས་གསུངས་པ་ཡིན་སྙམ། རང་གི་རྒྱུད་ཐོག་གི་ལྟ་སྒོམ་སྤྱོད་པ་གནད་དུ་དྲིལ་བའི་ཞུ་དོན་འདི་ཕུལ་ལོ། །ཕ་བླ་མ་རྗེ་བཙུན་སྙན་གསོན་དང་། །བདག་རྨོངས་པའི་བློ་འདི་ཡི་རེ་མུག །ཐུགས་རྗེའི་ཞགས་པས་བཟུང་དུ་གསོལ། །རྟག་ཆད་གཉིས་ཀྱི་སོ་མཚམས་སུ། །མཐའ་བྲལ་ལྟ་བ་སྟོར་ཏེ་ཐལ། །གནས་ལུགས་གཏན་ལ་མ་ཕེབས་སོ། །བྱིང་རྒོད་གཉིས་ཀྱི་སོ་མཚམས་སུ། །བདེ་གསལ་སྒོམ་པ་སྟོར་ཏེ་ཐལ། །ཞེན་པ་བཟློག་ཏུ་མ་འདོད་དོ། །བླང་དོར་གཉིས་ཀྱི་སོ་མཚམས་སུ། །ཤུགས་འབྱུང་སྤྱོད་པ་སྟོར་ཏེ་ཐལ། །འཁྲུལ་པ་འཇིག་ཏུ་མ་འདོད་དོ། །ཟོལ་ཟོག་གཉིས་ཀྱི་སོ་མཚམས་སུ། །རྣམ་དག་དམ་ཚིག་སྟོར་ཏེ་ཐལ། །གཡོ་སྒྱུ་ཆམ་ལ་མ་ཕེབས་སོ། །འཁོར་འདས་གཉིས་ཀྱི་སོ་མཚམས་སུ། །རང་སེམས་སངས་རྒྱས་སྟོར་ཏེ་ཐལ། །ཆོས་སྐུ་རྟོགས་སུ་མ་འདོད་དོ། །རེ་དོགས་གཉིས་ཀྱི་སོ་མཚམས་སུ། །འབྲས་བུ་སྐུ་བཞི་སྟོར་ཏེ་ཐལ། །རང་ངོ་རང་གིས་མ་ཤེས་སོ། །ཕ་བླ་མ་རྗེ་བཙུན་རིན་པོ་ཆེ། །སྔར་ཡང་བཀའ་དྲིན་ཐུགས་རྗེས་བསྐྱངས། །ད་དུང་འབྲལ་མེད་བསྐྱབ་ཏུ་གསོལ། །ཞེས་གསོལ་བ་བཏབ་པས། རྗེ་བཙུན་གྱི་ཞལ་ནས། རས་ཆུང་པ་ཁྱོད་ལ་དེ་མ་ཡིན་པའི་ཉམས་རྟོགས་ཤིག་ཡོད་དེ་འོང་བས། ང་ལ་གསང་དུ་མི་རུང་བས་དྲང་པོར་ཕུལ་ཅིག་ཅེས་གསུངས་པས། རྗེ་བཙུན་གྱི་ཐུགས་རྗེས་དེ་མ་ཐག་རས་ཆུང་པའི་ཉམས་རྟོགས་ན་འཕར་ཏེ། ཡང་རས་ཆུང་པས་རྙེད་པ་བདུན་གྱི་ཞུ་དོན་འདི་ཕུལ་ལོ། །ཕ་བླ་མ་རྗེ་བཙུན་བཀའ་དྲིན་གྱིས། །རྙེད་པ་བདུན་གྱི་དོན་ཞིག་རྟོགས། །སྣང་བའི་ནང་ནས་སྟོང་པ་རྙེད། །ད་དངོས་པོ་ཡོད་སྙམ་མི་བགྱིད་དོ། །སྟོང་པའི་ནང་ནས་ཆོས་སྐུ་རྙེད། །ད་བྱ་རྩོལ་ཡོད་སྙམ་མི་བགྱིད་དོ། །སྣ་ཚོགས་ནང་ནས་གཉིས་མེད་རྙེད། །ད་འདུ་འབྲལ་ཡོད་སྙམ་མི་བགྱིད་དོ། །དཀར་དམར་ནང་ནས་མཉམ་ཉིད་རྙེད། །ད་དགག་སྒྲུབ་ཡོད་སྙམ་མི་བགྱིད་དོ། །སྒྱུ་ལུས་ནང་ནས་བདེ་ཆེན་རྙེད། །ད་སྡུག་བསྔལ་ཡོད་སྙམ་མི་བགྱིད་དོ། །ཀུན་རྫོབ་ནང་ནས་དོན་དམ་རྙེད། །ད་འཁྲུལ་པ་ཡོད་སྙམ་མི་བགྱིད་དོ། །རང་སེམས་ནང་ནས་སངས་རྒྱས་རྙེད། །ད་འཁོར་བ་ཡོད་སྙམ་མི་བགྱིད་དོ། །ཞེས་ཞུས་པས། རྗེ་བཙུན་གྱི་ཞལ་ནས། རས་ཆུང་པ་ཁྱོད་ཀྱི་དེ་བསྒོམས་པའི་ཉམས་ཕྱོགས་མཐུན་ཙམ་ལས་མཚན་ཉིད་པ་མ་ཡིན། བསྒོམས་པའི་ཉམས་མྱོང་མཚན་ཉིད་པ་འདི་འདྲ་བ་ཞིག་འོང་བ་ཡིན་གསུང་ཀློང་གྱུར་བརྒྱད་འདི་མགུར་དུ་གསུངས་སོ། །སྣང་དང་སྟོང་པ་དབྱེར་མེད་ན། །ལྟ་བ་ཀློང་དུ་གྱུར་པ་ཡིན། །རྨི་ལམ་ཉིན་བར་ཁྱད་མེད་ན། །སྒོམ་པ་ཀློང་དུ་གྱུར་པ་ཡིན། །བདེ་དང་སྟོང་པ་ཁྱད་མེད་ན། །སྤྱོད་པ་ཀློང་དུ་གྱུར་པ་ཡིན། །འདི་དང་ཕྱི་མ་ཁྱད་མེད་ན། །གནས་ལུགས་ཀློང་དུ་གྱུར་པ་ཡིན། །སེམས་དང་ནམ་མཁའ་ཁྱད་མེད་ན། །ཆོས་སྐུ་ཀློང་དུ་གྱུར་པ་ཡིན། །སྐྱིད་སྡུག་གཉིས་པོ་ཁྱད་མེད་ན། །གདམས་ངག་ཀློང་དུ་གྱུར་པ་ཡིན། །ཉོན་མོངས་ཡེ་ཤེས་ཁྱད་མེད་ན། །རྟོགས་ཚད་ཀློང་དུ་གྱུར་པ་ཡིན། །རང་སེམས་སངས་རྒྱས་ཁྱད་མེད་ན། །འབྲས་བུ་ཀློང་དུ་གྱུར་པ་ཡིན། །ཞེས་གསུངས་པས། རས་ཆུང་པ་ཡང་བླ་མའི་ཐུགས་རྗེས་རྟོགས་པ་རིམ་པར་ན་འཕར་ཏེ། ཁོང་རང་གི་ཐུགས་ཉམས་སུ་བཞེས་པའི་མཐར་ཐུག་གི་རྟོགས་པ་བར་དོ་དྲུག་ཏུ་དྲིལ་ནས་ཕུལ་བ། རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཡོངས་སྣང་སྟོང་གཉིས་ཀྱི་བར་དོ་ན། །རྟག་ཆད་ཀྱི་ལྟ་བ་ཡུལ་ན་མེད། །རྣམ་རྟོག་གི་གྲུབ་མཐའ་ངས་མི་འཛིན། །ད་ལྟ་སྐྱེ་མེད་བློ་ལས་འདས། །འདི་ལྡོམ་བུ་བ་བདག་གི་ལྟ་བ་ལགས། །གྲོགས་རྟོགས་ལྡན་འཚོགས་ཀྱང་གནོང་རྒྱུ་མེད། །བདེ་སྟོང་གཉིས་ཀྱི་བར་དོ་ན། །ཞི་གནས་ཀྱི་དམིགས་རྒྱུན་ཡུལ་ན་མེད། །སྡུག་བཙིར་གྱི་སེམས་འཛིན་ངས་མི་བྱེད། །མ་ཡེངས་གཉུག་མའི་ངང་དུ་འཇོག །འདི་ལྡོམ་བུ་བ་བདག་གི་སྒོམ་པ་ལགས། །གྲོགས་ཉམས་མྱོང་ཅན་འཚོགས་ཀྱང་གནོང་རྒྱུ་མེད། །ཆགས་ཅན་ཆགས་བྲལ་བར་དོ་ན། །ཟག་བཅས་ཀྱི་བདེ་བ་ཡུལ་ན་མེད། །ཚུལ་ཆོས་ཀྱི་ལོག་འཚོ་ངས་མི་སྒྲུབ། །ད་ལྟ་ཅི་སྣང་གྲོགས་སུ་ཤར། །འདི་ལྡོམ་བུ་བ་བདག་གི་སྤྱོད་པ་ལགས། །གྲོགས་རྣལ་འབྱོར་འཚོགས་ཀྱང་གནོང་རྒྱུ་མེད། །སྐྱོན་ཅན་སྐྱོན་མེད་བར་དོ་ན། །རྣམ་པར་དག་དང་མ་དག་མེད། །གཡོ་སྒྱུ་ཟོལ་ཟོག་ངས་མི་བྱེད། །ད་ལྟ་རང་སེམས་དཔང་དུ་འཛུགས། །འདི་ལྡོམ་བུ་བ་བདག་གི་དམ་ཚིག་ལགས། །གྲོགས་ཁྲིམས་ལྡན་འཚོགས་ཀྱང་གནོང་རྒྱུ་མེད། །འཁོར་འདས་གཉིས་ཀྱི་བར་དོ་ན། །སངས་རྒྱས་སེམས་ཅན་གཉིས་སུ་མེད། །རེ་དོགས་འབྲས་བུ་ངས་མི་འདོད། །ད་ལྟ་སྡུག་བསྔལ་བདེ་བར་ཤར། །འདི་ལྡོམ་བུ་བ་བདག་གི་འབྲས་བུ་ལགས། །གྲོགས་གྲུབ་ཐོབ་འཚོགས་ཀྱང་གནོང་རྒྱུ་མེད། །ཚིག་དོན་གཉིས་ཀྱི་བར་དོ་ན། །མཁས་པའི་ཐ་སྙད་ཡུལ་ན་མེད། །ཐེ་ཚོམ་སོམ་ཉི་ངས་མི་བྱེད། །ད་ལྟ་སྣང་སྲིད་ཆོས་སྐུར་ཤར། །འདི་ལྡོམ་བུ་བ་བདག་གི་རྟོགས་པ་ལགས། །གྲོགས་ཤེས་ལྡན་འཚོགས་ཀྱང་གནོང་རྒྱུ་མེད། །ཅེས་ཞུ་བ་ཕུལ་བས། བླ་མ་ཤིན་ཏུ་མཉེས་ཏེ། རས་ཆུང་པ་ཉམས་མྱོང་མཚན་ཉིད་པ་དེ་ཡིན། སློབ་མ་སྣོད་ལྡན་བྱ་བ་ཡང་ཁྱེད་ལ་ཟེར་བ་ཡིན་ཏེ། བླ་མ་མཉེས་ཐབས་གསུམ་ལས། དང་པོ་དད་པ་དང་ཤེས་རབ་ཀྱིས་བླ་མ་མཉེས་པར་བྱས། བར་དུ་ཐོས་བསམ་གྱི་འཇུག་སྒོ་མ་ལོག་པར་ཐེག་པ་ཆེན་པོ་སྔགས་ཀྱི་སྒོར་ཞུགས་ཤིང་། ཉམས་ལེན་ལ་སྙིང་རུས་བསྐྱེད་ཅིང་བསྒོམས་པས། ཐ་མར་ཉམས་རྟོགས་ཁྱད་པར་ཅན་རིམ་གྱིས་སྐྱེས་འདུག་གིས། ད་ཁ་བཤད་ཚིག་གི་ལོ་མ་ལ་མ་དགའ་བར། དོན་ཉམས་སུ་ལེན་ཕྱིར་བྱུང་ཚད་ཀྱིས་ཁ་ནང་དུ་ལྟོས་ལ་སྒོམས་ཤིག །ང་ལའང་བླ་མ་མར་པའི་ཞལ་ནས། མདོ་རྒྱུད་ཀྱི་ཤེས་རྒྱ་མེད་ཀྱང་རུང་གིས། ཐ་སྙད་ཀྱི་ཚིག་ཕྱིར་མ་འབྲང་བར། ཁ་ནང་དུ་ལྟོས་ལ་བླ་མ་ཅི་གསུང་གི་བཀའ་བཞིན་སྒོམས་ཤིག་གསུངས་པའི་གསུང་ཁྱད་པར་ཅན་རྣམས་མ་བརྗེད་པར་ཉམས་སུ་བླངས་པས། འཁོར་བ་ལ་བློ་ལོག་པ་དང་། ཡོན་ཏན་འདི་རྣམས་རྒྱུད་ལ་སྐྱེས་པ་ཡིན། ཁྱོད་ཀྱང་ངའི་བླ་མ་མར་པའི་གསུང་བཞིན་གྱིས་ཤིག་གསུངས་པས། རས་ཆུང་པས། རྗེ་བཙུན་ལ། བླ་མ་མར་པས་ཇི་སྐད་གསུངས་པ་དེ་རྣམས་བདག་ལ་གནང་བར་ཞུ་དང་ཞུས་པས། རྗེ་བཙུན་གྱིས་བླ་མའི་གསུང་གསུང་བ་སུམ་ཅུའི་གདམས་ངག་འདི་མགུར་དུ་གསུངས་སོ། །བུ་རྟེན་དུ་དཀོན་མཆོག་བཟང་ངོ་གསུང་། །གྲོགས་སུ་དད་པ་སྟེན་ཅིག་གསུང་། །གདོན་དུ་རྣམ་རྟོག་ཆེ་འོ་གསུང་། །བདུད་དུ་ང་རྒྱལ་ཆེ་འོ་གསུང་། །སྡིག་ཏུ་སྐུར་པ་ཆེ་འོ་གསུང་། །ལམ་དུ་ཕྲག་དོག་གནོད་དོ་གསུང་། །ཕུང་ཁྲོལ་ཆང་གིས་བྱེད་དོ་གསུང་། །སྡིག་པ་སྟོབས་བཞིས་མ་བཤགས་ན། །འགྲོ་བ་དྲུག་ཏུ་འཁྱམ་མོ་གསུང་། །བསོད་ནམས་འབད་ནས་མ་བསགས་ན། །ཐར་པའི་བདེ་བ་མི་ཐོབ་གསུང་། །མི་དགེ་བཅུ་པོ་མ་སྤངས་ན། །ངན་སོང་སྡུག་བསྔལ་མྱོང་དགོས་གསུང་། །སྟོང་ཉིད་སྙིང་རྗེ་མ་བསྒོམས་ན། །མཐར་ཐུག་སངས་རྒྱས་མི་ཐོབ་གསུང་། །ཚེ་འདིར་སངས་རྒྱས་ཐོབ་འདོད་ན། །སེམས་ལ་ཡེངས་མེད་ལྟོས་ཤིག་གསུང་། །རྒྱུད་ཀྱི་མཐར་ཐུག་བསྡུས་པའི་དོན། །རྣལ་འབྱོར་དྲུག་ལྡན་སྒོམས་ཤིག་གསུང་། །གདམས་ངག་མཐར་ཐུག་བསྡུས་པའི་དོན། །གསང་སྔགས་ཐབས་ལམ་སྒོམས་ཤིག་གསུང་། །རྙེད་དང་བཀུར་སྟི་གྲགས་འདོད་ན། །བདུད་ཀྱི་ཁ་རུ་ཆུད་དོ་གསུང་། །བདག་བསྟོད་གཞན་ལ་སྨོད་པ་ན། །འཇིགས་པའི་གཡང་སར་ལྟུང་ངོ་གསུང་། །སེམས་ཀྱི་གླང་པོ་མ་བཏུལ་ན། །གདམས་ངག་ཚིག་གིས་བསླུ་འོ་གསུང་། །སོ་ནམ་སེམས་བསྐྱེད་ཆེ་འོ་གསུང་། །ལྟ་བ་སྐྱེ་མེད་བཟང་ངོ་གསུང་། །ཉམས་ལེན་ཐབས་ལམ་ཟབ་བོ་གསུང་། །ལག་ལེན་རྩ་རླུང་གྱིས་ཤིག་གསུང་། །ལྷན་སྐྱེས་ངོ་ཡིས་ཟུངས་ཤིག་གསུང་། །དམ་པ་རྗེ་ལ་སྟེན་ཅིག་གསུང་། །མི་ཚེ་ཡེངས་ལ་མ་སྐྱེལ་གསུང་། །རང་སེམས་སྐྱེ་མེད་ལྟོས་ཤིག་གསུང་། །འཁོར་བར་བདེ་བ་མ་རེ་གསུང་། །སྡུག་བསྔལ་སྐྱོན་དུ་མ་ལྟ་གསུང་། །སེམས་རྟོགས་སངས་རྒྱས་ཡིན་ནོ་གསུང་། །མང་དུ་སྤྲོས་པ་མི་དགོས་གསུངས། །དོན་དེ་ལས་ཟབ་པ་མེད་དོ་གསུང་། །དེ་དག་ཉམས་སུ་ལོངས་ཤིག་གསུང་། །ཞེས་གསུངས་པས། རས་ཆུང་པའི་ཐུགས་དམ་ལ་བོགས་ཤིན་ཏུ་ཆེ་བར་བྱུང་ངོ་། །དེ་ནས་རྗེ་བཙུན་དཔོན་སློབ་འཚོ་བ་དཀའ་ཐུབ་ལ་བརྟེན་ནས་ཐུགས་དམ་མཛད་ཅིང་བཞུགས་པའི་ཚེ། མཁའ་འགྲོ་མང་པོས་ཚོགས་ཀྱི་འཁོར་ལོ་བསྐོར་ནས། མི་ལ་རས་པ་ཁྱོད་ལྟ་སྒོམ་སྤྱོད་པ་རྣམས་ཉམས་སུ་ལེན་པའི་ཚེ། མིའི་ཟས་གོས་དང་མཁའ་འགྲོའི་དམ་རྫས་ཅུང་ཟད་རེ་བསྟེན་ན་དགེ་སྦྱོར་བོགས་ཆེ་བ་ཡིན་པས་སྟེན་ཅིག །ངེད་རྣམས་ཀྱིས་བསྒྲུབ་པ་ཡིན་ནོ་ཟེར་བ་ལ། རྗེ་བཙུན་གྱིས་གཞན་གྱི་ཟས་ནོར་ལོངས་སྤྱོད་དང་ཉམས་རྟོགས་ཀྱི་ཡོན་ཏན་ཕལ་གྱི་དོ་ཟླ་མིན་པ་འདི་འདྲ་ཡོད་པས་མེད་ཀྱང་རུང་གསུང་མགུར་འདི་གསུངས་སོ། །ཕ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །རྣལ་འབྱོར་མི་ལ་རས་པ་ངས། །གནས་ལུགས་ངང་ནས་གླུ་ཞིག་ལེན། །བདེན་མེད་དབྱིངས་སུ་བྲོ་ཞིག་བརྡུང་། །གསོན་ཅིག་མ་དང་མཁའ་འགྲོའི་ཚོགས། །རྒྱུ་འབྲས་ཡིད་ཆེས་བསྟེན་པ་འདི། །དད་པ་ཕལ་གྱིས་དོ་ཟླ་མིན། །དབེན་པར་གཅིག་པུར་སྡོད་པ་འདི། །ཏིང་འཛིན་ཕལ་གྱིས་དོ་ཟླ་མིན། །གཟུང་འཛིན་མེད་པའི་མཉམ་གཞག་འདི། །ལྟ་བ་ཕལ་གྱིས་དོ་ཟླ་མིན། །བརྗེད་དུ་མེད་པའི་རྗེས་ཐོབ་འདི། །སྒོམ་པ་ཕལ་གྱིས་དོ་ཟླ་མིན། །ཐ་དད་མེད་པའི་དྲན་པ་འདི། །སྤྱོད་པ་ཕལ་གྱིས་དོ་ཟླ་མིན། །སྟོང་ཉིད་སྙིང་རྗེ་ཟུང་འཇུག་འདི། །འབྲས་བུ་ཕལ་གྱིས་དོ་ཟླ་མིན། །གྲང་བ་མེད་པའི་རས་གོས་འདི། །འཇམ་ལེགས་ཕལ་གྱིས་དོ་ཟླ་མིན། །ལྟོགས་པ་མེད་པའི་ཏིང་འཛིན་འདི། །ཤ་ཆང་ཕལ་གྱིས་དོ་ཟླ་མིན། །བྱང་ཆུབ་ཆུ་རྒྱུན་འཐུང་བ་འདི། །བཏུང་བ་ཕལ་གྱིས་དོ་ཟླ་མིན། །ཆོག་ཤེས་ནང་ནས་སྐྱེས་པ་དེ། །ཟས་ནོར་ཕལ་གྱིས་དོ་ཟླ་མིན། །སྒྲ་སྒྱུར་མར་པ་ལོ་ཙྪ་འདི། །གྲུབ་ཐོབ་ཕལ་གྱིས་དོ་ཟླ་མིན། །རང་སེམས་ལྷ་ཞལ་ལྟ་བ་འདི། །ཡི་དམ་ཕལ་གྱིས་དོ་ཟླ་མིན། །རྣལ་འབྱོར་མི་ལ་རས་པ་ང་། །སྒོམ་ཆེན་ཕལ་གྱིས་དོ་ཟླ་མིན། །ན་ཚ་མེད་པའི་ལུས་པོ་འདི། །སྨན་པ་ཕལ་གྱིས་དོ་ཟླ་མིན། །ཡང་ཅིག་གསོན་དང་མཁའ་འགྲོའི་ཚོགས། །མི་གསལ་བགྱིས་ཀྱང་གསལ་བར་གདའ། །འོད་གསལ་འདི་ཀ་གསལ་པོར་གདའ། །མི་དྲོ་བགྱིས་ཀྱང་དྲོ་བར་གདའ། །རས་རྐྱང་འདི་ཀ་དྲོ་བར་གདའ། །མི་བདེ་བགྱིས་ཀྱང་བདེ་མོར་གདའ། །སྒྱུ་ལུས་འདི་ཀ་བདེ་བར་གདའ། །མི་བྲོད་བགྱིས་ཀྱང་བྲོད་པར་གདའ། །རྨི་ལམ་འདི་ཀ་བྲོད་པར་གདའ། །བདེ་རུ་ཚོར་རོ་རྣལ་འབྱོར་ང་། །བྲག་སྐྱ་རྡོ་རྗེ་མཐོ་མི་མཐོ། །བྲག་སྐྱ་རྡོ་རྗེ་མི་མཐོ་ན། །འོག་ན་ཐང་དཀར་ཅི་ལ་ལྡིང་། །ལོ་གསར་ལྷགས་པ་མི་ཆེ་ན། །རི་ཆུ་ལུང་ཆུ་ཅི་ལ་འཁྱག །གཏུམ་མོའི་རས་གོས་མི་དྲོ་ན། །བལ་རས་རྐྱང་རེས་ཅི་ལ་དྲོ། །ཟས་སུ་ཏིང་འཛིན་མ་ཟོས་ན། །རྒྱགས་མེད་ལྟོགས་པར་ག་ལ་ཚུགས། །བྱང་ཆུབ་ཆུ་རྒྱུན་མ་འཐུངས་ན། །ཆུ་མེད་སྐམ་ལ་ཅི་ལ་ཚུགས། །བླ་མའི་གདམས་ངག་མི་ཟབ་ན། །བདུད་དང་བར་ཆད་ཅིས་མི་འོང་། །རྣལ་འབྱོར་རྟོགས་པ་མི་ལྡན་ན། །མི་མེད་རི་ཁྲོད་ཅི་ལ་འགྲིམ། །འདི་དག་བླ་མ་མཁས་པའི་དྲིན། །སྒྲུབ་ལ་ནན་ཏན་གཙོ་བོར་བྱ། །ཞེས་གསུངས་པས། མཁའ་འགྲོ་རྣམས་ན་རེ་དེ་ལྟར་ཡིན་ན་ངོ་མཚར་ཆེ། སང་འདིར་སྐལ་ལྡན་གྱི་སྐྱེས་བུ་ཞིག་འོང་བ་ཡོད་པས། རྗེས་སུ་ཟུངས་ཤིག་ཟེར་ནས་འཇའ་ཡལ་བ་ལྟར་སོང་། དེ་ནས་རྗེ་བཙུན་དཔོན་སློབ་ཀྱི་དྲུང་དུ་ཀུ་ཐང་གི་ཉ་མ་འགའ་མཇལ་དུ་བྱུང་བ་རྣམས་ཀྱིས་ཆོས་ཞུས་པ་ལས། རྗེ་བཙུན་གྱིས་སྐྱབས་འགྲོའི་ལུང་དང་བསླབ་བྱ་ཕན་ཡོན་རྣམས་གནང་བས། ཉ་མ་རྣམས་ན་རེ། བླ་མ་རང་གི་ཐུགས་དམ་དང་སྐྱབས་གནས་ཀྱང་འདི་ཀ་ལགས་སམ་ཟེར་བས། རྗེ་བཙུན་གྱི་ཞལ་ནས་ངའི་དགེ་སྦྱོར་དང་སྐྱབས་གནས་ཀྱང་འདི་ཀ་ཡིན་ཞིང་ང་འདི་ལ་སྐྱབས་པ་རང་གིས་འཚེངས་པས། ཁྱེད་རང་རྣམས་ཀྱང་བླ་མ་དཀོན་མཆོག་གསུམ་ལ་ཁ་ཞེ་མེད་པར་སྐྱབས་སུ་སོང་ཞིག །ཁ་སང་ནས་བཤད་པའི་ཕན་ཡོན་རྣམས་དང་མཐུན་པར་འཚེངས་པ་ཡིན་ནོ་ཞེས་སྐྱབས་གནས་ཀྱི་དབྱེ་བ་དང་། ཆོས་ལ་བསྐུལ་བའི་མགུར་འདི་གསུངས་སོ། །རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཆོས་དང་དགེ་འདུན་གསུམ། །འདི་གསུམ་ཕྱི་ཡི་སྐྱབས་གནས་ལགས། །མི་ངེད་ཀྱང་ཁོང་ལ་སྐྱབས་པས་འཚེངས། །ཁྱེད་ཀྱང་ཁོང་ལ་སྐྱབས་ན་ལེགས། །བླ་མ་ཡི་དམ་མཁའ་འགྲོ་གསུམ། །འདི་གསུམ་ནང་གི་སྐྱབས་གནས་ལགས། །ངེད་ཀྱང་ཁོང་ལ་སྐྱབས་པས་འཚེངས། །ཁྱེད་ཀྱང་ཁོང་ལ་སྐྱབས་ན་ལེགས། །རྩ་དང་རླུང་དང་ཐིག་ལེ་གསུམ། །འདི་གསུམ་གསང་བའི་སྐྱབས་གནས་ལགས། །ངེད་ཀྱང་ཁོང་ལ་སྐྱབས་པས་འཚེངས། །ཁྱེད་ཀྱང་ཁོང་ལ་སྐྱབས་ན་ལེགས། །སྣང་དང་སྟོང་དང་དབྱེར་མེད་གསུམ། །འདི་གསུམ་དོན་གྱི་སྐྱབས་གནས་ལགས། །ངེད་ཀྱང་ཁོང་ལ་སྐྱབས་པས་འཚེངས། །ཁྱེད་ཀྱང་ཁོང་ལ་སྐྱབས་ན་ལེགས། །ཁྱེད་གཏན་གྱི་སྡུག་བསྔལ་སྐྱོབ་པ་ཡི། །སྐྱབས་གནས་འདི་ལ་མ་སྐྱབས་ན། །སྒྱུ་མ་ལུས་ཀྱི་ཁང་རུལ་ལ། །ཞག་དང་ཟ་མའི་ཆར་པ་བབས། །ལོ་དང་ཟླ་བའི་ཐིགས་པས་བརྡུངས། །སྒྱུ་ལུས་ཀྱི་ཁང་རུལ་ངེས་པར་འཇིག །འཆི་བྲོད་ཀྱི་ཐིགས་ཚགས་བྱེད་རེ་རན། །དཔེ་ནི་ཉི་རྒས་གྲིབ་སོ་བཞིན། །ཕར་ཕར་བྲོས་ཀྱང་ཚུར་ཚུར་སླེབ། །བྲོས་པས་ཐར་བར་ངས་མ་མཐོང་། །ཆོས་པ་འཆི་བ་མཐོང་ཙ་ན། །དགེ་ལ་བསྐུལ་བའི་སློབ་དཔོན་ཡིན། །དེ་ལ་དགའ་སྤྲོ་ཅི་འདུག་བལྟ་ཡང་བལྟ། །སྡིག་ཅན་འཆི་བ་མཐོང་ཙ་ན། །དགེ་སྡིག་སྟོན་པའི་སློབ་དཔོན་ཡིན། །དེ་ལ་འགྱོད་པ་ཅི་འདུག་བལྟ་ཡང་བལྟ། །ཕྱུག་པོ་འཆི་བ་མཐོང་ཙ་ན། །ནོར་དགྲ་བོར་སྟོན་པའི་སློབ་དཔོན་ཡིན། །དེ་ལ་གཏོང་ཕོད་ཅི་འདུག་བལྟ་ཡང་བལྟ། །རྒན་པ་འཆི་བ་མཐོང་ཙ་ན། །ཚེ་མི་རྟག་སྟོན་པའི་སློབ་དཔོན་ཡིན། །དེ་ལ་སྐྱོ་ཤས་ཅི་འདུག་བལྟ་ཡང་བལྟ། །གཞོན་པ་འཆི་བ་མཐོང་ཙ་ན། །ཚེ་ལོང་མེད་སྟོན་པའི་སློབ་དཔོན་ཡིན། །སྒྲུབ་ལ་བརྩོན་འགྲུས་ཅི་འདུག་བལྟ་ཡང་བལྟ། །ལར་བདེ་སྐྱིད་ཕ་མའི་གོ་ན་ཡོད། །དྭ་ཕྲུག་སྡུག་ལ་ཅི་ཆ་ཡོད། །དྲོ་འཇམ་ལྤགས་སྤུའི་འོག་ན་ཡོད། །གྱོན་མ་མྱོང་ལ་ཅི་ཆ་ཡོད། །སོ་ནམ་འབྲས་བུས་དབུལ་ཕོངས་སེལ། །ལས་མ་ནུས་ལ་ཅི་ཆ་ཡོད། །མགྱོགས་པ་གྱི་ལིང་རྟ་ལ་ཡོད། །ཞོན་མ་མྱོང་ལ་ཅི་ཆ་ཡོད། །ཆོས་བྱེད་མི་ཚེ་སྐྱིད་ལ་བསྐྱལ། །ཆོས་མ་ནུས་པ་ལ་ཅི་ཆ་ཡོད། །ལར་ལྟོ་ནས་འཕྲི་ལ་སྦྱིན་པ་ཐོང་། །གཉིད་ལ་འཕྲི་ལ་དགེ་སྦྱོར་མཛོད། །ངན་སོང་སྡུག་བསྔལ་དྲན་མཛོད་ལ། །དེ་ལ་སོམས་ལ་ལྷ་ཆོས་མཛོད། །ཅེས་གསུངས་པས། ཉ་མ་རྣམས་ཆོས་ལ་གནས་པ་མང་དུ་བྱུང་ཞིང་། ཁྱད་པར་དེ་རྣམས་ཀྱི་ནང་ནས་གཞོན་པ་ཞིག་རྗེ་བཙུན་ལ་མི་ཕྱེད་པའི་དད་པ་ཐོབ་ནས། ཕྱག་ཕྱིར་འབྲང་བར་ཞུས་པ་ལས། རྗེ་བཙུན་གྱི་ཐུགས་དགོངས་ལ། མདང་མཁའ་འགྲོས་ལུང་བསྟན་པའི་སྐྱེས་བུ་དེ་འདི་ཡིན་པར་འདུག་པས་རྗེས་སུ་འཛིན་དགོས་དགོངས་ནས། ཕྱག་ཕྱིར་ཁྲིད་དབང་དང་གདམས་པ་གནང་ནས་བསྒོམས་པས། སྨིན་ཅིང་གྲོལ་བ་དེ་ལ་རོང་ཆུང་རས་པ་ཞེས་བྱ་བ་ཉེ་བའི་སྲས་ཤིག་བྱུང་ངོ་། །བྲག་སྐྱ་རྡོ་རྗེ་རྫོང་དུ་ཕྱིས་བྱོན་དུས་རོང་ཆུང་རས་པ་དང་མཇལ་བའི་སྐོར་རོ།། །།

༈ ན་མོ་གུ་རུ། རྗེ་བཙུན་མི་ལ་རས་པ་དེ་ཉིད། བྲག་སྐྱ་རྡོ་རྗེ་རྫོང་ན་གསུང་བཅད་དེ་བཞུགས་པའི་ཚེ། ཟླ་བ་ཡར་ངོ་ཞིག་གི་ཚེས་བརྒྱད་ཀྱི་ཐོ་རངས། མཁའ་འགྲོ་མིའི་བུ་མོའི་ཆ་བྱད་དུ་ཡོངས་ནས་མགྲིན་གཅིག་ཏུ་བསྡེབས་ཏེ་ལུང་བསྟན་གྱི་དབྱངས་འདི་སྐད་དོ། །ཨེ་མ་གསུང་བཅད་རྣལ་འབྱོར་པ། །དཀའ་བ་སྤྱད་པའི་སྙིང་རུས་ཅན། །འཁོར་འདས་གཟིགས་པའི་མཁྱེན་རྒྱ་ཅན། །གངས་ཅན་ཁྲོད་ཀྱི་སེང་གཅིག་པོ། །དཔའ་རྩལ་ཅན་དེ་ཚུར་ཉོན་དང་། །དེང་འདིར་བྱོན་གྱི་མཁའ་འགྲོ་སྤུན་བཞི་པོ། །སེང་ཕྲུག་ཁྱོད་ཀྱི་གྲོགས་ལགས་ཀྱིས། །ནང་པར་སྔ་བའི་ཆ་ཉིད་ལ། །བྲག་སྐྱ་རྡོ་རྗེ་རྫོང་འདི་ནས། །དཔལ་ཐང་མཚོ་ཡི་ཤར་དུ་བྱོན། །ལོངས་སྤྱོད་སྡིག་ལ་སྦྱོར་བ་དེ། །དཀར་པོ་དགེ་བར་འགྱུར་བ་དང་། །ལམ་ལོག་ཞུགས་པའི་སྐྱེས་བུ་འགའ། །ཡང་དག་ལམ་ལ་ཚུད་ནས་ནི། །འགྲོ་བའི་དོན་ཆེན་འགྲུབ་པར་ངེས། །ཟེར་ནས་མི་སྣང་བར་གྱུར་པ་ལས། རྗེ་བཙུན་གྱིས་ཀྱང་མཁའ་འགྲོའི་ལུང་བསྟན་དུ་དགོངས་ནས། ཤར་ཕྱོགས་སུ་བྱོན་པའི་ལམ་དུ། ལུག་རྫི་ཞིག་དང་མཇལ་བ་དེས། རྗེ་བཙུན་ཞབས་ས་ལ་མི་འཇོག་པར་ནམ་མཁའ་ལ་གཤེགས་པ་མཐོང་ནས། མི་ཕྱེད་པའི་དད་པ་ཐོབ་སྟེ། རྗེ་བཙུན་ལ་ཁོ་རང་གི་ཟ་མ་ཕུལ་ནས་ཆོས་ཞུས་པ་ལས། རྗེ་བཙུན་གྱིས་ཁོ་ལ། ལས་རྒྱུ་འབྲས་འཁོར་བའི་ཉེས་དམིགས་དལ་འབྱོར་རྙེད་དཀའ་ནམ་འཆི་ཆ་མེད་ཀྱི་ཆོས་རྣམས་བཤད་པས། ཁོའི་རྒྱུད་ལ་ཆོས་དེ་དག་སྐྱེས་ཏེ། བླ་མ་ལགས་ཆོས་དེ་རྣམས་གསུངས་པས་འཁོར་བའི་སྡུག་བསྔལ་དྲན་ནས། ཚེ་འདིའི་བདེ་སྐྱིད་གང་གིས་ཀྱང་དགོས་པ་མེད་པ་དང་། བླ་མས་གསུངས་པའི་སྡུག་བསྔལ་དེ་རྣམས་ཐོག་ཏུ་བྱུང་ན་མི་བཟོད་པའི་སེམས་ལས་ཀྱིས་སྡུག་ནས་འཆི་བ་ཙམ་དུ་གྱུར་གདའ། ད་དེ་ལ་ཕན་པའི་ཆོས་ཤིག་ཞུ་ཟེར་བ་ལ། རྗེ་བཙུན་གྱིས་ཁོ་ལ། འོ་ན་དེ་བཞིན་བྱ་གསུངས་པ་དང་། ཁོ་ན་རེ་བདག་ལ་མ་མོ་སྦེད་པའི་ཕུག་པ་མི་གཞན་གྱིས་མི་རྙེད་པ་ཞིག་བདོག་དེར་བྱོན་པར་ཞུ་ཟེར་ནས་སྦས་ཕུག་མ་མོ་རྫོང་དུ་གདན་དྲངས་ཏེ། ཞབས་ཏོག་བཟང་པོ་ཕུལ་ནས་ད་སྡུག་བསྔལ་ལ་ཕན་པའི་ཆོས་ཞུ་ཟེར་བ་ལ། རྗེ་བཙུན་གྱིས་ཞི་གནས་ཀྱི་དམིགས་པ་ཞིག་བསྟན་པས། ཁོ་ན་རེ། བཞག་པའི་དུས་སུ་སྡུག་བསྔལ་ཅི་ཡང་མི་འོང་བ་གདའ་སྟེ། ཡང་སེམས་འཕྲོས་པ་དང་འཁོར་བའི་སྡུག་བསྔལ་དྲན་ནས་བཟོད་གླགས་རང་མི་འོང་བར་གདའ། རྒྱུན་དུ་བདེ་བ་ཞིག་ཐུགས་རྗེས་འཛིན་པར་ཞུ་ཟེར་བས། རྗེ་བཙུན་གྱིས་རྒྱུན་དུ་བདེ་བ་དགོས་ན་རྟག་ཏུ་སྡིག་པ་སྤངས་ནས། དཀར་པོའི་ཆོས་ང་བཞིན་བྱེད་དགོས་གསུངས་པས། ཁོ་ན་རེ། འོ་ན་བདག་རྒྱུན་དུ་བདེ་བ་འདོད་པས་དཀར་པོའི་ཆོས་བྱེད་པས། བླ་མའི་ཞབས་ཕྱིར་ཁྲིད་པར་ཞུ་ཞེས་ཞུས་པ་ལ། རྗེ་བཙུན་གྱིས་ལས་ཅན་གྱི་སློབ་མར་དགོངས་ཞབས་ཕྱིར་ཁྲིད་ནས་དབང་དང་གདམས་པ་གནང་བས། རྟོགས་ལྡན་རྣམས་ཀྱི་ནང་ནས་མཆོག་གྱུར་གྱི་སྐྱེས་བུ་ཁྱད་པར་ཅན་རྫི་བོ་རས་པ་ཞེས་བྱ་བ་དེ་བྱུང་ངོ་། །ལུག་རྫི་རས་པ་དང་མཇལ་བའི་ཐོ་རེངས། ཡང་མཁའ་འགྲོ་མ་རྣམས་ཀྱིས། ལ་ཕུག་ཅེས་བྱ་བའི་ཡུལ་ཞིག་ཡོད་པས་དེར་སོངས་ཤིག་བྱ་བའི་ལུང་བསྟན་བྱུང་བ་ལྟར། རྗེ་བཙུན་གྱིས་ཀྱང་དེར་བྱོན་པས། དེ་ན་ཕྱུག་པོ་ཆེན་པོ་བུ་མང་པོ་ཡོད་པ་བོན་པོ་ལ་མཆོག་ཏུ་མོས་པ་ཞིག་ནད་དྲག་པོ་ཞིག་གིས་ཟིན་པའི་ཚེ། ཁོའི་བུ་གཅིག་མོ་འདེབས་སུ་ཕྱིན་པའི་མོ་ལུང་ལ་ཁོའི་གླུད་དུ་གཡག་བརྒྱ་ར་བརྒྱ་ལུག་བརྒྱ་རྣམས་བསད་ནས་སྟོན་མོ་དང་བོན་ཆོག་བྱས་ཤ་རྣམས་རིམ་གྲོ་ལ་བཀྱེ་ན་དྲག་ཟེར་བ་བྱུང་བས། ཁོའི་བུ་རྣམས་ཀྱིས་བོན་ཆོག་ཆེན་པོ་བྱས་གཡག་དང་ར་ལུག་རྣམས་ཕབས་ནས་གསོད་གྲབས་ཡོད་པའི་ཚེ། རྗེ་བཙུན་གྱིས་ཡུལ་དེར་ཕེབས་ཏེ། བུད་མེད་གཅིག་ཆུ་ལེན་དུ་བྱུང་བ་ལ་འཚོ་བ་དགོས་གསུངས་པ་ལས། མོ་ན་རེ་ཡུལ་འདི་ན་ཕྱུག་པོ་ཆེན་པོ་ཞིག་ན་ནས་དེའི་རིམ་གྲོ་ལ་བོན་ཆོག་ཆེན་པོ་བྱེད་ཀྱིན་ཡོད་པས། དེར་བྱོན་དང་འཚོ་བ་འོང་བ་ཁག་ཐེག་ཟེར་བས། རྗེ་བཙུན་གྱིས་ཀྱང་ནད་པ་དེའི་ཁྱིམ་དུ་མི་ཁྱི་གང་ལའང་ཐོགས་མེད་དུ་བྱོན་པས། ཁོང་རྣམས་ན་རེ། བླ་མ་ངེད་ཀྱི་མི་གཅེས་པ་རང་ཞིག་ན་མོ་ཡོད་པས་ཕྱིར་སོང་ཟེར་བ་ལ། རྗེ་བཙུན་གྱིས་ང་ཡིས་ཕྱིན་པས་ཆོག་གིས་ཁ་ལྷག་ཅིག་བསྡུས་ལ་སློང་ཞིག་གསུངས་པས། ཁོང་རྣམས་ཀྱིས་ཀྱང་བསྡུས་ནས་བསྐྱལ་བས། ཕྱུག་པོ་དེ་ཉེ་འབྲེལ་རྣམས་ཀྱིས་བསྐོར་སྨན་པས་ལྟ་ཞིང་འདུག་པ་ལ། དེར་ཡང་རྗེ་བཙུན་གྱིས་ཁམ་ཟན་སློང་དུ་བྱོན་པས། ནད་པ་དེས་རྗེ་བཙུན་གྱི་ཞལ་མཐོང་མ་ཐག་སྣང་བ་འགྱུར་བའི་དད་པ་སྐྱེས་ནས་རྗེ་བཙུན་གྱི་ན་བཟའ་ནས་འཇུས་ཏེ། བླ་མ་ལགས་བདག་དོ་ནུབ་སང་གི་མི་འདི་ལ་ཐུགས་རྗེས་གཟིགས་འཚལ་ཟེར། མཆི་མ་ཤར་བཏང་བྱུང་བ་དང་། རྗེ་བཙུན་གྱིས་ཁྱོད་ང་ལ་དད་པ་འདི་ཙམ་ཡོད་པ་རྟེན་འབྲེལ་བཟང་། ངས་ཁྱོད་ནད་འདི་ལས་གྲོལ་བར་བྱས་ན་ཁྱོད་ཀྱིས་ཚེ་འདི་བློས་བཏང་ནས་ཆོས་བྱེད་ནུས་སམ་གསུངས་པས། བདག་ནད་འདི་ལས་གྲོལ་ན་བླ་མས་ཅི་གསུང་གི་བཀའ་སྒྲུབ་ཅིང་ཆོས་བྱེད། བུ་རྣམས་ཀྱང་ཆོས་སུ་འཇུག་པ་ལགས་ཏེ་ཟེར་བས། རྗེ་བཙུན་གྱི་ཐུགས་དགོངས་ལ། མཁའ་འགྲོའི་ལུང་བསྟན་ལ་ལོངས་སྤྱོད་སྡིག་ལ་སྦྱོར་བ་དཀར་པོ་དགེ་བར་འགྱུར་ཞིང་། སེམས་ཅན་གྱི་དོན་འོང་བར་ཡོད་ཟེར་བ་ཡང་འདི་ཀར་འདུག་དགོངས་ནས། འོ་ན་གཡག་དང་ར་ལུག་འདི་རྣམས་བསད་རུང་ཁྱོད་ལ་མི་ཕན་ཞིང་གནོད་པ་ལས་མེད། འདི་རྣམས་ཚེ་ཐར་དུ་ཆུག །ཁྱོད་རང་ནད་ལས་གྲོལ་ངེས་པའི་ཐབས་ཤིག་ངས་བྱེད། ཁྱོད་རང་གང་ལ་མོས་གསུངས་པས། བདག་ཆོས་ལ་མི་མོས་པ་མེད་པའི་སྟེང་དུ་བོན་རང་ལ་མོས་ཟེར། འོ་ན་བོན་པོ་དང་སྨན་པ་འདི་རྣམས་རྫོངས་ཤིག །ངས་ཁྱོད་ལ་ཕན་པའི་བོན་ཆོག་བྱའོ་གསུངས་པས། ཁོའི་བུ་ཆེ་བ་ན་རེ་བོན་པོ་གཞན་ཚོ་ཡང་བཞུགས་བླ་མས་ཀྱང་ཆོ་ག་མཛད་པས་མི་ཆོག་པ་ལགས་སམ་ཟེར་བས། རྗེ་བཙུན་གྱི་ཞལ་ནས་དེ་སྐད་བྱས་ཀྱང་ཆོག་སྟེ། ཁྱེད་ཀྱི་ནད་རིགས་འདི་ལ་ཟང་ཟིང་གི་རིམ་གྲོ་དང་སྨན་དཔྱད་མང་བས་ཕན་རྒྱུ་མེད། ནད་པ་དྲག་པས་ཆོག་མོད། ཐམས་ཅད་རྫོངས་ཤིག་གསུངས་པས། ནད་པ་ན་རེ་ད་ལན་བླ་མས་གསུངས་པ་བཞིན་གྱིས་ཤིག་ཟེར་བས། ཆོ་ག་མཁན་དང་སྨན་པ་རྣམས་བརྫངས་པས་མི་རྣམས་ན་རེ་རིམ་གྲོ་པ་དང་སྨན་པ་ཡང་ཐོན་སོང་། རྣལ་འབྱོར་པ་དེ་ཐོན་མ་བྱུང་བས་དཔྱད་མ་ལེགས་ཕྱུག་པོ་ཤི་བ་ཡིན་ནམ་ཟེར་ཀུན་སྡུག་བསྔལ་དུ་གྱུར་བའི་ཚེ། ནད་པ་ན་རེ་བླ་མ་ལ་གསོག་ཆས་ཅི་འདྲ་དགོས་ཟེར་བ་ལ། རྗེ་བཙུན་གྱི་ང་ཆོ་ག་བྱེད་པ་ལ་གླུད་དང་ཡས་གསོག་མི་དགོས། ངའི་བོན་གྱི་ཆོ་ག་འདི་ཉོན་ཅིག་གསུངས། ཆོས་གླུ་བོན་དབྱངས་སུ་གྱེར་བ། བཟའ་མི་ཉི་ཤུ་རྩ་གཉིས་ལ་དཔེ་བྱས་པའི་མགུར་འདི་གསུངས་སོ།། བསོ་ཡཱང་ཡཱང་ཡཱང་ཡཱང་ཡཱང་ཡང་ངོ་། །སྣང་ཙམ་དུས་ཀྱི་དང་པོ་ལ། །ཇི་ཙམ་སྲིད་པའི་ཐོག་མ་ལ། །ཕྱི་གཟུང་བའི་ཡུལ་ལ་མཚན་གསོལ་བ། །འབྱུང་བ་འདུས་པའི་ཕུང་པོ་ལ། །ཁམས་གསུམ་འཁོར་བའི་གྲོང་པོ་ཆེ། །ནང་འཛིན་པའི་སེམས་ལ་མཚན་གསོལ་བ། །སྟོང་གསལ་རིག་པ་སྣ་ཚོགས་འཆར། །ལས་དང་ཉོན་མོངས་ཀུན་གྱི་གཞི། །བརྩིགས་པའི་མཁར་ལ་མཚན་གསོལ་བ། །ཟག་བཅས་འཇིག་རྟེན་བསླུ་བའི་མཁར། །ཕ་དང་ཡབ་ལ་མཚན་གསོལ་བ། །ཡིད་བྱེད་པ་བདག་ཏུ་གཟུང་བའི་ཡབ། །མ་དང་ཡུམ་ལ་མཚན་གསོལ་བ། །སེམས་བྱ་བ་མོས་པ་སྣ་ཚོགས་ཡུམ། །དེ་གཉིས་སྲིད་ཅིང་སྤྲུལ་པ་ལས། །བུ་ཕྲུག་རྟེན་འབྲེལ་བཅུ་གཉིས་བྱུང་། །བུ་མོ་རྣམ་ཤེས་ཚོགས་བརྒྱད་བྱུང་། །ལྕམ་སྲིང་ཉི་ཤུ་ཐམ་པ་བྱུང་། །བཟའ་ཚོ་ཉི་ཤུ་རྩ་གཉིས་བྱུང་། །བཟའ་ཚོ་བྱུང་བའི་རྒྱུ་མཚན་གྱིས། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་བྱུང་། །ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་བྱུང་། །གདོན་བགེགས་སྟོང་ཕྲག་བརྒྱད་ཅུ་བྱུང་། །ནད་རིགས་བཞི་བརྒྱ་རྩ་བཞི་བྱུང་། །བཟའ་གྲངས་ཀྱི་ལེའུ་སྟེ་དང་པོའོ། །བཟའ་ཚོ་ཉི་ཤུ་རྩ་གཉིས་པོ། །བློ་མ་རིག་པའི་ནད་ཀྱིས་ཟིན། །མི་ན་བ་ཡི་དགུ་གཅིག་ན། །སྟོད་ནི་ཚ་བའི་ནད་ཀྱིས་ཟིན། །ཞེ་སྡང་ཚ་བ་མེ་ལྟར་འབར། །སྡང་བའི་དགྲ་ལ་གཡག་ལྟར་འཁུན། །སྨད་ནི་གྲང་བའི་ནད་ཀྱིས་ཟིན། །འདོད་ཆགས་གྲང་བ་ཆུ་ལྟར་འཁྲུག །རང་འདོད་གཉེན་གྱི་རྩ་ཆུ་བསྡམས། །བར་ན་གཏི་མུག་སྐྲན་གྱིས་ཟིན། །བདག་འཛིན་དམུ་ཆུ་རྫིང་ལྟར་འཁྱིལ། །ཡན་ལག་རླུང་གི་ནད་ཀྱིས་ཟིན། །ཡོན་ཏན་རློམ་པ་བྱི་ལྟར་འཚུབ། །སྙིང་ལ་འདུས་པའི་ནད་ཀྱིས་ཟིན། །བདག་བསྟོད་གཞན་སྨོད་ཚེར་ལྟར་འཛུག །དགྲ་གཡེང་བའི་མལ་དུ་དུག་ལྔ་ན། །གཟུང་འཛིན་སྔས་ལ་མགོ་བོ་གཏད། །དགེ་བའི་ཟས་ཀྱིས་དང་ཁ་འགགས། །སྡིག་པའི་ཆུ་ལ་སྐོམ་དད་ཆེ། །དགེ་སྦྱོར་གྱི་སྨན་མར་སྐྱུག་རེ་བྲོ། །ངག་འཁྱལ་གྱི་ལུད་པ་ཕྱོགས་བཅུར་འཕེན། །ཆོས་བརྒྱད་ཀྱི་གཡང་ལུག་སྟེང་ནས་བཀབ། །ཚུལ་འཆོས་ཀྱི་སྟན་ཆུང་འོག་ན་བཏིང་། །སྡིག་བཅུའི་གཉེན་གྱིས་མཐའ་མ་བསྐོར། །སེམས་འཁྲུལ་པའི་ཕྱོགས་སུ་ཟང་ཟིང་མང་། །འདོད་པའི་ཟས་ནོར་སྙིང་ལ་ཞེན། །དེ་འདྲའི་ན་ལུགས་ཡི་རེ་མུག །ཇི་ལྟར་ན་བའི་ལེའུ་སྟེ་གཉིས་པའོ། །དེ་ལ་གང་དང་གང་གིས་ཕན། །དེ་ལ་མོ་དང་བོན་གྱིས་ཕན། །དེ་ཕྱིར་རྣལ་འབྱོར་མོ་རྩིས་བྱེད། །ཚེ་མི་རྟག་ཀུན་སློང་གི་བང་ཆེན་བཏང་། །བླ་མ་མཁས་པའི་མོ་མ་འགུགས། །དད་པ་བརྟན་པོའི་སྟན་ཅིག་བཏིང་། །མོས་ཤིང་གུས་པའི་སྐྱེམས་ཤིག་དྲངས། །བློ་ཆོས་ལ་མོས་པའི་མོ་ནས་སྤུངས། །ཞུ་དོན་ཟབ་མོའི་མོ་རྩིས་ཞུས། །བླ་མ་མཁས་པའི་མོ་མ་ཡིས། །འབྱུང་བ་བཞིའི་གབ་རྩེ་བཀྲམ། །རྟེན་འབྲེལ་བཅུ་གཉིས་ཀྱི་ལོ་སྐོར་བརྩིས། །རྣམ་ཤེས་ཚོགས་བརྒྱད་ཀྱི་སྤར་ཁ་བསྡེབས། །ཐེག་པ་རིམ་དགུའི་སྨེ་བས་བསྐོར། །དགེ་སྡིག་གཉིས་ཀྱི་སྒྲ་སྒྲོག་ཐབས། །མོ་འདེབས་རྩིས་ཀྱི་ལེའུ་སྟེ་གསུམ་པའོ། །མོ་མ་མཁས་པའི་ཞལ་ན་རེ། །བཟའ་ཚོ་ཉི་ཤུ་རྩ་གཉིས་ཀྱི། །མོ་རྩིས་མི་བཟང་མོ་རྩིས་ངན། །འཁོར་བ་ཐོག་མ་མེད་པ་ནས། །འཁོར་འདས་མོ་ཡི་གཞི་ཐོག་ཏུ། །བློ་མ་རིག་འཁྲུལ་པའི་ཐབ་ཅིག་ཤོར། །དག་སྣང་ཚིག་པའི་གཞོབ་ཅིག་ཤོར། །ཆགས་སྡང་གཉིས་ཀྱི་དམེ་ཞིག་ཤོར། །ཐབ་གཞོབ་དམེ་དེས་རྐྱེན་བསླངས་པས། །ཡེ་ཤེས་ཀྱི་ཕོ་ལྷ་གནམ་དུ་ཡར། །བདེ་ཆེན་གྱི་ཡུལ་ལྷ་གྱེས་ནས་མེད། །རང་རིག་གི་དགྲ་ལྷ་ལོག་ནས་མེད། །ལྷ་དེ་གསུམ་གྱེས་པའི་རང་བཞིན་གྱིས། །འདྲེ་མི་གནོད་བྱ་བའི་དགུ་ཞིག་གནོད། །འཇིག་རྟེན་ཆོས་བརྒྱད་ཀྱི་ལྟས་ངན་གནོད། །སྡུག་བསྔལ་ཀུན་འབྱུང་གི་ཕུང་སྲི་ལངས། །ཞེ་སྡང་མེ་འབར་གྱི་ཡ་བདུད་གནོད། །འདོད་ཆགས་ཆུ་འཁྲུག་གི་མ་བདུད་གནོད། །གཏི་མུག་མུན་འཐིབས་ཀྱི་ཀླུ་བདུད་གནོད། །ང་རྒྱལ་རླུང་འཚུབས་ཀྱི་རྒྱལ་འགོང་གནོད། །ཕྲག་དོག་གཡོ་བྱེད་ཀྱི་བཙན་རིགས་གནོད། །རང་འདོད་ཁ་ཟིན་གྱི་རྡོར་ལེགས་གནོད། །ང་བདེན་ཡུས་ཁ་ཡི་མ་མོ་གནོད། །ལས་ངན་བག་ཆགས་ཀྱི་གཤིན་འདྲེ་གནོད། །འདྲེ་དེ་ཚོ་གནོད་པའི་རང་བཞིན་གྱིས། །སྐྱེས་ནས་འཆི་བས་སྲོག་ཆ་ངན། །འདུས་ནས་འབྲལ་བས་ཁྱིམ་ཆ་ངན། །བསོགས་ནས་འཛད་པས་ནོར་ཆ་ངན། །རང་སྣང་ལོག་པས་དགྲ་ཆ་ངན། །མོ་ངན་བཟློག་ཕྱིར་བོན་ཞིག་བྱེད། །མོ་ངན་སྲོག་ཆ་ལོག་པའི་ལེའུ་སྟེ་བཞི་པའོ། །ད་ནི་རྣལ་འབྱོར་བོན་ཞིག་གྱེར། །ནན་ཏར་བོན་ཞིག་གྱེར་ཙ་ན། །བཀའ་ལུང་ཟབ་མོའི་བོན་པོ་ཡིས། །དུས་ཐོག་མ་དང་པོའི་སྔ་དྲོ་ལ། །སྡེ་སྣོད་གསུམ་གྱི་ལྷ་གཞི་བཏིང་། །ཐོས་བསམ་སྒོམ་པའི་གླུད་མདོས་དང་། །དམ་ཚིག་གཙང་མའི་བཤོས་བུ་བཤམས། །རྒྱུད་སྡེ་བཞི་ཡི་གྱེར་སྒོམ་བཙུགས། །ཆགས་ཞེན་མེད་པའི་ཕུད་ཅིག་གཏོར། །ཡེ་ཤེས་ཀྱི་ཕོ་ལྷ་ཡར་བ་ལ། །མ་རིག་གཞི་ལ་ཐུག་པའི་ངོ་སྤྲོད་བྱས། །བདེ་ཆེན་གྱི་ཡུལ་ལྷ་གྱེས་པ་ལ། །བདུད་བཞིའི་རྐྱེན་བཟློག་གིས་སེལ་ཅིག་བྱས། །རང་རིག་གི་དགྲ་ལྷ་ལོག་པ་ལ། །ཞེན་པ་རང་ལོག་གི་གླུད་ཅིག་བཏང་། །འཇིག་རྟེན་ཆོས་བརྒྱད་ཀྱི་ལྟས་ངན་ལ། །འདོད་མེད་རིག་པའི་གྲི་ཟོར་ཞིག་བརྒྱབ། །སྡུག་བསྔལ་ཀུན་འབྱུང་གི་ཕུང་སྲི་ལ། །བདེ་ཆེན་དབྱིངས་སུ་མནན་པ་བྱས། །ཞེ་སྡང་མེ་འབར་གྱི་ཡ་བདུད་ལ། །སྟོང་ཉིད་ཡེ་ཤེས་བོང་ར་སྟོང་། །འདོད་ཆགས་ཆུ་འཁྲུག་གི་མོ་བདུད་ལ། །སེམས་ཉིད་སྟོང་པའི་སྤྱི་མདོས་བྱས། །གཏི་མུག་མུན་འཐིབས་ཀྱི་ཀླུ་བདུད་ལ། །སྣང་བ་རང་གྲོལ་གྱི་ཀླུ་བརྒྱད་བྱས། །ང་རྒྱལ་རང་འཚུབ་ཀྱི་རྒྱལ་པོ་ལ། །སྟོང་ཉིད་ཡེ་ཤེས་ཀྱི་ཤ་རུ་བཏང་། །ཕྲག་དོག་གཡོ་བྱེད་ཀྱི་བཙན་རིགས་ལ། །བྱ་གྲུབ་ཡེ་ཤེས་ཀྱི་མདའ་དར་བཙུགས། །ང་བདེན་ཡུས་ཁའི་མ་མོ་ལ། །བདག་གཞན་སྟོང་པའི་སྐྱར་ཆོག་བྱས། །རང་འདོད་ཁ་ཟིན་གྱི་རྡོར་ལེགས་ལ། །བདག་པས་གཞན་གཅེས་ཀྱི་བཤོས་བུ་བཏང་། །ལས་ངན་བག་ཆགས་ཀྱི་གཤིན་འདྲེ་ལ། །སེམས་བྱུང་སྟོང་པའི་འདྲེ་བརྡུངས་བྱས། །སྡུག་འདྲེ་ཡོད་ན་དེ་ལྟར་བརྡུང་། །དཀོར་འདྲེ་ཡོད་ན་དེ་ལྟར་བཀར། །མཆོད་རྒྱུ་ཡོད་ན་དེ་ལྟར་མཆོད། །སེམས་ཉིད་དོན་ལ་སྐྱེ་འཆི་མེད། །སྲོག་ཆ་ངན་པ་བོན་གྱིས་བཟློག །རང་བྱུང་གྲོགས་ལ་འདུ་འབྲལ་མེད། །ཁྱིམ་ཆ་ངན་པ་བོན་གྱིས་བཟློག །འཕགས་པའི་ནོར་ལ་འཛད་པ་མེད། །ནོར་ཆ་ངན་པ་བོན་གྱིས་བཟློག །མོ་ངན་མཐུ་སྡིག་བོན་གྱིས་བཟློག །ལྟས་ངན་གཡང་དུ་བོན་གྱིས་ལེན། །སྡུག་བསྔལ་ངེས་འབྱུང་བསྐུལ་མར་འཆར། །རྐྱེན་ངན་ཐམས་ཅད་བོན་གྱིས་བཟློག །དྲག་པར་བྱེད་པ་གདོན་གྱི་ལེའུ་སྟེ་ལྔ་པའོ། །བཟའ་ཚོ་ཉི་ཤུ་རྩ་གཉིས་པོ། །བློ་མ་རིག་འཁྲུལ་པའི་ནད་ལས་གྲོལ། །བདག་འཛིན་དམ་པོའི་འཁུན་པ་དྭངས། །སྟོང་གསལ་རིག་པའི་ཟོ་མདོག་བདེ། །བདེ་གསལ་ཏིང་འཛིན་གྱི་ཟ་ཆུ་ཞིམ། །བྱས་པ་ཤེས་བཞིན་གྱིས་དྲིན་དུ་གཟོ། །ད་སོས་ནས་ཕྱོགས་མེད་ཀྱི་གཏང་རག་གཏོང་། །བུ་རིག་པའི་ཁྱེའུ་ཆུང་བང་ཆེན་བཏང་། །ཆོས་རྫོགས་པ་ཆེན་པོའི་རི་བོ་ནས། །ཉམས་འབྲལ་མེད་སྐྱོང་བའི་རྫི་བོ་ལ། །ཐེག་པ་རིམ་དགུའི་གཡག་གཅིག་འདོན། །རྒྱུད་སྡེ་བཞི་ཡི་ལུག་གཅིག་འདོན། །སྡེ་སྣོད་གསུམ་གྱི་ར་ཞིག་འདོན། །མཉམ་པ་ཉིད་ཀྱི་ཐང་ཐོག་ཏུ། །སྣ་ཚོགས་ཡེ་ཤེས་ཀྱི་མགྲོན་པོ་གསོག །སྟོང་པ་ཉིད་ཀྱི་འབྲང་རྒྱས་ལ། །ཐོས་བསམ་མར་གྱིས་ཞལ་ཞལ་བྱས། །རང་བྱུང་ཡེ་ཤེས་ཀྱི་མདའ་དར་བཙུགས། །གཏང་རག་ཀུན་ལ་ཁྱབ་པར་གཏོང་། །བླ་མ་མཁས་པའི་མོ་མ་ལ། །མོས་གུས་དད་གསུམ་གྱི་ཐོད་ཅིག་བཅིངས། །བཀའ་ལུང་ཟབ་མོའི་བོན་པོ་ལ། །ཐབས་ཤེས་གཉིས་ཀྱི་རྟ་ཕོ་བསྐྱོན། །བོན་སྐུ་ཀུན་བཟང་གི་ཕོ་ལྷ་ལ། །ཐེག་པ་རིམ་དགུའི་གཡག་གིས་གསོལ། །ལོངས་སྐུ་རིགས་ལྔའི་དགྲ་ལྷ་ལ། །རྒྱུད་སྡེ་བཞི་ཡི་ལུག་གིས་གསོལ། །སྤྲུལ་སྐུ་བདེ་གཤེགས་སྲོག་ལྷ་ལ། །སྡེ་སྣོད་གསུམ་གྱི་ར་ཡིས་གསོལ། །འབྱུང་བ་སེལ་བའི་མོ་སྨན་ལ། །ཚད་མེད་བཞི་ཡི་འབྲང་རྒྱས་འབུལ། །དེ་ལྟར་གསོལ་མཆོད་ལེགས་པར་བྱས། །གཏང་རག་གི་ལེའུ་སྟེ་དྲུག་པའོ། །གོང་གི་ར་ལུག་གཡག་གསུམ་པོ། །བོན་ཉིད་ཡངས་པའི་ར་མོ་ཆེར། །ཤན་པ་ཀུན་མཁྱེན་ཡེ་ཤེས་ཀྱིས། །ཤེས་རབ་རྣོན་པོའི་རལ་གྲི་བདར། །ཚོགས་ལམ་གཉིས་ཀྱི་སྲོག་ཁུང་ཕྱེ། །སྒྲིབ་གཉིས་འཛིན་པའི་སྲོག་རྩ་བཅད། །རྣམ་རྟོག་ཕྱི་ཡི་པགས་པ་བཤུས། །མདོ་རྒྱུད་དགོངས་པས་གཟུག་ཏུ་ཕྲལ། །ལུང་དང་རིགས་པས་ལྷུ་རུ་བསིལ། །མན་ངག་སྟ་གྲིས་དུམ་བུར་བཅད། །བོན་ཅན་སྣ་ཚོགས་ཤ་ལྷུ་རྣམས། །བོན་ཉིད་ཡངས་པའི་སྣོད་དུ་བླུགས། །སྐུ་གསུམ་ལྷུན་གྲུབ་སྒྱེད་བུ་བཙུགས། །ཚད་མེད་བཞི་ཡི་མེ་ཞིག་སྦར། །ཉམས་རྟོགས་མཐའ་རུ་ཕྱིན་པར་བཙོས། །མཉམ་རྗེས་ཟུང་འཇུག་ཕྱར་བར་བཏོན། །བོན་ཉིད་ཡངས་པའི་ཁང་བཟང་དུ། །རིགས་དྲུག་འཁྲུལ་པའི་གྲོང་ཁྱེར་ནས། །སྣ་ཚོགས་ཁྲོམ་གྱི་མགྲོན་ཞིག་བསོགས། །ལག་བདེ་ཡེ་ཤེས་ལྔ་ཡིས་མཛོད། །དུ་མ་རོ་གཅིག་གི་བཤོས་དང་སྐྱེམས། །ཁྱད་པར་མེད་པར་ཀུན་ལ་དྲོངས། །ཤེས་རབ་བརྒྱུད་ལྡན་གྱི་བླ་མ་ལ། །ཕུན་སུམ་ཚོགས་པའི་སྟོད་པོ་དྲོངས། །མན་ངག་ལུང་སྟོན་གྱི་བླ་མ་ལ། །ཐར་ལམ་བྱང་ཆུབ་ཀྱི་སྲོག་རྩ་དྲོངས། །སེམས་ཅན་འཁོར་བ་ནས་འདྲེན་པའི་བླ་མ་ལ། །དབང་པོའི་དྭངས་མ་མིག་ཚིལ་དྲོངས། །ཚིག་དོན་གཉིས་ལ་མཁས་པའི་བླ་མ་ལ། །རོ་བརྒྱ་མྱང་བའི་ལྕེ་དེ་དྲོངས། །འདུལ་ཁྲིམས་བསྲུང་བའི་དགེ་འདུན་ལ། །ཞི་ཞིང་དག་པའི་ཡིད་རང་དྲོངས། །རྒྱུ་འབྲས་ཤེས་པའི་བོན་པོ་ལ། །བདག་གཞན་དོན་གྲུབ་ཀྱི་ཤ་ཆང་དྲོངས། །སྐྱེ་མེད་རྟོགས་པའི་རྣལ་འབྱོར་ལ། །བདེ་བ་ཆེན་པོའི་ཚིལ་དེ་དྲོངས། །བསྟན་པ་སྐྱོང་བའི་གནས་བརྟན་ལ། །ཀུན་ལ་ཕན་པའི་ལྐོག་མདུད་དྲོངས། །གསང་སྔགས་ཐབས་ལམ་སྒོམ་པ་ལ། །བདེ་ཆེན་ཉམས་ཀྱི་སྟོད་ལྷུ་དྲོངས། །མི་རྟག་སྒོམ་པའི་སྒོམ་ཆེན་ལ། །ཐབས་ལམ་བྱང་ཆུབ་ཀྱི་སྨད་ལྷུ་དྲོངས། །གྲུབ་མཐའ་ཕྱོགས་ལྷུང་མེད་པ་ལ། །ཀུན་དང་མཐུན་པའི་ནམ་ཚོང་དྲོངས། །ཐུགས་རྗེ་ཕྱོགས་རིས་མེད་པ་ལ། །ཚད་མེད་བཞི་ལྡན་གྱི་ལག་ཚིགས་དྲོངས། །འཇིག་རྟེན་ཞེན་ལོག་གི་གང་ཟག་ལ། །ཆགས་མེད་རྩ་བྲལ་གྱི་བྲང་ཟེ་དྲོངས། །གཙོ་བོ་སྤྱི་ཚིས་བྱེད་པ་ལ། །འདུན་མ་གྲུ་བཞིའི་གསོག་ལྷུ་དྲོངས། །འཚོ་བྱེད་བྱང་སེམས་ཀྱི་སྨན་པ་ལ། །འདི་ཕྱི་གཉིས་ཀྱི་དལ་མོ་དྲོངས། །དད་གུས་མོས་པའི་གང་ཟག་ལ། །གདམས་ངག་གནད་ཀྱི་སྙིང་རྩེ་དྲོངས། །དགེ་བ་འབྲལ་མེད་ཀྱི་དད་ལྡན་ལ།་ །རྒྱུ་འབྲས་མི་བསླུ་བའི་མཆིན་པ་དྲོངས། །དད་ལྡན་བརྩོན་འགྲུས་ཆེ་བ་ལ། །ཐབས་ཤེས་གཉིས་ཀྱི་མཁལ་མ་དྲོངས། །ལས་དང་པོ་པ་ཡི་བྱིས་པ་ལ། །དྲང་དོན་བྲིད་མཁས་ཀྱི་ཚིལ་རྡོག་དྲོངས། །ཉམས་འབྲལ་མེད་སྐྱོང་བའི་རྣལ་འབྱོར་ལ། །བཅུད་ལྡན་གདམས་པའི་རྫི་ཤ་དྲོངས། །གོང་མ་རྣམས་ལ་སྟོན་མོ་དྲངས་པའི་ལེའུ་སྟེ་བདུན་པའོ། །དེ་ལྟར་སྟོན་མོ་ལེགས་པར་བགྱིས། །ད་ནི་དམངས་ཀྱི་སྟོན་མོ་འགྱེད། །ཀུན་གཞི་གཅིག་སྟེ་ལམ་མི་གཅིག །བཟང་ངན་མགྲོན་གྱི་ཁྱད་པར་ཡོད། །དྲེགས་སྤྱོད་སྡེ་པའི་གཟུགས་བཙུན་ལ། །གཟུང་འཛིན་ཕོ་བདག་གི་ཚོར་མིག་དྲོངས། །ཚིག་ཕྱིར་འབྲང་བའི་སྟོན་པ་ལ། །ཕྱི་ཐེར་ནང་གོག་གི་རྩེན་གོག་དྲོངས། །ཁེང་དྲེགས་ལོ་འདོད་ཀྱི་སློབ་དཔོན་ལ། །མཐོ་ལ་བཟའ་མེད་ཀྱི་གཉའ་རྩེ་དྲོངས། །དྲེགས་པ་མཐུ་སེར་སྒྲུབ་པ་ལ། །སྡུག་འདྲེན་ནག་མོའི་གཉའ་ཆུ་དྲོངས། །ཕྱོགས་ལྷུང་ཁ་འཛིན་གྱི་གྲྭ་པ་ལ། །མི་མཐུན་རྩོད་པའི་གཞུང་རིང་དྲོངས། །དགའ་ཡན་ལྟོ་ཕྱིར་ལྡོམ་པ་ལ། །སྒོམ་པ་ཆུད་ཟོས་ཀྱི་སྣ་རྩེ་དྲོངས། །གྲོང་ཡུལ་འགྲིམ་པའི་ཆོས་པ་ལ། །ཐོས་ལོ་སྒྲུབ་པའི་རྣ་མཆོག་དྲོངས། །དད་ཆུང་ལོག་ལྟའི་སློབ་མ་ལ། །ཕན་ལས་གནོད་ཆེའི་མཆེར་པ་དྲོངས། །གནས་གཞིའི་སྡེ་འཁྲུག་བྱེད་པ་ལ། །ཀུན་ལ་ཁ་བའི་མཁྲིས་པ་དྲོངས། །སེམས་ཉིད་མ་རྟོགས་སྟོན་ཆེན་ལ། །རྒྱ་ཆེ་དཀྱིལ་སྟོངས་ཀྱི་མཆིན་དྲི་དྲོངས། །ཉམས་ལེན་ཁ་ཕྱིར་གྱི་རྣལ་འབྱོར་ལ། །བོངས་ཆེ་དོན་ཆུང་གི་གློ་བ་དྲོངས། །ཡུས་ཆེ་ཤེས་ཆུང་གི་སྒོམ་མ་ལ། །བྱུང་ཐུར་བྲང་གི་ཀོ་བ་དྲོངས། །སྲོག་ཟན་གྲོང་ཆོག་གི་བན་བོན་ལ། །ཆགས་སྡང་གསོག་པའི་བྲང་ལྐོག་དྲོངས། །རྫུན་འོལ་བཤད་བྱེད་པའི་མོ་མ་ལ། །ཆུ་ཡི་ཐུམ་བུ་ལྒང་ཕུག་དྲོངས། །རྒྱུ་འབྲས་སྟོང་ལྟའི་གང་ཟག་ལ། །རྟག་ཆད་མཐར་ལྷུང་གི་མཇུག་མ་དྲོངས། །དགེ་ཚུལ་ཕྱོགས་གཏད་མེད་པ་ལ། །རང་བསླུ་གཞན་འཆིའི་གཞང་དྲེ་དྲོངས། །ཞི་གནས་སེམས་འཛིན་བྱེད་པ་ལ། །གཏི་མུག་མ་རིག་ཀླད་པ་དྲོངས། །ཆེ་ཆོས་ལྕང་ཁྲམ་བྱེད་པ་ལ། །འཁོར་བར་བཟློག་པའི་བཞག་སྒོར་དྲོངས། །འདུ་འཛི་འཛིན་ཆགས་ཆེ་བ་ལ། །ཀུན་ལ་འཁྲིས་པའི་ཤ་རྨེན་དྲོངས། །སྐྱེད་མེད་བཏང་སྙོམས་བྱེད་པ་ལ། །ཤ་མིན་ཚིལ་མིན་གྱི་ཁྲབ་ཁྲབ་དྲོངས། །བསོད་ཆུང་རྩ་བྲལ་ཆེ་བ་ལ། །ཕན་གནོད་མེད་པའི་ཨོལ་མདུད་དྲོངས། །ཐོས་ཆུང་སློབ་དཔོན་བྱེད་པ་ལ། །ཕུག་མདའ་ཐུག་པའི་ལོང་ཁ་དྲོངས། །བྲག་ལ་སྡོད་པའི་གླེན་སྒོམ་ལ། །ཕྱི་འཇམ་ནང་རྩུབ་ཀྱི་སུལ་མང་དྲོངས། །གཙོ་བོ་དཀོར་ནོར་གསོག་པ་ལ། །མར་འགྲོ་ལམ་གྱི་མིད་པ་དྲོངས། །ཁ་འབར་ལག་དམ་གྱི་བུད་མེད་ལ། །ཕྱི་ཁུང་ནང་ཁུང་གི་མཚུལ་ཁུང་དྲོངས། །ཕྱུག་པོ་སེར་སྣས་བཅིངས་པ་ལ། །བསོགས་ཤིང་འབོར་བའི་གྲོད་པ་དྲོངས། །ཚེ་འདི་མཐོང་བའི་གང་ཟག་ལ། །ཕྱི་ལེགས་ནང་སྐྱོན་གྱི་རླིག་པ་དྲོངས། །ཉ་མ་ཁ་དཀར་གཏིང་ནག་ལ། །ནག་ཐུག་ཤ་རུ་རྫུ་བའི་རྒྱུ་མ་དྲོངས། །བུད་མེད་སྨད་འཆལ་བྱེད་པ་ལ། །སྲ་མཁྲེགས་རྡོ་རྗེའི་ཆུ་སོ་དྲོངས། །བཟའ་ཚོ་མང་པོའི་ཕ་མ་ལ། །ཐང་ཤ་ཆད་པའི་ལྤགས་པ་དྲོངས། །ཅང་མེད་ཁྱིམ་ཐབ་བྱེད་པ་ལ། །འདི་ཕྱི་གཉིས་མེད་ཀྱི་རྒྱུ་སྣེ་དྲོངས། །ཆོས་ནས་ལོག་པའི་སྐལ་མེད་ལ། །ཤ་མེད་དུངས་དུངས་ཀྱི་ཤ་ཁུ་དྲོངས། །ཆོས་ཕྱི་བཤོལ་བྱེད་པའི་གང་ཟག་ལ། །ལེ་ལོ་ངན་ཆགས་ཀྱི་འབགས་ལྷག་དྲོངས། །བར་དོའི་སེམས་ཅན་མང་པོ་ལ། །མཆོད་སྦྱིན་གྱི་ཤ་སྣ་ཀུན་ལ་དྲོངས། །ཤན་པ་ཀུན་མཁྱེན་ཡེ་ཤེས་ཀྱིས། །སྒོ་ལྔ་རང་གྲོལ་གྱི་དབང་བཞི་བསྐུར། །ཡེ་ཤེས་སྟོན་པའི་ཞལ་སྐྱོགས་སུ། །ཁ་མངར་ཉམས་ཀྱི་ཆང་གིས་ཁོང་། །དེ་གྲལ་མཐོ་དམན་མེད་པར་ཀུན་ལ་དྲོངས། །གཞི་རང་ལ་ཡོད་དོ་གསོལ་བ་ཐོབ། །ད་ཤ་ལ་ཟོ་ལ་ཆང་ལ་འཐུངས། །སྟོན་མོའི་ལེའུ་སྟེ་བརྒྱད་པའོ། །ད་ནི་བཟོད་གསོལ་གྱི་གླེང་མོ་བྱེད། །སངས་རྒྱས་དོན་ལ་སྙན་གསོན་དང་། །དཀོན་མཆོག་མི་མངོན་དབྱིངས་ན་བཞུགས། །བླ་མ་གཙུག་གི་རྒྱན་དུ་བཞུགས། །མཆེད་གྲོགས་གྲལ་གོང་རིམ་པར་བཞུགས། །ཚེ་མི་རྟག་ཀུན་སློང་གི་ཁོག་ཅིག་འབུབས། །བར་དུ་ལོ་རྒྱུས་དགོས་བྱེད་ཀྱིས་གཞུང་ཞིག་སྲོང་། །ཐ་མར་རང་ལ་རང་མདོ་ཆེ་ཆུང་གིས། །དགོས་དོན་གཏམ་གྱིས་གཏན་ལ་ཕབ། །རང་ལ་ཡོད་བཞིན་གབ་པ་ཡི། །རྒྱུ་དངོས་མ་ཚང་བ་དང་ནི། །མ་གོ་མ་རིག་ཉེས་ལྟུང་རྣམས། །གྲལ་འདིར་ཚོགས་རྣམས་ལ་བཟོད་པར་གསོལ། །ད་ནི་བཟའ་དཔོན་ང་རྒྱལ་གྱི་གླུ་ཞིག་ལེན། །བདག་དང་པོ་ན་བ་བྱུང་ཙ་ན། །མོ་བོན་མཁས་ལ་ཐུག་པ་ཡི། །རྣལ་འབྱོར་བརྩོན་འགྲུས་ཅན་ཞིག་ཡིན། །དེ་ནས་མོ་ལུང་བྱུང་ཙ་ན། །གླུད་ཕངས་པ་མེད་པར་གཏོང་བ་ཡི། །རྣལ་འབྱོར་གཏོང་ཕོད་ཅན་ཞིག་ཡིན། །དེ་ནས་གཏང་རག་གཏོང་ཙ་ན། །ནོར་འཛད་པ་མེད་པའི་ཕྱུག་པོ་ཡིན། །དེ་ནས་སྟོན་མོ་བྱེད་ཙ་ན། །མགྲོན་ལ་གྲལ་རིམ་ཤེས་པ་ཡི། །རྣལ་འབྱོར་ཉམས་མྱོང་ཅན་ཞིག་ཡིན། །དེ་ནས་གླེང་འགྲོས་གཏོང་ཙ་ན། །ཀུན་ལ་བཟོད་པའི་མཁན་པོ་ཡིན། །ཉམས་མྱོང་སྟོན་མོ་གཏོང་ཙ་ན། །ཞེ་ཁྲེལ་མེད་པའི་བཟོད་གསོལ་བྱས། །འཁོར་བ་སྟོངས་པའི་སྨོན་ལམ་འདེབས། །བོན་ནི་སུ་དང་སུ་ཡི་བོན། །བཟའ་ཚོ་ཉི་ཤུ་རྩ་གཉིས་བོན། །གཟུང་བ་ཡོད་ན་བོན་གྱིས་ཐོང་། །བཅིངས་པ་ཡོད་ན་བོན་གྱིས་ཁྲོལ། །མནན་པ་ཡོད་ན་བོན་གྱིས་ཐེག །དེ་ཀུན་གཏམ་གྱི་གླེང་ལུགས་ཡིན། །ཆོས་ཉིད་ཆང་གིས་ཐམས་ཅད་བཟི། །ཐོད་རྒལ་ཉམས་ཀྱི་རྩེད་མོ་རྩེ། །གཉིས་དབང་གླུ་ཆུང་ཙེ་རེ་རེ། །ཉམས་ལེན་བྱིན་རླབས་ཐུ་ལུ་ལུ། །བྱམས་པའི་རྒྱགས་གཏམ་ཤ་ར་ར། །བདེ་སྐྱིད་ཀྱི་བཞད་གད་ལྷག་གེ་ལྷག །ཉམས་ལེན་སྐྱུགས་པ་ཆི་ལི་ལི། །བྱིན་རླབས་འུར་སྒྲ་དི་རི་རི། །དགའ་འོ་སྐྱིད་དོ་བླ་མའི་དྲིན། །བཤད་པ་བཏང་བའི་ལེའུ་སྟེ་དགུ་པའོ། །རྗེ་བཙུན་གྱིས་དེ་ལྟ་བུའི་བྱིན་རླབས་མཛད། བོན་དབྱངས་ཀྱི་ཚུལ་དུ་མཛད་པས། ནད་པ་ནད་ལས་གྲོལ་བའི་ཚེ། ནད་པ་དེའི་བུ་སྨད་གཡོག་འཁོར་དགེ་བཤེས་དང་བཅས་པ་དགའ་སྤྲོ་དཔག་ཏུ་མེད་པ་ཐོབ་པར་གྱུར། ཡུལ་མི་རྣམས་ཀྱང་ནད་པ་འཆི་ཁ་ནས་སློག་འདུག །བོན་ལས་ཀྱང་ཆོས་བྱིན་རླབས་ཆེ་བ་ཡིན་པ་འདུག་ཟེར། ཀུན་རྗེ་བཙུན་ལ་མི་ཕྱེད་པའི་དད་པ་ཐོབ་པར་གྱུར་ཏོ། །དེའི་ཚེ་ནད་པ་དེ་ན་རེ། བླ་མ་དེ་རྣམས་བོན་མ་ཡིན་ཆོས་ཡིན་པར་འདུག །བདག་སྔར་བོན་ལ་མོས་པ་ཞིག་ལགས་ཏེ། ད་ཆོས་ལ་མོས་ཤིང་ཡིད་ཆེས་པས་བདག་ཕ་བུ་ཀུན་ཆོས་སྒོར་འཇུག་པར་ཞུ་ཟེར་བས། རྗེ་བཙུན་གྱིས་ཀྱང་གནང་སྟེ་ཁོ་རང་དང་ཁོའི་བུ་བརྒྱད་འདུག་པ་ཀུན་ཆོས་སྒོར་ཞུགས་པའི་ནང་ནས་ཀྱང་། སྔར་བོན་བསླབས་ནས་བོན་པོའི་ཡོན་ཏན་རྫོགས་པར་ཤེས་པ་ཞིག་ཡོད་པ་དེ། རྗེ་བཙུན་དང་དམ་པའི་ཆོས་ལ་མི་ཕྱེད་པའི་དད་པ་ཐོབ་ནས། སྤྱིར་གྱིས་དམ་ཆོས་དང་སྒྲུབ་གཤེན་གཉིས། ཚིག་དང་རྣམ་པ་འདྲ་བ་ཙམ་འདུག་ནའང་། ཐུགས་རྗེ་དང་ཕྲིན་ལས་མི་འདྲ་བར་འདུག་ཅིང་། ཁྱད་པར་སྣང་གཤེན་འདི། ཆོ་ག་ནམ་བྱེད་ཀྱི་ཚེ་སེམས་ཅན་རེ་ཐ་མ་ནའང་གསོད། སྐྱབས་གནས་དང་གསོལ་མཆོད་འཇིག་རྟེན་གྱི་ལྷ་ཁོ་ན་ལ་བྱེད། འཆི་ཚེ་གདེངས་ཅི་ཡང་མེད་ཅིང་འཇིགས་སྐྲག་གི་ངང་ནས་འཆི་བར་འདུག་པས། ད་ང་ཡང་བོན་ལས་ཆོས་བྱེད་ཟེར། རྗེ་བཙུན་གྱི་ཕྱག་ཕྱིར་འབྲང་བར་ཞུས་པ་ལས། རྗེ་བཙུན་གྱིས་ཀྱང་གདུལ་བྱ་སྐལ་ལྡན་དུ་དགོངས་ནས། གནང་སྟེ་དབང་དང་གདམས་ངག་གིས་སྨིན་ཅིང་གྲོལ་བར་བྱས་པ་དེ་ལ། གཤེན་སྒོམ་རས་པ་ཞེས་བྱ་བ། ཉེ་བའི་སྲས་ཤིག་བྱུང་བ་ཡིན་ཞིང་། ཕ་དང་སྤུན་ཟླ་རྣམས་ཀྱིས་ཀྱང་། རྗེ་བཙུན་གླང་སྒོ་ཀླུ་བདུད་རྫོང་དང་། སྦས་ཕུག་མ་མོ་རྫོང་ལ་སོགས་ཏེ། དཔལ་ཁུད་ཀྱི་རྫོང་རྣམས་ན་བཞུགས་ཚེ། ཞབས་ཏོག་ཀྱང་ཕུལ་དུ་ཕྱིན་པ་བསྒྲུབས་པ་ལས། འཁོར་བ་དང་ངན་སོང་གི་སྒོ་ལམ་ཁེགས་ཤིང་། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་སྣ་ཟིན་པར་གྱུར་ཏོ། །སྦས་ཕུག་མ་མོ་རྫོང་དང་། ལ་ཕུག་པདྨ་རྫོང་དུ་རྫི་བོ་རས་པ་ཞེས་བྱ་བའི་རྟོགས་ལྡན་རྣམས་ཀྱི་གཙོ་བོ་དེ་དང་། ཉེ་བའི་སྲས་གཤེན་སྒོམ་རས་པ་དང་མཇལ་བའི་སྐོར་རོ།། །།

༈ ན་མོ་གུ་རུ། རྗེ་བཙུན་མི་ལ་རས་པ་དེ་ཉིད་ཀྱི་ཕྱག་ཕྱི། ཐུགས་སྲས་རས་ཆུང་པས་བགྱིས་ཏེ། འབྲིག་མཚམས་ཀྱི་མཚོ་ལྔ་དེའུ་ཆུང་གི་ཕྱོགས་ན་མར། རོ་སྙོམས་ཀྱི་ལྡོམ་བུ་དང་། སེམས་ཅན་གྱི་འགྲོ་དོན་ལ་བྱོན་པའི་ཚེ། རྗེ་བཙུན་ཡབ་སྲས་ཀྱིས་གངས་ཏི་སེ་དང་། མཚོ་མ་ཕམ་གྱི་ཕྱོགས་སུ་སྒྲུབ་པ་མཛད་འདུག་ཅེས་སྙན་པ་དང་གྲགས་པ་ཆེན་པོ་བྱུང་བས། ལྕོ་རོ་འབྲིག་མཚམས་ཀྱི་ཉ་མ་རྣམས་ཀྱིས་ཀྱང་སྙན་གྲགས་ཐོས་ནས་ཡ་མཚན་ཞིང་ངོ་མཚར་ཆེ་བར་ཐག་ཆོད་ནས། མོས་གུས་སྐྱེས་ཏེ་གྲུབ་ཐོབ་དཔོན་སློབ་གཉིས་བྱོན་ཡོད་པར་འདུག་པས་ཞལ་བལྟ་རུ་འགྲོ་ཟེར། །བསྙེན་བཀུར་གྱི་ཡོ་བྱད་གྱ་ནོམ་པ་ཁྱེར་ནས། རྗེ་བཙུན་ཡབ་སྲས་ཀྱིས་ཞལ་བལྟ་རུ་བྱུང་བ་ལས། ཉ་མ་དེ་རྣམས་ཀྱི་ནང་ནས། རྗེ་བཙུན་གྱི་རྣམ་ཐར་ཐོས་པས་མི་ཕྱེད་པའི་དད་པ་ཐོབ་པའི་བུ་མོ་ཡེ་ཤེས་ཀྱི་མཁའ་འགྲོའི་སྤྲུལ་པ། དད་བརྩོན་ཤེས་རབ་སྙིང་རྗེ་ཆེ་ཞིང་རིགས་དང་སྐལ་བར་ལྡན་པ་ཞིག་འདུག་པ་དེས་གཙོ་བྱས་པའི་བུ་མོ་གཞོན་པ་ལྔས་མགྲིན་གཅིག་ཏུ་བསྡེབས་ནས། རྗེ་བཙུན་ཡབ་སྲས་ཀྱི་སྙན་གྲགས་དང་མཐུན་པའི་ཐུགས་དམ་གྱི་ཉམས་སད་པའི་ཕྱིར་རྒོལ་བའི་ཞུ་དོན་འདི་གླུ་རུ་ཕུལ་བ། ལྷ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །ཐུགས་རྗེ་ཅན་གྱིས་བྱིན་གྱིས་རློབས། །རྗེ་ཡས་བྱོན་གྱི་རས་པ་རྣམ་གཉིས་པོ། །སྐུ་སྙན་པ་ཆེ་བས་རྒྱང་ནས་གྲགས། །འདིར་ཚོགས་ཀྱི་དད་འདུས་ཕོ་མོ་ཀུན། །གླེང་བརྗོད་མ་མང་དར་ཅིག་གསོན། །ངེད་རང་གཞོན་ནུ་རིགས་ཀྱི་བུ་མོ་རྣམས། །གླུ་གྲེ་མཐུན་གྱི་རོལ་མོ་མཆོད་པར་འབུལ། །ཚིག་སྡེབ་སྦྱོར་དཔེ་ཡིས་མཚོན་པ་ཡིན། །དོན་དགོས་བྱེད་ཅི་གདའ་ཐུགས་ལ་ཞོག །ཁྱེད་རས་པ་གཉིས་ལ་ཞུ་བ་ལགས། །གངས་དཀར་ཏི་སེ་སྐད་པ་དེ། །མ་མཐོང་རྒྱང་ནས་སྒྲ་ཆེ་བ། །གངས་ཤེལ་གྱི་མཆོད་རྟེན་འདྲའོ་སྐད། །མཐོང་ནས་དྲུང་དུ་བསླེབས་ཙ་ན། །རི་མགོ་ཁ་བས་གཏུམས་པ་ཞིག །དེ་མཐའ་གངས་ཀྱིས་བསྐོར་བ་ཞིག །དེ་མཐའ་སྤང་རིས་བརྒྱན་པ་ཞིག །དེ་ལ་ངོ་མཚར་ཆེ་རྒྱུ་མེད། །དེ་ལ་ཡ་མཚན་ཅི་ཆེ་ཨང་། །མ་ཕམ་གཡུ་མཚོ་སྐད་པ་དེ། །མ་མཐོང་དུས་ན་སྒྲ་ཆེ་བ། །མཚོ་གཡུ་ཡི་མཎྜྻལ་འདྲའོ་སྐད། །མཐོང་ནས་དྲུང་དུ་བསླེབས་ཙ་ན། །ཀོ་མོག་ཆབ་ཀྱིས་གང་བ་ཞིག །དེ་ལ་ཆུ་ཐིགས་བཏབ་པ་ཞིག །དེ་སྤང་དང་བྲག་གིས་བསྐོར་བ་ཞིག །དེ་ལ་ངོ་མཚར་ཆེ་རྒྱུ་མེད། །དེ་ལ་ཡ་མཚན་ཅི་ཆེ་ཨང་། །བྲག་དམར་སྤོ་མཐོ་སྐད་པ་དེ། །མ་མཐོང་རྒྱང་ནས་སྒྲ་ཆེ་བ། །བྲག་རིན་ཆེན་སྤུངས་པ་འདྲའོ་སྐད། །མཐོང་ནས་དྲུང་དུ་བསླེབས་ཙ་ན། །སྤང་ལ་བྲག་རི་འབུར་བ་ཞིག །དེ་ལ་ནགས་ཚལ་སྐྱེས་པ་ཞིག །དེ་མཐའ་ཆུ་ཡིས་བསྐོར་བ་ཞིག །དེ་ལ་ངོ་མཚར་ཆེ་རྒྱུ་མེད། །དེ་ལ་ཡ་མཚན་ཅི་ཆེ་ཨང་། ཁྱེད་རས་ཆེན་རས་ཆུང་སྐད་པ་དེ། །མ་མཐོང་གོང་ནས་སྒྲ་ཆེ་བ། །གྲུབ་ཐོབ་རྣལ་འབྱོར་ལགས་སོ་སྐད། །མཐོང་ནས་དྲུང་དུ་བསླེབས་ཙ་ན། །རྒན་བྱིས་ངོ་ཚ་མེད་པ་གཉིས། །ཁྲེལ་མེད་གཅེར་ཉལ་བྱེད་པ་གཉིས། །ཁ་ནས་གླུ་ཆུང་ལེན་པ་གཉིས། །ཆ་ལུགས་གང་དགར་སྟོན་པ་གཉིས། །ལུས་ལ་རས་གོས་གྱོན་པ་གཉིས། །འཚོ་བ་སྤྲང་ཟས་ཟ་བ་གཉིས། །སྤྱོད་པ་ཅི་དགའ་བྱེད་པ་གཉིས། །དེ་ལ་ངོ་མཚར་ཆེ་རྒྱུ་མེད། །དེ་ལ་ཡ་མཚན་ཅི་ཆེ་ཨང་། །སྤུན་མ་བསྐོར་བ་ཞིག་མེད་པ་ལ། །ད་ནང་བསྐོར་བ་དོན་རེ་ཆུང་། །སྤུན་མ་ཕྱིན་པ་ཞིག་མེད་པ་ལ། ད་ནང་འོངས་པ་རྐང་ཚེགས་ཆེ། །སྤུན་མ་མཐོང་བ་ཞིག་མེད་པ་ལ། །དེ་རིང་མཐོང་བ་རྒན་བྱིས་གཉིས། །སྤུན་མ་ཐོས་པ་ཞིག་མེད་པ་ལ། །དེ་རིང་ཐོས་པ་ཅལ་ཅོལ་གཏམ། །ཁྱོད་ཡང་ན་རྒྱལ་བའི་གདུང་འཚོབ་གཉིས། །ཡང་ན་བདུད་ཀྱི་བར་ཆད་བྱུང་། །ལམ་འདི་གཉིས་གཅིག་ལས་བཏང་ས་མེད། །དེ་ཡང་བདུད་ཀྱི་བར་ཆོད་བྱུང་། །གླུ་དེ་ལ་ཤེས་ན་ལན་ཅིག་ཐོབ། །མི་ཤེས་རྣལ་འབྱོར་ཡུལ་ལ་བཞུད། །ཅེས་རྩོད་པའི་གླུ་ཕུལ་བས། རྗེ་བཙུན་གྱི་ཞལ་ནས། རས་ཆུང་པ། གངས་རི་མཚོ་གསུམ་འདི་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པའི་སྒྲུབ་གནས་ལ། སྨད་ར་བཏང་བ་ལ་ལན་མ་བཏབ་ན། འདི་རྣམས་ཀྱིས་སྡིག་གསོག་ཅིང་སྒྲུབ་གནས་ཀྱི་ཆེ་བ་ཡང་འཆོར། རང་རེ་རྣལ་འབྱོར་པའི་སྒོ་གསུམ་གྱི་སྤྱོད་པ་མ་བཅོས་པར་སྐྱོང་བ་ལ་བརྙས་པའི་གནས་སུ་བྱས་བྱུང་བས། རྣལ་འབྱོར་གྱི་ཡིན་ལུགས་ལ་ལན་བཏབ་ནས། ཁོང་ཚོས་སྐྱོན་དུ་བཟུང་བ་རྣམས་རང་རེས་ཡོན་ཏན་དུ་ངོ་སྤྲོད་པ་ཡིན་པས། ཕའི་རམ་ཐེག་ཅིག་གསུངས། བུ་མོ་རྣམས་ཀྱི་ཞུས་ལན་དུ་མགུར་འདི་གསུངས་སོ། །ཁྱེད་འདིར་ཚོགས་ཀྱི་དད་འདུས་ཉ་མ་ཚོ། །གླུ་གྲེ་འགྱུར་མཐུན་པའི་གཞོན་པ་རྣམས། །ཚིག་སྡེབ་སྦྱོར་ལེན་པའི་བུ་མོ་ལྔ། །དོན་དམིགས་ནས་གླུ་ལེན་གཙོ་མོ་ཉོན། །མི་ང་ངོ་ཁྱོད་ཀྱིས་ཤེས་མ་ཤེས། །མི་ང་ངོ་ཁྱོད་ཀྱིས་མ་ཤེས་ན། །ངེད་རས་ཆེན་རས་ཆུང་བྱ་བ་ཡིན། །ང་མི་རྒན་གཡས་ནས་གླུ་ལེན་པ། །མི་ལ་རྣལ་འབྱོར་བྱ་བ་ཡིན། །ཁོང་གཞོན་པ་གཡོན་ནས་རམ་འདེགས་པ། །རས་ཆུང་རྡོར་གྲགས་བྱ་བ་ཡིན། །སྙན་པའི་ཚིག་དོན་ཟུར་བསྡེབས་ནས། །དྲིས་པའི་བརྡ་སྟོན་དངོས་རང་འཆད། །ཉམས་རྟོགས་པ་ཁོང་ནས་བརྡོལ་བའི་གླུ། །དོན་དགོས་བྱེད་ཅི་འདུག་སེམས་ལ་ཞོག །གངས་དཀར་ཏི་སེ་སྐད་པ་དེ། །མ་མཐོང་རྒྱང་ནས་སྒྲ་ཆེ་བ། །ཤེལ་དཀར་གྱི་མཆོད་རྟེན་འདྲའོ་སྐད། །མཐོང་ནས་དྲུང་དུ་བསླེབས་ཙ་ན། །རི་མགོ་ཁ་བས་གཡོགས་པ་ཞིག །རི་མགོ་ཁ་བས་གཡོགས་པ་དེ། །སྔོན་བདེ་གཤེགས་ཉིད་ཀྱིས་ལུང་བསྟན་པ། །རི་བོ་གངས་ཅན་བྱ་བ་ཡིན། །སྤྱིར་འཛམ་བུའི་གླིང་གི་ལྟེ་བ་ཡིན། །སེང་གེ་དཀར་མོའི་འགྱིང་ས་ཡིན། །ཤེལ་དཀར་གྱི་མཆོད་རྟེན་འདྲ་བ་དེ། །དཔལ་འཁོར་ལོ་སྡོམ་པའི་ཕོ་བྲང་ཡིན། །དེ་མཐའ་གངས་རིས་བསྐོར་བ་དེ། །དགྲ་བཅོམ་ལྔ་བརྒྱའི་བཞུགས་གནས་ཡིན། །སྡེ་བརྒྱད་ཀུན་གྱིས་མཆོད་པའི་རྟེན། །དེ་མཐའ་སྤང་རིས་བསྐོར་བ་དེ། །སྤོས་ངད་ལྡན་པའི་རི་བོ་ཡིན། །སྨན་ཤི་གསོས་ཀྱི་བདུད་རྩི་འཁྲུངས་ས་ཡིན། །གྲུབ་པ་ཐོབ་པའི་གནས་ཆེན་ཡིན། །ཟག་མེད་ཏིང་འཛིན་བརྙེས་ས་ཡིན། །ངོ་མཚར་དེ་བས་ཆེ་བ་མེད། །ཡ་མཚན་དེ་བས་ཆེ་བ་མེད། །མ་ཕམ་གཡུ་མཚོ་སྐད་པ་དེ། །མ་མཐོང་རྒྱང་ནས་སྒྲ་ཆེ་བ། །མཚོ་གཡུ་ཡི་མཎྜྻལ་འདྲའོ་སྐད། །མཐོང་ནས་དྲུང་དུ་བསླེབས་ཙ་ན། །ཀོ་མོག་ཆབ་ཀྱིས་གང་བ་ཞིག །ཀོ་མོག་ཆབ་ཀྱིས་གང་བ་དེ། །སྔོན་བདེ་གཤེགས་ཉིད་ཀྱིས་ལུང་བསྟན་པའི། །མཚོ་མ་དྲོས་པ་ཞེས་བྱ་བ་ཡིན། །སྤྱིར་ཆུ་བོ་བཞི་འདུས་ཀྱི་མགོ་བོ་ཡིན། །ཉ་སྲམ་རྣམས་ཀྱི་འཕྱོ་ས་ཡིན། །མཚོ་གཡུ་ཡི་མཎྜྻལ་འདྲ་བ་དེ། །ཀླུ་ཆེན་བརྒྱད་ཀྱི་ཕོ་བྲང་ཡིན། །དེ་ལ་ཆུ་ཐིགས་བཏབ་པ་དེ། །བདུད་རྩི་འོ་མའི་ཆུ་རྒྱུན་ཡིན། །ལྷ་མཆོད་སྦྱིན་བརྒྱ་པའི་ཁྲུས་ཆབ་ཡིན། །ཆུ་ཡན་ལག་བརྒྱད་དང་ལྡན་པ་ཡིན། །དེ་མཐའ་སྤང་དང་བྲག་གིས་བརྒྱན། །ཀླུ་ཕྲན་རྣམས་ཀྱི་བང་མཛོད་ཡིན། །ཤིང་འཛམ་བུ་ཏྲི་ཤའི་སྐྱེ་གནས་ཡིན། །ལྷོ་འཛམ་བུ་གླིང་ཞེས་དེ་ལ་དྲས། །ངོ་མཚར་དེ་བས་ཆེ་བ་མེད། །ཡ་མཚན་དེ་བས་ཆེ་བ་མེད། །བྲག་དམར་སྤོ་མཐོ་སྐད་པ་དེ། །མ་མཐོང་རྒྱང་ནས་སྒྲ་ཆེ་བ། །བྲག་རིན་ཆེན་སྤུངས་པ་འདྲའོ་སྐད། །མཐོང་ནས་དྲུང་དུ་བསླེབས་ཙ་ན། །སྤང་ལ་བྲག་རི་འབུར་བ་ཞིག །སྤང་ལ་བྲག་རི་འབུར་བ་དེ། །སྔོན་བདེ་གཤེགས་ཉིད་ཀྱིས་ལུང་བསྟན་པ། །རི་ནག་པོ་འབིགས་བྱེད་བྱ་བ་ཡིན། །ཡུལ་དབུས་འགྱུར་ཚལ་གྱི་བྱང་ཕྱོགས་ཡིན། །སྤྱིར་རྒྱ་བོད་གཉིས་ཀྱི་སོ་མཚམས་ཡིན། །རྒྱ་སྟག་ཁྲ་བོའི་འགྲིམ་ས་ཡིན། །དེ་ལ་ནགས་ཚལ་སྐྱེས་པ་དེ། །ཙནྡན་སྨན་གྱི་སྡོང་པོ་ཡིན། །བཟང་དྲུག་སྨན་གྱི་ལྗོན་ཤིང་ཡིན། །བྲག་རིན་ཆེན་སྤུངས་པ་འདྲ་བ་དེ། །ལྷ་དྲང་སྲོང་རྣམས་ཀྱི་ཕོ་བྲང་ཡིན། །མཁའ་འགྲོས་ལུང་བསྟན་དབེན་གནས་ཡིན། །སྔར་འདས་ཀྱི་གྲུབ་ཐོབ་བཞུགས་ས་ཡིན། །དེ་མཐའ་ཆུ་ཡིས་བསྐོར་བ་དེ། །ཀུན་གྱིས་བགྲོད་པ་དཀའ་བ་ཡིན། །ངོ་མཚར་དེ་བས་ཆེ་བ་མེད། །ཡ་མཚན་དེ་བས་ཆེ་བ་མེད། །ངེད་རས་ཆེན་རས་ཆུང་སྐད་པ་དེ། །མ་མཐོང་རྒྱང་ནས་སྒྲ་ཆེ་བ། །གྲུབ་ཐོབ་རྣལ་འབྱོར་ཡིན་ནོ་སྐད། །མཐོང་ནས་དྲུང་དུ་བསླེབས་ཙ་ན། །རྒན་བྱིས་ངོ་ཚ་མེད་པ་གཉིས། །རྒན་བྱིས་ངོ་ཚ་མེད་པ་དེ། །མཚན་མའི་རྣམ་རྟོག་ཟད་པ་ཡིན། །ཁྲེལ་མེད་གཅེར་ཉལ་བྱེད་པ་དེ། །གཟུང་འཛིན་གོས་དང་བྲལ་བ་ཡིན། །ཆ་ལུགས་གང་དགར་སྟོན་པ་དེ། །བཅོས་མའི་ངོ་ཚ་སྤངས་པ་ཡིན། །ཁ་ནས་གླུ་ཆུང་ལེན་པ་དེ། །ཉམས་མྱོང་ཁོང་ནས་ཤར་བ་ཡིན། །ལུས་ལ་རས་གོས་གྱོན་པ་དེ། །གཏུམ་མོའི་བདེ་དྲོད་འབར་བ་ཡིན། །འཚོ་བ་སྤྲང་ཟས་ཟ་བ་དེ། །འདོད་ཡོན་སྲེད་པ་བསྐྱུངས་པ་ཡིན། །སྤྱོད་པ་ཅི་དགའ་བྱེད་པ་དེ། །ཚོགས་དྲུག་ལྷུག་པར་བཞག་པ་ཡིན། །ངེད་སྐལ་ལྡན་འདྲེན་པའི་བླ་མ་ཡིན། །དད་ལྡན་གདམས་ངག་ཞུ་ས་ཡིན། །ཁྱེད་ཡོན་བདག་ཕོ་མོ་འཁོར་ས་ཡིན། །མཁས་བཙུན་རྣམས་ཀྱི་གཏུགས་ས་ཡིན། །སྒོམ་ཆེན་ཉམས་རྟོགས་འབུལ་ས་ཡིན། །སྒྲོ་འདོགས་ནང་ནས་གཅོད་ས་ཡིན། །གཞི་གནས་ལུགས་གཏན་ལ་ཕབ་པ་ཡིན། །དོན་སྐྱེ་མེད་མངོན་དུ་གྱུར་པ་ཡིན། །སེམས་གཉུག་མ་རང་སོར་ཆུད་པ་ཡིན། །ལམ་དྲོད་རྟགས་རྒྱུད་ལ་སྐྱེས་པ་ཡིན། །རང་དོན་ཆོས་སྐུ་རྟོགས་པ་ཡིན། །ཐུགས་རྗེས་གཞན་དོན་བྱེད་པ་ཡིན། །ངོ་མཚར་འདི་ལས་ཆེ་བ་མེད། །ཡ་མཚན་འདི་ལས་ཆེ་བ་མེད། །ཁྱེད་འདིར་ཚོགས་ཀྱི་དད་འདུས་ཉ་མ་ཚོ། །ཁྱེད་མ་བསྐོར་བ་ཞིག་མེད་པ་ལ། །སྔོན་ཆད་བསྐོར་བ་ངལ་དུབ་ཡིན། །ད་བསྐོར་ན་འཕགས་པ་ཝ་ཏི་བསྐོར། །ཁྱེད་མ་ཕྱིན་པ་ཞིག་མེད་པ་ལ། །སྔོན་ཆད་ཕྱིན་པ་རྐང་ཚེགས་ཡིན། །ད་འགྲོ་ན་རྡོ་རྗེ་གདན་དུ་སོང་། །ཁྱེད་མ་མཐོང་བ་ཞིག་མེད་པ་ལ། །སྔོན་ཆད་མཐོང་བ་དོན་མེད་ཡིན། །ད་ལྟ་ན་ལྷ་ས་འཕྲུལ་སྣང་ལྟོས། །ཁྱེད་མ་ཐོས་པ་ཞིག་མེད་པ་ལ། །སྔོན་ཆད་ཐོས་པ་ཅལ་ཅོལ་ཡིན། །ད་ཉན་ན་སྙན་བརྒྱུད་གདམས་ངག་ཉོན། །ཁྱེད་མ་བསྟེན་པ་ཞིག་མེད་པ་ལ། །སྔོན་ཆད་བསྟེན་པ་ཉེ་དུ་ཡིན། །ད་བསྟེན་ན་བླ་མ་དམ་པ་སྟེན། །ཁྱེད་མི་བྱེད་པ་ཞིག་མེད་པ་ལ། །སྔོན་ཆད་བྱས་པ་ལས་སུ་སོང་། །ད་བྱེད་ན་དམ་པའི་ལྷ་ཆོས་གྱིས། །ང་མི་རྒན་གྱི་ཁ་ནས་ལན་བྱུང་བ། །དེ་གོ་བས་བསམས་ན་གདམས་ངག་ཡིན། །མ་གོ་བ་ཡི་གླུ་ཆུང་གྱིས། །ངེད་རྣལ་འབྱོར་གྱི་སྤྱོད་པ་གང་བདེ་ཡིན། །ཁྱེད་ཉ་མ་རྣམས་ཡུལ་དུ་ལོག་ལ་སོང་། །ཞེས་གསུངས་པས། དེ་རྣམས་ཀྱི་ནང་ནས་དབུས་མ་དེ་དད་པ་ལྷག་པར་སྐྱེས། མཆི་མ་མང་དུ་ཕྱུང་ནས། སྐེ་ལ་ཡོད་པའི་ནོར་བུ་དང་། མགོའི་འགྲོན་ཐོད་ཕུད་དེ། རྗེ་བཙུན་གྱི་ཕྱག་ཏུ་ཕུལ་ནས། བདག་བུ་མོ་ལྔ་པོ་འདི་ཆོས་སྒོར་ཞུགས། རི་ཁྲོད་འགྲིམས་པས་ཟབ་མོའི་གདམས་པ་ཐུགས་རྗེས་འཛིན་པར་ཞུ་ཞེས་གསོལ་བ་འདི་ལྟར་བཏབ་པ། ཆོས་སྐུ་རྡོ་རྗེ་འཆང་ཆེན་ནས། །མར་མེ་གཅིག་ལ་གཅིག་མཆེད་ལྟར། །ཐུགས་རྗེ་ཉམས་རྟོགས་བརྒྱུད་པ་དེ། །ཏཻ་ལོ་ནཱ་རོ་མ་ལགས་སམ། །ཏཻ་ལོ་ནཱ་རོའི་སྤྱན་སྔ་རུ། །དཀའ་བ་སྤྱད་ནས་བྱོན་པ་དེ། །སྒྲ་སྒྱུར་མར་པ་མ་ལགས་སམ། །སྒྲ་སྒྱུར་མར་པའི་ཞབས་དྲུང་དུ། །དཀའ་བ་སྤྱད་པའི་ངོ་མཚར་ཅན། །བརཏལ་ཞུགས་རས་ཆེན་མ་ལགས་སམ། །སྐུ་གཅེར་བུའི་ལུས་ལ་གཟི་མདངས་ཅན། །གསུང་སྣ་ཚོགས་ཚངས་པའི་སྒྲ་སྒྲོག་ཅིང་། །ཐུགས་མཁྱེན་བརྩེ་འོད་གསལ་རྒྱུན་ཆད་མེད། །ཕ་རས་པའི་སྐུ་གསུང་ཐུགས་ལ་འདུད། །བདག་འདིར་ཚོགས་བུ་མོ་རྣམ་པ་ལྔ། །སྔོན་ཆད་བསོད་ནམས་མ་བསགས་པས། །མི་ལུས་ཐོབ་ཀྱང་སྐྱེ་བ་དམན། །ལྷ་ཆོས་བྱེད་པའི་རང་དབང་མེད། །ད་རེས་རྗེ་བཙུན་བྱིན་རླབས་ཀྱིས། །རང་སེམས་དད་པ་གཏིང་ནས་སྐྱེས། །སྐེ་ཡི་ནོར་བུ་རིན་ཆེན་དང་། །མགོ་ལ་གྱོན་པའི་འགྲོན་ཐོད་འདི། །རྗེ་རས་པ་ཁྱེད་ལ་འབུལ་ལགས་ཀྱིས། །བཀའ་དྲིན་ལྷ་ཆོས་གནང་བར་ཞུ། །རྗེ་རས་པ་ཆེན་པོ་ཁྱེད་རྣམས་ཀྱི། །སྔོན་ཆད་ཀྱི་རྣམ་ཐར་ཅུང་ཟད་ཀྱང་། །རྣ་བའི་བུ་གར་གསུང་དུ་གསོལ། །ཞེས་ཆོས་སྒོར་འཇུག་དགོས་པའི་གསོལ་བ་བཏབ་པས། རྗེ་བཙུན་གྱི་ཞལ་ནས། ཁྱོད་ཀྱི་འགྲོན་ཐོད་དང་ནོར་བུ་ང་ལ་མི་དགོས། ཁྱེད་རྣམས་སྙིང་ནས་ཆོས་བྱེད་ན། བླ་མ་ང་ལས་ཆོས་མཁས་པ་དང་བཟང་བ་གཞན་ན་ཡོད་པས། ཁྱེད་རང་རྣམས་ཆོས་གཞན་དུ་གྱིས། ང་ལྟོ་གོས་ཀྱི་ཞེན་པ་དང་བྲལ་བས། མི་མེད་ཀྱི་ལུང་སྟོང་འགྲིམ་པའི་ཟླ་ལ་ཁྱེད་ཀྱིས་མི་ཟུག །ལྟོ་གོས་ཀྱི་གྱོང་ཨེ་ཐེག་མི་ཤེས་པས། དེ་བས་ངའི་གླུ་འདི་ལ་ཉོན་ཅིག་གསུངས་ནས་མགུར་འདི་གསུངས་སོ། །རྗེ་རྡོ་རྗེ་འཆང་གི་བྱིན་རླབས་པ། །ཏཻ་ལོ་ནཱ་རོའི་སྤྱན་སྔ་རུ། །དཀའ་བ་སྤྱད་པའི་ངོ་མཚར་ཅན། །ཕ་སྐད་གཉིས་སྨྲ་བའི་ལོ་ཙྪ་བ། །སྒྲ་སྒྱུར་མར་པ་མ་ལགས་སམ། །དེ་ཡི་ཐུགས་རྗེས་བསྐྱངས་པ་ཡི། །ང་རང་མི་ལ་རས་པ་འདི། །ཕ་མི་ལ་ཤེས་རབ་རྒྱལ་མཚན་དང་། །ཨ་མ་མྱང་ཚ་དཀར་རྒྱན་ཡིན། །ང་རང་ཐོས་པ་དགའ་ཞེས་ཟེར། །སྔོན་གྱི་རྒྱུ་འབྲས་མི་བསླུ་བས། །ངེད་མ་སྨད་བསོད་ནམས་ཆུང་བའི་ཕྱིར། །ཡབ་མི་ལ་དེ་ཉིད་དགུང་ལ་གཤེགས། །སྒྱུ་མའི་ཟས་ནོར་གང་ཡོད་རྣམས། །ཨ་ནེ་དང་ཨ་ཁུ་གཉིས་ཀྱིས་ཕྲོགས། །ངེད་མ་སྨད་ཀྱིས་ཁོང་གི་གཡོག་པོ་བྱས། །ཟ་མ་ཁྱི་ཡི་ལྟོ་བ་ལ། །གོས་སུ་དུག་པོ་ཚེམ་བེར་གྱོན། །སྐྱི་སེར་རླུང་དང་འཁྲུག་པ་ཤོར། །ཨ་ཁུའི་འཐབ་བརྡུངས་རྒྱུན་དུ་ཁུར། །ཨ་ནེའི་ངོ་འཛུམ་དཀར་ནག་བལྟས། །བྲན་གཉའ་ཤོར་གྱི་གདན་ས་ངེད་ཀྱིས་ཕྲོགས། །ངེད་མ་སྨད་ལ་སྡུག་པའི་རེ་མོས་བབ། །སྡུག་བསྔལ་གྱི་ཡི་མུག་བཟོད་གླགས་མེད། །བླ་མ་གཡུང་སྟོན་དང་རོང་སྟོན་ལྷ་དགའ་ལ། །མཐུ་སེར་གཏད་གསུམ་པོ་རྫོགས་པར་བསླབས། །ཨ་ཁུ་དང་ཨ་ནེས་ཐོག་དྲངས་པའི། །ཡུལ་མི་ཁྱིམ་མཚེས་ཕུང་ལ་བཏང་། །ང་དེ་ཕྱིར་བསམས་ཤིང་འགྱོད་པ་སྐྱེས། །རྗེ་ནཱ་རོ་དང་མཻ་ཏྲིས་བྱིན་བརླབས་པ། །ལྷོ་ཆུ་ཁྱེར་ཕུ་ན་བཞུགས་སོ་སྐད། །ཕ་ལོ་ཙྪ་བའི་སྙན་པ་རྒྱང་ནས་ཐོས། །ལམ་དཀའ་བ་སྤྱད་ནས་དྲུང་དུ་ཕྱིན། །ཕ་དྲིན་ཅན་དེ་ཡི་ཞབས་དྲུང་དུ། །ཁོ་བོ་མི་ལ་རས་པ་ངས། །ལོ་དྲུག་ཟླ་མཐོང་བརྒྱད་དུ་བསྡད། །སྲས་མཁར་དགུ་ཐོག་ཁྱམས་དང་བཅས། །དེ་རྣམས་ང་ཡིས་སངས་ཀྱིས་བརྩིགས། །ཕ་དྲིན་ཅན་དེས་ཀྱང་ཐུགས་རྗེས་བཟུང་། །ལྟ་བའི་མཐར་ཐུག་ཕྱག་རྒྱ་ཆེ། །གནས་ལུགས་ཟབ་མོའི་ངོ་སྤྲོད་དང་། །ཐབས་ལམ་ནཱ་རོའི་ཆོས་དྲུག་དང་། །སྨིན་ལམ་དབང་བཞིའི་ཆུ་རྒྱུན་དང་། །དཔལ་ལྡན་ནཱ་རོའི་ཕྱག་ལེན་ལ། །ཡིད་ཆེས་ཞལ་གདམས་བཅས་པར་གནང་། །ངས་ཀྱང་ལེ་ལོ་མ་བགྱིས་པར། །ཚེ་འདི་བློས་བཏང་བསྒོམས་པ་ལས། །གཏན་གྱི་སྐྱིད་མགོ་དེ་ནས་ཚུགས། །ང་རྣལ་འབྱོར་བྱུང་ཚུལ་དེ་ལྟར་གདའ། །ཁྱེད་བུ་མོ་ལྔ་སྐྱིད་དོ་ལོག་ལ་བཞུད། །ཅེས་གསུངས་པས། ཁོང་རྣམས་རྗེ་བཙུན་གྱི་རྣམ་ཐར་ལ་མཆོག་ཏུ་མི་ཕྱེད་པའི་དད་པ་སྐྱེས་ནས། ཕྱག་ཕྱིར་ཁྲིད་དགོས་པའི་ཞུ་བ་ནན་གྱིས་ཕུལ་བ་ལས། རྗེ་བཙུན་གྱི་ཞལ་ནས། ཁྱེད་རྣམས་ཕྱུག་པོའི་གཅེས་ཕྲུག་གིས་ངེད་ཀྱི་ཕྱི་ལ་ཕྱིན་རུང་སྡུག་མི་ཐེག །ཆོས་བྱེད་ན་འདི་ལྟ་བུའི་དཀའ་བ་སྤྱད་དགོས་པས། ཨེ་འོང་བསམ་མནོ་ཐོངས་གསུང་། ཁོང་རྣམས་ལ་སྤྲོ་བ་དྲི་བའི་མགུར་འདི་གསུངས་སོ། །སྒྲ་སྒྱུར་མར་པའི་ཞབས་ལ་འདུད། །ཁྱེད་འདིར་ཚོགས་བུ་མོ་སྤུན་ལྔ་པོ། །སྙིང་ནས་ལྷ་ཆོས་བྱེད་སྙམ་ན། །མི་ང་ཕྱིར་ཅིས་ཀྱང་འབྲང་བ་ན། །གླུ་འདི་དོན་སོམས་ལ་ལན་ཅིག་ཐོབ། །སྙིང་རུས་ཞེ་བཅད་དྲག་པོ་ཡིས། །དཀའ་སྤྱད་སྡུག་ཁུར་འཛུག་བཞིན་དུ། །བླ་མའི་བཀའ་བཞིན་སྒྲུབ་ནུས་སམ། །ཕ་ཡུལ་བདུད་ཀྱི་བཙོན་ར་དེ། །དེང་ནས་རྟག་ཏུ་སྤངས་ནས་ཀྱང་། །གཉན་ས་རི་ཁྲོད་འགྲིམ་ནུས་སམ། །གཉེན་ཚན་བདུད་ཀྱི་བརྟོད་ཐག་དེ། །གནོད་པར་ཤེས་ཏེ་སྤངས་ནས་ཀྱང་། །མཚན་ལྡན་བླ་མ་བསྟེན་ནུས་སམ། །ཟས་ནོར་བདུད་ཀྱི་བསླུ་བྲིད་དེ། །དུག་ཏུ་ཤེས་ཏེ་སྤངས་ནས་ཀྱང་། །འཚོ་བ་དཀའ་ཐུབ་བྱེད་ནུས་སམ། །དབུས་ཕྲུག་འཇམ་ལེགས་སྤངས་ནས་ཀྱང་། །གཏུམ་མོའི་བདེ་དྲོད་སྦར་ནུས་སམ། །གྲོང་ཡུལ་དགའ་གྲོགས་སྤངས་ནས་ཀྱང་། མི་མེད་ལུང་སྟོང་འགྲིམ་ནུས་སམ། །འཇིག་རྟེན་ཆོས་བརྒྱད་སྤངས་ནས་ཀྱང་། །སྒོ་གསུམ་དམན་ཆ་འཛིན་ནུས་སམ། །ཚེ་འདིའི་རྟག་རྩིས་སྤངས་ནས་ཀྱང་། །ནམ་འཆི་ངེས་མེད་སྒོམ་ནུས་སམ། །དེ་ཀུན་ནུས་ན་ང་ཕྱིར་ཤོག །བཀའ་བརྒྱུད་བླ་མའི་ཕྱག་སྲོལ་བཞིན། །གསང་སྔགས་ཐབས་ལམ་གདམས་ངག་སྟེར། །འཇུག་སྒོ་དབང་དང་བྱིན་རླབས་བྱེད། །ཅེས་གསུངས་པས། བུ་མོ་དེ་རྣམས་དགའ་མགུ་ཡི་རངས་ཏེ། བུ་མོ་གཙོ་མོ་དེ་ན་རེ། བདག་ཅག་རྣམས་འབྱུང་བཞིའི་ལུས་བུད་མེད་དུ་སྐྱེས་པས་སྐྱེ་བ་དམན་རུང་། ཀུན་གཞིའི་སེམས་ལ་ཕོ་མོ་མ་མཆིས་ཤིང་། འཁོར་བའི་ཉེས་དམིགས་བསམས་ནས། བླ་མའི་བཀའ་བཞིན་བསྒྲུབ་མི་ནུས་མཐུ་མེད་ལ་སོང་གདའ་བས། ཕྱག་ཕྱིར་ཁྲིད་པར་ཞུ། སྒྲུབ་པ་ཨེ་ནུས་མི་ནུས་ཐུགས་མི་ཁྲེལ་བའི་གཟིགས་པ་འབུལ་བ་ཡིན་ཟེར། རྗེ་བཙུན་གྱི་བཀའ་བཞིན་སྒྲུབ་ནུས་ཤིང་ཕྱག་ཕྱིར་འབྲང་བར་ཞུ་བའི་ཞུ་དོན་འདི་གླུར་ཕུལ་ལོ། །ཕ་མཚན་ལྡན་བླ་མ་རིན་པོ་ཆེ། །གཅེར་བུའི་ལུས་ལ་གཟི་མདངས་ཅན། །བརཏལ་ཞུགས་སྤྱོད་པས་གཞན་དོན་མཛད། །རྗེ་བཙུན་རས་པའི་ཞབས་ལ་འདུད། །ངེད་འདིར་ཚོགས་བུ་མོ་སྤུན་ལྔ་པོ། །ཚེ་འདིར་སྐྱེ་བ་དམན་ལགས་ཀྱང་། །བྱང་ཆུབ་སེམས་ལ་ཕོ་མོ་མེད། །འཁོར་བའི་ཉེས་དམིགས་བསམ་པ་ཡིན། །དཀའ་སྤྱད་སྡུག་ཁུར་དྲག་པོ་ཡིས། །བླ་མའི་བཀའ་བཞིན་བསྒྲུབ་པར་བགྱི། །ཕ་ཡུལ་བདུད་ཀྱི་བཙོན་ར་དེ། །རྟག་ཏུ་སྤངས་ནས་རི་ཁྲོད་འགྲིམ། །གཉེན་ཚན་བདུད་ཀྱི་བཤོལ་འདེབས་དེ། །རྟག་ཏུ་སྤངས་ནས་བླ་མ་བསྟེན། །ཟས་ནོར་བདུད་ཀྱི་བསླུ་བྲིད་དེ། །རྟག་ཏུ་སྤངས་ནས་དཀའ་ཐུབ་བགྱིད། །དབུས་ཕྲུག་ཚེམ་བེར་སྤངས་ནས་ཀྱང་། །གཏུམ་མོའི་བདེ་དྲོད་འབར་བར་བགྱི། །གྲོང་ཡུལ་དགའ་གྲོགས་སྤངས་ནས་ཀྱང་། །མི་མེད་ལུང་སྟོང་འགྲིམ་པར་བགྱི། །འཇིག་རྟེན་ཆོས་བརྒྱད་སྤངས་ནས་ཀྱང་། །སྒོ་གསུམ་དམན་ཆ་གཟུང་བར་བགྱི། །ཚེ་འདིའི་རྟག་རྩིས་སྤངས་ནས་ཀྱང་། །ནམ་འཆི་ངེས་མེད་བསྒོམ་པར་བགྱི། །མདོར་ན་བླ་མའི་བཀའ་བཞིན་བསྒྲུབ། །མཚན་ལྡན་བླ་མ་རིན་པོ་ཆེ། །བདག་ཅག་བུ་མོ་སྤུན་ལྔ་པོ། །བླ་མའི་ཕྱག་ཕྱིར་ཁྲིད་པར་ཞུ། །བཀའ་དྲིན་ལྷ་ཆོས་གནང་བར་ཞུ། །ཞེས་ཞུས་པས། རྗེ་བཙུན་གྱིས་ལས་ཅན་གྱི་སློབ་མར་དགོངས་ཏེ་ཕྱག་ཕྱིར་ཁྲིད། དེའི་དུས་རྗེ་བཙུན་ཡབ་སྲས་ཀྱིས་ཀྱང་མཚོ་ལྔ་དེའུ་ཆུང་ལ་བཞུགས་ནས། བུ་མོ་དེ་རྣམས་ལ་དབང་དང་གདམས་པ་གནང་སྟེ། བསྒོམ་དུ་བཅུག་པས། བུ་མོ་གཙོ་མོ་དེ་ལ་ཞག་གསུམ་ནས་གཏུམ་མོའི་བདེ་དྲོད་ལ་སོགས་པའི་ཡོན་ཏན་རྣམས་རིམ་གྱིས་སྐྱེས་ནས་འདུག་པ་ལ། དུས་ནམ་ཞིག་མོ་ན་ཞིང་འདུག་པའི་ཚེ། རྗེ་བཙུན་གྱིས་རི་ཁྲོད་འགྲིམ་ནུས་མི་ནུས་དང་། དད་པ་བརྟན་མི་བརྟན་བརྟག་པའི་ཕྱིར། གང་དགར་བོར་ནས་བཏང་བ་ལས། ན་རུང་རི་ཁྲོད་རང་འགྲིམས་ཏེ། རྐྱེན་ཐུབ་པའི་གདེངས་ཐོབ་ནས། སླར་ཡང་རྗེ་བཙུན་ཡུལ་གཞན་ཞིག་ན་བཞུགས་པའི་དུས་སུ་ཞབས་དྲུང་དུ་འོངས་པ་ལས། དེའི་ཚེ་ཉ་མ་མང་པོ་ཡང་རྗེ་བཙུན་དང་མཇལ་དུ་བྱུང་བ་ལ། བུ་མོ་དེ་དད་པ་ལོག་མ་ལོག་བལྟ་བའི་ཕྱིར། རྗེ་བཙུན་གྱིས་ཉ་མ་རྣམས་ལ་དགོངས་པ་ཅན་གྱི་མགུར་འདི་གསུངས་སོ། །ཇེ་བླ་མ་རྣམས་ལ་གསོལ་བ་འདེབས། །ཡི་དམ་ལྷ་ལ་སྐྱབས་སུ་མཆི། །འདིར་ཚོགས་དད་འདུས་ཉ་མ་ཀུན། །འཇིག་རྟེན་ཆོས་བརྒྱད་མ་སྤངས་པའི། །དད་པ་ཅན་ཡིན་མ་ཟེར་ཅིག །དད་པ་རྐྱེན་གྱིས་བསྒྱུར་བ་ཡིན། །མི་དགེ་བཅུ་ལ་མི་འཛེམ་པའི། །ཚུལ་ཁྲིམས་ཡོད་ཅེས་མ་སྨྲ་ཞིག །སླར་ངན་སོང་རྒྱུ་རུ་འགྲོ་ཉེན་ཡོད། །རང་སེམས་གཡོ་སྒྱུ་མ་སྤངས་པའི། །དམ་ཚིག་བསྲུང་ཞེས་མ་བརྗོད་ཅིག །རྡོ་རྗེ་དམྱལ་བར་འགྲོ་ཉེན་གདའ། །ཐོས་བསམ་ཕྱོགས་མེད་མ་བྱས་པའི། །ཐེག་པ་གཞན་ལ་མ་སྨོད་ཅིག །ཆོས་སྤོང་གིས་རང་རྒྱུད་སྲེག་ཉེན་གདའ། །སྒྱུ་མ་ལྟ་བུར་མ་རྟོགས་པའི། །ལས་དགེ་སྡིག་ཁྱད་དུ་མ་གསོད་ཅིག །ངན་སོང་གསུམ་དུ་འགྲོ་ཉེན་གདའ། །ཕ་རོལ་སེམས་རྒྱུད་མི་ཤེས་པའི། །ཆོས་དང་གང་ཟག་མ་སྨོད་ཅིག །རློམ་སེམས་ལྟུང་བས་ཕོག་ཉེན་གདའ། །སེམས་དང་ཆོས་ཉིད་མ་འདྲེས་པའི། །ཉམས་མྱོང་བཟང་ཞེས་མ་སྨྲ་ཞིག །བདུད་ཀྱི་བར་ཆད་འོང་ཉེན་ཡོད། །བརྗོད་མེད་དོན་ལ་མ་བསླེབས་པར། །ལྟ་བ་མཐོ་ཞེས་མ་སྨྲ་ཞིག །འབྲས་བུ་ཡིད་སྨོན་དུ་ལུས་ཉེན་གདའ། །ཤུགས་འབྱུང་ནང་ནས་མ་བརྡོལ་བའི། །ལྟ་སྟངས་གང་དགར་མ་སྟོན་ཅིག །རང་ཟོག་རང་གི་བྱུར་རྡོ་ཡིན། །ཆོས་ཁ་ནས་བཤད་པ་སེམས་ལ་ཟུངས། །དོན་ཡིད་ལ་བསྐོར་ཞིང་ཝལ་ལེ་གྱིས། །ཞེས་གསུངས་པས། དེ་རྣམས་ཀྱི་ནང་ནས་རས་ཆུང་མས་གོ་བ་བླངས་ཏེ། བླ་མ་གྲུབ་ཐོབ་ཀྱི་མཛད་སྤྱོད་ལ་དད་པ་སྐད་ཅིག་ཙམ་ཡང་ལོག་པ་མེད་ལགས་ཞེས་ཞུ་དོན་བཅོ་ལྔའི་རྟོགས་པ་འདི་ལྟར་ཕུལ་བ། རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཕ་ཅིག་བླ་མ་རྗེ་བཙུན་ལ། །དད་གུས་རྒྱུན་ཆད་མི་བགྱིད་འཚལ། །ལྷ་ཅིག་དཀོན་མཆོག་གསུམ་པོ་ལ། །རྒྱབ་རྟེན་སྤོང་ལེན་མི་བགྱིད་འཚལ། །བླ་མའི་སྙན་བརྒྱུད་གདམས་ངག་ལ། །ཐ་སྙད་ལྷན་པ་མི་གདབ་འཚལ། །ཡི་དམ་རྗེ་བཙུན་རྣལ་འབྱོར་ལ། །ཐུན་བཞིའི་རྣལ་འབྱོར་མི་བཅག་འཚལ། །སྣང་བ་སྒྱུ་མའི་རང་བཞིན་ལ། །དངོས་ཞེན་བག་ཆགས་མི་བཞག་འཚལ། །སེམས་ཉིད་རང་བཞིན་འོད་གསལ་ལ། །རྣམ་རྟོག་ལྷད་ཀྱིས་མི་བསླད་འཚལ། །ཤེས་བྱ་དངོས་པོའི་གནས་ལུགས་ལ། །གཟུང་འཛིན་དྲི་མས་མི་གཡོག་འཚལ། །གཉུག་མ་སེམས་ཀྱི་ངོ་བོ་ལ། །བག་ཆགས་བརྟེན་ས་མི་བགྱིད་འཚལ། །སེམས་ཆོས་སྐུ་སྟོང་པའི་རང་བཞིན་ལ། །མཚན་མའི་དྲི་མས་མི་གོས་འཚལ། །ལུས་འབྱུང་བཞིའི་ནད་ཀྱིས་ཐེབས་པ་ལ། །གྲོགས་གཞན་ལ་གྱོད་ཀ་མི་བགྱིད་འཚལ། །གདོན་བགེགས་དགེ་སྦྱོར་གྱི་གྲོགས་པོ་ལ། །ལོག་རྟོག་གི་མོ་པྲ་མི་བགྱིད་འཚལ། །རྨི་ལམ་བག་ཆགས་ཀྱི་འཁྲུལ་སྣང་ལ། །བདེན་ཞེན་གྱི་རྟོག་པས་མི་བཟུང་འཚལ། །སྡང་དགྲ་བཟོད་པའི་བླ་མ་ལ། །གནོད་ལན་བསམ་སྦྱོར་མི་བགྱིད་འཚལ། །བླ་མ་གྲུབ་ཐོབ་ཀྱི་མཛད་སྤྱོད་ལ། །རྟོག་དཔྱོད་ཀྱི་སྒྲོ་སྐུར་མི་གདབ་འཚལ། །རང་ཤར་ལྷུན་གྲུབ་ཀྱི་སངས་རྒྱས་ལ། །འབྲས་བུ་གཞན་ནས་མི་བཙལ་འཚལ། །རྗེས་འཇུག་སྣོད་ལྡན་སློབ་མ་ལ། །ཐུགས་རྗེའི་ཆུ་རྒྱུན་མི་འཆད་འཚལ། །རྗེ་བླ་མ་དམ་པ་སྐུ་དྲིན་ཅན། །བདག་བློ་དམན་སློབ་མ་དྲང་དུ་གསོལ། །ཐུགས་རྗེའི་ལྕགས་ཀྱུས་གཟུང་དུ་གསོལ། །ཞེས་ཞུས་པས། རྗེ་བཙུན་ཤིན་ཏུ་མཉེས་ཏེ། མཚན་ལྡན་གྱི་རྣལ་འབྱོར་མ་སྤྱོད་པའི་གྲོགས་སུ་འོས་པ་གཅིག་ཏུ་དགོངས་ནས། མན་ངག་རྣམས་ཀྱང་ལྷག་མ་མ་ལུས་པར་གནང་སྟེ། རས་ཆུང་པ་ལ། ཁྱོད་སློབ་མ་སྐྱོང་བ་ལ་མཁས་པ་ཡིན་པས། འདི་རྗེས་སུ་ཟུངས་ཤིག་གསུང་རས་ཆུང་པ་ལ་གནང་ནས། རེ་ཞིག་གི་བར་དུ་རས་ཆུང་པའི་ཐུགས་དམ་གྱི་གྲོགས་མཛད། དེ་ནས་བྱང་གི་གནམ་མཚོ་ཕྱུག་མོའི་སེ་མོ་དོ་ལ་ངག་བཅད་ནས་ལོ་བརྒྱད་ཀྱི་བར་དུ་བསྒོམས་པའི་མཐར། ཉམས་སུ་བླངས་བའི་རྟགས་བཅུ་དང་ཡོན་ཏན་བརྒྱད་ལ་སོགས་པ་ས་ལམ་གྱི་སྤངས་རྟོགས་མངོན་དུ་གྱུར་ནས། སྐུ་ཚེ་འདི་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་པ་ཡིན་ནོ། །རྗེ་བཙུན་གྱི་སྲས་རྣམས་ཀྱི་སྲིང་བཞི་ལས་ཅོ་རོ་འབྲིག་མཚམས་ཀྱི་མཚོ་ལྔ་དེའུ་ཆུང་དུ་རས་ཆུང་མ་དང་མཇལ་བའི་སྐོར་རོ།། །།

༈ ན་མོ་གུ་རུ། རྗེ་བཙུན་མི་ལ་རས་པ་དེ་ཉིད་ཀྱི་ཐུགས་སྲས་རྣམས་རང་རང་སོ་སོར་རི་ཁྲོད་ལ་བཞག་ནས། རྗེ་བཙུན་རང་བལ་བོད་གཉིས་ཀྱི་སོ་མཚམས་ཀྱི་དབེན་གནས་གཉི་ཤང་འགུར་རྟ་ཞེས་བྱ་བའི་རི་མཐོ་ལ་གཉན་པ། སྤྲིན་དང་ན་བུན་འཐིབས་པ་ལས་དུས་རྒྱུན་ཆད་མེད་པར་ཁ་ཆར་འབབ་པ། གཡས་རི་བྲག་མཐོ་ལ་གཟར་བ་ལ་གཅན་གཟན་རྣམས་ངར་སྐད་སྒྲོག་ཅིང་བྱ་རྒྱལ་རྒོད་པོ་ལྡིང་བ། གཡོན་རི་སྤང་རི་སྣུམ་ལ་འཇམ་པ་ལ། རི་དྭགས་ཤྭ་བ་དང་། དགོ་བ་གནའ་བ་རྣམས་རང་བཞིན་གྱིས་བག་ཕེབས་ཏེ་རྩེ་ཞིང་འཕྱོ་བ། མདུན་ན་ནགས་ཚལ་བཟང་པོ་མེ་ཏོག་སྣ་ཚོགས་བཀྲ་བའི་ནང་ན། སྤྲ་དང་སྤྲེའུ་རྣམས་ཀྱང་རྩལ་སྦྱོང་བ། རྨ་བྱ་དང་འཇོལ་མོ་ལ་སོགས་ཏེ་མཛེས་པའི་བྱ་སྣ་ཚོགས་གསུང་སྙན་ཀྱུ་རུ་རུ་གླུ་ལེན་ཅིང་སྒྲ་སྒྲོག་ལ་འདབ་གཤོག་གི་གར་སྟབས་བསྒྱུར་བ། སྒྲུབ་ཕུག་གི་མདུན་ན་མར་གཡའ་ཆུ་གངས་ཆུ་རྫ་ཆུ་རྣམས་དུས་རྒྱུན་ཆད་མེད་པར་ལྷུང་ལྷུང་སྙན་པའི་སྒྲ་སྒྲོག་ཅིང་འབབ་པ། དབེན་ཞིང་ཉམས་སུ་དགའ་བ། བཙན་ལ་མཐུན་རྐྱེན་འཛོམ་པའི་དབེན་གནས་ཀ་ཏ་ཡ་ཞེས་བྱ་བའི་ཕུག་པ་ན། དཀར་ཕྱོགས་ཀྱི་མི་མ་ཡིན་རྣམས་ཀྱིས་ཞབས་ཏོག་སྒྲུབ་ཅིང་ཆུ་བོ་རྒྱུན་གྱི་ཏིང་ངེ་འཛིན་གྱི་ངང་ལ་བཞུགས་པ་ལས། དུས་ནམ་ཞིག་གི་ཚེ་གནས་དེའི་ཕུར་ཁྱི་སྐད་ལྷང་ལྷང་བ་དང་། དེ་རྗེས་ཐུག་སྒྲ་ཆེན་པོ་ཞིག་བྱུང་བས། རྗེ་བཙུན་གྱི་ཐུགས་དགོངས་ལ་སྔར་ཡིན་ན་ངའི་གནས་འདི་བསམ་གཏན་ཤིན་ཏུ་འཕེལ་བ་ཞིག་ཡིན་ཏེ། ད་ལན་བར་ཆད་གཅིག་འོང་བ་ཡིན་ནམ་དགོངས་ནས་ཕུག་པའི་མདོར་བྱོན། ཕ་བོང་ཆེན་པོ་ཞིག་གི་ཁར་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་ཞིག་གི་ངང་ལ་བཞུགས་པ་ལས། སྐུ་མདུན་ན་ཚུར་ཤྭ་བ་ནག་པོ་སྤུ་ཉག་མ་རེའི་རྩ་བ་ལ་རྔུལ་ཐིགས་པ་རེ་འབབ་པ་ཞིག་འཇིགས་སྐྲག་དངངས་པའི་ཚུལ་དང་བཅས་ཏེ་བྱུང་བ་ལ། རྗེ་བཙུན་གྱི་ཐུགས་ལ་མི་བཟོད་པའི་སྙིང་རྗེ་ཆེན་པོ་འཁྲུངས་ཏེ། སྔོན་གྱི་ལས་དབང་གིས་ལུས་འདི་ལྟ་བུ་བླངས་པས། ཚེ་འདིར་ཅི་ཡང་མ་ཉེས་རུང་མི་བཟོད་པའི་སྡུག་བསྔལ་འདི་ལྟ་བུ་མྱོང་དགོས་པ་སྙིང་རེ་རྗེ། འདི་ལ་ཐེག་པ་ཆེན་པོའི་ཆོས་བཤད་ནས་དུས་གཏན་གྱི་བདེ་བ་ལ་བཀོད་དགོས་དགོངས་ཏེ། ཤྭ་བ་ལ་མགུར་འདི་གསུངས་སོ། །རྗེ་ལྷོ་བྲག་མར་པའི་ཞབས་ལ་འདུད། །སེམས་ཅན་སྡུག་བསྔལ་ཞི་བར་བྱིན་གྱིས་རློབས། །ཁྱོད་སེམས་ཅན་ཤྭ་བའི་ལུས་ལ་ཚེར་མའི་མགོ། །ཤྭ་ལུས་ཚེར་མགོ་མི་ལའི་གླུ་ལ་ཉོན། །ཕྱི་སྣང་བའི་ཡུལ་ལ་བྲོས་བྲོས་ནས། །འཁྲུལ་སྣང་མ་རིག་པའི་ནང་ནས་ཐར་དུས་མེད། །ཕྱི་ལུས་སེམས་སྤངས་ཀྱིས་མི་སྤོངས་ཀྱིས། །འཁྲུལ་སྣང་མ་རིག་སྤོང་བའི་དུས་ལ་བབ། །ལས་རྣམ་སྨིན་བདེན་པ་མགྱོགས་དྲགས་པས། །ཕྱི་སྒྱུ་ལུས་བྲོས་པས་ག་ལ་ཐར། །འབྲོས་ན་ནང་གི་སེམས་ཉིད་བྲོས། །སེམས་ཉིད་བྱང་ཆུབ་གནས་སུ་བྲོས། །གཞན་བྲོས་པས་ཐར་འདོད་འཁྲུལ་པ་ཡིན། །སེམས་འཁྲུལ་པ་བཤིག་ལ་འདི་རུ་སྡོད། །ད་ལྟ་ཁྱོད་ཀྱི་སྣང་བ་ལ། །འཆི་བ་སྙིང་ནས་མ་བཟོད་པའི། །རི་ཕ་རིའི་ལོགས་ནས་ཐར་དུ་རེ། །ཚུ་རིའི་ལོགས་ལ་ཟིན་གྱི་དོགས། །རེ་དོགས་ངང་ནས་འཁོར་བར་འཁྱམ། །ཁྱོད་ལ་ནཱ་རོ་ཆོས་དྲུག་གི་ཁྲིད་ཅིག་འདེབས། །ཕྱག་རྒྱ་ཆེན་པོའི་སྒོམ་ཞིག་སྟོན། །ཞེས་གསུང་ཚངས་པའི་དབྱངས་ལྟ་བུ་ཐོས་ན་སྙན་ཞིང་ཡིད་དུ་འོང་བ། འགྲོ་བ་གང་གི་རྣ་ལམ་དུ་སོང་ཡང་ཡིད་འཕྲོག་པར་བྱེད་པའི་མགུར་དེ་སྐད་གསུངས་པས། རྗེ་བཙུན་གྱི་ཐུགས་རྗེས་ཤྭ་བ་དེའི་འཇིགས་སྐྲག་དང་སྡུག་བསྔལ་ཉེ་བར་ཞི་ནས་མཆི་མ་ཁྲུལ་བཏང་སྟེ་རྗེ་བཙུན་ལ་བག་ཕབ་ནས། ན་བཟའ་ལ་ལྡག་ཅིང་རྗེ་བཙུན་གྱི་གཡོན་ཕྱོགས་སུ་ཉལ་ནས་བསྡད་འདུག་པ་ལ། རྗེ་བཙུན་གྱི་ཐུགས་དགོངས་ལ། གོང་གི་ཁྱི་སྐད་དེས་ཤྭ་བ་འདི་ལ་གནོད་ཅིང་འཚེ་བར་བྱེད་པའི་ཁྱི་ཞིག་ཡོད་ངེས་པས། ཇི་ལྟ་བུ་ཞིག་ཡོད་དམ་དགོངས་པའི་ངང་ལ། ཁྱི་མོ་དམར་མོ་རྔ་མ་ནག་པོའི་ཚོམ་བུ་བཏགས་པ་སྡེར་བཞི་ཐམས་ཅད་བྲག་གིས་གཤགས་པ། ལྕེ་དར་ཡུག་ཙམ་རྐྱོང་བ། ཞེ་སྡང་གནོད་སེམས་ཆེན་པོས་སྐད་དྲག་པོ་འདོན་ཅིང་བར་སྣང་ལ་གློག་ལྟར་འཁྱུག་པ་ཞིག་ཤྭ་བ་དེའི་རྗེས་གཅོད་ཅིང་བྱུང་བ་ལས། ཤྭ་བ་ལ་གནོད་ཅིང་འཚེ་བར་བྱེད་པ་དེ་འདི་ཡིན་པར་འདུག་སྟེ། ཁྱི་འདི་ཕྱི་སྣང་བའི་དངོས་པོ་གང་མཐོང་ཡང་དགྲར་ལངས་ཏེ་ཞེ་སྡང་གི་བསམ་པ་དང་མི་འབྲལ་བ་འདིའི་ཞེ་སྡང་འདི་ཞི་ན་ཅི་མ་རུང་སྟེ་དགོངས་ནས། ཡིད་སྐྱོ་ཤས་ཀྱིས་ཀུན་ནས་བསླངས་ཤིང་སྙིང་རྗེ་མངོན་དུ་གྱུར་པའི་མགུར་འདི་ཁྱི་མོ་ལ་གསུངས་སོ། །རྗེ་ལྷོ་བྲག་མར་པའི་ཞབས་ལ་འདུད། །སེམས་ཅན་ཞེ་སྡང་ཞི་བར་བྱིན་གྱིས་རློབས། །འགྲོ་བ་ཁྱི་ཡི་ལུས་ལ་སྤྱང་ཀིའི་གདོང་། །ཁྱི་ལུས་སྤྱང་གདོང་མི་ལའི་གླུ་ལ་ཉོན། །ཁྱོད་སྣང་བ་གང་བྱུང་དགྲར་ལངས་པས། །ཞེ་སྡང་བསམ་ངན་ཡིད་ལ་འཁྲུག །སྡིག་ཅན་ཁྱི་ཡི་ལུས་སུ་སྐྱེས། །སྡུག་བསྔལ་ལྟོགས་པའི་ངང་ལ་སྡོད། །ཉོན་མོངས་ཟུང་རྔུ་ཞི་དུས་མེད། །ནང་རང་སེམས་བཟུང་བས་མ་ཟིན་ན། །ཕྱི་གཞན་ལུས་བཟུང་བས་ཅི་ལ་ཕན། །འཛིན་ན་རང་སེམས་འཛིན་པའི་དུས་ལ་བབ། །སེམས་ཞེ་སྡང་སྤོངས་ལ་འདི་རུ་སྡོད། །ད་ལྟ་ཁྱོད་ཀྱི་སྣང་བ་ལ། །ཉོན་མོངས་ཞེ་སྡང་མ་བཟོད་པས། །རི་ཕ་རིའི་ལོགས་ནས་ཤོར་གྱི་དོགས། །ཚུ་རིའི་ལོགས་ལ་ཟིན་དུ་རེ། །རེ་དོགས་ངང་ལ་འཁོར་བར་འཁྱམ། །ཁྱོད་ལ་ནཱ་རོ་ཆོས་དྲུག་གི་ཁྲིད་ཅིག་འདེབས། །ཕྱག་རྒྱ་ཆེན་པོའི་སྒོམ་ཞིག་སྟོན། །ཞེས་གསུངས་པས། རྗེ་བཙུན་གྱི་ཐུགས་རྗེ་ཆེན་པོའི་ངང་ནས་ཚངས་པའི་དབྱངས་ཀྱིས་ཆོས་གསུངས་པ་དེས། ཁྱི་མོ་དེ་ཉིད་ཀྱི་ཞེ་སྡང་ཞི་ནས་སྐད་སྣ་ནས་འདོན་ཞིང་། རྗེ་བཙུན་ལ་མཇུག་མ་བསྒྲིལ་བ་དང་། ན་བཟའ་ནས་ལྡག་པ་སོགས་གུས་གུས་ཀྱི་ཚུལ་དུ་བྱས་ནས། རྗེ་བཙུན་གྱི་གཡས་ཕྱོགས་སུ་ལག་པ་གཉིས་ཀྱི་བར་དུ་མཚུལ་པ་བཅུག་ནས་མིག་མཆི་མ་ཉིལ་ལེ་ཤྭ་བ་དང་མ་བུའི་ཚུལ་དུ་ཉལ་ནས་འདུག་གོ། །དེ་ནས་རྗེ་བཙུན་གྱི་ཐུགས་དགོངས་ལ། སེམས་ཅན་འདི་གཉིས་ཀྱི་ཕྱི་ལ་མི་སྡིག་ཅན་ཞིག་འོང་གིན་ཡོད་ངེས་ཏེ། རྩད་ཆོད་ན་འདིར་སླེབ་སྟེ་འོང་དགོངས་པ་ལས། རེ་ཞིག་ནས་མི་ངམ་གནག་ལ་མིག་རྩ་འཁྲུག་པ། སྐྲ་ཐམས་ཅད་སྤྱི་བོར་བཅིངས་པ། ཐུ་བ་གཡས་ཟེད་དང་གཡོན་ཟེད་བྱས་པ། མགོ་སློག་ཞགས་པ་ལ་བརྒྱུས་ནས་ག་ཤ་ལ་དྲངས་པ། ལག་ན་མདའ་གཞུ་ཐོགས་ཤིང་དབུགས་ཁར་འཚངས་པ་རྔུལ་ནག་ཁྲག་ཏུ་ཞམ་མེ་བ་ཞིག་སླེབ་བྱུང་བས། ཁྱི་མོ་དང་ཤྭ་བ་རྗེ་བཙུན་གྱི་དྲུང་ན་མ་བུའི་ཚུལ་དུ་འདུག་པ་དང་། སྒོམ་ཆེན་པ་འདིས་ཁྱི་དང་ཤྭ་བ་ལ་ངན་ཞིག་བྱས་སམ་སྙམ། ཞེ་སྡང་ལངས་ཏེ་ཁོ་ན་རེ། རས་པ་དང་སྒོམ་ཆེན་པ་འདི་ཚོ་བས་ཁྱབ་ཆེ་བ་མི་འདུག་སྟེ། མཐོ་གངས་དཀར་གྱི་ལྟོངས་སུ་རི་དྭགས་གསོད་སར་སླེབ་འོང་། དམའ་རྒྱ་མཚོའི་འགྲམ་དུ་ཉ་སྲམ་གསོད་སར་སླེབ་འོང་། བར་གྲོང་ཡུལ་དུ་ཁྱེ་ཚོང་དང་འཐབ་མོ་བྱེད་སར་སླེབ་འོང་གིན་འདུག་པས། རེ་རེ་གཉིས་གཉིས་ཤི་རུང་མི་སྟོ་བ་འདུག །ཁྱོད་ཀྱིས་ངའི་ཤྭ་བ་དང་ཁྱི་མོ་བསྐྱིལ་ཐུབ་འདུག་པས། ཁྱོད་ཀྱི་རས་གོས་ཀྱིས་ངའི་མདའ་ཡང་ཨེ་ཐུབ་བལྟ་བ་ཡིན་ནོ་ཟེར་མདའ་བཀང་བྱུང་བ། ལྟོང་ནས་ཡར་སོང་བ་དང་། རྗེ་བཙུན་གྱི་ཐུགས་དགོངས་ལ་དུད་འགྲོ་མ་རིག་པའི་རང་བཞིན་དུ་གྱུར་པ་ལ་ཡང་ཆོས་བཤད་པས་གོ་ཞིང་འདུག་པས། ཁོ་མི་ལ་ཆོས་བཤད་པས་གོ་སྟེ་འོང་དགོངས་པ་དང་། ཞལ་ནས་མི་ཁྱོད་ཀྱི་མདའ་ལ་རྡེག་ལོང་འོང་གིས། དེ་བས་ངའི་གླུ་ལ་ཉོན་ལོང་ཡོད་དུ་ཆུག་ཅིག་གསུང་། ཐུགས་མཁྱེན་བརྩེ་ནུས་པ་དང་ལྡན་པའི་ངང་ནས་ཚངས་པའི་དབྱངས་ཀྱིས་ཁྱི་ར་བ་མགོན་པོ་རྡོ་རྗེ་ལ་མགུར་འདི་གསུངས་སོ། །རྗེ་གྲུབ་ཐོབ་རྣམས་ལ་གསོལ་བ་འདེབས། །དུག་ལྔ་ཞི་བར་བྱིན་གྱིས་རློབས། །འགྲོ་བ་མི་ཡི་ལུས་ལ་སྲིན་པོའི་གདོང་། །མི་ལུས་སྲིན་གདོང་མི་ལའི་གླུ་ལ་ཉོན། །མི་ལུས་རིན་ཆེན་དཀོན་གསུངས་ཏེ། །ཁྱོད་འདྲ་མཐོང་ན་དཀོན་རྒྱུ་མེད། །སྲིན་པོའི་གཟུགས་ཀྱི་སྡིག་པ་ཅན། །ངན་སོང་སྡུག་བསྔལ་ཁྱད་བསད་ནས། །ཚེ་འདིའི་འདོད་པ་སྒྲུབ་ལགས་ཀྱང་། །སྡིག་པས་འདོད་པ་མི་འགྲུབ་སྟེ། །ནང་ཞེན་པ་ལོག་ན་དངོས་གྲུབ་ཐོབ། །ཕྱི་སྣང་བ་བཏུལ་གྱིས་མི་ཐུལ་གྱིས། །ཁྱོད་རང་སེམས་འདུལ་བའི་དུས་ལ་བབ། །ཁྱོད་ཤྭ་བ་བསད་པས་མི་འགྲངས་ཏེ། །ནང་དུག་ལྔ་བསད་ན་ཅི་བསམ་འགྲུབ། །ཕྱི་དགྲ་བོ་བཏུལ་ཡང་ཇེ་མང་འགྲོ། །ནང་རང་རྒྱུད་བཏུལ་ན་དགྲ་བོ་མེད། །མི་ཚེ་སྡིག་ལ་མ་སྐྱེལ་བར། །དམ་པའི་ལྷ་ཆོས་བྱས་ན་ལེགས། །ཁྱོད་ལ་ནཱ་རོ་ཆོས་དྲུག་གི་ཁྲིད་ཅིག་འདེབས། །ཕྱག་རྒྱ་ཆེན་པོའི་སྒོམ་ཞིག་སྟོན། །ཞེས་གསུངས་པའི་བར་ལ་ཉན་ཞིང་བསྡད་འདུག་སྟེ། ཁོའི་བསམ་པ་ལ་ཚིག་དེ་རྣམས་རང་ལ་ངེས་པ་ཆེར་མེད་དེ། ཁྱི་དང་ཤྭ་བ་འདི་གཉིས་སྔར་ཡིན་ན་ཞེ་སྡང་དང་འཇིགས་སྐྲག་གིས་མཐོང་གླགས་མེད་པ་ཡིན་པ་ལ། དེ་རིང་ཁོའི་གཡས་གཡོན་ན་ཕན་ཚུན་མ་བུའི་ཚུལ་དུ་བསྡད་འདུག་ཅིང་། ང་རང་གི་ཡང་དགུན་གངས་དཀར་གྱི་ལྟོངས་སུ་ཡང་མདའ་ས་ལ་འགྲིལ་མ་མྱོང་བ་ལ་ད་ལན་རང་དབང་མེད་པར་འགྲིལ་སོང་བས། འདི་ཡང་ན་ངན་སྔགས་མཁན་ཞིག་ཡིན་པར་འདུག །ཡང་ན་བླ་མ་ཁྱད་པར་ཅན་ཞིག་ཡིན་པར་འདུག་པས། སྤྱོད་ལམ་ལ་བརྟག་དགོས་སྙམ་ནས། སྒྲུབ་ཕུག་གི་ནང་དུ་ཕྱིན་ནས་བལྟས་པས། སྔོའི་རྩ་བ་དང་ཁ་ལོ་མིན་པ་འཚོ་བ་དང་ཡོ་བྱད་ཅི་ཡང་མི་འདུག་པ་ལ། དད་པ་དུང་དུང་བ་ཞིག་སྐྱེས་ནས། བླ་མ་ལགས་ཁྱེད་ཀྱི་བླ་མ་དང་དམ་ཆོས་ཉམས་ལེན་རྣམས་ཇི་སྐད་བྱ་བ་ཡིན། གནས་དང་གྲོགས་ལོངས་སྤྱོད་རྣམས་ཅི་འདྲ་ཡོད། བདག་ཀྱང་འཐད་པ་ཞིག་བྱུང་ན་ཤ་བ་འདིའི་སྲོག་ཕུལ་ནས། བླ་མ་ཁྱེད་ཀྱི་ཕྱག་ཕྱིར་འབྲང་པ་ལགས་ཞུས་པས། རྗེ་བཙུན་གྱི་ཞལ་ནས། ངའི་གནས་དང་གྲོགས་རྣམས་འདི་ལྟར་ཡིན་པས་ངའི་ཕྱིར་འབྲང་ནུས་ན་ཤོག་ཅིག་གསུང་། ཁྱི་ར་བ་མགོན་པོ་རྡོ་རྗེ་ལ་མགུར་འདི་གསུངས་སོ། །བླ་མ་ཏཻ་ལོ་དང་ནཱ་རོ་མར་པ་གསུམ། །དེ་གསུམ་མི་ལའི་བླ་མ་ཡིན། །བླ་མ་འདི་གསུམ་གྱིས་འོང་ན་རས་པའི་ཕྱི་ལ་ཤོག །བླ་མ་ཡི་དམ་མཁའ་འགྲོ་གསུམ། །འདི་གསུམ་མི་ལའི་མཆོད་གནས་ཡིན། །མཆོད་གནས་དེ་གསུམ་གྱིས་ཆོག་ན་རས་པའི་ཕྱི་ལ་ཤོག །སངས་རྒྱས་ཆོས་དང་དགེ་འདུན་གསུམ། །དེ་གསུམ་མི་ལའི་སྐྱབས་གནས་ཡིན། །སྐྱབས་གནས་འདི་གསུམ་གྱིས་འོང་ན་རས་པའི་ཕྱི་ལ་ཤོག །ལྟ་བ་སྒོམ་པ་སྤྱོད་པ་གསུམ། །དེ་གསུམ་མི་ལའི་ཉམས་ལེན་ཡིན། །ཉམས་ལེན་འདི་གསུམ་གྱིས་འོང་ན་རས་པའི་ཕྱི་ལ་ཤོག །གཡའ་རི་དང་གངས་རི་རྫ་རི་གསུམ། །འདི་གསུམ་མི་ལའི་སྒྲུབ་གནས་ཡིན། །སྒྲུབ་གནས་དེ་གསུམ་གྱིས་འོང་ན་རས་པའི་ཕྱི་ལ་ཤོག །ཤྭ་བ་དགོ་བ་གནའ་བ་གསུམ། །འདི་གསུམ་མི་ལའི་སྒོ་ཕྱུགས་ཡིན། །ཕྱུགས་དེ་གསུམ་གྱིས་འོང་ན་རས་པའི་ཕྱི་ལ་ཤོག །གཡི་དང་འཕར་བ་སྤྱང་ཀི་གསུམ། །འདི་གསུམ་མི་ལའི་སྒོ་ཁྱི་ཡིན། །སྒོ་ཁྱི་དེ་གསུམ་གྱིས་འོང་ན་རས་པའི་ཕྱི་ལ་ཤོག །བྱ་འཇོལ་མོ་གོང་མོ་རྒོད་པོ་གསུམ། །དེ་གསུམ་མི་ལའི་ཁྱིམ་བྱ་ཡིན། །ཁྱིམ་བྱ་དེ་གསུམ་གྱིས་འོང་ན་རས་པའི་ཕྱི་ལ་ཤོག །ཉི་མ་ཟླ་བ་སྐར་མ་གསུམ། །འདི་གསུམ་མི་ལའི་སྤྱན་གཟིགས་ཡིན། །སྤྱན་གཟིགས་འདི་གསུམ་གྱིས་འོང་ན་རས་པ་ཕྱི་ལ་ཤོག །ལྷ་དང་འདྲེ་དང་དྲང་སྲོང་གསུམ། །འདི་གསུམ་མི་ལའི་ཁྱིམ་མཚེས་ཡིན། །ཁྱིམ་མཚེས་འདི་གསུམ་གྱིས་འོང་ན་རས་པའི་ཕྱི་ལ་ཤོག །སྤྲ་དང་སྤྲེའུ་མི་དྲེད་གསུམ། །འདི་གསུམ་མི་ལའི་རྩེད་གྲོགས་ཡིན། །རྩེད་གྲོགས་འདི་གསུམ་གྱིས་འོང་ན་རས་པའི་ཕྱི་ལ་ཤོག །བདེ་དང་གསལ་དང་མི་རྟོག་གསུམ། །འདི་གསུམ་མི་ལའི་སྐྱོ་གྲོགས་ཡིན། །སྐྱོ་གྲོགས་འདི་གསུམ་གྱིས་འོང་ན་རས་པའི་ཕྱི་ལ་ཤོག །ཟ་དང་རུག་པ་ཐུལ་བ་གསུམ། །འདི་གསུམ་མི་ལའི་ཁ་ཟས་ཡིན། །ཟས་འདི་གསུམ་གྱིས་འོང་ན་རས་པའི་ཕྱི་ལ་ཤོག །གཡའ་ཆུ་གངས་ཆུ་རྫ་ཆུ་གསུམ། །འདི་གསུམ་མི་ལའི་བཏུང་ཆུ་ཡིན། །བཏུང་ཆུ་འདི་གསུམ་གྱིས་འོང་ན་རས་པའི་ཕྱི་ལ་ཤོག །རྩ་དང་རླུང་དང་ཐིག་ལེ་གསུམ། །འདི་གསུམ་མི་ལའི་གྱོན་རྒྱུ་ཡིན། །གོས་འདི་གསུམ་གྱིས་འོང་ན་རས་པའི་ཕྱི་ལ་ཤོག །ཅེས་གསུངས་པས། ཁོའི་བསམ་པ་ལ་མཛད་སྤྱོད་གསུང་ལུགས་མཐུན་པར་འདུག་སྙམ། དད་པ་ལྷག་པར་སྐྱེས། མཆི་མ་ལྷུག་པར་ཤོར། ཕྱག་བཙལ་ཞབས་སྤྱི་བོར་བླངས་ཏེ། རྗེ་བཙུན་རིན་པོ་ཆེ་ལ་ཤྭ་བ་དང་ཁྱི་མོ་མདའ་གཞུ་དགོ་སློག་ཞགས་པ་རྣམས་འབུལ་བར་ཕུལ་ནས། དངོས་པོ་འདི་རྣམས་ཀྱང་བླ་མ་ལ་འབུལ། བདག་དང་ཁྱི་མོ་འདིས་ཀྱང་སྔར་སྡིག་པ་མང་པོ་བྱས། ད་ཕྱིན་ཆད་སྡིག་པ་མི་བགྱིད་པས། ཁྱི་མོ་གློག་སྤྱང་དམར་མོ་འདི་མཐོ་རིས་ཀྱི་གནས་སུ་འདྲེན་པར་ཞུ། ཤྭ་བ་ནག་པོ་འདི་བདེ་ཆེན་གྱི་ལམ་ལ་དྲང་དུ་གསོལ། བདག་ཁྱི་ར་བ་མགོན་པོ་རྡོ་རྗེ་ལ་ཡང་ཆོས་གནང་ནས་ཐར་པའི་ལམ་ལ་དྲང་དུ་གསོལ། ཞེས་ཞུ་དོན་འདི་ལྟར་གླུར་ཕུལ་བ། ངའི་གཡས་ན་འདུག་པའི་ཤྭ་བ་ནག་པོ་དུང་རུའི་ཁ་རྒྱན་ཅན། །འདི་བསད་ན་ཞག་བདུན་གྱི་མུ་གེ་སེལ་ཙམ་གདའ་ལགས་ཏེ། །འདི་མི་བདག་ལ་མི་དགོས་བླ་མ་ཁྱེད་ལ་འབུལ། །ཤྭ་བ་ནག་པོ་བདེ་ཆེན་ལམ་ལ་དྲང་དུ་གསོལ། །གློག་སྤྱང་དམར་མོ་བྱང་ཆུབ་ལམ་ལ་དྲང་དུ་གསོལ། །མགོན་པོ་རྡོ་རྗེ་ཐར་པའི་གནས་སུ་དྲང་དུ་གསོལ། །གཡོན་ན་འདུག་པའི་ཁྱི་མོ་གློག་སྤྱང་དམར་མོ་འདི། །བཏང་ན་ནམ་མཁའི་བྱ་ཡང་ཟིན་ཙམ་གདའ་ལགས་ཏེ། །འདི་མི་ང་ལ་མི་དགོས་བླ་མ་ཁྱེད་ལ་འབུལ། །ཤྭ་བ་ནག་པོ་བདེ་ཆེན་གནས་སུ་དྲང་དུ་གསོལ། །གློག་སྤྱང་དམར་མོ་བྱང་ཆུབ་ལམ་ལ་དྲང་དུ་གསོལ། །མགོན་པོ་རྡོ་རྗེ་ཐར་པའི་གནས་སུ་དྲང་དུ་གསོལ། །ཞགས་པ་ནག་པོ་ཨ་ལོང་གི་ཁ་རྒྱན་ཅན། །འདིས་བཀྱིག་ན་བྱང་ཁའི་འབྲོང་ཡང་ཐུབ་ཙམ་གདའ་ལགས་ཏེ། །འདི་མི་ང་ལ་མི་དགོས་བླ་མ་ཁྱེད་ལ་འབུལ། །ཤྭ་བ་ནག་པོ་བདེ་ཆེན་གནས་སུ་དྲང་དུ་གསོལ། །གློག་སྤྱང་དམར་མོ་བྱང་ཆུབ་ལམ་ལ་དྲང་དུ་གསོལ། །མགོན་པོ་རྡོ་རྗེ་ཐར་པའི་གནས་སུ་དྲང་དུ་གསོལ། །དགོ་སློག་ཏིམ་པའི་ཁ་རྒྱན་ཅན། །འདི་གྱོན་ན་གངས་དཀར་གྱི་ལྟོངས་སུ་ཡང་དྲོས་ལགས་ཏེ། །འདི་མི་ང་ལ་མི་དགོས་བླ་མ་ཁྱེད་ལ་འབུལ། །ཤྭ་བ་ནག་པོ་བདེ་ཆེན་གནས་སུ་དྲང་དུ་གསོལ། །གློག་སྤྱང་དམར་མོ་བྱང་ཆུབ་ལམ་ལ་དྲང་དུ་གསོལ། །མགོན་པོ་རྡོ་རྗེ་ཐར་པའི་གནས་སུ་དྲང་དུ་གསོལ། །ང་ཡི་ལག་པ་གཡས་ན་བཟུང་བའི་ཉག་ཕྲན་མདའ། །སྒྲོ་བཞི་མཚལ་གྱི་ཁ་རྒྱན་ཅན། །འདི་བརྒྱབ་ན་གང་ཕོག་ཕིགས་ཙམ་གདའ་ལགས་ཏེ། །འདི་མི་ང་ལ་མི་དགོས་བླ་མ་ཁྱེད་ལ་འབུལ། །ཤྭ་བ་ནག་པོ་བདེ་ཆེན་གནས་སུ་དྲང་དུ་གསོལ། །གློག་སྤྱང་དམར་མོ་བྱང་ཆུབ་ལམ་ལ་དྲང་དུ་གསོལ། །མགོན་པོ་རྡོ་རྗེ་ཐར་པའི་གནས་སུ་དྲང་དུ་གསོལ། །གཡོན་ན་བཟུང་བའི་མཆོག་དཀར་གྱི་གཞུ། །རྒྱ་རྒྱུད་གྲོ་གའི་ཁ་རྒྱན་ཅན། །འདི་བརྡུངས་ན་གནམ་གྱི་འབྲུག་ཀྱང་ལྡིར་ཙམ་གདའ་ལགས་ཏེ། །འདི་མི་ང་ལ་མི་དགོས་བླ་མ་ཁྱེད་ལ་འབུལ། །ཤྭ་བ་ནག་པོ་བདེ་ཆེན་གནས་སུ་དྲང་དུ་གསོལ། །གློག་སྤྱང་དམར་མོ་བྱང་ཆུབ་ལམ་ལ་དྲང་དུ་གསོལ། །མགོན་པོ་རྡོ་རྗེ་ཐར་པའི་གནས་སུ་དྲང་དུ་གསོལ། །ཞེས་གསོལ་བ་བཏབ། ཤྭ་བའི་སྲོག་དང་ཁྱི་མོ་ལ་སོགས་པའི་འབུལ་བ་རྣམས་ཕུལ་ནས། བླ་མ་ལགས་བདག་ཀྱང་ཕྱག་ཕྱིར་འབྲང་བར་ཞུ་ལགས། བུ་སྨད་རྣམས་ཀྱི་ལག་ནས་འཚོ་རྒྱགས་བླངས་ནས་འོང་བས། བླ་མ་གནས་འདི་རང་དུ་བཞུགས་སམ། གང་དུ་བཞུགས་ཀྱི་གསལ་ཆ་ཞིག་གནང་བར་ཞུ་ཞུས་པས། རྗེ་བཙུན་ཡང་ཤྭ་བའི་སྲོག་ཕུལ་བ་དང་། ཁོ་རང་བློ་ཆོས་ལ་འགྱུར་བ་ལ་ཐུགས་མཉེས་ནས། ཁྱི་ར་བ་ལ་བུ་སྡིག་པ་སྤངས་ནས་དགེ་བ་བསྒྲུབ་པ་ངོ་མཚར་ཆེ། ཕྱིས་གང་སྡོད་ཀྱི་སར་འོང་རུང་བསམ་པ་ཐོག་ཏུ་ཁེལ་བ་དཀའ་ཞིང་། ཐོག་ཏུ་ཁེལ་རུང་ང་གནས་ངེས་མེད་ལ་སྡོད་པས་རྙེད་པར་ཡང་དཀའ་བས་དེ་བས་ཆོས་བྱེད་ན་བུ་སྨད་ཀྱི་འཁྲི་བ་ཆོད་ལ། ད་ལྟ་རང་ངའི་ཕྱི་བཞིན་ཆོས་ལ་ཕྱིན་ན་ལེགས། ང་གནས་ངེས་མེད་འགྲིམ་པའི་རྒྱུ་མཚན་འདི་ལྟར་ཡིན་གསུང་མགུར་འདི་གསུངས་སོ། །ཕོ་ཡ་མཚན་ཅན་རི་ཁྲོད་ཀྱི་རས་པ་ང་། །དབྱར་ཟླ་གསུམ་རི་ཁྲོད་ཀྱི་གངས་ལ་སྒོམ། །ཁམས་རྨུགས་པ་སངས་བའི་རླུང་དང་ཡིན། །སྟོན་ཟླ་གསུམ་རོ་སྙོམས་ལྡོམ་བུ་བྱེད། །ལུས་འབྱུང་བཞི་གསོ་བའི་འབྲུ་ཙམ་མེད། །དགུན་ཟླ་གསུམ་ནགས་མའི་གསེབ་ཏུ་སྒོམ། །རླུང་གདུག་རྩུབ་ཅན་ངར་མའི་སྒྲིབ་ཡོལ་ཡིན། །དཔྱིད་ཟླ་གསུམ་གཡའ་དང་སྤང་ལ་སྡོད། །རླུང་བད་ཀུན་མཁྲིས་པའི་བཅག་ས་ཡིན། །དབྱར་དགུན་མེད་པར་སྒོམ་ལ་ཡེངས་མེད་བརྩོན། །ལུས་འབྱུང་བཞི་འཇིག་པའི་སྡུག་ཚིས་ཡིན། །དུས་རྒྱུན་དུ་ཡེངས་མེད་བྱ་ར་གཏོང་། །ཉོན་མོངས་དུག་ལྔའི་འཇོམས་ཐབས་ཡིན། །འཚོ་བ་གང་བྱུང་ཟ་བ་དེ། །འདོད་སྲེད་ཆུང་བའི་སྐྱིད་རྟགས་ཡིན། །དུས་རྒྱུན་དུ་ཆོས་ལ་འབད་པ་དེ། །རྣལ་འབྱོར་བརྩོན་འགྲུས་ཆེ་བ་ཡིན། །ཞེས་གསུངས་པས། ཁྱི་ར་བ་ན་རེ། བླ་མ་དེ་ལྟར་ཡིན་པ་ངོ་མཚར་ཆེ་བདག་སྙིང་ནས་ཆོས་ཤིག་བྱེད་པ་ལ། བུ་སྨད་རྣམས་ལའང་ཁ་ཏ་ཞིག་བགྱིད། ཆོས་རྒྱགས་ཤིག་ཀྱང་ཁྱེར་ནས་མྱུར་དུ་འོང་བ་ལགས་པས། དེ་བར་འདི་ཁར་བཞུགས་པར་ཞུ་ཟེར་བ་ལ། རྗེ་བཙུན་གྱི་ཞལ་ནས་ཁྱོད་སྙིང་ནས་ཆོས་བྱེད་ན། བུ་སྨད་དང་ཕྲད་དོན་ཡང་མེད། སྡུག་ཁུར་བྱས་ནས་ཆོས་བྱེད་པ་ལ་ཆོས་རྒྱགས་ལོགས་པ་ཞིག་མི་དགོས། སྔོ་དང་ཤིང་གི་འབྲས་བུ་ལ་སོགས་ཏེ་དཀའ་ཐུབ་ཀྱི་རྫས་ཀྱིས་ཆོག་པ་ཡིན། མི་ཚེ་ནམ་འཆི་ཆ་མེད་ཡིན་ཞིང་ད་ལྟའི་བསམ་པ་བཟང་པོ་འདི་འགྱུར་ཉེན་ཡོད་པས། ད་ལྟ་རང་ནས་འདིར་སྡོད། བུ་སྨད་ལ་ཁ་ཏ་བྱེད་པའི་ཐོག་མར་ངས་ཁྱོད་རང་ལ་ཁ་ཏ་ཞིག་བྱེད་པས་འདི་ལ་ཉོན་གསུང་མགུར་འདི་གསུངས་སོ། །འོ་ན་ཉོན་དང་གསོན་དང་ཁྱི་ར་བ། །འབྲུག་འུར་སྒྲ་ཆེ་ཡང་སྟོང་སྒྲ་ཡིན། །འཇའ་ཁ་དོག་ལེགས་ཀྱང་ཡལ་ནས་འགྲོ། །འཇིག་རྟེན་ཉམས་སུ་དགའ་ཡང་རྨི་ལམ་ཙམ། །འདོད་ཡོན་བདེ་བ་ཆེ་ཡང་སྡིག་པའི་རྒྱུ། །འདུས་བྱས་རྟག་རྟག་འདྲ་ཡང་མྱུར་དུ་འཇིག །རྫས་ཁ་སང་ཡོད་པ་དེ་རིང་མེད། །མི་ན་ནིང་ཡོད་པ་ད་ལོ་ཤི། །གྲོགས་བཟང་པོ་ཡོད་པ་དགྲ་རུ་ལྡང་། །ཟས་ཕན་པར་ཟོས་པ་དུག་ཏུ་འགྲོ། །དྲིན་བཟང་པོས་བསྐྱངས་པ་ཁ་གྱོང་ཆེ། །སྡིག་རང་གིས་བྱས་པ་རང་ལ་གནོད། །ཁྱོད་མགོ་བརྒྱའི་ནང་ནས་རང་མགོ་གཅེས། །ཕྱག་སོར་མོ་བཅུ་ལ་གང་བཅད་ཚ། །བཟའ་མང་ནང་ནས་རང་ཉིད་གཅེས། །རང་མགོ་འདོན་པའི་དུས་ལ་བབ། །ཚེ་འདི་མི་རྟག་མྱུར་དུ་འཆི། །ཆོས་ལ་ཕྱི་བཤོལ་བྱར་མི་རུང་། །བརྩེ་བའི་གཉེན་གྱིས་འཁོར་བར་འཕེན། །བླ་མ་བསྟེན་པའི་དུས་ལ་བབ། །ཚེ་འདི་རུ་བདེ་ལ་ཕྱི་མར་སྐྱིད། །དམ་ཆོས་བྱེད་པའི་དུས་ལ་བབ། །ཅེས་གསུངས་པས། ཁྱི་ར་བ་མགོན་པོ་རྡོ་རྗེ་ཡང་བློ་ཕྱིན་ཅི་མ་ལོག་པར་དམ་པའི་ཆོས་ལ་འགྱུར་ནས། མ་སྨད་ཀྱི་སར་མ་ཕྱིན་པར་ཁྲིད་ཞུས་ནས་བསྒོམས་པས་ཉམས་ཅུང་ཟད་སྐྱེས་པ་རྣམས་རྗེ་བཙུན་ལ་ཕུལ་ཏེ། ད་དུང་ཉམས་སུ་ལེན་ལུགས་ཀྱི་གདམས་ངག་ཐུགས་རྗེས་འཛིན་པར་ཞུ་ཞེས་ཞུས་པས། རྗེ་བཙུན་མཉེས་ཏེ་ཡོན་ཏན་གྱི་མགོ་མ་སྐྱེས་འདུག །ད་ཉམས་སུ་ལེན་ལུགས་འདི་ལྟར་བགྱིས་ཤིག་གསུངས་ནས་མགུར་འདི་གསུངས་སོ། །བླ་མ་དམ་པ་བསྟེན་པ་ལ། །གསོལ་བ་སྙིང་ནས་ཡང་ཡང་ཐོབ། །ཡི་དམ་མཁའ་འགྲོ་སྒོམ་པའི་ཚེ། །བསྐྱེད་རིམ་ཡང་ཡང་གསལ་འདེབས་གྱིས། །འཆི་བ་མི་རྟག་སྒོམ་པའི་ཚེ། །ནམ་འཆི་ཆ་མེད་ཡང་ཡང་སོམས། །ཕྱག་རྒྱ་ཆེན་པོ་སྒོམ་པའི་ཚེ། །ཆུང་དུ་ཆུང་དུ་ཡང་ཡང་སྒོམས། །སེམས་ཅན་ཕ་མར་སྒོམ་པའི་ཚེ། །ཡང་ཡང་དྲིན་ལན་དྲན་པར་གྱིས། །སྙན་བརྒྱུད་ཟབ་མོ་སྒོམ་པའི་ཚེ། །སྙིང་ལ་རུས་པ་ཐོན་པར་གྱིས། །དམ་ཆོས་མཐའ་རུ་འདོན་པའི་ཚེ། །མཐོ་དམན་མེད་པར་ན་རེ་སྐྱོངས། །ཆོས་དང་ཨེ་མཐུན་བལྟ་བའི་ཚེ། །རྩབ་རྩུབ་མེད་པར་གཅིག་ལ་དྲིལ། །སོ་ནམ་ལྷ་ཆོས་བྱེད་པ་ལ། །འཇིག་རྟེན་བྱ་བ་ཐམས་ཅད་ཐོངས། །འཚོ་བ་ལྷ་ཡིས་སྦྱོར་བ་ལ། །སྡུག་གསོག་བྱས་པས་ཁ་ན་མེད། །སེར་སྣས་བསགས་ན་མི་འཕེལ་བ། །མཁའ་འགྲོ་སྤྱི་ཡི་དམ་ཚིག་ཡིན། །དེ་ཕྱིར་ཕྱིས་ཀྱི་བསམ་སྦྱོར་བོར། །དེ་ཕྱིར་ཚེ་འདི་བློ་ཡིས་ཐོངས། །ཞེས་གསུངས་ནས། དབང་དང་གདམས་ངག་མཐའ་དག་རྫོགས་པར་གནང་ནས་བསྒོམས་པས། ཉམས་རྟོགས་མཐར་ཕྱིན་པ་ཁྱི་ར་རས་པ་ཞེས་བྱ་བ་ཐུགས་ཀྱི་སྲས་ཤིག་བྱུང་ངོ་། །ཁྱི་དང་ཤྭ་བ་ཡང་དེ་ནས་བཟུང་སྟེ་ངན་སོང་གི་སྡུག་བསྔལ་ལས་གྲོལ་བ་ཡིན་ནོ། །ཕུག་པ་དེ་ན་ཁྱི་ར་བས་ཕུལ་བའི་མདའ་གཞུ་ཡང་དུས་ད་ལྟའི་བར་དུ་ཡོད་པར་གྲགས་སྐད། གཉི་ཤང་འགུར་རྟ་རུ་ཐུགས་སྲས་ཁྱི་ར་རས་པ་དང་མཇལ་བའི་སྐོར་རོ།། །།


༈ ན་མོ་གུ་རུ། རྗེ་བཙུན་མི་ལ་རས་པ་དེ་ཉིད་མོན་ཡུལ་གཉི་ཤང་གི་རི་ཀ་ཏྱའི་ཕུག་ན་གསུང་བཅད་དེ། ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ་བཞུགས་པའི་ཚེ། ཡང་གཉི་ཤང་གི་ཁྱི་ར་བ་འགའ་བྱུང་བ་རྣམས་ཀྱིས་རྗེ་བཙུན་གསུང་བཅད་ནས་ལྟ་སྟངས་ལ་བཞུགས་པ་མཐོང་བས་ཁོང་རྣམས་ཐེ་ཚོམ་ཟོས་ནས་འཇིགས་ཏེ། རེ་ཞིག་ཀུན་བྲོས་སོང་བ་སླར་ཡང་འོངས་ནས་གཞུ་མཆོག་བཙུགས་ཏེ་ཁྱོད་མི་ཡིན་ནམ་འདྲེ་ཡིན། མི་ཡིན་ན་ཚོད་ལྟ་བ་ཡིན་པ་འདྲ་མང་དུ་ཟེར་བ་ལ། རྗེ་བཙུན་གྱིས་གསུང་མ་གནང་བར་ལྟ་ལྟངས་ངང་ལ་བཞུགས་པས། ཁོང་རྣམས་ཀྱིས་ཐོག་མར་དུག་མདའ་མང་པོ་བརྒྱབ་པས་ཀྱང་མ་ཕུག །དེ་རྗེས་གཅོང་ལ་སྐྱུར་གྲབས་བྱས་པས་སྐུ་གཡོ་བསྒུལ་མ་ནུས་པས་མཐའ་མ་མེས་བསྐོར་བསྲེགས་ཀྱང་མ་ཚིག །བྲག་གི་རྩ་བ་ན་ཆུ་ཀླུང་ཆེན་པོ་འབབ་པའི་གཡང་ལ་བསྐྱུར་བས། སྐྱིལ་ཀྲུང་བཅས་ནས་ཆུ་ལ་མ་རེག་ཙམ་དུ་ཐོན་ནས་ཆུ་བོའི་གཞུང་ལ་ཡར་བྱོན་ཏེ། སླར་ཡང་གྱེན་དུ་འཕུར་ནས་སྔར་གྱི་སར་ཕེབས་ཏེ་གསུང་མ་གནང་བའི་ངང་ལ་བཞུགས་པས། ཀུན་ཡ་མཚན་བཞིན་ལོག་སོང་བ་རྣམས་ཀྱིས་རི་ཕུག་ཅིག་ན་མི་འདི་འདྲ་བ་ཞིག་འདུག་ཅེས་བསྒྲགས་པས། ཁྱི་ར་རས་པས་ཐོས་ནས་དེ་མིའི་ནང་ནས་ཀྱང་བོད་ཀྱི་ཛོ་ཀི་བཟང་ངེས་པ་ངའི་བླ་མ་དེ་ཡིན། མཛད་སྤྱོད་དེ་རྣམས་གྲུབ་པ་ཐོབ་པའི་རྟགས་ཡིན། དུད་འགྲོ་ལ་ཡང་སྒོམ་ཐེབས་ཀྱིན་ཡོད་ཅེས་ཁོ་རང་གི་ཁྱི་དང་ཤྭ་བ་ལ་སྒོམ་བཏབ་པ་དང་། ཁོ་རང་ཆོས་བྱེད་པའི་ལོ་རྒྱུས་རྣམས་བསྒྲགས་པས། ཀུན་དད་ཅིང་གུས་པར་གྱུར་ཏེ། རྗེ་བཙུན་གྱི་སྙན་གྲགས་ཀྱིས་བལ་ཡུལ་ཀུན་གང་བར་གྱུར་བ་ལས། ཡེ་རང་དང་ཁོ་ཁོམ་གྱི་རྒྱལ་པོ་ཞིག་ཡོད་པ་དེས་ཀྱང་རྗེ་བཙུན་གྱི་སྙན་པ་ཐོས་ནས་ཡ་མཚན་ཞིང་དད་པ་དང་གུས་པར་གྱུར་ཏོ། །དེའི་ཚེ་ཁོ་ཁོམ་རྒྱལ་པོ་ལ་སྒྲོལ་མས་ཁྱོད་ཀྱི་མཛོད་ན་འདུག་པའི་ཀཱ་ཤི་ཀའི་རས་ཡུག་དེ་དང་ཨ་རུ་ར་རྣམ་རྒྱལ་དེ། བལ་པོ་ལྷོ་ཕྱོགས་ཀྱི་རི་གཉི་ཤང་ཀ་ཏྱའི་ཕུག་པ་ན། བོད་ཀྱི་རྣལ་འབྱོར་པ་ས་བཅུའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཞིག་བཞུགས་པས་དེ་ལ་ཕུལ་ཞིག །འདི་ཕྱིའི་དོན་ཆེན་པོར་འགྱུར་བ་ཡོད་དོ་བྱ་བའི་ལུང་བསྟན་བྱུང་བས། རྒྱལ་པོས་ཀྱང་མི་བོད་སྐད་ཤེས་པ་ཞིག་བལྟར་བཏང་བས་རྗེ་བཙུན་དང་མཇལ་ཏེ། དེས་རྗེ་བཙུན་གྱི་ཚེ་འདི་བློས་བཏང་བའི་མཛད་སྤྱོད་ཐམས་ཅད་མཐོང་བ་ལ་ངོ་མཚར་སྐྱེས་ཏེ། དད་པར་གྱུར་ནས་ཕལ་ཆེར་མི་ལ་ཡིན་པར་འདུག་སྟེ། འོན་ཀྱང་ཐག་གཅོད་བྱེད་དགོས་སྙམ། གུ་རུ་ཁྱོད་སུ་ཇི་སྐད་བྱ་བ་ཡིན། བཟའ་བཏུང་ཡེ་མེད་པ་འདི་ལ་སྡུག་ཏུ་མི་འོང་འདུག་གམ། ཡོ་བྱད་གང་ཡང་མེད་པ་བྱས་པ་ལ་དགོས་པ་ཅི་ཡོད་ཅེས་ཞུས་པས། རྗེ་བཙུན་གྱིས་ང་བོད་ཀྱི་མི་ལ་རས་པ་ཞེས་བྱ་བ་རྣལ་འབྱོར་པ་ཞིག་ཡིན། ཡོ་བྱད་མེད་པ་ལ་སྡུག་བསྔལ་མེད་ལུགས་ཀྱི་དགོས་པ་འདི་འདྲ་ཡོད་ཅེས་མགུར་འདི་གསུངས་སོ། །རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ང་མི་ལ་རས་པ་ཞེས་བྱ་ཡིན། །དེང་སང་ནོར་ལ་འདོད་པ་མེད། །ཟང་ཟིང་ཚགས་སུ་མི་འཚལ་ཏེ། །དང་པོ་གསོག་སྒྲུབ་སྡུག་བསྔལ་མེད། །བར་དུ་སྲུང་སྐྱོབ་སྡུག་བསྔལ་མེད། །ཐ་མར་ཆགས་ཞེན་སྡུག་བསྔལ་མེད། །ལར་དུ་མེད་ཅིང་མེད་དེ་ལེགས། །དེང་སང་གཉེན་གྲོགས་ཀྱི་འདོད་པ་མེད། །བྱམས་སྡུག་འཁོར་དུ་མ་འཚལ་ཏེ། །དང་པོ་སེམས་འཛིན་སྡུག་བསྔལ་བྲལ། །བར་དུ་ཁ་ལན་སྡུག་བསྔལ་བྲལ། །ཐ་མར་འབྲལ་བའི་སྡུག་བསྔལ་མེད། །བྱམས་སྡུག་ལེགས་པོ་མེད་དེ་ལེགས། །དེང་སང་ཁེ་གྲགས་མི་འདོད་པས། །གཏམ་སྙན་ཐོས་སུ་མ་འཚལ་ཏེ། །དང་པོ་རྩོལ་སྒྲུབ་སྡུག་བསྔལ་བྲལ། །བར་དུ་འཚག་དཀའི་སྡུག་བསྔལ་མེད། །ཐ་མར་ཉམས་ཀྱི་དོགས་པ་མེད། །གཏམ་སྙན་ལེགས་པོ་མེད་དེ་བདེ། །དེང་སང་ཡུལ་ལ་འདོད་པ་མེད། །སྡོད་ས་ངེས་སུ་མ་འཚལ་ཏེ། །དང་པོ་ཕྱོགས་འཛིན་སྡུག་བསྔལ་མེད། །བར་དུ་ཡུལ་སྲེད་སྡུག་བསྔལ་མེད། །ཐ་མར་ངོ་བསྲུང་སྡུག་བསྔལ་མེད། །སྡོད་ས་ངེས་པ་མེད་དེ་ལེགས། །ཞེས་གསུངས་པས། ཁོ་དད་བཞིན་རྒྱལ་པོའི་དྲུང་དུ་ཕྱིན་ནས་མི་ལ་རས་པ་འདི་ལྟར་དུ་འདུག་གོ་ཞེས་ལོ་རྒྱུས་རྣམས་རྒྱས་པར་ཕུལ་བས། རྒྱལ་པོ་ཡང་དད་ཅིང་གུས་པར་གྱུར་ནས། མི་ལ་རས་པ་དེ་སྤྱན་འདྲོངས་སམ་ལྟོས་ཤོག །མི་འདྲོངས་ན་འདི་གཉིས་ཕུལ་ཅིག་གསུང་ཀཱ་ཤི་ཀའི་རས་དང་ཨ་རུ་ར་རྣམ་རྒྱལ་བསྐུར་ཏེ་བཏང་བས། རྗེ་བཙུན་དང་མཇལ་ནས་ཁོ་ཁོམ་དང་ཡེ་རང་ན་ཆོས་རྒྱལ་གཅིག་བཞུགས་པ་དེས་ང་བོད་ཀྱི་ཛོ་ཀི་སྤྱན་འདྲེན་དུ་བཏང་བ་ཡིན་པས་འབྱོན་དགོས་ཞུས་པས། རྗེ་བཙུན་གྱི་ཞལ་ནས། ང་སྤྱིར་ཡང་གྲོང་ཡུལ་དུ་ཕྱིན་ནས་མིའི་ངོ་འཛིན་མི་བྱེད་དེ། ཁྱད་པར་རྒྱལ་པོའི་ངོ་ངས་མི་འཛིན། བཟའ་བཏུང་གི་ལོངས་སྤྱོད་བཟང་པོ་ང་མི་འདོད། ཆོས་བྱེད་ཀྱི་གང་ཟག་ལྟོགས་གྲི་དང་འཁྱགས་གྲིར་ཤི་བའི་གཏམ་དང་ལོ་རྒྱུས་མེད། རྒྱལ་པོ་བརྟེན་པའི་མི་དེས་བླ་མ་བོར་འོང་། ང་ལྷོ་བྲག་མར་པའི་བཀའ་བཞིན་བསྒྲུབས་པས་མི་འགྲོ། ཁྱོད་རང་ལོག་ལ་སོང་གསུངས་པས། ཁོ་ན་རེ་རྒྱལ་པོ་ཆེན་པོ་ཞིག་གིས་ཛོ་ཀི་མི་གཅིག་འབོད་པ་ལ་མི་གཅིག་རྐང་བཙུགས་ནས་འོངས་པ་ཡིན་ཕྱིན་པ་དྲག་གམ་ཟེར་བས། རྗེ་བཙུན་གྱི་ཞལ་ནས་ང་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆེན་པོ་ཡིན། ང་ལས་སྐྱིད་པ་དང་བཙན་ཕྱུག་འཛོམ་པའི་རྒྱལ་པོ་མེད་ཅེས་གསུངས་པས། ཁོ་ན་རེ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་རྒྱལ་སྲིད་སྣ་བདུན་ག་རེ་དེ་འདུག་ན་ཛོ་ཀི་ཁྱོད་རང་རྒྱལ་པོ་ཆེ་བ་དང་ཕྱུག་པར་འགྲོ་བས་སྟོན་དང་ཟེར་བས། རྗེ་བཙུན་གྱིས་ཁྱེད་འཇིག་རྟེན་པའི་རྒྱལ་བློན་འཁོར་བཅས་རྣམས་ཀྱང་ངའི་རྒྱལ་སྲིད་ལྟར་བསྒྲུབས་ན་རྒྱལ་པོའི་མཆོག་ཏུ་འགྱུར་བ་ཡིན་ཞིང་འདི་ཕྱི་ཀུན་གྱི་བཙན་ཕྱུག་འབྱུང་བ་ཡིན་ཞེས་མགུར་འདི་གསུངས་སོ། །ཁྱོད་བདེ་སྐྱིད་འདོད་པའི་རྒྱལ་བློན་རྣམས། །མི་ལ་རས་པའི་རྒྱལ་སྲིད་ལྟར། །བསྐྱངས་ན་འདི་ཕྱི་ཀུན་ཏུ་བདེ། །མི་ལའི་རྒྱལ་སྲིད་འདི་ལྟར་ཡིན། །དད་པ་འཁོར་ལོ་རིན་པོ་ཆེ། །ཉིན་མཚན་དགེ་བའི་ལས་ལ་སྦྱོར། །ཡེ་ཤེས་ནོར་བུ་རིན་པོ་ཆེ། །རང་གཞན་ཀུན་གྱི་རེ་བ་སྐོང་། །ཚུལ་ཁྲིམས་བཙུན་མོ་རིན་པོ་ཆེ། །རབ་ཏུ་མཛེས་པའི་རྒྱན་གྱིས་བརྒྱན། །བསམ་གཏན་བློན་པོ་རིན་པོ་ཆེ། །བསོད་ནམས་ཡེ་ཤེས་ཚོགས་གཉིས་གསོག །ཁྲེལ་ཡོད་གླང་པོ་རིན་པོ་ཆེ། །སངས་རྒྱས་བསྟན་པའི་ཁུར་ཆེན་ཁྱེར། །བརྩོན་འགྲུས་རྟ་མཆོག་རིན་པོ་ཆེ། །ཉོན་མོངས་བདག་མེད་ཡུལ་དུ་སྐྱེལ། །ཐོས་བསམ་དམག་དཔོན་རིན་པོ་ཆེ། །ལོག་རྟོག་དགྲ་ཡི་དམག་དཔུང་འཇོམས། །ཁྱེད་རྒྱལ་སྲིད་འདི་དང་ལྡན་གྱུར་ན། །རྒྱལ་པོའི་དཔལ་དང་གྲགས་པ་ཐོབ། །མི་མཐུན་ཕྱོགས་ལས་རྟག་ཏུ་རྒྱལ། །ཆབ་འོག་དགེ་བཅུའི་ལས་ལ་འཁོལ། །མར་གྱུར་སེམས་ཅན་མ་ལུས་པ། །རྒྱལ་པོ་ང་ཡི་བཀའ་སྒྲུབ་ཤོག །ཅེས་གསུངས་པས། ཁོ་ན་རེ་དེ་ཆོས་ཀྱི་ལུགས་སུ་འདུག་པས་ངོ་མཚར་ཆེ། ཛོ་ཀི་ཅིས་ཀྱང་མི་འགྲོ་ན་རྒྱལ་པོས་འདི་གཉིས་འབུལ་ཞིང་འདུག་གོ་ཟེར་ཀཱ་ཤི་ཀའི་རས་དང་ཨ་རུ་ར་རྣམ་རྒྱལ་ཕྱག་ཏུ་ཕུལ་བས་བཞེས་ནས་བསྔོ་བ་དང་སྨོན་ལམ་མཛད་ནས་བཞེས་སོ། །དེའི་ཚེ་རས་ཆུང་པ་དང་གཤེན་སྒོམ་རས་པས་སྤྱན་འདྲེན་དུ་ཕྱིན་པས། རྗེ་བཙུན་རྩད་མ་ཆོད་པར་གཉི་ཤང་དང་བལ་པོའི་ཇག་པ་དང་ཐུག་ནས་འཇོམས་པའི་གྲབས་བྱས་པ་ལ། ངེད་ཛོ་ཀི་ཡིན་མ་འཇོམས་བྱས་པས། ཛོ་ཀི་ཟེར་ན་སན་ཙ་ཛོ་ཀི་ལ་ཟེར་བ་ཡིན། མཚོན་དུག་མདས་ཀྱང་མི་ཕུགས། མེས་ཀྱང་མི་ཚིག །ཆུས་མི་ཁྱེར། གཡང་ལ་བསྐྱུར་ན་གྱེན་ལ་འཕུར་འོང་། ཁོ་ཁོམ་རྒྱལ་པོས་ཀྱང་གདན་མི་དྲོངས་པ་ཞིག་ཡོད་ཟེར་བས། བརྔན་པ་བྱིན་ནས་སྟོན་བྱས་པས་བསྟན་ཏེ། རྗེ་བཙུན་དང་མཇལ་ཏེ་ཀཱ་ཤི་ཀའི་རས་དེ་སྐུ་ལ་གསོལ། ཨ་རུ་ར་རྣམ་རྒྱལ་དེ་རྡོ་ལེབ་ཅིག་གི་སྟེང་ན་བཞག་ནས་འདུག་གོ། །དེ་ནས་རས་པ་གཉིས་ཀྱིས་རྗེ་བཙུན་ལ་ཕྱག་ཕུལ་ནས། སྐུ་ཁམས་བདེའམ་ཞེས་སྙུན་དྲི་ཞུས་པས། རྗེ་བཙུན་གྱི་ཞལ་ནས་ང་བདེ། བདེ་བའི་བདེ་ལུགས་འདི་ལྟར་ཡིན་གསུངས་ནས་མགུར་འདི་གསུངས་སོ། །མེ་ཏོག་སྣ་ཚོགས་སྐྱེ་བའི་ཡུལ། །ཤིང་རྣམས་གར་སྟབས་བྱེད་པའི་ཁྲོད། །བྱ་སྐད་སྣ་ཚོགས་སྒྲོག་པའི་གླིང་། །སྤྲ་སྤྲེལ་ཡང་རྩལ་སྦྱོང་བའི་ས། །དེ་ལྟ་བུ་ཡི་དབེན་གནས་སུ། །གཅིག་པུར་རི་ཁྲོད་འགྲིམས་པས་བདེ། །བླ་མ་སྤྱི་བོར་བསྒོམས་པས་བདེ། །གཏུམ་མོའི་བདེ་དྲོད་རང་འབར་བདེ། །སྒྱུ་ལུས་ཆོས་བརྒྱད་རང་གྲོལ་བདེ། །རྨི་ལམ་འཁྲུལ་པ་རང་སངས་བདེ། །འོད་གསལ་མ་རིག་མུན་བྲལ་བདེ། །འཕོ་བ་མ་བསྒོམས་སངས་རྒྱས་བདེ། །བར་དོ་གཅིག་ཆོད་འོང་ན་བདེ། །ཟག་མེད་བདེ་ཆེན་དབྱིངས་ན་བདེ། །ང་བདེ་ལྟར་བདེ་བའི་ཕ་རྒན་ལ། །ཤིང་ཐོག་ཞིམ་མངར་ཆ་རྒྱུས་ཡོད། །རྫ་ཆུ་གྲང་དྲོའི་ཆ་རྒྱུས་ཡོད། །དོན་དེ་ལ་སོམས་ལ་གོ་བ་ལོང་། །ཁྱེད་རྣམས་ཇག་པས་མ་བཅོམ་མམ། །བཅོམ་ན་སྔོན་གྱི་ལས་སུ་བསྒོམས། །ནོར་མེད་ཙ་ན་དགྲ་དང་བྲལ། །གསོག་འཇོག་སྤོངས་ཤིག་བུ་སློབ་རྣམས། །རང་རྒྱུད་ཐུལ་ན་དགྲ་དང་བྲལ། །ཁོང་ཁྲོ་སྤོངས་ཤིག་བུ་སློབ་རྣམས། །སེམས་ངོ་ཤེས་ན་དགྲ་དང་བྲལ། །ལྷ་ཞལ་ལྟོས་ཤིག་བུ་སློབ་རྣམས། །སྙིང་རྗེ་སྐྱེས་ན་དགྲ་དང་བྲལ། །གཞན་གཅེས་སྒོམས་ཤིག་བུ་སློབ་རྣམས། །ཞེས་གསུངས་པས། གཤེན་སྒོམ་རས་པ་ན་རེ། རྗེ་བཙུན་ལྟ་བུའི་རྣལ་འབྱོར་པ་ལ་བདེ་ལུགས་དང་། དགྲ་དང་བྲལ་ལུགས་དེ་ལྟ་བུ་ཡོད་པས་ཀ་ངེད་གདན་འདྲེན་དུ་འོངས་བ་ལགས། དེ་ལྟར་ན་ད་རི་ཁྲོད་ཁོ་ནར་བཞུགས་མི་དགོས་པས། བོད་ལ་བྱོན་ནས་སེམས་ཅན་གྱི་དོན་མཛད་པར་ཞུ་ཞེས་ཞུས་པས། རྗེ་བཙུན་གྱི་ཞལ་ནས་རི་ཁྲོད་དུ་བསྡད་པ་དེ་ཀ་སེམས་ཅན་གྱི་དོན་རབ་དམ་པ་ཡིན། བོད་ལ་ཕྱིན་པས་ཆོག་ང་དབེན་པ་ཁོ་ན་བསྟེན་པ་འདི་དགེ་སྦྱོར་ངན་པ་མ་ཡིན་ཏེ། བླ་མའི་བཀའ་དྲིན་གསབ་པ་དང་། རྣལ་འབྱོར་པའི་ས་ལམ་གྱི་ཡོན་ཏན་ཐམས་ཅད་རི་ཁྲོད་དུ་སྐྱེ་བ་ཡིན་ཞིང་། དྲོད་རྟགས་ཀྱི་ཡོན་ཏན་བཟང་རུང་དབེན་པ་བསྟེན་པ་རྣལ་འབྱོར་པའི་དཔའ་ཚུལ་ཡིན་པས། ཁྱེད་རྣམས་ཀྱང་རི་ཁྲོད་དུ་མཚམས་དམ་པར་གྱིས་ཤིག་ཅེས་མགུར་འདི་གསུངས་སོ། །རྗེ་བླ་མའི་བཀའ་དྲིན་མི་འཁོར་བས། །འགྲོ་བ་སེམས་ཅན་མ་ཟད་བར། །དྲིན་ལན་སྒྲུབ་པས་འཇལ་བ་དེ། །རྗེ་བཙུན་ཕོངས་པ་མ་ལགས་ཏེ། །གྲུབ་ཐོབ་ཀུན་གྱི་སྙིང་ཚིག་ཡིན། །བྱང་ཁའི་རྐྱང་ཆུང་ཁ་དཀར་དེ། །ཤི་ཡང་མགོ་འཕངས་མི་དམའ་བ། །ཐར་ལ་རེ་བ་མ་ཡིན་ཏེ། །རི་དྭགས་རྣམས་ཀྱི་དཔའ་ཚུལ་ཡིན། །ལྷོ་ཡི་སྟག་མོ་ཤ་ཟན་དེ། །ལྟོགས་ཀྱང་རང་ཤ་མི་ཟ་བ། །དགོས་བྱེད་ཡོད་པ་མ་ལགས་ཏེ། །གཅན་གཟན་ཆེན་པོའི་དཔའ་ཚུལ་ཡིན། །ནུབ་ཀྱི་སེང་ལྕམ་དཀར་མོ་དེ། །གྲང་ཡང་གངས་དང་མི་འབྲལ་བ། །འགྲོ་ས་མེད་པ་མ་ཡིན་ཏེ། །བྱོལ་སོང་རྒྱལ་པོའི་དཔའ་ཚུལ་ཡིན། །ཤར་གྱི་བྱ་རྒྱལ་རྒོད་པོ་དེ། །གཤོག་སྒྲོ་ཐང་ཤ་གཅོད་པ་དེ། །ལྷུང་གིས་དོགས་པ་མ་ལགས་ཏེ། །གནམ་འཕང་གཅོད་པ་དཔའ་ཚུལ་ཡིན། །མི་ལ་རས་པའི་སྒོམ་སྲན་ལ། །འཇིག་རྟེན་བྱ་བ་གཏོང་བ་དེ། །ལོ་འདོད་གྲགས་འདོད་མ་ཡིན་ཏེ། །ཞེན་པ་ལོག་པའི་རང་རྟགས་ཡིན། །ཐམས་ཅད་གྲོལ་བའི་རྣལ་འབྱོར་པ། །དབེན་གནས་རི་ཁྲོད་འགྲིམ་པ་དེ། །འཁྲུལ་གྱིས་དོགས་པ་མ་ཡིན་ཏེ། །གྲུབ་ཐོབ་སྤྱི་ཡི་རྣམ་ཐར་ཡིན། །འདིར་ཚོགས་གྲྭ་པ་བུ་སློབ་ལ། །བཀའ་ཁྲིམས་སྐུ་མཚམས་དམ་པ་དེ། །མི་དཔོན་འདོད་པ་མ་ཡིན་ཏེ། །ཐར་ལམ་དྲོད་པའི་རྣམ་ཐར་ཡིན། །སྐལ་ལྡན་དད་པ་ཅན་རྣམས་ལ། །གདམས་ངག་གླུ་རུ་ལེན་པ་དེ། །བྱ་རྒྱུ་མེད་པ་མ་ཡིན་ཏེ། །བརྒྱུད་པ་འདི་ཡི་ཕྱག་སྲོལ་ཡིན། །ཞེས་གསུངས་པས། རས་ཆུང་པས། དེ་རྣམས་ཐུགས་ལ་བཏགས་རྗེ་བཙུན་མི་དང་ནི་སྣང་བ་མི་བསྟུན། རས་བཟང་པོ་འདི་དང་ཨ་རུ་ར་བཟང་པོ་འདི་སུས་ཕུལ་ཞུས་པས། མིའི་ལྷས་ཕུལ་གསུངས་ནས་མགུར་འདི་གསུངས་སོ། །ཡེ་རང་ཁོ་ཁོམ་རྒྱལ་ས་ནས། །ས་ཡི་བདག་པོ་མི་ཡི་རྗེ། །ཆོས་རྒྱལ་བྱང་ཆུབ་སེམས་དཔའ་ལ། །རྗེ་བཙུན་སྒྲོལ་མས་ལུང་བསྟན་ཕྱིར། །བལ་པོ་ཀ་ཏྱའི་ཕུག་པ་རུ། །མི་ལ་རས་པ་སྤྱན་འདྲེན་བྱུང་། །ང་འཆི་བས་འཇིགས་ནས་མ་ཕྱིན་པས། །བལ་པོ་ཆོས་ཀྱི་རྒྱལ་པོ་ཡིས། །ཤིང་བལ་དཀར་འཇམ་རས་གོས་འདི། །ཨ་ཤད་གཏུམ་མོའི་གྲོགས་སུ་བསྐུར། །རྣམ་རྒྱལ་སྨན་མཆོག་ཨ་རུ་ར། །འབྱུང་བཞི་ནད་ཀྱི་གཉེན་པོར་བསྐུར། །ས་ཡི་བདག་པོའི་ཡུལ་ཕྱོགས་འདིར། །འགྲོ་ཀུན་ལོ་བདུན་ནད་དང་བྲལ། །ཞེས་གསུངས་པས། རས་པ་གཉིས་ཀྱིས། འཇིག་རྟེན་ཆོས་བརྒྱད་ཀྱི་ཕྱིར་མི་འབྱོན་པར་སྒྲུབ་པ་རང་མཛད་པ་ཐུགས་རྗེས་བཟུང་། ད་བོད་ལ་བྱོན་ནས་སེམས་ཅན་གྱི་དོན་མཛད་པར་ཞུ་ཞེས་ནན་གྱིས་སྤྱན་དྲངས་ནས་ལ་ཕྱི་ཆུ་མདོའི་སྙན་གཡོན་ཕུག་ཏུ་བཞུགས་དུས་ཚེ་རིང་མས་ཉུལ་དུ་འོངས་ཚེ། རྗེ་བཙུན་སེང་ལྡེང་གི་ནགས་ཚལ་ན་རིགས་ངན་གྱི་བུ་མོ་ལོངས་སྤྱོད་ཅིང་དངུལ་དཀར་གྱི་མེ་ལོང་གཟིགས་པའི་མཐར་ནམ་མཁར་ཐིམ་པར་མཐོང་། དེའི་ཕྱི་ལོ་མཆོང་ལུང་ན་བཞུགས་པའི་དུས་ཡང་ཚེ་རིང་མས་ཉུལ་དུ་འོངས་པས། རྗེ་བཙུན་སེང་གེ་ལ་ཆིབས་པའི་སྐུ་ལ་ཐལ་ཆེན་དང་རཀྟ་བྱུགས་ཤིང་དབུ་ལ་མེ་ཏོག་གི་ཕྲེང་བ་བཅིངས། ཉི་མ་དང་ཟླ་བ་གོས་སུ་གྱོན། ཕྱག་ན་གདུགས་དང་རྒྱལ་མཚན་བསྣམས་ཏེ་བྱོན་པའི་མཐར་ནམ་མཁར་ཡལ་བར་མཐོང་བས་གླགས་མ་རྙེད་དོ། །མོན་ཡུལ་དུ་ཁོ་ཁོམ་རྒྱལ་པོས་མཆོད་ཅིང་ཚེ་རིང་མས་གླགས་བལྟ་ཕྱིར་ཉུལ་བའི་སྐོར་རོ།། །།


༈ ན་མོ་གུ་རུ། གངས་ཅན་རྒྱུད་དུ་སྐུ་འཁྲུངས་ཀྱང་། །འཇིག་རྟེན་སྐྱོན་གྱིས་མ་གོས་ཤིང་། །ནཱ་རོའི་བརྒྱུད་པས་བྱིན་བརླབ་ཕྱིར། །དཀའ་བ་སྤྱད་པའི་ངོ་མཚར་ཅན། །འགྲོ་བའི་ནད་གསོ་སྨན་པའི་མཆོག །ཉི་ཟླ་ལྟར་གསལ་ཕྱག་གི་གནས། །རྗེ་མི་ལ་ཞེས་བྱར་གྲགས་པ་ཡི། །ཕ་རས་པ་དེ་ལ་གུས་ཕྱག་འཚལ། །ལྗོངས་བྱང་ཕྱོགས་ཁ་བ་ཅན་གྱི་རི་རྒྱུད། མི་སྐད་རིགས་མི་གཅིག་བལ་བོད་གཉིས་ཀྱི་སོ་མཚམས། དཔལ་ཡུལ་ལ་གཡང་ཆགས་པ་དིང་མ་བྲིན། ཟོང་འདོད་དགུ་འབྱུང་བ་རིན་པོ་ཆེའི་ཚོང་འདུས། ཀླུའི་རྒྱལ་པོ་དུང་སྒྲ་གནས་པའི་ཕོ་བྲང་། ནོར་ལོངས་སྤྱོད་རང་བཞིན་གྱིས་འཕེལ་བའི་ས་གཞི། བྲག་རིན་པོ་ཆེ་སེང་གེ་འགྱིང་བ་འདྲ་བའི་ཤར་ཕྱོགས། ཇོ་མོ་ལྷ་སྨན་བཀྲ་ཤིས་ཚེ་རིང་མའི་གཡོན་ཟུར། གངས་ལྷ་གཉེན་ཤེལ་གྱིས་བསྐོར་བའི་དབུས། འབྲོག་སྨ་གཡང་འབབ་པའི་སྨན་ལུང་། ཆུ་བོ་ལོ་ཧི་ཏའི་ཀླུང་འགྲམ། གནས་བྱིན་གྱིས་བརླབས་པ་སྨན་ལུང་ཆུ་དབར་གྱི་དབེན་པ་ན། རྗེ་རས་པ་ཆེན་པོ་མི་ལ་རྣལ་འབྱོར་པ་དེ་ཉིད་ཆུ་བོ་རྒྱུན་གྱི་རྣལ་འབྱོར་རྩེ་གཅིག་ཏུ་སྒོམ་ཞིང་བཞུགས་པ་ལས། ཆུ་ཕོ་འབྲུག་གི་ལོ་དབྱར་ཟླ་བའི་ཡར་ངོ་། དགུང་ཚེས་བརྒྱད་ཀྱི་ནམ་གུང་ཡོལ་ཙ་ན། གདོན་ཆེན་པོ་བཅོ་བརྒྱད་ཀྱིས་གཙོ་བྱས་པའི་སྣང་སྲིད་ཀྱི་ལྷ་འདྲེ་ལ་མ་ཚོགས་པ་མེད་དེ། གནམ་འགྱུར་བ་དང་ས་གཡོ་བ་ལ་སོགས་པའི་ལྟས་དང་ཆོ་འཕྲུལ་སྣ་ཚོགས་སྟོན་དུ་བྱུང་། དེ་རྣམས་ཀྱི་ནང་ནས་ཀྱང་ཤིན་ཏུ་འཇིགས་ཤིང་མི་སྲུན་པའི་ཤ་ཟ་མོ་ལྔ་ཡིས་མི་སྡུག་པའི་གཟུགས་སྣ་ཚོགས་སྟོན་ཅིང་། བསམ་གཏན་ལ་ཐོགས་རྒྱུགས་བྱེད་དུ་བྱུང་བ་ལ། དེའི་དུས་སུ་རྗེ་བཙུན་གྱིས་ལྷ་དང་ཌཱ་ཀི་ལ་དམག་སྦྲོན་པའི་མགུར་འདི་གསུངས་སོ། །རྗེ་སུམ་ལྡན་གྱི་བླ་མ་རིན་པོ་ཆེ། །མཚན་ཡོངས་སུ་གྲགས་པའི་ལྷོ་བྲག་པ། །ང་སྐལ་ལྡན་གདུང་བས་གསོལ་འདེབས་ན། །ཕ་མི་མངོན་དབྱིངས་ནས་ཐུགས་དགོངས་འཚལ། །ཡོངས་དབེན་པ་བྲིན་གྱི་ཆུ་དབར་དུ། །ང་བོད་ཀྱི་རྣལ་འབྱོར་རས་པ་ཡིས། །རྩེ་གཅིག་བསམ་གཏན་སྒོམ་དུ་འོང་། །ཁམས་འདུས་པ་ཉམས་ཀྱི་སྣང་བ་ལ། །ངོ་མཚར་གྱི་ལྟད་མོ་ཅི་ཡང་མཐོང་། །སྤྱིར་སྣང་ཞིང་སྲིད་པའི་ལྷ་འདྲེ་ལ། །འདིར་མ་ཚོགས་པ་ནི་གང་ཡང་མེད། །ཁྱད་པར་སྤྲུལ་པའི་བུད་མེད་ལྔ། །མི་སྡུག་སྤྲུལ་པའི་གཟུགས་སྟོན་ཅིང་། །མི་བདག་ལ་ཐོ་འཚམས་གླགས་ལྟ་སྟེ། །བར་ཆད་ཐོགས་རྒྱུགས་བྱེད་དུ་བྱུང་། །ཀེང་རུས་བཞད་པའི་བུད་མེད་ཅིག །རི་རབ་པང་དུ་འདེགས་པ་མཐོང་། །དམར་མོ་ཁྲག་འཛག་ལྕེ་སྤྱང་གདོང་། །རྒྱ་མཚོ་ཧུབ་ཀྱིས་འདེབས་པ་མཐོང་། །རབ་འཇིགས་གཤིན་རྗེའི་གཟུགས་ཅན་མ། །ཉི་ཟླ་ཆ་ལང་རྡེབ་པ་མཐོང་། །སོལ་བའི་བུད་མེད་གད་རྒྱངས་ཅན། །གཟའ་སྐར་ཐང་ལ་འབེབས་པ་མཐོང་། །ཤིན་ཏུ་སྒེག་པ་ལྷ་མོའི་གཟུགས། །བལྟ་བས་མི་ངོམས་བུད་མེད་གཅིག །འཛུམ་ཞིང་བསླུ་བྲིད་བྱེད་པ་མཐོང་། །གཞན་ཡང་སྤྲུལ་པའི་གནོད་སྦྱིན་རྣམས། །གཟུགས་མེད་ལག་པ་རྐྱོང་བ་མཐོང་། །རྩི་ཤིང་ནགས་ཚལ་བསྒུལ་བ་མཐོང་། །ས་རྡོ་རི་བྲག་རྒོད་པ་མཐོང་། །ཕྱོགས་བཞི་འོབས་ཀྱིས་བསྐོར་བ་མཐོང་། །མཚམས་བཞི་གྱད་ཀྱིས་སྲུང་བ་མཐོང་། །ནམ་མཁའ་མེ་ཡིས་ཁེངས་པ་མཐོང་། །ས་གཞི་ཆུ་ཡིས་ཁེངས་པ་མཐོང་། །བར་སྣང་གང་བའི་མི་མ་ཡིན། །སྐད་ནི་མི་སྙན་འཚེར་བ་ཅན། །གདུག་པའི་ང་རོ་སྒྲོག་པ་རྣམས། །ཁྱོད་འདི་རུ་མ་འདུག་སོང་ཞིག་སྐད། །ལུས་ལ་ནད་ཀྱི་ཆར་འབེབས་ཤིང་། །རིག་པ་རྟེན་དང་འབྲལ་ལོ་སྐད། །འདི་འདྲའི་བར་གཅོད་བྱུང་བའི་ཚེ། །ཁྱེད་བྱིན་རླབས་ཅན་གྱི་བླ་མ་དང་། །དངོས་གྲུབ་སྟེར་བའི་ཡི་དམ་ལྷ། །རང་བཞིན་གྲུབ་པའི་དཔའ་བོ་དང་། །དབྱིངས་ན་བཞུགས་པའི་ཌཱ་ཀི་མ། །བར་ཆོད་སྲུང་བའི་ཆོས་སྐྱོང་རྣམས། །མི་ཁོ་བོའི་རྒྱབ་རྟེན་དམག་ཏུ་སྦྲོན། །ཁྱེད་མཐུ་དང་རྫུ་འཕྲུལ་དཔུང་བསྐྱེད་ལ། །ང་རྣལ་འབྱོར་ལུས་ངག་བྱིན་གྱིས་རློབས། །དྲང་སྲོང་ཁྲོས་པའི་ཆ་བྱད་ཅན། །མཆེ་བ་གཙིགས་ཤིང་རྔམས་པའི་ཞལ། །གཏུམ་ཆེན་རྔམས་གྱུར་ཕོ་མོ་རྣམས། །ལ་ལ་གཤིན་རྗེའི་གཟུགས་ཅན་ཏེ། །ཤིན་ཏུ་དྲེགས་ཤིང་བསྒྱིངས་པའི་སྐུ། །ནམ་མཁའ་གང་བའི་ཁྲོ་ཚོགས་རྣམས། །ཞལ་ནས་མེ་ལྕེའི་གློག་འགྱུ་ཞིང་། །འབྲུག་སྒྲ་སྔགས་ཀྱི་ང་རོ་ཅན། །ཧཱུྂ་དང་ཕཊ་ཀྱི་ཆར་འབེབས་པ། །བཞད་པའི་གད་རྒྱངས་བཅུ་གཉིས་ཀྱིས། །བར་ཆད་བགེགས་ཀྱི་གཡུལ་ངོ་བཟློག །ཕྱི་ལུས་ཀྱི་བར་ཆད་ཕྱི་རུ་བཟློག །ནང་སེམས་ཀྱི་བར་ཆད་ནང་དུ་སོལ། །རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་བསྒྱུར། །གདོན་ངན་ཆུ་བོའི་གཞུང་ལ་བསྐུར། །དེ་གསན་ནམ་ཡི་དམ་ཌཱ་ཀིའི་ཚོགས། །ཁྱེད་གོང་མ་རྣམས་ལ་ཞུས་པ་ལགས། །རྗེ་བཙུན་གྱིས་མགུར་དེ་སྐད་དུ་བཞེངས་ནས། བླ་མ་ཡི་དམ་ལ་གསོལ་བ་དྲག་ཏུ་བཏབ་པས། ཡང་གདོན་ཆེན་པོ་བཅོ་བརྒྱད་ཀྱིས་གཙོ་བྱས་པའི་ལྷ་འདྲེ་རྣམས་ཀྱི་བསམ་པ་ལ། ཡོངས་རྣལ་འབྱོར་པ་འདིའི་ཟེར་ལུགས་ཀྱིས། ཁོའི་ཡིད་ལ་འཁུ་འཕྲིག་གམ། རྟོག་པ་སྐྱེས་ནས་ཡོད་པར་འདུག་པས། ད་ངེད་ཅག་རྣམས་ཀྱིས་གླགས་རྙེད་དེ་འོང་སྙམ་ནས། ཅུང་ཟད་དགའ་ཞིང་འོན་ཀྱང་ད་དུང་ཁོ་ལ་སྒོམ་པའི་ཉམས་སམ། ནང་ན་རྟོགས་པའི་གདེངས་ཅི་ཡོད་མི་ཤེས་པས། འཇིགས་ཤིང་ཡ་ང་བ་མི་སྙན་པ་བརྗོད་ལ། ཁོའི་སེམས་ཀྱི་དཔའ་བཀོང་ལ། མི་འཇིགས་པ་ལྟ་བའི་གདེངས་ཅི་འདུག་ལྟ་དགོས་སྙམ་དུ་སེམས་ནས། དེར་ཚོགས་པའི་ལྷ་འདྲེ་རྣམས་ཀྱིས་བར་ཆད་ལུང་བསྟན་གྱི་གླུ་འདི་རྗེ་བཙུན་གྱི་སྙན་དུ་ཕུལ་བ། ཁྱོད་དེ་ན་ལྷང་ལྷང་གླུ་ལེན་པ། །རིག་བྱེད་གླུ་ཡིས་གསལ་འདེབས་ཤིང་། །ལྷ་དང་ཌཱ་ཀིའི་དམག་སྦྲན་པ། །དེ་སྤྱོད་པའི་སྣལ་འབྱོར་རི་ཁྲོད་པ། །བརཏལ་ཞུགས་རས་ཆེན་མ་ལགས་སམ། །ལུས་བེམ་རིག་རྟེན་དང་འབྲལ་བའི་ཕྱིར། །ཡིད་འཇིགས་ཤིང་སྐྲག་པ་བདེན་ཡང་བདེན། །བློ་ཡ་ང་ཟ་བར་ཆ་མཆིས་ཀྱང་། །ཞལ་ལེགས་པར་སྟོན་ལ་གླུ་འདི་གསོན། །ཡོངས་གནམ་ལོ་རྒྱལ་པོར་མཚན་གསོལ་བ། །གཡུ་འབྲུག་གསེར་གྱི་གཤོག་པ་ཅན། །དགུང་མཁའ་ལ་ལྡིང་གི་འོག་རོལ་ན། །དོག་ས་བཀྲ་ཤིས་ནགས་མ་ལྗོངས། །ལྷ་སྨན་གངས་ཀྱི་འདབ་རོལ་དུ། །འབྲོག་ཁྱད་པར་ཅན་གྱི་སྨན་ལུང་ན། །ཟླ་མཚན་བློན་པོ་ཡར་གྱི་ངོ་། །དུས་ཁྱད་པར་ཅན་གྱི་ཚེས་བརྒྱད་ལ། །དགུང་དམག་ཏུ་འཐིབས་པའི་གུང་ཡོལ་ན། །སྟོང་ཕྲག་བརྒྱད་ཅུའི་བགེགས་ཀྱི་ཚོགས། །ངེད་སྣང་ཞིང་སྲིད་པའི་ལྷ་འདྲེ་ལ། །ནམ་མཁའི་ལྷ་ཕྲན་མན་ཆད་ནས། །ས་འོག་ལྟོ་འཕྱེ་ཡན་ཆད་ཀྱིས། །མི་སྡུག་སྤྲུལ་པའི་གཟུགས་ཅན་རྣམས། །རྫུ་འཕྲུལ་ལུས་ཀྱིས་འདིར་ལྷགས་ཏེ། །ཞེ་རིངས་གདུག་པའི་སེམས་ལྡན་ཞིང་། །སྣ་ཚོགས་གཡོ་སྒྱུ་ངན་སྤྱོད་པ། །གཙོ་བོར་གདོན་ཆེན་བཅོ་བརྒྱད་ཡོད། །ཕྱོགས་སྐྱོང་བཅུ་ཡི་འཁོར་གདོན་ཡོད། །བྱིས་པའི་གདོན་ཆེན་བཅོ་ལྔ་ཡོད། །ཁྱད་པར་ཤ་ཟ་ཆེན་མོ་ལྔ། །མི་ཤ་ཁྲག་གི་དྲི་ཚོར་ན། །རྐན་རྡེབ་བཟོད་པའི་གླགས་མེད་མ། །འཇིག་རྟེན་ལས་ཀྱི་སྲིན་མོ་ཡོད། །ངེད་འདིར་ཚོགས་ཀྱི་ལྷ་སྲིན་གྲོས་བྱས་ནས། །རྩིས་ཤོའི་རྡེའུ་དཀར་ནག་སྤུངས། །བྱང་ཁྲམ་ཁ་བཏབ་པས་ཁྱོད་ལ་བབས། །ཐོ་རྒྱན་གཞི་བཏིང་བས་ཁྱོད་ལ་ཟིན། །སྒོས་ཁ་ནང་ཆུད་པས་འཆོར་མི་སྲིད། །མི་ཁྱོད་ལ་རང་དབང་མེད་པའི་ཕྱིར། །བླ་དང་ཚེ་སྲོག་འཕྲོག་ཏུ་འོངས། །དབུགས་འགྱུ་བ་ཕྱི་ནང་གཅོད་དུ་འོངས། །ཡིད་རྣམ་ཤེས་རྟེན་དང་འབྲལ་དུ་འོངས། །ལུས་ཤ་ཁྲག་ཕུང་པོ་ཟ་རུ་འོངས། །མི་ཁྱོད་ཀྱིས་ཚེ་དང་དབང་ཐང་ཟད། །འཆི་བདག་བདུད་ཀྱི་ཁ་རུ་ཚུད། །ལས་ཀྱི་ཞགས་པ་ནག་པོས་ཐེབས། །དོ་ནུབ་ནམ་གྱི་ཆ་སྨད་ལ། །འདི་ནས་ཕ་རོལ་འགྲོ་དགོས་པས། །ཁྱོད་སྔོན་ཆད་བྱས་པའི་ལས་རྣམས་ལ། །དུས་ད་ལྟ་འགྱོད་པ་ཡོད་དམ་མེད། །ཁྱོད་གཤིན་རྗེའི་ཕོ་ཉས་ཟིན་པ་ལ། །འཆི་བྲོད་ཀྱི་འབྲོས་ས་ཡོད་དམ་མེད། །ཁྱོད་ངན་སོང་གསུམ་གྱི་གཡང་ས་ལ། །མི་འཇིགས་པའི་གདེངས་དང་ལྡན་མི་ལྡན། །དེ་རྣལ་འབྱོར་ཁྱོད་ལ་འདྲི་བ་ཡིན། །ལར་ད་རེས་ངེད་ཕྱིར་འབྲང་དགོས་ཏེ། །ལས་ཀྱི་གཤིན་རྗེའི་ལམ་མཁན་ཡོད། །བར་དོའི་སྣང་མུན་འཇིགས་པ་ཆེ། །མ་མཐོང་གི་ཡུལ་དུ་འགྲོ་དགོས་པས། །ཁྱོད་ལུས་སྐྱབས་གནས་སྐྱེལ་མ་ཚོལ་རེ་རན། །ངག་སྨོན་ལམ་གྱི་རྟ་ལ་ཞོན་རེ་རན། །ཡིད་གྲོང་ཁྱེར་གཞན་དུ་འཕོ་རེ་རན། །ཀྱི་ཧུད་ཀྱི་ཧུད་རྣལ་འབྱོར་པ། །ཁྱོད་ལ་གཉེན་མེད་བཤེས་ཀྱང་མེད། །སྐྱི་བུང་ཡ་ང་བྱེད་པའི་ས། །དགོན་པའི་ལམ་ནི་བགྲོད་དཀའ་བར། །གྲོགས་མེད་གཅིག་པུར་འགྲོ་དགོས་པས། །ཁྱོད་མ་འདུག་མ་འདུག་ལ་འུར་འདེང་། །ཞེས་ལྷ་འདྲེ་རྣམས་ཀྱིས་གླུ་དེ་སྐད་ཅེས་བླངས་པ་ལས། རྗེ་བཙུན་གྱིས་ཐུགས་དགོངས་བཏང་བས། ཡོངས་འདྲེ་ཁྱེད་བས་གཞན་པ་སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་ཀྱང་སེམས་ཀྱི་རྣམ་འཕྲུལ་མ་རྟོགས་པ་དོན་ལོགས་ན་མེད་པ་བཀའ་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ནས་གསུངས། སེམས་ཀྱི་ངོ་བོ་རང་བཞིན་གྱིས་འོད་གསལ་ཞིང་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བར་བླ་མ་དམ་པའི་ཞལ་གྱི་བདུད་རྩིས་ངོ་སྤྲད་པ་འདི་རང་ཡིན། སེམས་ཀྱི་རང་བཞིན་སྐྱེ་འགག་མེད་པ་འདི་ལ་གཤིན་རྗེའི་སྐྱེས་བུ་བྱེ་བ་དུང་ཕྱུར་གྱི་དམག་གིས་མཐའ་བསྐོར་ནས་མཚོན་ཆ་སྣ་ཚོགས་ཀྱི་ཆར་ཕབ་ཀྱང་། བསད་ཅིང་བཅད་པ་དང་ངན་པར་བསྒྱུར་དུ་མེད་ལ། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་འོད་ཟེར་བྱེ་བ་ཕྲག་དུ་མ་འདུས་ཤིང་ཡོན་ཏན་གྱི་མཐུ་བསྡོམས་ཀྱང་། ཁ་དོག་དང་དངོས་པོར་གྲུབ་པའམ། བཟང་པོར་བཅོས་སུ་མེད་དེ། གཤིས་མ་བཅོས་པ་འདི་རང་ཡིན། ད་ལྟར་གྱི་ལུས་གཟུང་འཛིན་ཞེན་པ་ལས་གྲུབ་པ། འབྱུང་བཞི་གདོས་བཅས་ཀྱི་ཕུང་པོ་འདི་སྐྱེས་པའི་ཐ་མ་འཆི་བ་ཡིན་པས། ཁྱེད་ཅག་ལྷ་འདྲེ་ལ་དགོས་ན་བྱིན་པས་ཆོག །དངོས་པོ་ཐམས་ཅད་མི་རྟག་ཅིང་འགྱུར་བའི་ཆོས་ཅན་ལ། དུས་ད་ལྟ་རང་དབང་ཡོད་བཞིན་དུ་སེམས་ཀྱིས་སྦྱིན་པ་བཏང་ན། དོན་ཆེན་པོ་ལུས་ཀྱི་སྦྱིན་པར་འགྱུར་ལ། ད་ལྟ་གཟུང་འཛིན་འཁྲུལ་པའི་རྟོག་པ་ལ་ལྷ་འདྲེའི་གཟུགས་བརྙན་མཐོང་ཞིང་། གནོད་བྱ་གནོད་བྱེད་དུ་སྣང་བ་འདི་རྣམས་རབ་རིབ་ཅན་གྱི་མིག་ལ་སྐྲ་ཤད་འཛག་པ་ལྟར་འཁོར་བ་ཐོག་མ་མེད་པ་ནས། རྒྱུ་མ་རིག་པའི་དབང་གིས་བག་ཆགས་ངན་པའི་རྒྱུན་གོམས་པ་ལས་བྱུང་བའི་སྒྲིབ་པའི་སྒྲིབ་གཡོགས་གློ་བུར་གྱི་རྣམ་པར་རྟོག་པ་སྤྲིན་དང་ན་བུན་ལྟ་བུ་ཡིན་གྱི། དེ་ལ་འཇིགས་ཤིང་སྐྲག་པའམ། ཡ་ང་བ་ཅི་ཡོད་སྙམ་དུ་གཞི་གནས་ལུགས་ཀྱི་ངང་དུ་ཐུགས་མཉམ་པར་བཞག་པས། མི་འཇིགས་པ་ཁོང་དུ་ཆུད་ཅིང་རྟོགས་པ་གདེངས་སུ་གྱུར་བའི་མགུར་འདི་བཞེངས་སོ། །ཡོངས་ཡུལ་ལ་མཚན་གསོལ་དིང་མ་བྲིན། །ཁོ་ཚོང་ལ་འདུ་བའི་ཚོང་འདུས་ཏེ། །མི་རྒྱ་བོད་གཉིས་ཀྱི་འགྲིམ་ས་ཡིན། །གངས་མཐོ་ལ་གཉན་པའི་ཚེ་རིང་མ། །རི་བཀྲ་ཤིས་ཤེལ་གྱི་ཟུར་ཕུད་ཅན། །ལྷ་སྨན་རྒྱལ་མོའི་ཐུ་བ་ལ། །འབྲོག་དབྱར་ས་སྨན་ལུང་མི་ཟེར་རམ། །ས་ཁོལ་དུ་བྲིས་པའི་ཆུ་དབར་དུ། །ཁྱེད་སྟོང་ཕྲག་བརྒྱད་ཅུ་བགེགས་ཀྱི་ཚོགས། །ལྷ་གནས་གཞན་འཕྲུལ་མན་ཆད་ནས། །ས་འོག་ལྟོ་འཕྱེ་ཡན་ཆོད་ལ། །ལྐུགས་པའི་ཀླུ་དང་ནམ་མཁའ་ལྡིང་། །དྲི་ཟ་སྲུལ་པོ་མིའམ་ཅི། །ལྟོ་འཕྱེ་གྲུལ་བུམ་སྲིན་པོའི་གདོན། །རོ་ལངས་གནོད་སྦྱིན་འབྱུང་པོ་རྣམས། །རེ་རེའི་མིང་ནས་བརྗོད་མི་ལང་། །བསམ་གྱིས་མི་ཁྱབ་མང་པོའི་ཚོགས། །ཁྱད་པར་འཇིགས་པའི་སྲིན་མོ་ལྔ། །མི་ང་ལ་མི་སྙན་ངག་ཏུ་སྨྲ། །ཚེ་འདི་ནས་ཕ་རོལ་འགྲོ་དགོས་ཟེར། །ང་འཆི་བ་ཁོ་ནས་འཇིགས་འཇིགས་ནས། །སེམས་འཆི་མེད་གཉུག་མའི་ངང་དུ་སྦྱངས། །འཁོར་བ་རང་གྲོལ་གཞི་ཡི་གནད། །སྙིང་པོའི་དོན་ལ་ངོ་སྤྲོད་གྱིས། །ནང་རིག་པ་རྟེན་མེད་གཅེར་བུ་འདི། །འགྱུ་བ་དྭངས་སངས་ལྟ་བའི་གདེངས། །འོད་གསལ་སྟོང་པར་བློ་ཐག་ཆོད། །ང་སྐྱེ་འཆི་གཉིས་ལ་ཉམ་ང་མེད། །ང་མི་ཁོམ་བརྒྱད་ལ་འཇིགས་འཇིགས་ནས། །མི་རྟག་འཁོར་བའི་ཉེས་དམིགས་བསྒོམས། །སྐྱབས་དཀོན་མཆོག་གསུམ་ལ་བློ་ཕུགས་གཏད། །ལས་རྒྱུ་འབྲས་ཆོས་ལ་ནན་ཏན་སྐྱེད། །ཐབས་བྱང་ཆུབ་སེམས་ཀྱིས་རྒྱུད་སྦྱངས་པས། །བག་ཆགས་སྒྲིབ་པའི་རྒྱུན་ལམ་བཅད། །སྣང་བ་ཅི་སྣང་སྒྱུ་མར་རྟོགས། །ང་ངན་སོང་གསུམ་ལ་ཉམ་ང་མེད། །ང་གློ་བུར་ཚེ་ལ་འཇིགས་འཇིགས་ནས། །ལམ་རྩ་དང་རླུང་ལ་རྟེན་འབྲེལ་བསྒྲིགས། །གནད་བསྲེ་བ་གསུམ་ལ་སྦྱངས་པ་ཡིས། །ཚོགས་དྲུག་གི་སྣང་བ་འགགས་པའི་ཚེ། །ཆོས་སྐུ་ངོ་སྤྲོད་ཀྱི་གདེངས་ཡོད་དེ། །ཤེས་རྒྱུད་ཚངས་པའི་ལམ་ནས་འདོན། །སེམས་སྐྱེ་མེད་ཆོས་ཀྱི་དབྱིངས་སུ་འཕོ། །དུས་ད་ལྟ་ཤི་ཡང་ཉམ་ང་མེད། །ལར་ཁྱེད་ཅག་འཇིག་རྟེན་ལྷ་མ་སྲིན། །སྐྱེ་འགྲོའི་ཚེ་སྲོག་ཉུལ་བ་རྣམས། །ང་སྒྱུ་མ་གཟུགས་ཀྱི་ཕུང་པོ་འདི། །མི་རྟག་འཇིག་པའི་ཆོས་ཅན་ཏེ། །ལར་ཅིས་ཀྱང་མི་སྟོངས་འདོར་བ་ལ། །འདྲེ་ཁྱོད་ལ་དགོས་ན་སུ་དགའ་ཁྱེར། །སྤྱིར་འགྲོ་བ་ཡོངས་ཀྱི་གླུད་དུ་གཏོང་། །དགོས་དྲིན་ཆེན་ཕ་མའི་དོན་དུ་བསྔོ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཁྱེད་དགའ་མགུར་རངས་ཤིང་ཚིམ་གྱུར་ནས། །སྔོན་ཆད་འཁོར་བ་ཐོག་མེད་ཀྱི། །བུ་ལོན་འབྲེལ་ཐག་ཆོད་པར་གྱིས། །ལན་ཆགས་ཤ་འཁོན་བྲལ་བར་མཛོད། །སེམས་འགྱུ་བ་དངོས་མེད་སྟོང་པ་དེ། །འདྲེ་ཁྱོད་བས་ངས་ཀྱང་མཐོང་བ་མེད། །དམྱལ་ཁམས་བཅོ་བརྒྱད་དགྲར་ལངས་ཀྱང་། །འཇིགས་སོ་སྙམ་ན་ང་ལ་སྡིགས། །ང་སྟོང་ཉིད་ནམ་མཁའི་རྣལ་འབྱོར་པ། །འཁྲུལ་པའི་དེ་ཉིད་ཤེས་པའི་ཕྱིར། །འདྲེ་ཁྱོད་ལ་ཉམ་ང་འཇིགས་པ་མེད། །ལར་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཏེ། །ཨེ་མ་ཁམས་གསུམ་འཁོར་བའི་ཆོས། །མེད་བཞིན་སྣང་བ་ངོ་མཚར་ཆེ། །ཞེས་རྗེ་བཙུན་གྱིས་མི་འཇིགས་པ་ཁོང་དུ་ཆུད་པའི་མགུར་དེ་སྐད་གསུངས་ནས། གསུང་བདེན་པའི་ཚིག་གིས་བཀྲོལ་བ། ཡོངས་སྔོན་འཁོར་བ་ཐོག་མེད་ནས། ཐ་མ་ད་ལྟ་ཡན་ཆོད་དུ་གྲངས་བརྗོད་ཀྱིས་མི་ལང་ཞིང་། རྡུལ་ཕྲ་རབ་ལས་འདས་པའི་ལུས་ཇི་ཙམ་ཞིག་བླངས་ཀྱང་། སྡུག་བསྔལ་འདུ་བྱེད་ཀྱི་ཕུང་པོ་འབའ་ཞིག་བསགས་ཤིང་དོན་མེད་ཡལ་བར་དོར་བ་ལས། དོན་དུ་གྱུར་པ་སྐད་ཅིག་ཙམ་ཡང་མེད། ད་རེས་ལུས་འབྱུང་བཞི་འདུས་པའི་ཟག་བཅས་ཀྱི་ཕུང་པོ་མི་གཙང་བའི་རྫས་སུམ་ཅུ་སོ་གཉིས་ལས་གྲུབ་པ་འདི་ཁྱེད་འདིར་ཚོགས་པའི་ལྷ་འདྲེ་རྣམས་ལ་དགོས་ན་ཅིའི་ཕྱིར་མི་སྟེར་ཏེ། ནང་འགྲོ་དྲུག་བཅུད་ཀྱི་སེམས་ཅན་ལ། མི་ངའི་ཕ་མར་མ་གྱུར་པ་མེད་པས། དེ་རྣམས་ལན་ཆགས་འཕེན་ཅིང་ཤ་འཁོན་གཉེར་བ་རྣམས་ཀྱི་གླུད་དུ་ད་ལྟ་ཁོ་བོས་ལུས་འདི་གཏོང་བས། ཡ་ཀི་སྤྱི་བོའི་གཙུག་ནས་མ་ཀི་རྐང་པའི་མཐིལ་ཡན་ཆད་ལ། ལྷུ་བཅུ་གཉིས་མགོ་དང་བཅུ་གསུམ་དབང་པོ་རྣམ་པ་ལྔ་དོན་སྙིང་རྣམ་པ་ལྔ། ནང་ཁྲོལ་རྣམ་པ་དྲུག །ཤ་དང་རུས་པ། རྐང་དང་ཚིལ་བུ། ཀླད་པ་དང་ཀླད་རྒྱ། ཞག་དང་ཁོང་ཁྲག །སྐྲ་དང་སེན་མོ། ལྤགས་པ་དང་དྲི་མ། དབུགས་དང་ཚེ་སྲོག །མདངས་དང་བཀྲག་ལ་སོགས་པ་སོ་སོའི་ཡིད་ལ་གང་འདོད་པ་རྣམས། ད་ལྟ་ཉིད་དུ་ཁྱེར་ལ་ཚིམ་ཞིང་དགྱེས་པ་ཁོ་ནར་གྱུར་ཅིག །གཞན་ཡང་ཤ་ཁྲག་ལུས་ཀྱི་མཆོད་སྦྱིན་འདི་ལ་བརྟེན་ནས། ད་ཕྱིན་ཆད་གནོད་སྦྱིན་སྲིན་པོའི་ཚོགས་རྣམས་ཞེ་སྡང་གདུག་རྩུབ་ཀྱི་བསམ་པ་ངན་པ་སླར་ཞི་ཞིང་། རྒྱུད་ཟག་པ་མེད་པའི་སྙིང་རྗེ་ཆེན་པོས་ཡོངས་སུ་གང་བ་ཞིག་ཁོ་ནར་གྱུར་ཅིག །སྙིང་རྗེ་དེས་ཉེ་བར་ལེན་པའི་རྒྱུ་དང་ལྷན་ཅིག་བྱེད་པའི་རྐྱེན་བྱས་ནས། ད་ཕྱིན་ཆད་སྐྱེ་འགྲོ་སེམས་ཅན་དུ་གྱུར་པ་རྣམས་ལ་གནོད་ཅིང་འཚེ་བ་མི་བྱེད་དེ། གནོད་ཅིང་འཚེ་བ་ལས་སླར་ལོག་ནས་ཤིན་ཏུ་བརྩེ་བའི་སེམས་དང་ལྡན་ཏེ། བྱམས་པ་དང་དགའ་བའི་བསམ་པ་དུ་མས་ཕན་འདོགས་ཤིང་ཐམས་ཅད་བདེ་སྐྱིད་ཕུན་སུམ་ཚོགས་པའི་འབྱོར་པ་དང་ལྡན་པར་གྱུར་ཅིག་ཅེས་རྗེ་བཙུན་གྱིས་གསུང་ངག་བདེན་པའི་སྨོན་ལམ་དེ་རྣམས་བཏབ་པ་ལས། དེར་ཚོགས་པའི་ལྷ་འདྲེ་ཐམས་ཅད་སླར་མོས་ཤིང་འདུན་པར་འགྱུར་ཏེ། ལྟས་ངན་ཆོ་འཕྲུལ་གྱི་རྣམ་པ་དེ་རྣམས་བཏུལ་ནས་ཞི་བ་ཆེན་པོའི་ངང་ལ་གནས་པར་གྱུར་ཏེ། དེ་རྣམས་ཀྱི་ནང་ནས་ཀྱང་ཤིན་ཏུ་མི་སྲུན་ཞིང་འཇིགས་པའི་ཆ་བྱད་སྟོན་པའི་ཤ་ཟ་ཌཱ་ཀི་མ་ལྔ་པོ་ན་རེ། རྣལ་འབྱོར་པ་ཁྱོད་ལུས་ལ་ཕངས་སེམས། ཞེན་ཆགས་མེད་པར་ཤ་ཁྲག་མཆོད་སྦྱིན་དུ་གཏོང་བ་ཤིན་ཏུ་ངོ་མཚར་ཆེ་ན་ཡང་ངེད་ཁྱེད་ལ་སྙིང་ཐག་པ་ནས་གནོད་ཅིང་འཚེ་བ་མི་བྱེད་དེ། བསྒོམས་པའི་ཉམས་སམ་རྟོགས་པའི་གདེངས་ཅི་འདུག་ལྟར་འོངས་པ་ཡིན། སྤྱིར་ཡང་ཕྱི་འཁྲུལ་པ་གདོན་གྱི་བར་ཆད་ཐམས་ཅད་ནང་རྣམ་པར་རྟོག་པའི་སེམས་ཀྱི་ཉེར་ལེན་ལས་བྱུང་བ་ཡིན་ཏེ། ད་ཅི་ངེད་ཅག་འོངས་མ་ཐག་ཁྱེད་སྐྱི་བུན་བྱེད་ཅིང་ལྷ་དང་ཌཱ་ཀིའི་དམག་སྦྲན་པའི་ངག་དེ་ལ་རྗེས་སུ་དཔགས་ནས། ཁྱོད་ཀྱི་ཡིད་ལ་འཁུ་འཕྲིག་གམ་ཡ་ང་ཡོད་པར་ཤེས་ནས་མི་སྙན་པ་སྣ་ཚོགས་ངག་ཏུ་བརྗོད་ཅིང་ཐོ་འཚམས་པ་ཡིན་གྱི། ད་ལྟ་གསུང་ངག་བདེན་པའི་ཚིག་གིས་བཤད་པ་ལྟར་ན། ཁོ་མོ་ཅག་འདིར་ལྷགས་པ་རྣམས་ཀྱང་། ཤིན་ཏུ་གནོང་ཞིང་འགྱོད་པར་གྱུར་ཏོ། །ད་ཡང་རྣལ་འབྱོར་པ་ཁྱོད་ཡིད་འགྱུ་བ་ཕྱི་ནང་གི་འཕྲང་ཆོད་ལ་སེམས་ཉིད་མ་བཅོས་པའི་ངང་དུ་མཉམ་པར་ཞོག་དང་། བར་ཆོད་ངེད་པས་གཞན་པ་ཚངས་པའི་འཇིག་རྟེན་མན་ཆོད་གཡོ་འགུལ་བྱུང་ཡང་། ཁྱོད་དཔའ་བཀོང་ཞིང་བརྫི་བར་མི་ནུས་སོ། །ཞེས་སྙིང་གཏམ་གྲོས་སུ་བསྙད་པའི་རྗེས་ལ། ནམ་མཁའི་ཁམས་ནས་མི་བསྲུན་པའི་སྲིན་མོ་ལྔ་པོ་དེ་དག་གིས་མགྲིན་གཅིག་ཏུ་བསྡེབས་ནས། རྗེ་བཙུན་གྱི་སྙན་དུ་གླུ་འདི་ཕུལ་བ་ཡིན་སྐད། ཀྱེའི་གསོན་དང་རྣལ་འབྱོར་རས་ཆེན་པ། །ཁྱེད་བསོད་ནམས་བསགས་པས་མི་ཡི་ལུས། །དལ་འབྱོར་ཚོགས་པའི་སྐལ་བ་ཅན། །སྨོན་ལམ་མཐར་ཕྱིན་ཆོས་དང་མཇལ། །སྦྱངས་པའི་ལས་འཕྲོ་བསམ་གཏན་མཛད། །དེ་ཕྱིར་སྐྱེས་མཆོག་རིགས་ཀྱི་བུ། །ངེད་སྐལ་བ་དམན་པས་འཇིག་རྟེན་པ། །བློ་གྲོས་དམན་པས་རབ་རིབ་ཅན། །སྐྱེ་བ་དམན་པས་བུད་མེད་ལུས། །ཚོགས་མ་བསགས་པས་གནོད་སེམས་ཅན། །ལས་ངན་བསགས་པས་མཁའ་ལ་རྒྱུ། །དེ་འདྲ་རྨོངས་པའི་གསང་ཚིག་གིས། །ཁྱེད་གཞན་རྒྱུད་ཀྱི་རྟོགས་པ་མི་ཤེས་པས། །ངག་བརྗོད་པ་ཚིག་གིས་དཔེ་མཚོན་ནས། །དོན་རྗེས་དཔག་གཏན་ལ་འབེབས་ཀྱང་འབེབས། །བློ་ཡང་ཟ་བར་ཆ་མཆིས་ཀྱང་། །སྐུ་ཕྱག་རྒྱ་བསྟེན་པར་གླུ་འདི་གསོན། །ཤར་རྒྱ་ཡི་བཀྲ་ཤིས་ཁྲི་སྒོ་ན། །རྒྱ་མོ་དར་འཐག་རླབས་ཀྱིས་འཐག །སྤུན་ནང་ལེན་གྱི་སྐུད་མདའ་མ་ལོག་ན། །ཕྱི་དུས་ཀྱི་རླུང་གིས་མི་གཡོ་བས། །ཡིད་གཞུངས་ལས་ཐོགས་ཤིག་གུ་ལིང་དར། །བྱང་གྱིམ་ཤམ་ཧོར་གྱི་རྒྱལ་ས་ན། །གྱད་དམ་ལེན་གཡུལ་དུ་ཞུགས་པ་ལ། །ནང་སྲེད་ལོག་ཀུ་ཡིས་མ་བཏབ་ན། །གེ་སར་དམག་གིས་མི་འཇིགས་ཀྱིས། །སྲིད་ཞི་བས་སྐྱོངས་ཤིག་མཛངས་ཀྱི་འཕྲུལ། །ནུབ་ཏ་ཟིག་རྒྱལ་པོའི་འཕྲང་སྒོ་ན། །སྤ་རྟགས་ཤ་དུང་གི་སྒོ་མོ་ལ། །ནང་ཁྲོ་ཆུའི་གཟེར་མགོ་མ་ལོག་ན། །ཕྱི་འཁྲུལ་འཁོར་སྒྱོགས་ཀྱིས་མི་འཇིགས་ཀྱིས། །ནང་ཁོང་གཟེར་སྡོམས་ཤིག་འཁྲུལ་གྱི་སྒོ། །ལྷོ་བལ་པོ་རྡོ་འབུགས་ཀྱི་ཡུལ་ཁམས་ན། །ཙནྡན་སྨན་གྱི་སྡོང་པོ་ལ། །ཤིང་རྟ་ཡུ་ནང་ནས་མ་ཤོར་ན། །ཕྱི་མོན་པ་སྟར་ཐོགས་མི་འོང་གིས། །ཤིང་ནང་སྲིད་སྡོམས་ཤིག་ནགས་མ་ལྗོངས། །གནས་དབེན་པ་བྲིན་གྱི་ཆུ་དབར་ན། །ཁྱེད་མི་ལ་རས་པ་སྒོམ་བཟང་པོ། །ནང་རྣམ་རྟོག་འདྲེ་རུ་མ་ལངས་ན། །ཕྱི་གདོན་དང་བགེགས་ཀྱིས་མི་འཇིགས་པས། །ནང་སེམས་རྒྱུད་སྦྱོངས་ཤིག་རྣལ་འབྱོར་པ། །ཡིད་ཁུ་འཕྲིག་མ་བྱེད་བརཏལ་ཞུགས་ཅན། །ཁྱོད་ཆོས་ཉིད་སྟོང་པའི་བྲག་རི་ལ། །ཏིང་འཛིན་མི་གཡོའི་རྫོང་བཟུང་ནས། །བྱང་ཆུབ་སེམས་ཀྱི་གོས་གྱོན་ཞིང་། །ཤེས་རབ་སྙིང་རྗེའི་མཚོན་བདར་ཏེ། །བདུད་བཞིའི་དམག་གིས་མཐའ་བསྐོར་ཡང་། །གཟུང་འཛིན་གྱི་གྲོང་དུ་མི་ཕེབས་ཤིང་། །གཤིན་རྗེའི་འཇིག་རྟེན་དགྲར་ལངས་ཀྱང་། །ཁྱོད་གཡུལ་ངོ་མི་ཕམ་རྒྱལ་བར་ངེས། །ལར་ཕྱི་འདོད་ཡོན་སྣང་བ་ལྟད་མོར་ཆེ། །ནང་ཞི་གནས་ཀྱི་བསམ་གཏན་བྱིང་རྒོད་མང་། །ཡུལ་དགའ་གདུངས་ཀྱི་ཞེན་པ་འགྲོགས་ཡུན་རིང་། །ལྷག་མཐོང་གི་ཡེ་ཤེས་རྒྱུན་བྱ་ཙམ། །རྣམ་རྟོག་གི་ལྷ་འདྲེ་དགྲ་ཐབས་མཁས། །རེ་དོགས་ཀྱི་འཕྲང་ལ་བསྒུགས་བསྒུགས་ནས། །ང་བདག་གི་ཞགས་པས་འཆིང་ཉེན་ཡོད། །ཁྱེད་དྲན་དང་ཤེས་བཞིན་གྱི་མེལ་ཚེ་གྱིས། །རྫོང་ལེགས་པར་སྲུངས་ཤིག་རྣལ་འབྱོར་པ། །གླུ་མཚོན་པའི་དཔེ་བཞི་དོན་དང་ལྔ། །ཚིག་སྙན་ངག་མུ་ཏིག་བསྟར་ལ་བརྒྱུས། །དོན་གསལ་བྱེད་མེ་ལོང་ཐུགས་ལ་བཀྲ། །དེ་མཁྱེན་པར་དགོངས་ཤིག་སྐལ་བ་ཅན། །ཞེས་པ་མཚོན་པའི་དཔེ་བཞི་དོན་དང་བཅས་པའི་གླུ་རྗེ་བཙུན་གྱི་སྙན་དུ་ཕུལ་བ་ལས། ཡང་རྗེ་བཙུན་གྱིས་ལན་གསུངས་པ། སྤྱིར་ཕྱི་རོལ་བདུད་ཀྱི་རིགས་ལྷ་འདྲེའི་བར་དུ་གཅོད་པ་ཐམས་ཅད་ནང་རྣམ་པར་རྟོག་པ་སེམས་ཀྱི་ཉེར་ལེན་ལས་བྱུང་བ། ཁྱེད་ཅག་ཟེར་བ་ལྟར་བདེན་ན་ཡང་ངེད་རྣལ་འབྱོར་པའི་ལུགས་ཀྱི་བར་ཆད་ལ་སྐྱོན་དུ་མི་བལྟ་སྟེ། ལྟས་དང་ཆོ་འཕྲུལ་གྱི་རྣམ་པ་ཅི་བྱུང་ཡང་། དེ་ཉིད་བཀའ་དྲིན་ཅན་ནམ་འདོད་ཐོག་ཏུ་ཁྱེར་ཏེ་ལས་དང་པོ་པའི་གང་ཟག་ལེ་ལོ་ཅན་རྣམས་ལ་བརྩོན་འགྲུས་ཀྱི་ལྕག་འདེབས། གཉེན་པོ་གློ་བུར་དུ་སྐྱེ་ཞིང་རིག་པའི་ངར་འདོན། འདི་ཉིད་ཀྱིས་ལུས་ངག་དགེ་སྦྱོར་ལ་བསྐུལ་ནས་བསམ་གཏན་མྱུར་དུ་རྒྱུད་ལ་སྐྱེ་བའི་རྒྱུ་བྱེད་ལ། ལམ་གོམས་ཤིང་བརྟན་པ་ཐོབ་པ་རྣམས་ལ་ནི་དྲན་པ་ཡེ་ཤེས་ཀྱི་གསོས་འདེབས། རིག་པ་འོད་གསལ་གྱི་མདངས་འདོན་ཞིང་ནང་ཏིང་ངེ་འཛིན་གྱི་རྩལ་སྦྱོང་། དེ་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་ཁྱད་པར་ཅན་རྒྱུད་ལ་སྐྱེ་ཞིང་ལམ་གྱི་བོགས་གོང་ནས་གོང་དུ་འབྱིན་པར་བྱེད་དོ། །དུས་དེའི་གནས་སྐབས་ན་བདུད་རིགས་ཆོས་སྐྱོང་དུ་ཞལ་འགྱུར་ཞིང་། ཆོས་སྐྱོང་སྤྲུལ་སྐུར་མཐོང་བས་རྐྱེན་དངོས་གྲུབ་ཏུ་འབབ། བར་ཆད་ལམ་དུ་སློངས། རྣམ་རྟོག་ཆོས་སྐུར་འཆར། སྐྱོན་ཡོན་ཏན་དུ་གྲོལ་ཏེ་ཐུན་མོང་ལམ་གྱི་མཐུན་རྐྱེན་ཐམས་ཅད་ཁྱེད་ཅག་གིས་སྒྲུབ་པར་བྱེད་དོ། །མཐར་ཐུག་ཤེས་བྱའི་གཤིས་ལ་ལྷ་དང་འདྲེ་གཉིས་ཀ་མ་གྲུབ་སྟེ། རེ་དོགས་སྤོང་ལེན་གྱི་མཚན་མ་རང་སར་གྲོལ་བས། འཁྲུལ་པ་གཞི་མེད་དུ་རྟོགས་ཤིང་འཁོར་བ་ཕྱག་རྒྱ་ཆེན་པོར་ཤར་བ་དེ་ལ་གློ་བུར་གྱི་རྣམ་པར་རྟོག་པ་དབྱིངས་སུ་ཐིམ་པའི་ཆོས་སྐུ་འདུ་འབྲལ་མེད་པ་ཞེས་མིང་དུ་བཏགས་སོ་གསུངས་ནས། དེ་དག་གི་དོན་ཚིགས་སུ་བཅད་དེ་གསུངས་པ། རྒྱལ་བའི་ཞིང་ཁམས་འཛམ་གླིང་འདིར། །སངས་རྒྱས་གཉིས་པ་ལྟར་གྲགས་ཤིང་། །མི་ནུབ་བསྟན་པའི་རྒྱལ་མཚན་གྱི། །ཅོད་པན་གཙུག་གི་ནོར་བུ་ལྟར། །ཀུན་གྱིས་བཀུར་ཞིང་མཆོད་པའི་གནས། །སྙན་པའི་བ་དན་སྒྲ་དབྱངས་ཀྱིས། །ཕྱོགས་རྣམས་ཀུན་ཏུ་ཁྱབ་པ་དེ། །རྗེ་མངའ་བདག་མཻ་ཏྲི་མ་ལགས་སམ། །དེ་ཉིད་ཞབས་ཀྱི་པདྨོ་ལ། །གུས་པར་བརྟེན་ཅིང་བཅུད་འཐུངས་པས། ལྟ་བའི་ཡང་རྩེ་ཕྱག་རྒྱ་ཆེ། །མཐའ་བྲལ་གཉུག་མའི་དོན་རྟོགས་ཤིང་། །ཡོན་ཏན་ཐམས་ཅད་རབ་རྫོགས་ཏེ། །སྐྱོན་རྣམས་ཀུན་གྱིས་མ་གོས་པ། །བདེ་གཤེགས་སྤྲུལ་པ་མི་གཟུགས་ཅན། །སྐྱེས་མཆོག་མར་པས་འདི་སྐད་གསུངས། །ཕྱི་སྣང་བ་ཇི་ལྟར་སྣང་ལགས་ཀྱང་། །མ་རྟོགས་དུས་ན་འཁྲུལ་སྣང་སྟེ། །ཡུལ་གྱི་ཞེན་པས་འཆིང་བར་བྱེད། །རྟོགས་པ་རྣམས་ལ་སྒྱུ་མར་སྣང་། །ཡུལ་སྣང་སེམས་ཀྱི་གྲོགས་སུ་འཆར། །མཐར་ཐུག་དོན་ལ་སྣང་མ་མྱོང་། །སྐྱེ་མེད་ཆོས་སྐུར་དག་གོ་གསུངས། །ནང་འགྱུ་བ་ཡིད་ཀྱི་རྣམ་ཤེས་འདི། །མ་རྟོགས་དུས་ན་མ་རིག་པ། །ལས་ཉོན་མོངས་ཀུན་གྱི་གཞི་རྩ་ཡིན། །རྟོགས་ན་རང་རིག་ཡེ་ཤེས་ཏེ། །དཀར་པོའི་ཡོན་ཏན་རྫོགས་པར་འབྱུང་། །མཐར་ཐུག་དོན་ལ་ཡེ་ཤེས་མེད། །ཆོས་རྣམས་ཟད་སར་སྐྱོལ་ལོ་གསུངས། །ཉེར་ལེན་གཟུགས་ཀྱི་ཕུང་པོ་འདི། །མ་རྟོགས་དུས་ན་འབྱུང་བཞིའི་ལུས། །ན་ཚ་སྡུག་བསྔལ་དེ་ལས་འབྱུང་། །རྟོགས་ན་ལྷ་སྐུ་ཟུང་འཇུག་སྟེ། །ཐ་མལ་ཞེན་པ་བཟློག་པར་བྱེད། །མཐར་ཐུག་དོན་ལ་ལུས་མེད་དེ། །སྤྲིན་བྲལ་མཁའ་ལྟར་དག་གོ་གསུངས། །གདོན་གནོད་སྦྱིན་ཕོ་མོའི་སྣང་བ་འདི། །མ་རྟོགས་དུས་ན་བདུད་ཡིན་ཏེ། །ཐོ་འཚམ་བར་དུ་གཅོད་པར་བྱེད། །རྟོགས་ན་བགེགས་རྣམས་ཆོས་སྐྱོང་སྟེ། །སྣ་ཚོགས་དངོས་གྲུབ་ཁྱེད་ལས་བྱུང་། །མཐར་ཐུག་དོན་ལ་ལྷ་འདྲེ་མེད། །རྣམ་རྟོག་ཟད་སར་སྐྱོལ་ལོ་གསུངས། །སྤྱིར་ཐེག་པའི་མཐར་ཐུག་གསང་སྔགས་ཀྱི། །རྣལ་འབྱོར་བླ་མེད་རྒྱུད་ནས་ཀྱང་། །ཁམས་འདུས་པ་རྩ་ཡི་རྟེན་འབྲེལ་གྱིས། །ཕྱི་རོལ་འདྲེ་གཟུགས་མཐོང་བར་གསུངས། །དེ་རང་སྣང་བརྫུན་དུ་མ་ཤེས་ཤིང་། །བདེན་ནོ་སྙམ་ན་ཤིན་ཏུ་རྨོངས། །ང་སྔོན་ཆད་རྨོངས་པས་མགོ་བོ་འཁོར། །མ་རིག་འཁྲུལ་པའི་ཚང་དུ་ཞུགས། །ཕན་གནོད་ཀྱི་ལྷ་འདྲེ་བདེན་པར་བཟུང་། །ང་གྲུབ་ཐོབ་རྗེ་ཡི་བཀའ་དྲིན་གྱིས། །འཁོར་འདས་དགག་སྒྲུབ་མེད་པར་གོ། །ཅིར་སྣང་ཕྱག་རྒྱ་ཆེན་པོར་ཤར། །འཁྲུལ་པ་གཞི་མེད་དུ་རྟོགས་པ་དེས། །རིག་པའི་ཆུ་ཟླ་རྙོག་པ་དྭངས། །འོད་གསལ་གྱི་ཉི་མ་སྤྲིན་དང་བྲལ། །མ་རིག་མུན་པ་མཐའ་ནས་སངས། །རྨོངས་པའི་མགོ་འཁོར་ཡལ་ནས་ཐལ། །ཡིན་ལུགས་ཤིག་ནང་ནས་འཆར་གྱིན་གདའ། །ལར་འདྲེར་འཛིན་གྱི་རྣམ་རྟོག་རིན་པོ་ཆེ། །གཞི་སྐྱེ་མེད་ཀྱི་གསལ་འདེབས་ངོ་མཚར་ཆེ། །ཞེས་བླ་མའི་གསུང་ཚད་མར་འཛིན་ཞིང་། གདམས་ངག་ལ་ངེས་ཤེས་སྐྱེས་པའི་མགུར་དེ་རྣམས་རྗེ་བཙུན་གྱིས་བཞེས་པ་ལས། གདོན་ཆེན་པོ་བཅོ་བརྒྱད་ཀྱི་གཙོ་བོར་སྨོས་པའི་དེར་ཚོགས་པའི་ལྷ་འདྲེ་རྣམས་ན་རེ། ཁྱེད་བརྟན་པ་ཐོབ་པའི་རྣལ་འབྱོར་པར་འདུག་པ་ལ། ངེད་ཀྱིས་དེ་ལྟར་ངོ་མ་ཤེས་ཏེ། སྔོན་ཆད་ཐོ་འཚམ་ཞིང་བར་ཆད་བྱས་པ་རྣམས་ཤིན་ཏུ་གནོང་ཞིང་འགྱོད་པས་བཟོད་པ་ཆེན་པོར་བཞེས་འཚལ། དེ་ཕྱིན་ཆད་ཁྱེད་ཀྱི་ཅི་གསུང་བའི་བཀའ་ཉན་ཞིང་འབངས་སུ་མཆི་བས་བཀའ་བསྒོ་བའི་ལས་དང་བྱ་བ་གང་ཡིན་པ་དེ་དག་ཐམས་ཅད་ངེད་ཅག་ལྷ་འདྲེ་རྣམས་ཀྱིས་བསྒྲུབ་པར་བགྱིའོ་ཞེས་ཁས་བླངས་ནས། དེར་ཚོགས་པའི་ལྷ་འདྲེ་རྣམས་ཀྱིས་ཕྱག་གྱང་འགྱེལ་བ་ལྟར་འཚལ་ཏེ། སོ་སོ་རང་རང་གི་གནས་སུ་གྱེས་ནས་སོང་སྐད། རྗེ་རས་པ་ཆེན་པོ་མཚན་བརྗོད་པར་དཀའ་བ་དཔལ་བཞད་པ་རྡོ་རྗེ་དང་། འཇིག་རྟེན་མིག་བསྒྱུར་གྱི་ཌཱ་ཀི་མ་ལྔའི་ཞུས་ལན་མགུར་དུ་བླངས་པ་རྣམས་ངན་རྫོང་སྟོན་པ་བོ་དྷི་རཱ་ཛས་མི་བརྗེད་གཟུངས་སུ་ཡི་གེར་བཀོད་པ་སྙན་དངགས་མུ་ཏིག་རྒྱན་གྱི་ཕྲེང་བ་ཞེས་བྱ་བ་རྫོགས་སོ།། །།

༈ ན་མོ་གུ་རུ། བདེ་གཤེགས་སྤྲུལ་པ་གཙུག་གི་རྒྱན། །སྐྱེས་མཆོག་མར་པ་ལོ་ཙྪ་ཡི། །ཞལ་ནས་བབས་པའི་བདུད་རྩི་དང་། །སྙན་བརྒྱུད་ལྷན་ཅིག་སྐྱེས་པ་ཡི། །ཐུགས་ལས་འཁྲུངས་པའི་ཡེ་ཤེས་ཀྱིས། །བྱིན་གྱིས་བརླབས་པའི་རྣལ་འབྱོར་པ། །མཚན་མི་ལ་ཞེས་བྱར་གྲགས་པ་ཡི། །ཕ་རས་པ་དེ་ལ་གུས་ཕྱག་འཚལ། །ཡུལ་ཡ་མཚན་ཆེ་བ་བལ་བོད་གཉིས་ཀྱི་སོ་མཚམས། གངས་མཐོན་མཐིང་རྒྱལ་མོ་ན་བུན་འཐིབས་པའི་གཡས་མགུལ། སྤྲིན་ཨ་བ་གསེར་མདོག་ལྡིང་བའི་འོག །ལྡིང་མདོ་ཤོད་ཤེལ་གྱི་ར་བས་བསྐོར་བའི་དབུས། དངོས་གྲུབ་ཀྱི་ཆུ་བོ་ལོ་ཏ་ཧན་གྱི་ཀླུང་འགྲམ། གནས་བྱིན་གྱིས་བརླབས་པ་སྨན་ལུང་ཆུ་དབར་གྱི་ཕོ་བྲང་ན། རྗེ་རས་པ་ཆེན་པོ་མཚན་ཡོངས་སུ་གྲགས་པ་མི་ལ་རྣལ་འབྱོར་པ་ཞེས་བྱ་བ། བཀའ་གསང་བ་བླ་ན་མེད་པ་ཐེག་པ་མཆོག་གི་དོན་ལ་ཐུགས་ཀྱི་སྣང་བ་ཕྱོགས་མེད་དུ་ཤར་བ། ཚད་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱིས་ནང་གི་ཐུགས་ཡོངས་སུ་སྦྱངས་པའི་སྐྱེས་བུ། མས་བརྟན་པའི་དགའ་བ་བཞི། མགྲིན་པ་ལོངས་སྤྱོད་ཀྱི་གནས་སུ་ཕྱིན་པས། རྡོ་རྗེ་གླུའི་མཛོད་རང་ཤུགས་སུ་བརྡོལ་བ། སྒྲུབ་བརྒྱུད་ཀྱི་བྱིན་རླབས་རྒྱུན་མ་ཆད་པས་ཐ་མལ་གྱི་སྣང་བ་ཡེ་ཤེས་སུ་བསྒྱུར་བ་མཁྱེན་ཞིང་། བརཏལ་ཞུགས་སྨྱོན་པའི་སྤྱོད་པས་མ་དད་པའི་བདུད་དང་ལོག་འདྲེན་ཚར་གཅོད་པར་ནུས་པའི་དཔའ་བོ་ཆེན་པོ་དེ། ཐུགས་ཆོས་ཉིད་གཉུག་མའི་ངང་ལས་མ་གཡོས་བཞིན་དུ། བརྩེ་བ་ཆེན་པོས་གཞན་དོན་ལ་གཟིགས་ནས། ཟད་པར་འབྱུང་བའི་སྐྱེ་མཆེད་སྣང་བ་མི་སྣང་བར་བསྒྱུར་ཞིང་ཟིལ་གྱིས་གནོན་པ་དང་། བཀོད་པ་ལུས་ཀྱི་རྫུ་འཕྲུལ་སྣ་ཚོགས་བསྟན་ནས་དཀར་ཕྱོགས་ལ་དད་པའི་མི་དང་མི་མ་ཡིན་འགའ་དང་འགའི་དོན་མཛད་ཅིང་བཞུགས་པ་ལས། ཆུ་མོ་སྦྲུལ་གྱི་ལོ་དབྱར་ཟླ་ར་བའི་ཚེས་བཅུ་གཅིག་གི་ནུབ་མོ་མཚར་སྡུག་འོད་དུ་ཆགས་པའི་བུད་མེད་བཟང་པོ་ལྔ་ཞབས་དྲུང་དུ་འོངས་ནས། བསྐོར་བ་མང་དུ་བྱས་ཕྱག་ཟུང་དུ་ཐིམ་པ་བརྒྱད་བཙལ་ནས། བ་མེན་གྱི་ཞོ་ཡིན་ཟེར་བ་མུ་མེན་གྱི་སྐྱོགས་གང་ཕྱག་ཏུ་ཕུལ་ནས་གཡོན་ཟུར་ངོས་སུ་གྲལ་ལ་འཁོད་དེ། ངེད་ཅག་བུད་མེད་ལྔ་པོ་འདི་རྗེ་བཙུན་ལ་སེམས་བསྐྱེད་ཞུར་མཆིས་པས་ཐུགས་ལ་གདགས་འཚལ་ཟེར་ནས། ཞུ་བ་འབུལ་དུ་བྱུང་བ་ལས། རྗེ་བཙུན་གྱིས་ཐུགས་དགོངས་བཏང་བ། ཡོངས་འདི་ལྟ་བུའི་རིན་པོ་ཆེའི་སྐྱོགས་ཁྱད་པར་ཅན་དང་། བཅུད་ཡ་མཚན་ཆེ་བ་སྔ་ནས་མ་མཐོང་བའི་ཁ་ཟས་འདི་འདྲ་བ་ཡང་མི་ཡིས་མི་རྙེད་ལ། ཕྱག་དང་བསྐོར་བ་གོ་ལོག་ཏུ་བྱེད་ལུགས་ཀྱིས་འདི་ཀུན་ལྷ་འདྲེ་ཡིན་པར་འདུག་སྙམ་དུ་ཐུགས་ལ་མཁྱེན་ནའང་། ཅུང་ཞིག་སྤྱོད་ལམ་གྱི་རྣམ་འགྱུར་བརྟག་པ་དང་། ངག་དྲང་པོར་ཟློའམ་མི་ཟློ་བརྟག་པའི་ཕྱིར་ཆ་མེད་ཅིང་མི་མཁྱེན་པའི་ཚུལ་དུ་བྱས་ཏེ་ཁྱེད་ཅག་སུ་ཡིན་ག་ནས་འོངས། ཞེས་སྙན་དངགས་མགུར་དུ་བཞེངས་ནས་བྲིས་པ། རྗེ་སྐུ་བཞིའི་ངོ་བོ་རྡོ་རྗེ་འཆང་། །རྩོད་ལྡན་བསྟན་པའི་སྙིགས་མ་ལ། །སྐལ་ལྡན་འགའ་ཡི་དོན་གཟིགས་ནས། །འཛམ་གླིང་བྱང་ཕྱོགས་བར་དྷ་ན། །རི་བོ་གངས་ཅན་རྒྱུད་འདི་རུ། །སྒྲ་སྒྱུར་ལོ་ཙྪར་སྐུ་སྤྲུལ་པ། །མི་མཆོག་སེང་གེའི་ང་རོ་ཅན། །བླ་མེད་ཐེག་པའི་སྒྲ་སྒྲོག་ཅིང་། །སྒྲ་དེ་ཐོས་པ་ཙམ་གྱིས་ཀྱང་། །ངན་འགྲོ་ལོག་པར་མི་ལྟུང་སྐད། །དེ་སླད་ཕྱིར་ན་ཞུ་བའི་དོན། །མི་ང་ལ་ལྟོས་པའི་འགྲོ་རྒྱུད་རྣམས། །བྱིན་རླབས་དངོས་གྲུབ་རྗེ་ལ་རེ། །ཕ་ཁྱེད་ཀྱི་ཐུགས་རྗེའི་ལྕགས་ཀྱུ་ཡིས། །རང་དབང་མེད་པར་སེམས་གཡོ་ཞིང་། །རྟོགས་པའི་མྱུ་གུ་བསྐྱེད་དུ་གསོལ། །དེ་རྗེས་སྙན་དུ་གསོལ་བ་ཡང་། །དག་པ་ནམ་མཁའི་ཞིང་ཁམས་ན། །རྒྱལ་བ་སྲས་བཅས་བཞུགས་པ་རྣམས། །ང་ཐེག་ཆེན་ལམ་གྱི་རྣལ་འབྱོར་པ། །གདུལ་བྱའི་པདྨོ་ཁ་ཕྱེ་ནས། །ལྷ་ཁྱེད་ཀྱི་ཐུགས་རྗེའི་ཉི་མ་ཡི། །འཆར་ཀ་འོད་ཀྱི་དྲ་བ་ཡིས། །བློ་གྲོས་པདྨོའི་འདབ་རྒྱས་ཤིང་། །ཚད་མེད་བཞི་ལྡན་ཟེའུ་འབྲུའི་ཚོགས། །དེ་རིང་ཉིད་དུ་འཁྲུང་བར་མཛོད། །གྲལ་གཡོན་ན་འཁོད་པའི་བཞིན་བཟང་མ། །སྲིང་མོ་ཁྱོད་ལ་དྲི་རྒྱུ་ཡོད། །དྲི་བ་དོན་གཞན་མ་མཆིས་ཏེ། །ཁྱེད་མི་འམ་ལྷ་འདྲེ་ངོ་མ་ཤེས། །བུད་མེད་ལུས་ལ་ཡ་མཚན་ཅན། །སྔར་མ་མཐོང་བའི་མོ་བཙུན་ལྔ། །མཚར་སྡུག་འོད་དུ་ཆགས་པ་ལྔ། །འོད་འཕྲོ་ལྷ་ཡི་བུ་མོ་ལྔ། །ཁྱེད་དང་པོ་རྒྱང་ནས་མཐོང་ཙ་ན། །བུད་མེད་སྡེར་ཆགས་ཁྲོམ་དུ་ཚོགས། །སྨག་རུམ་འཐིབས་ཀྱི་ན་བུན་བཞིན། །བརྟགས་ན་མི་བརྟན་ཡལ་ཡོལ་བྱེད། །འདི་ལ་ཧ་ཅང་ཡིད་མ་ཆེས། །དེ་ནས་ལམ་དུ་ཞུགས་ཙ་ན། །མུ་ཏིག་བསྟར་ལ་བརྒྱུས་པ་བཞིན། །ཀྲིག་གེ་ན་རེ་འོང་བ་མཐོང་། །ཁྲིམས་ལ་གནས་པའི་མོ་བཙུན་རྣམས། །འཇོ་སྒེག་བཞད་འགྲོས་ལྟད་མོར་ཆེ། །ད་ལྟ་དྲུང་དུ་ལྷགས་ཙ་ན། །ཐོ་རངས་ཤར་གྱི་སྐར་ཆེན་བཞིན། །རིམ་གྱིས་ཇེ་ཉུང་ཇེ་ཉུང་ཐལ། །དུ་མར་འགྱེད་ཅིང་སྡུད་ལུགས་ཀྱིས། །སྲིད་པའི་ལྷ་འདྲེ་ཡིན་ནམ་སྙམ། །བརྟགས་ན་མི་བཟོད་ཤིན་ཏུ་འཛུམ། །ཕན་ཚུན་བལྟ་ཞིང་མིག་བསྒྱུར་མ། །ཕྲ་མན་ཌཱ་ཀི་ཡིན་ནམ་ཅི། །ཆོས་བསྐོར་གཡས་ནས་བྱེད་རྒྱུ་ལ། །བསྐོར་བ་གོ་བཟློག་གཡོན་ནས་བྱེད། །འདིས་ཀྱང་ལྷ་འདྲེ་ཡིན་པར་ཤེས། །སྤྱན་ཕྱག་གཡོན་ནས་སྟོབས་རྒྱུ་ལ། །སྤྱན་ཕྱག་གོ་བཟློག་གཡས་ནས་བྱེད། །འདིས་ཀྱང་ལྷ་འདྲེ་ཡིན་པར་ཤེས། །མདུན་གྱིས་བདར་ཞིང་ཕྱག་འཚལ་བ། །དགུ་ཕྲུགས་ཕྱག་ལ་སྙུན་དྲི་གསུམ། །ནེམ་ནེམ་ཞུང་ཞུང་སྤྱན་ཕྱག་གཅིག །དེ་ནི་བཙུན་མོའི་ཕྱག་བབས་ཡིན། །འདྲ་ལ་མི་མཐུན་ཁྱོད་ཀྱི་ལུགས། །ཕྱག་བརྒྱད་བར་དུ་བསྙུན་དྲི་གཉིས། །པུས་མོའི་ལྷ་ང་ས་ལ་བཙུགས། །ཕྱག་བབས་སྐྱེས་པའི་ལུགས་སུ་བྱས། །གཞན་དང་མི་མཐུན་ལྷ་འདྲེའི་ཕྱག །མི་ང་ལ་དྲངས་པའི་ཕྱག་རྟེན་འདི། །མུ་མེན་ཡོལ་གྱི་ཞལ་སྐྱོགས་ལ། །རིན་ཆེན་སྣ་ཚོགས་ཕྲ་བཀོད་པ། །འདི་མི་ཡིས་མི་རྙེད་ལྷ་འདྲེའི་ནོར། །ང་མི་རྒན་བྱེས་ཐག་རིང་བ་དེས། །རྒྱལ་ཁམས་ཕྱོགས་མེད་བལྟས་བལྟས་ནས། །ངོ་མཚར་ཅན་གྱི་མཐོང་རྒྱ་དང་། །ཐོས་པའི་གཏམ་རྒྱ་བཤད་མི་རྫོགས། །ལྕེ་རྐན་ཟས་ཀྱི་རོ་མྱོངས་པ། །མི་གཞན་པས་མི་ཉུང་ལྷག་ན་ཡང་། །སྤྱན་གཟིགས་བ་མེན་རྒོད་ཀྱི་ཞོ། །འདི་འདྲ་སྔོན་ཆད་མཐོང་མ་མྱོང་། །ཡ་ཚན་ཆེ་བའི་ཞལ་ཟས་མྱོང་། །འདི་མི་ལ་མ་མཆིས་ལྷ་འདྲེའི་ཟས། །གཏམ་གཞན་ལ་བཟླས་ན་ངོ་མཚར་ཆེ། །ཁྱད་པར་སེམས་བསྐྱེད་ཞུའོ་སྐད། །ཁྱེད་དཀར་པོའི་ཕྱོགས་ཀྱི་མི་མ་ཡིན། །བསྟན་ལ་རབ་དགའ་དད་པ་ཅན། །སྔོན་སྦྱངས་བག་ཆགས་ཡོད་པར་ངེས། །མི་ང་ཡང་དགའ་ཞིང་སྤྲོ་བ་སྐྱེས། །ཁྱེད་ད་དུང་ཉོན་ཅིག་བཞིན་བཟང་མ། །མི་ངས་ཀྱང་མ་ཤེས་དྲི་བ་ཡོད། །གཏམ་རྫུན་གྱིས་མ་བསླད་གསོང་པོར་སྨྲོས། །ཁྱེད་ད་ནང་འོངས་པ་ག་ནས་འོངས། །དོ་ནུབ་འགྲོ་བ་གང་དུ་འགྲོ། །ཕོ་བྲང་རྟེན་ས་གང་ན་ཡོད། །རིགས་སམ་སྡེ་ཚན་གང་དུ་གཏོགས། །དབང་བསྒྱུར་ལས་ནི་ཅི་དང་ཅི། །དངོས་གྲུབ་ཇི་ལྟར་སྟེར་བར་ནུས། །མི་ང་དང་སྔོན་ཆད་གང་དུ་ཕྲད། །གཏམ་གཞན་ལས་ཐོས་སམ་ཇི་ལྟར་ཤེས། །བཀའ་མཆིད་མ་འགྱིང་དྲང་པོར་སྨྲོས། །ཞེས་པའི་མགུར་བཞེངས་ཏེ་དྲི་བ་མཛད་པ་ལས། ཡང་རྫུ་འཕྲུལ་ཅན་གྱི་བུད་མེད་དེ་དག་གིས་ཆེད་དུ་བསྐྱར་ཏེ་སླར་ཞུས་པ། རྗེ་བཙུན་སྐྱེས་བུ་དམ་པ་ཁྱེད་སྐུ་ཚེ་སྔ་མ་ལ་བསོད་ནམས་བསགས་པའི་སྟོབས་ཀྱིས་དུས་འདིར་གྲུབ་ཐོབ་བརྒྱུད་པའི་བླ་མ་ཁྱད་པར་ཅན་དང་མཇལ། བདུད་རྩི་གསུང་གི་འོད་ཟེར་ཐུགས་ལ་བབས་པས་འཇིག་རྟེན་ཆོས་བརྒྱད་དང་འདོད་པའི་ཡོན་ཏན་ཐམས་ཅད་སྒྱུ་མ་ལྟ་བུར་གཟིགས་ཤིང་བརྩེ་བ་ཆེན་པོས་གཞན་དོན་ཁོང་དུ་ཆུད་པས། སྲིད་པའི་ཆུ་ཀླུང་ཆེན་པོ་རྦ་རླབས་རབ་ཏུ་འཁྲུགས་པ་འདི་ལས་མྱུར་དུ་བརྒལ་བར་བཞེད་དེ། དཀའ་བ་དྲག་པོ་སྣ་ཚོགས་ཀྱི་སྒོ་ནས་སྒྲུབ་པ་ལ་ནན་ཏན་དུ་མཛད་པའི་ཕྱིར། ནང་རིག་པ་ཏིང་ངེ་འཛིན་གྱི་རྩལ་སྦྱངས་ཏེ། མངོན་པར་ཤེས་པ་རྒྱ་ཆེན་པོ་དང་ལྡན་པས་ལྐོག་ཏུ་གྱུར་པའི་གཞན་རྒྱུད་ཀྱི་རྟོག་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུར་གཟིགས་ཏེ། ངེད་ཅག་རྣམས་ཀྱི་རིགས་དང་རུས་དང་ཆོ་འབྲང་ལ་སོགས་པ་ཇི་ལྟ་བ་བཞིན་དུ་དགོངས་ན་ཡང་མི་མཁྱེན་པའི་ཚུལ་དུ་དྲི་ཞིང་རྨེད་པར་མཛད་པ་ལ། ཅིའི་ཕྱིར་མི་སྨྲ་སྟེ་ཚུལ་ཇི་ལྟ་བ་བཞིན་དུ་བརྗོད་པར་བགྱི་ཡིས། རྗེ་བཙུན་ཆེན་པོ་ཅུང་ཟད་སྙན་གསོན་འཚལ་ཞེས་ངག་ཚིག་ཏུ་བཀྲོལ་ཏེ་བརྡ་སྦྱར་བའི་རྗེས་ལ་རྫུ་འཕྲུལ་ཅན་གྱི་བུད་མེད་དེ་དག་གིས་མགྲིན་གཅིག་ཏུ་བསྡེབས་ནས་སྙན་ངག་གླུར་བླངས་ཏེ་ལན་བཏབ་པ། གདོང་དམར་སྲིན་མོ་བོད་ཀྱི་ཡུལ། །ཁ་བ་ཅན་ལྗོངས་པཀྵུའི་འགྲམ། །གནོད་སྦྱིན་གངས་ཀྱི་ར་བ་འདིར། །ལྔ་ལྡན་སྙིགས་མའི་དུས་འདི་རུ། །འཁྲུངས་དཀའི་སྐྱེས་བུ་བྱོན་པ་དེ། །རྗེ་མི་ལ་རྣལ་འབྱོར་མ་ལགས་སམ། །ཁྱེད་སྔོན་སྦྱངས་བསོད་ནམས་བསགས་པའི་ཕྱིར། །དུས་འདིར་བླ་མ་དགེ་བའི་བཤེས། །གྲུབ་ཐོབ་བརྒྱུད་པས་རྗེས་སུ་བཟུང་། །བྱིན་རླབས་བདུད་རྩིའི་རྒྱུན་བབས་པས། །ཁྱོད་ཀྱི་རྣམ་ཤེས་གཡོས་གྱུར་ནས། །སྣང་གྲགས་སྒྱུ་མར་ཐུགས་ལ་ཤར། །སྤང་དཀའི་འཇིག་རྟེན་བློ་ཡིས་བཏང་། །དཀའ་སྤྱད་སྙིང་རུས་དྲག་པོ་ཡིས། །སྐད་ཅིག་མ་ཡེངས་བསྒོམས་པའི་ཕྱིར། །ད་ལྟ་ནམ་མཁའི་རྣལ་འབྱོར་པ། །དོན་དམ་ཆོས་སྐུའི་ངོ་བོར་བཞུགས། །སྤྲོས་བྲལ་ངང་ལས་མ་གཡོས་བཞིན། །ཟད་པར་འབྱུང་བའི་སྐྱེ་མཆེད་རྣམས། །མི་སྣང་ཟིལ་གྱིས་གནོན་པ་དང་། །སྤྲུལ་པ་དུ་མར་འགྱེད་ལ་སོགས། །སྣ་ཚོགས་རྫུ་འཕྲུལ་བསྟན་ནས་ཀྱང་། །ཁྱེད་ལ་དད་པའི་སྐྱེ་བོ་རྣམས། །རབ་ཏུ་དགའ་ཞིང་ངོ་མཚར་བས། །བ་སྦུ་གཡོ་ཞིང་མཆི་མ་འཁྲུག །དེ་ཕྱིར་རྗེ་བཙུན་གཙུག་གི་ནོར། །ཀུན་གྱིས་བཀུར་ཞིང་མཆོད་པའི་འོས། །དཔལ་ལྡན་རྗེ་བཙུན་འགྲོ་བའི་མགོན། །རྒྱལ་སྲས་བཞད་པ་ཁྱོད་ཉིད་ལ། །ཞུ་བ་དོན་གཞན་མ་ལགས་ཏེ། །ངེད་ཅག་བསོད་ནམས་དམན་པའི་རིགས། །མཁའ་ལ་རྒྱུ་བའི་མི་མ་ཡིན། །ད་ལྟ་སྤྱན་སྔར་འཁོད་པ་ཡི། །བུད་མེད་ལྔ་པོ་འདི་རྣམས་ལ། །བརྩེ་བ་ཆེན་པོས་ཁྱེད་ཉིད་ཀྱི། །ཐུགས་རྗེ་བསིལ་བའི་སྤྲིན་ཕུང་ལས། །བྱིན་རླབས་བདུད་རྩིའི་ཆར་བབ་སྟེ། །གདུལ་དཀའ་ཉོན་མོངས་ཐ་བའི་རྒྱུན། །རབ་ཏུ་ཚིམ་ཞིང་བརླན་གྱུར་ནས། །བླ་མེད་ཐེག་པ་མཆོག་གི་སེམས། །རིན་ཆེན་མྱུ་གུ་བསྐྱེད་དུ་གསོལ། །རྗེ་བརཏལ་ཞུགས་སྤྱོད་པའི་གཟིམ་མདངས་ཅན། །རྣལ་འབྱོར་དབང་ཕྱུག་ཁྱེད་ཉིད་ཀྱིས། །ཏིང་འཛིན་རིག་པའི་རྩལ་སྦྱངས་པས། །གཞན་རྒྱུད་ཁམས་དང་དབང་པོ་དང་། །རིགས་དང་རུས་དང་ཆོ་འབྲང་རྣམས། །མ་འདྲེས་གསལ་བར་གཟིགས་ན་ཡང་། །མི་མཁྱེན་ཚུལ་དུ་འདྲི་ཞིང་རྨེད། །ཁྱེད་ཅག་སུ་ཡིན་མ་ཤེས་གསུང་། །ངེད་ཅག་འཇིག་རྟེན་གནོད་སྦྱིན་མོ། །རིགས་ནི་ཨ་ཛི་དྷ་ར་ཏ། །དུར་ཁྲོད་རྒྱུ་བའི་སྨེ་ཤ་ན། །འཇིག་རྟེན་མིག་བསྒྱུར་ཌཱ་ཀི་ཡིན། །དབང་བསྒྱུར་ལས་ནི་སྣ་ཚོགས་བྱེད། །འཇིག་རྟེན་དངོས་གྲུབ་ཅི་ཡང་སྟེར། །ངེད་ད་ནང་ནམ་མཁའི་མཐོངས་ནས་འོངས། །སྤྲིན་གྱི་གོ་བར་ཕྱེ་ནས་འོངས། །ཉི་ཟེར་རྟ་ལ་ཞོན་ནས་འོངས། །དོ་ནུབ་རྒྱ་གར་ཡུལ་དུ་འགྲོ། །བསིལ་བ་ཚལ་གྱི་དུར་ཁྲོད་དུ། །ཚོགས་ཀྱི་འཁོར་ལོ་བསྐོར་དུ་འགྲོ། །ངེད་ཀྱི་ཕོ་བྲང་རྟེན་ས་ནི། །ལྡིང་མདོ་ཤོད་འདིའི་གཡས་ལོགས་ན། །གངས་ཟུར་གསུམ་དགུང་དུ་རྩེ་མཐོ་བ། །ཅོད་པན་ཤེལ་གྱི་ཟུར་ཕུད་ལ། །འོད་གསལ་ཉི་ཟླ་ཏ་ལེ་འཆར། །མགུར་ཆུ་བུམ་པ་ཡན་ཆད་ལ། །སྤྲིན་དཀར་ལྡིང་གི་གོ་ལྕོག་མཛེས། །རྐེད་པ་མན་ཆད་རྨང་གཞི་ལ། །ན་བུན་སྐྱི་བུན་འཐིབས་པ་དེ། །གངས་མཐོན་མཐིང་རྒྱལ་མོ་ཞེས་སུ་གྲགས། །དེ་བུད་མེད་ངེད་ཀྱི་ཕོ་བྲང་ཡིན། །རྗེ་བཙུན་ཁྱེད་དང་མཇལ་བ་ཡང་། །ན་ནིང་དབྱར་ཟླ་ར་བ་ལ། །ཐོ་འཚམས་བར་གཅོད་རྩོམ་དུ་འོངས། །ཉོན་མོངས་ཁོང་ཁྲོ་ཁྱེད་ལ་མེད། །སྤྱིར་ཡང་དཀར་པོའི་ཆོས་ཆར་བབ། །ཀུན་ཀྱང་འགྱོད་བཞིན་བཟོད་གསོལ་ཕུལ། །དེ་རིང་དྲུང་དུ་ལྷགས་པ་ཡང་། །མི་མཆོག་སྐྱོབ་པ་ཁྱོད་ཉིད་ཀྱི། །ཞལ་ནས་བབས་པ་བདུད་རྩིའི་ཆར། །བཏུང་བས་སྐོམ་ཞིང་གདུངས་ལགས་ན། །དག་པ་བདུད་རྩིའི་ཆུ་རྒྱུན་གྱིས། །གདུང་བ་སོལ་ཅིག་སྐྱེས་བུ་མཆོག །ཅེས་པའི་དོན་དེ་དག་སྙན་ངག་གླུར་བླངས་ཏེ་ལན་འདེབས་སུ་བྱུང་བ་ལས། རྗེ་བཙུན་གྱིས་ལན་གསུངས་པ། བཞིན་བཟང་མ་ཁྱེད་སྔོན་ཆད་ཤིན་ཏུ་མི་བསྲུན་ཞིང་ཐོད་རྒལ་ཆེ་བས། རྣལ་འབྱོར་པ་ང་ལ་ཡང་མི་སྡུག་པའི་ཚུལ་སྣ་ཚོགས་ཀྱིས་གནོད་ཅིང་འཚེ་བའི་ཐོ་འཚམ་པ་ཡང་ཡང་བྱས་ཏེ། ང་སྣང་བ་སེམས་ཀྱི་རྣམ་འཕྲུལ་དུ་ཤེས་ཤིང་། སེམས་ཉིད་འོད་གསལ་སྟོང་པར་ཐག་ཆོད་པས། འཁྲུལ་སྣང་གདོན་གྱི་བར་ཆད་ལ་ཡ་ང་བ་དང་། བག་ཚ་བ་རྡུལ་ཙམ་ཡང་བྱེད་མ་མྱོང་སྟེ། དོན་འདི་ལ་རྗེས་སུ་དཔགས་ན་གང་ཟག་གཞན་སྒྲུབ་པ་ལྷུར་ལེན་པའི་སྐྱེས་བུ་དམ་པ་འགའ་ཞིག་དང་། འགྲོ་བ་ཕལ་པ་དུ་མ་ལ་གནོད་ཅིང་འཚེ་བར་བྱེད་པར་ཤེས་པས། སྔོན་ཆད་བྱས་པའི་ལས་ཀྱི་རྣམ་གྲངས་ལ་གནོང་ཞིང་འགྱོད་པའི་སེམས་ཀྱིས་མཐོལ་ཞིང་བཤགས་པར་བྱ་བ་དང་། ད་ཕྱིན་ཆད་སྲོག་གི་ཕྱིར་ཡང་གནོད་ཅིང་འཚེ་བར་མི་བྱེད་པར་ཁས་ལེན་ཞིང་དམ་འཆའ་ན་སྐྱབས་འགྲོ་སེམས་བསྐྱེད་སྦྱིན་པར་རུང་གི། དེ་ལྟ་མ་ཡིན་ན་ཕུང་སྣ་གྱོད་ཀྱིས་འདྲེན་མཛོ་སྦྲེལ་གཡང་ལ་ལྟུང་བས་ཐེག་པ་མཆོག་གི་སྡོམ་པ་སྦྱིན་པ་དང་། ཟབ་མོ་བཤད་པའི་སྣོད་དུ་མི་རུང་བས་མི་རྒན་ངའི་གླུ་འདིའི་དོན་གོ་བར་གྱིས་ལ་ཡིད་མ་ཡེངས་པར་རྣ་བ་གཏོད་ལ་ཉོན་ཅིག་ཅེས་གསུང་ལྷུག་པར་བཀྲོལ་ནས། དྲིས་ལན་གླུའི་སྙན་ངག་ལེགས་བཤད་མགུར་དུ་བཞེངས་ཏེ་གདམས་པ། དཔལ་དོ་ནུབ་སྲོད་ཀྱི་གུང་ཐུན་ལ། །ཕྱོགས་ཤར་ནས་འོད་ཅིག་མདངས་གསལ་བས། །སྨག་ཁྲི་མུན་མཐའ་ནས་སངས་བ་དེ། །ཆུ་ཤེལ་ཟླ་བ་མ་ལགས་སམ། །ཟླ་ཟེར་མདངས་ཀྱི་རྟ་ཞོན་ནས། །ལུས་འོད་དུ་འཁྱིལ་ཞིང་འོང་བ་དེ། །ཁྱེད་འཇིག་རྟེན་ཌཱ་ཀི་མ་ལགས་སམ། །ཆུ་བོ་ལོ་ཧི་ཏ་ཡི་ཀླུང་འགྲམ་ན། །རང་བྱུང་གི་དབེན་གནས་ཉམས་དགའ་བ། །ཆུ་དབར་དཔལ་གྱི་ཕོ་བྲང་ན། །བརཏལ་ཞུགས་སྤྱོད་པའི་སྨྱོན་པ་ཞིག །འབྱུང་བའི་ལུས་ལ་ཚ་གྲང་མེད། །ངོ་ཚ་མི་ཤེས་གཅེར་ཉལ་མཁན། །ཡིད་ལ་མི་བྱེད་སྙིང་པོའི་དོན། །སྐད་ཅིག་མ་ཡེངས་སྒོམ་དུ་མེད། །ནམ་མཁའི་མཚན་ཉིད་བལྟ་བ་དེ། །མི་ལ་སྒོམ་ཆེན་མ་ལགས་སམ། །ང་སྤྱོད་པའི་རྣལ་འབྱོར་རས་པ་དང་། །ཁྱེད་རྫུ་འཕྲུལ་ཅན་གྱི་བུད་མེད་ལྔ། །གླུ་ཕར་ཅིག་ཚུར་ཅིག་ལེན་པ་དེ། །སྔོན་ཆད་སྨོན་ལམ་བཏབ་པར་ངེས། །ཁྱོད་ད་ཅི་ཕན་ཆད་ངོ་མ་ཤེས། །ད་ནི་ངོ་ཤེས་གློ་བ་དགའ། །ན་ནིང་སོས་ཀྱི་ད་ཙམ་ན། །སྲིད་པའི་བུད་མེད་དབང་མོ་ཆེ། །གཙོ་མོ་ཁྱོད་ཀྱིས་གཡོས་གཡོས་ནས། །འཇིག་རྟེན་སྲིད་པའི་ལྷ་འདྲེ་ཚོགས། །དཔུང་བཞི་དམག་གི་རུ་དར་ཕྱར། །འཐབ་རྩོད་གཡུལ་ངོ་བཤམས་ནས་ཀྱང་། །གདུག་རྩུབ་མཚོན་གྱི་ཆར་འབེབས་ཤིང་། །མི་ང་ལ་བར་གཅོད་ཅི་མ་བྱས། །ང་སྣང་བ་སེམས་སུ་ཐག་ཆོད་ཅིང་། །སེམས་ཉིད་སྟོང་པར་ཤེས་པའི་ཕྱིར། །འཁྲུལ་སྣང་བགེགས་ཀྱི་ཆོ་འཕྲུལ་ལ། །ཡ་ང་བག་ཚ་བྱེད་མ་མྱོང་། །སྤྱིར་ཡང་ཁྱེད་ཅག་མཐོང་ཙམ་གྱིས། །ཁོ་བོ་ཤིན་ཏུ་མི་བཟོད་པས། །རང་དབང་མེད་པའི་སྙིང་རྗེ་སྐྱེས། །དཀར་པོའི་ཆོས་ཀྱི་འཇམ་ཆར་ཕབ། །ཁྱེད་སླར་ཡང་མོས་ཤིང་གུས་པར་གྱུར། །དོ་ཅིག་ལོ་ཡི་དེང་སང་ན། །མཚར་སྡུག་ལྡན་པའི་བུད་མེད་ལྔ། །བསྐོར་ཞིང་བསྐོར་ཞིང་ཕྱག་འཚལ་ནས། །ཡ་མཚན་ཆེ་བའི་སྤྱན་གཟིགས་དྲངས། །རྩེ་གཅིག་གུས་པས་ཐལ་སྦྱར་ནས། །ངག་སྙན་པའི་ཚིག་གིས་ཞུ་འབུལ་བ། །བྱང་ཆུབ་སེམས་ཀྱི་སྤྲིན་ཕུང་ལས། །བདུད་རྩིའི་ཆོས་ཆར་ཕོབ་ཅིག་སྐད། །ཁྱེད་དེ་ཙམ་གུས་པའི་སེམས་ཡོད་ན། །མི་ང་ཡི་ཅོད་པན་ནོར་བུ་ལ། །རྩ་གསུམ་པདྨའི་གདན་སྟེང་ན། །རྗེ་འགྲན་གྱི་དོ་མེད་བཀའ་དྲིན་ཅན། །སྒྲ་སྒྱུར་མར་པ་ལོ་ཙྪ་དེ། །དག་པ་ལོངས་སྐུའི་ཚུལ་དུ་བཞུགས། །ཁོང་ཐུགས་རྗེའི་སྤྲིན་བྲལ་ཟླ་བ་ལས། །དྲི་མེད་དཀར་པོའི་འོད་འཕྲོས་པས། །གདུལ་བྱའི་སྙིང་གི་ཀུ་མུ་ད། །མཛེས་པའི་མེ་ཏོག་ཁ་ཕྱེ་ནས། །རྟོགས་པའི་ཟེའུ་འབྲུ་གཡོ་བར་བྱེད། །དེ་མཐོང་ངམ་འཇིག་རྟེན་མིག་བསྒྱུར་མ། །མ་མཐོང་སྒྲིབ་པ་ཆེ་བའི་ཕྱིར། །སྔོན་ཆད་འཁོར་བ་ཐོག་མེད་ཀྱི། །ཁ་ན་མ་ཐོ་ལྕི་བ་རྣམས། །མཐོལ་ཞིང་བཤགས་པར་མ་བྱས་ན། །ཟབ་མོ་བཤད་པའི་སྣོད་མི་རུང་། །ཁྱེད་སྔོན་ཆད་མི་སྲུན་ཐོད་རྒལ་ཆེ། །ངན་སྤྱོད་གཡོ་སྒྱུ་གོམས་པའི་ཕྱིར། །ཕྱིན་ཆད་གཙིགས་ལ་དབབ་པ་ཡོད། །ཁས་བླངས་དམ་བཅའ་ལེན་སྤྱོད་ན། །བསྟན་པ་དོན་གཞན་མ་ལགས་ཏེ། །དགེ་དང་མི་དགེའི་ལས་རྣམས་ལ། །རྒྱུ་འབྲས་དག་པར་མ་བསམས་ན། །ངན་སོང་སྡུག་བསྔལ་མི་བཟོད་པས། །ཕྲ་ཞིང་ཕྲ་བའི་རྣམ་སྨིན་ལ། །བག་ཡོད་དྲན་པས་ཟིན་ཀྱང་འཚལ། །འདོད་ཡོན་སྐྱོན་དུ་མ་བལྟས་ཤིང་། །ཞེན་པ་ནང་ནས་མ་ལོག་ན། །འཁོར་བའི་བཙོན་ར་མི་སྒྲོལ་བས། །ཐམས་ཅད་སྒྱུ་མར་ཤེས་པའི་བློས། །ཀུན་འབྱུང་གཉེན་པོ་བསྟེན་ཡང་འཚལ། །འགྲོ་དྲུག་དྲིན་ཅན་ཕ་མ་ལ། །བྱས་པ་དྲིན་དུ་མི་གཟོ་ན། །ཐེག་པ་དམན་པར་གོལ་བའི་སྐྱོན། །དེ་ཕྱིར་བརྩེ་བ་ཆེན་པོ་ཡིས། །བྱང་ཆུབ་སེམས་ལ་བསླབ་ཀྱང་འཚལ། །ལེགས་བཤད་དེ་ཚོ་ཉན་སྤྱོད་ན། །ཐེག་ཆེན་ལམ་གྱི་རྣལ་འབྱོར་མ། །འོ་སྐོལ་མིང་སྲིང་ལྟ་སྤྱོད་མཐུན། །གནས་སྐབས་བགྲོད་པའི་ལམ་ཡང་གཅིག །ཡོན་ཏན་ཕྲིན་ལས་མཐར་ཕྱིན་པའི། །དག་པ་མངོན་དགའི་ཞིང་ཁམས་དེར། །འོ་སྐོལ་འཛོམ་པར་གདོན་མི་ཟ། །ཞེས་པའི་དོན་དེ་དག་རྗེ་བཙུན་གྱིས་མགུར་དུ་བཞེངས་ནས། བཀའ་སྩལ་པ་བཞིན་བཟང་མ་རྣམས་དུས་སྙིགས་མའི་སེམས་ཅན་ཉོན་མོངས་པ་ཤིན་ཏུ་རགས་པ་ཡིན་པས། ཅིག་ཅར་དུ་གཉེན་པོ་སྐྱེ་བ་ཡང་ཤིན་ཏུ་དཀའ་བས། རང་རང་སོ་སོའི་རྒྱུད་ཚོད་དང་སྦྱོར་ལ་ཅི་རིགས་པའི་དམ་བཅའ་ཁས་ལོངས་ཤིག་ཅེས་གསུངས་པས། བཞིན་བཟང་མ་རྣམས་ཀྱིས་གསོལ་པ། རྗེ་བཙུན་ལགས་ཁྱེད་ཐུགས་བརྩེ་བ་ཆེན་པོས་མི་བཟོད་པའི་ཕྱིར་ལས་རྒྱུ་འབྲས་ཀྱི་དོན་ལ་ཆེད་དུ་བསྐྱར་ཞིང་ནན་ཏན་དུ་གསུངས་པ་ངོ་མཚར་ཆེ་ན་ཡང་། ངེད་ཅག་རྣམས་ཀྱིས་ནི་སྔོན་དུར་ཁྲོད་ཆེན་པོ་སིང་ཧ་ལ་ཞེས་བྱ་བ་དེར་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་དང་། ཏ་མ་ལ་རི་ཁྲོད་མ་དང་། གཏུམ་མོ་སྔོ་སངས་མ་ལ་སོགས་པ་ཞིང་སྐྱོང་གི་མཁའ་འགྲོ་མ་རྣམས་དང་། རྣལ་འབྱོར་མ་བྷི་ན་བཛྭ་ལ་སོགས་པ་གྲུབ་པ་བརྙེས་པའི་རྗེ་བཙུན་མ་འགའ་ཞིག་ལ་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་བརྗོད་པ་དང་། ལས་དཀར་ནག་གི་ཆོས་མང་དུ་ཐོས་པས། ད་དེ་ཙམ་དུ་གསུང་མི་འཚལ་གྱིས་ད་ལྟ་ལྟས་དང་ཆོ་འཕྲུལ་གྱི་རྣམ་པ་མི་སྡུག་པའི་ཚུལ་སྟོན་པ་ལྟར་འདུག་ནའང་ཁྱེད་རི་ཁྲོད་ཉུལ་བའི་བསམ་གཏན་པ་རྣམས་ལ་ཉམས་ཀྱི་གདེངས་ཅི་འདུག་བལྟ་ཞིང་རྟོགས་པའི་བོགས་དབྱུང་བའི་ཕྱིར་དང་། བཀའ་བསྟན་པ་སྤྱིའི་བྱ་ར་བཏང་བའི་སླད་དུ་བསྟན་པ་མ་ལགས་པ་ཞེ་ཐག་པ་ནས་གནོད་འགྱུར་གྱི་ལས་ཅུང་ཟད་ཀྱང་མི་བགྱིད་པར་འཚལ་བས་ཅི་ནས་ཀྱང་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་གནང་བར་ཞུ་འཚལ་ཞེས་ཞུ་བ་འབུལ་དུ་བྱུང་བ་ལས། དེར་རྗེ་བཙུན་གྱིས་གནང་བ་མཛད་དེ། བཀའ་སྩལ་པ་བཞིན་བཟང་མ་རྣམས་ཁྱེད་འདི་ཙམ་དུ་ནན་ཏན་དུ་བསྐྱར་ཞིང་ཞུ་བ་འབུལ་བ་ལ་ད་ཅིའི་ཕྱིར་མི་གནང་བས། ཅི་འབྱོར་པའི་མཆོད་པ་དང་མཎྜྻལ་ཤོམས་ལ་ཕྱག་དང་མཆོད་པ་གྱིས་ཤིག །ཁོ་བོ་སེམས་བསྐྱེད་པའི་ཡོན་ཟང་ཟིང་གི་དངོས་པོ་གཞན་མི་འདོད་པས་འཇིག་རྟེན་པའི་དངོས་གྲུབ་རེ་རེ་ང་ལ་ཕུལ་ལ་སོ་སོ་རང་རང་གི་མིང་ནས་བརྗོད་ཅིག་གསུངས་པ་ལས། ཁོང་ཅག་རྣམས་ཤིན་ཏུ་སྤྲོ་བཞིན་དུ་བཀའ་བསྒོ་བ་ལྟར་བསྒྲུབས་ཏེ་གྲལ་དུ་འཁོད་ནས་རབ་ཏུ་གུས་པ་དང་བཅས་པས་ཐལ་མོ་སྦྱར་ཏེ་མདོངས་གསོལ་བ། ལྔའི་ཚོགས་ཀྱི་དབུས་ན་གཙོ་མོར་འོས་པ་ཞིག་ན་རེ། བདག་ནི་འདི་རྣམས་ཀྱི་གཙོ་མོ་ལགས་ཏེ། བདག་གི་མིང་ནི་བཀྲ་ཤིས་ཚེ་རིང་མ་ཞེས་བགྱི། སྲིད་སྲུང་རིགས་རྒྱུད་འཕེལ་བའི་དངོས་གྲུབ་འབུལ་བ་ལགས་སོ་ཟེར་སྐད། གཙོ་མོའི་གཡས་ལོགས་ཀྱི་བུད་མེད་གཅིག་ན་རེ། བདག་གི་མིང་ནི་མཐིང་གི་ཞལ་བཟང་མ་ཞེས་བགྱི། སྣང་གསལ་སྤྲའི་དངོས་གྲུབ་འབུལ་བ་ལགས་སོ་ཟེར་སྐད། དེའི་གཡས་ལོགས་ན་འཁོད་པ་ཞིག་ན་རེ། བདག་གི་མིང་ནི་ཅོད་པན་མགྲིན་བཟང་མ་ཞེས་བགྱི། བང་མཛོད་ནོར་གྱི་དངོས་གྲུབ་འབུལ་བ་ལགས་སོ་ཟེར་སྐད། གཙོ་མོའི་གཡོན་ལོགས་ཀྱི་བུད་མེད་གཅིག་ན་རེ། བདག་གི་མིང་ནི་མི་གཡོ་གླང་བཟང་མ་ཞེས་བགྱི། རྨ་གཡང་ཟས་ཀྱི་དངོས་གྲུབ་འབུལ་བ་ལགས་སོ་ཟེར་སྐད། ཡང་དེའི་གཡོན་ལོགས་ན་འཁོད་པ་ཞིག་ན་རེ། བདག་གི་མིང་ནི་གཏད་དཀར་འགྲོ་བཟང་མ་ཞེས་བགྱི། རྐང་བཞི་དུད་འགྲོ་འཕེལ་བའི་དངོས་གྲུབ་འབུལ་བ་ལགས་སོ་ཟེར་སྐད། དེར་རྗེ་བཙུན་གྱིས་ཁོང་ཅག་རྣམས་ལ་རིམ་པ་བཞིན་དུ་སྐྱབས་འགྲོ་དང་སོ་ཐར་གྱི་སྡོམ་པ། ཐེག་པ་ཆེན་པོའི་སྨོན་འཇུག་གི་སེམས་བསྐྱེད་རྣམས་ཚུལ་བཞིན་དུ་ཕོག་ནས། སྡོམ་པ་སྤྱིའི་གོ་བ་དང་བསླབ་བྱ་རྣམས་རྒྱས་པར་བཤད་པ་ལས། འཇིག་རྟེན་མིག་བསྒྱུར་གྱི་ཌཱ་ཀི་མ་དེ་རྣམས་རབ་ཏུ་དགའ་ཞིང་ངོ་མཚར་བས་ཁོང་ཅག་རྣམས་ན་རེ། རྗེ་བཙུན་ཆེན་པོའི་ཞལ་ནས་གསུངས་པ་ལྟར་རྔོ་མ་ཐོགས་ཀྱང་རྗེས་སུ་མཐུན་པར་སློབ་ཅིང་བཀའ་ལས་མི་འདའ་བར་བགྱིད་པ་དང་། །བཀའ་དྲིན་ནམ་ཡང་མི་བརྗེད་པར་འཚལ་ལོ་ཞེས་བྱས་པ་དྲིན་དུ་གཟོ་བའི་ཚིག་གི་གཏང་རག་བཏང་ནས། རྗེ་བཙུན་གྱི་ཞབས་སྤྱི་བོར་བླངས། ཕྱག་དང་བསྐོར་བ་ལན་གྲངས་དུ་མར་བྱས་ནས་ནམ་མཐོང་གི་བར་དུ་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འཕུར། དེ་ནས་རྒྱང་རིང་པོར་སོང་བ་དང་། འོད་དུ་ཡལ་ནས་སོང་སྐད། ཡང་ཟླ་བ་དེའི་ཕྱི་མར་སོང་བའི་ཚེ། ཚེས་བཅུ་གཅིག་གི་ནུབ་མོ་སྔོན་ཆད་ཐོ་འཚམ་དུ་འོངས་པའི་ལྷ་མ་སྲིན་སྡེ་བརྒྱད་དྲེགས་པ་ཅན་གྱི་སྡེ་དཔོན་དུ་གྱུར་པ་དེ་རྣམས་སོ་སོ་རང་རང་གི་རིགས་དང་མཐུན་པའི་འཁོར་དཔུང་བུ་ཆུང་གི་ཚོགས་དང་བཅས་པ་དང་། སྨེ་ཤ་ན་འཇིག་རྟེན་མིག་བསྒྱུར་གྱི་ཌཱ་ཀི་མ་རྣམས་སྒེག་ཅིང་མཛེས་པ་མི་མོ་གཞོན་ནུའི་ཆ་བྱད་དུ་བསྒྱུར་ནས་ལྷབ་ལྷུབ་དར་གྱི་གོས་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་དང་། དཔུང་པ་དོ་ཤལ་ཕྲེང་བ་སིལ་སིལ་དང་། སེ་མོ་དོ་ལ་སོགས་པའི་ཆས་ཀྱིས་རབ་ཏུ་བརྒྱན་ཏེ། བྲན་དང་གཡོག་འཁོར་དུ་མའི་ཚོགས་དང་བཅས་པ་མདུན་གྱི་ནམ་མཁའ་ལ་ལྷགས་ནས་ལྷ་མ་སྲིན་དེ་རྣམས་ཀྱིས་བླ་མ་རྗེ་བཙུན་ལ་མེ་ཏོག་སྣ་ཚོགས་ཀྱི་ཆར་ཕབ། སྤོས་དང་རོལ་མོ་སྣ་ཚོགས་ཀྱི་མཆོད་པ་ཕུལ། བཟའ་བ་དང་བཅའ་བ་གྱ་ནོམ་པ་སྣ་ཚོགས་ཀྱི་སྤྱན་གཟིགས་དྲངས་ནས། རྗེ་བཙུན་ཁྱེད་རང་གི་ཐུགས་ལས་བྱོན་པའི་རྟོགས་ཚད། དུས་གསུམ་སངས་རྒྱས་རྣམས་ཀྱི་དགོངས་པ་མཐར་ཐུག་ལམ་གྱི་བསྐྱལ་ས་འདི་ལས་མེད་ཅེས་པ། ངེས་དོན་གྱི་ཆོས་ཤིག་དོན་འདིར་ཚོགས་པའི་ལྷ་མ་སྲིན་རྣམས་ལ་གསུང་བར་ཞུ་འཚལ་ཞུས་པས། དེའི་དུས་སུ་རྗེ་བཙུན་གྱིས་རྟོགས་ཚད་ལྟ་བའི་མགུར། གནས་ལུགས་ངེས་དོན་འབའ་ཞིག་ཏུ་གདམས་པ་འདི་རྣམས་ཡིན་གསུངས་ནས་མགུར་བཞེངས་པ། ཡོངས་བལ་བོད་གཉིས་ཀྱི་སོ་མཚམས་ན། །ཡུལ་ཡ་མཚན་ཆེ་བའི་དིང་མ་བྲིན། །ཟོང་འདོད་དགུ་འབྱུང་བའི་ཚོང་འདུས་ན། །ལྷ་སྨན་བཙུན་མི་ལ་དཔལ་མགོན་པ། །སྤ་བརྗིད་གངས་ཀྱི་རྒྱལ་མོ་ལ། །ཚེ་གཡུང་དྲུང་བརྟན་པའི་ཟུར་ཕུད་ཅན། །དེ་མཚན་སྙན་བཀྲ་ཤིས་ཚེ་རིང་མ། །རི་ན་བུན་འཐིབས་ཀྱི་གཡོན་ཟུར་ན། །འབྲོག་སྨན་གཡང་གངས་ཀྱིས་བསྐོར་བ་དེ། །སྨན་ལུང་ཆུ་དབར་མ་ལགས་སམ། །གནས་དེ་ན་རྩེ་གཅིག་ཉམས་ལེན་པ། །ང་མི་ལ་རྣལ་འབྱོར་མི་ཟེར་རམ། །མི་ང་ལ་སྔོན་ཆད་ཐོ་འཚམ་ཞིང་། །ཅོ་འདྲི་བཞད་གད་བྱེད་པ་དེ། །ཁྱེད་ཅག་འཇིག་རྟེན་ལྷ་མ་སྲིན། །ཤིན་ཏུ་དྲེགས་ཤིང་མི་བསྲུན་པ། །རྣལ་འབྱོར་ཡོངས་ཀྱི་དྲོད་ཉུལ་བ། །དེ་རིང་འདིར་ཚོགས་མ་ལགས་སམ། །མདང་སང་དགུང་ཟླ་སྔ་མ་ལ། །ཡིད་འཕྲོག་བུ་མོ་མཛེས་མ་ལྔ། །བླ་མེད་མཆོག་ཏུ་སེམས་བསྐྱེད་དེ། །ཅི་འདོད་དངོས་གྲུབ་ཁས་བླངས་ནས། །མི་སྣང་མཁའ་ལ་འཕུར་ནས་ཐལ། །དེ་ཡང་ངོ་མཚར་ཁྱེད་ཅག་ལྔ། །དགུང་དོ་ནུབ་དཀར་གསལ་ཟླ་མདངས་ལ། །སྤྲུལ་པའི་བུད་མེད་བཞིན་བཟང་མ། །གར་བསྒྱུར་སྒེག་མོའི་ཆ་བྱད་ཅན། །ལྷབ་ལྷུབ་དར་གྱི་ན་བཟའ་དང་། །དོ་ཤལ་རྒྱན་གྱིས་མཛེས་པ་ཡི། །གཙོ་མོ་ཁྱོད་ཀྱིས་མདོངས་གསོལ་ནས། །སྡེ་བརྒྱད་དྲེགས་པའི་ལྷ་མ་སྲིན། །སྡེ་དང་དཔུང་དང་དམག་མི་དང་། །རིགས་མཐུན་འཁོར་གྱི་ཚོགས་བཅས་རྣམས། །ནམ་མཁའ་ཁེངས་པའི་མཆོད་སྤྲིན་དང་། །རོ་བརྒྱ་ལྡན་པའི་ཁ་ཟས་དང་། །སྣ་ཚོགས་རོལ་མོ་ཕུལ་ནས་ཀྱང་། །ངེས་དོན་དགོངས་པ་ཞུ་བ་དེ། །ཁྱེད་སྣང་སྲིད་ལྷ་འདྲེ་མ་ལགས་སམ། །ཚིག་དེ་སྐད་ཟློ་ན་རྣ་བར་སྙན། །ངག་བདེན་པས་བཀྲོལ་ན་ཀུན་ཀྱང་ཉན། །ད་ཅ་ཅོ་མ་ཟེར་གླུ་འདི་ཉོན། །སྤྱིར་ཁམས་གསུམ་འཁོར་བའི་སེམས་ཅན་ལ། །འདོད་པའི་བྱང་ཆུབ་སྣ་ཚོགས་ཡོད། །ངར་འཛིན་ལྟ་བ་ཐ་དད་ཡོད། །དེ་དག་སྤྱོད་ཚུལ་སྣ་ཚོགས་ཡོད། །གཞི་བདག་ཏུ་ལྟ་བ་ཤིན་ཏུ་མང་། །ཁྱེད་བློ་དམན་རྣམས་ཀྱི་བསམ་པ་དང་། །བསྟུན་ནས་ཀུན་མཁྱེན་སངས་རྒྱས་ཀྱིས། །ཐམས་ཅད་ཡོད་ཅེས་གསུངས་པ་ཡིན། །དོན་དམ་བདེན་པའི་དབང་དུ་ནི། །བགེགས་པས་སངས་རྒྱས་ཉིད་ཀྱང་མེད། །སྒོམ་པ་པོ་མེད་བསྒོམ་བྱ་མེད། །བགྲོད་བྱ་ས་དང་ལམ་རྟགས་མེད། །འབྲས་བུ་སྐུ་དང་ཡེ་ཤེས་མེད། །དེ་ཕྱིར་མྱ་ངན་འདས་པ་མེད། །མིང་དང་ཚིག་གིས་བཏགས་པ་ཙམ། །ཁམས་གསུམ་བརྟན་དང་གཡོ་བར་བཅས། །གདོད་ནས་མ་གྲུབ་སྐྱེ་བ་མེད། །གཞི་མེད་ལྷན་ཅིག་སྐྱེས་པ་མེད། །ལས་དང་ལས་ཀྱི་རྣམ་སྨིན་མེད། །དེ་ཕྱིར་འཁོར་བའི་མིང་ཡང་མེད། །མཐར་ཐུག་དོན་ལ་དེ་ལྟར་གདའ། །ཨེ་མ་སེམས་ཅན་མེད་གྱུར་ན། །དུས་གསུམ་སངས་རྒྱས་ཅི་ལས་བྱུང་། །རྒྱུ་མེད་འབྲས་བུ་མི་སྲིད་པས། །ཀུན་རྫོབ་བདེན་པའི་དབང་དུ་ནི། །འཁོར་བ་དང་ནི་མྱ་ངན་འདས། །ཐམས་ཅད་ཡོད་ཅེས་ཐུབ་པས་གསུངས། །ཡོད་པ་དངོས་པོར་སྣང་བ་དང་། །མེད་པ་སྟོང་པའི་ཆོས་ཉིད་གཉིས། །ངོ་བོ་དབྱེར་མེད་རོ་གཅིག་པས། །རང་རིག་གཞན་རིག་ཡོད་མིན་ཏེ། །ཐམས་ཅད་ཟུང་འཇུག་ཡངས་པ་ཡིན། །དེ་ལྟར་རྟོགས་པའི་མཁས་པ་ཡིས། །རྣམ་ཤེས་མ་མཐོང་ཡེ་ཤེས་མཐོང་། །སེམས་ཅན་མ་མཐོང་སངས་རྒྱས་མཐོང་། །ཆོས་ཅན་མ་མཐོང་ཆོས་ཉིད་མཐོང་། །དེ་ལས་སྙིང་རྗེ་ཤུགས་འབྱུང་སྟེ། །སྟོབས་དང་མི་འཇིགས་གཟུངས་ལ་སོགས། །སངས་རྒྱས་ཡོན་ཏན་གང་ཡིན་པ། །ནོར་བུ་རིན་ཆེན་ཚུལ་དུ་འབྱུང་། །དེ་རྣལ་འབྱོར་ང་ཡི་རྟོགས་ཚད་ཡིན། །ཁྱེད་འདིར་ཚོགས་ལྷ་འདྲེའི་རྣ་ལམ་དུ། །ཆོས་ཟབ་མོ་བས་ཀྱང་བོན་སྒྲ་སྙན། །ཨ་བྷི་ར་ཡི་རྒྱལ་ཁམས་སུ། །མཁས་པ་བས་ཀྱང་བླུན་པོ་བྲིན། །དུར་ཁྲོད་ཉུལ་བའི་ཝ་སྤྱང་རྣམས། །སེང་གེའི་ང་རོས་འཇིགས་ཤིང་སྐྲག །འགའ་ཞིག་སྐལ་ལྡན་ཡོད་སྲིད་ན། །འདི་དོན་ཐོས་པས་གྲོལ་བར་འགྱུར། །ལར་མི་ང་ལ་དགའ་བའི་ཉམས་ཤིག་སྐྱེས། །བསོ་དགའ་ཡོ་སྐྱིད་དོ་ཐོ་ལེ་རྒྱལ། །ཞེས་པའི་མགུར་དེ་སྐད་གསུངས་ནས་དེ་དག་གི་དོན་བཤད་པ། སྤྱིར་སྟོན་པ་སངས་རྒྱས་ཀྱི་ཞལ་ནས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཇི་སྙེད་ཅིག་གསུངས་པ་དེ་དག་ཐམས་ཅད་གདུལ་བྱ་གང་ཟག་གི་བློ་ངོ་དང་བསྟུན་ནས་ཐེག་པ་སྣ་ཚོགས་སུ་བསྟན་པ་ཡིན་གྱི། མཐར་ཐུག་བསྐྱལ་ས་གཅིག་ལས་མེད། གཅིག་པོ་དེ་གཞི་ཆོས་ཉིད་མ་བཅོས་པ་ཡིན། དེ་ཡིན་ལུགས་ཤེས་པས་མི་གྲོལ་ཏེ། ལམ་སྦྱངས་པ་མངོན་དུ་འགྱུར་དགོས། དེ་ལ་ལམ་གྱི་ངོ་བོ་སྟོང་པ་སྙིང་རྗེ་ཟུང་འཇུག་ཡིན། ལམ་གྱི་བགྲོད་ཚུལ་བསམ་གྱིས་མི་ཁྱབ་པ་ཇི་སྙེད་ཅིག་ཡོད་ཀྱང་མདོར་སྲིལ་གྱིས་དྲིལ་ན་ཐབས་ཤེས་ཟུང་འཇུག་གམ། བདེན་གཉིས་དབྱེར་མེད་དུ་འཁྱེར་འཚལ་ལོ་གསུངས་པས། ལྷ་མ་སྲིན་དེ་རྣམས་ཀྱི་ནང་ནས་སྔར་གྱི་སེམས་བསྐྱེད་བྱས་པའི་ཌཱ་ཀི་མ་ལྔ་པོ་དེ་དག་སྟན་ལས་ལངས་ནས་གཡོན་ཕྱོགས་སུ་འཁོད་དེ་མགྲིན་གཅིག་ཏུ་བསྡེབས་ནས་ཡོན་ཏན་མཐོང་ཚུལ་གྱི་བསྟོད་པ་བརྗོད་པ། དགུང་མཁའ་ལ་འོད་གསལ་ཤར་གྱི་འོག །རི་བྱང་ཕྱོགས་ཁ་བ་ཅན་གྱི་རྒྱུད། །དོག་ས་རང་བཞིན་གསེར་གྱི་གདན། །འབྲོག་སྨན་གཡང་བབས་པའི་སྨན་ལུང་ན། །ས་བྱིན་གྱིས་བརླབས་པའི་ཆུ་དབར་དུ། །ད་དུས་བསྟན་པའི་སྙིགས་མ་ལ། །དཀའ་བ་སྤྱོད་པའི་ངོ་མཚར་ཅན། །རྟོག་མེད་བདུད་རྩིའི་ཟས་ཟ་ཞིང་། །རང་བྱུང་དྲི་ཆུ་སྐོམ་དུ་འཐུང་། །སྨེ་གཙང་ངོ་ཚ་མེད་པ་ཞིག །སྨྱོན་པ་ལྟ་བུའི་བརཏལ་ཞུགས་བྱེད། །མི་ཁྱེད་ལ་ཉམས་ཚད་བྱ་བའི་ཕྱིར། །ལོ་གཞེ་ནིང་དབྱར་ཟླ་ར་བ་ལ། །ལ་ཕྱི་རྣ་གཡོན་ཆུ་མདོར་ཕྱིན། །ཁྱོད་སེང་ལྡེང་ཚེར་མའི་ནགས་ཚལ་ན། །བག་མེད་གཅེར་བུའི་ཆ་བྱད་ཀྱིས། །རིགས་ངན་བུ་མོ་ལོངས་སྤྱོད་ཅིང་། །དངུལ་དཀར་མེ་ལོང་ལྟ་བ་མཐོང་། །བཀོད་པ་ལུས་ཀྱི་རྫུ་འཕྲུལ་གྱི། །ཟད་པར་སྐྱེ་མཆེད་བསྟན་ནས་ཀྱང་། །ལུས་མེད་ནམ་མཁར་ཐིམ་པ་མཐོང་། །དེ་མཐོང་ངོ་མཚར་ལོག་ནས་ཕྱིན། །དེ་རྗེས་སྟོན་ཟླ་འབྲིང་པོ་ལ། །ཁྱོད་མཆོང་ལུང་བྲག་ལ་སྒོམ་པའི་ཚེ། །མཉམ་གཞག་བསམ་གཏན་ཉུལ་དུ་འོངས། །ཁྱོད་ཉི་མ་ཟླ་བའི་གོས་གྱོན་ཞིང་། །མགོ་ལ་མེ་ཏོག་ཕྲེང་བས་བརྒྱན། །ལུས་ལ་ཐལ་ཆེན་རཀྟ་བྱུགས། །ལག་གཉིས་གདུགས་དང་རྒྱལ་མཚན་ཐོགས། །གཅན་གཟན་རྒྱལ་པོ་ཞོན་ནས་ཀྱང་། །ནམ་མཁའི་དབྱིངས་སུ་འགྲོ་བ་མཐོང་། །དེ་ནས་མི་སྣང་ཡལ་ནས་ཐལ། །དེ་ལ་བར་ཆད་སྐབས་མ་རྙེད། །དུས་ན་ནིང་དབྱར་ཟླ་ར་བ་ལ། །ཁྱེད་རྣལ་འབྱོར་སེམས་ཀྱི་དཔའ་བཀོང་ཞིང་། །ཏིང་འཛིན་བར་ཆོད་བྱ་སྙམ་པས། །ཁྱོད་རྒྱ་མཚོ་ཆེན་པོའི་ཀློང་དཀྱིལ་དུ། །མེ་དཔུང་འབར་བའི་གོས་གྱོན་ཞིང་། །མགོ་ལ་དུག་སྦྲུལ་ཐོད་དུ་བཅིངས། །རལ་གྲིའི་སོ་ལ་རྒྱབ་གཏད་ནས། །མདུང་རྩེའི་ཁ་ན་སྐྱིལ་ཀྲུང་བཅས། །ཡིད་བཞིན་ནོར་བུ་སྒོང་དུ་རྩེ། །རི་བོ་ཁྱུར་མིད་ཟ་བ་མཐོང་། །དེ་ལ་ཡ་མཚན་ཐེ་ཚོམ་སྐྱེས། །ཁྱེད་རིག་པ་སེམས་ལ་དབང་བསྒྱུར་བས། །སྣང་ཞིང་མི་སྣང་སྤྲུལ་པའི་གཟུགས། །སྣ་ཚོགས་རྫུ་འཕྲུལ་སྟོན་པའི་ཕྱིར། །བརྒྱ་བྱིན་ལྟ་བུའི་རྣལ་འབྱོར་པ། །བློ་ཡ་ང་མེད་ཅིང་བསྙེམས་དང་བྲལ། །སོམ་ཉི་རེ་དོགས་སྤངས་པའི་ཕྱིར། །སེང་གེ་ལྟ་བུའི་རྣལ་འབྱོར་པ། །མི་སྐྲག་མི་དངངས་ཞུམ་པ་མེད། །བར་ཆད་རྒོལ་བས་མི་འཇིགས་ཕྱིར། །གླང་ཆེན་ལྟ་བུའི་རྣལ་འབྱོར་པ། །ཞལ་མཐོང་ན་དགའ་ཞིང་བ་སྤུ་གཡོ། །བལྟས་ཤིང་རེག་པ་ཙམ་གྱིས་ཀྱང་། །གཞན་དོན་བར་ཆད་སེལ་བའི་ཕྱིར། །ཡིད་བཞིན་ནོར་བུ་རིན་པོ་ཆེ། །རྗེ་ནམ་མཁའ་མཚོན་པའི་རྣལ་འབྱོར་པ། །མཚན་མའི་གཡེང་བས་མི་བསྐྱོད་ཅིང་། །ཡི་གེ་མེད་པའི་དོན་རྟོགས་པས། །བར་ཆད་བདུད་ཀྱི་སྐབས་མ་རྙེད། །ངེད་བར་ཆད་མ་ཤེས་ཐོ་འཚམས་པས། །གནོད་སེམས་བར་ཆོད་བཟློག་པའི་ཕྱིར། །རྟགས་དང་ཆོ་འཕྲུལ་སྣ་ཚོགས་པ། །ངོ་མཚར་དུ་མ་བསྟན་ནས་ཀྱང་། །གསུང་ངག་བདེན་པས་ཆོས་བཤད་དེ། །ཐམས་ཅད་ཞི་བདེའི་ལམ་ལ་བཀོད། །བཀྲ་ཤིས་དགུང་ཟླ་སྔ་མ་ལ། །ཐམས་ཅད་མཁྱེན་པའི་རྒྱུ་ཡི་གཞི། །རིན་ཆེན་མྱུ་གུ་བསྐྱེད་པ་གནང་། །མ་ནོར་ལམ་སྟོན་དགེ་བའི་བཤེས། །འགྲོ་བའི་དཔལ་མགོན་རྗེ་བཙུན་ཁྱོད། །ཕྱི་མའི་དུས་སུ་ཤར་ཕྱོགས་ཀྱི། །མངོན་དགའ་ཞེས་བྱའི་འཇིག་རྟེན་དེར། །ཕོ་བྲང་གཙོ་བོ་མི་བསྐྱོད་པའི། །ཐུགས་ཀྱི་སྲས་སུ་སྤྱན་འདྲེན་ཚེ། །ས་བླ་ས་འོག་ས་སྟེང་གི། །དཔའ་བོ་ཌཱ་ཀི་མ་རྣམས་དང་། །གཙང་མ་རིགས་ཀྱི་ལྷ་རྣམས་ཀྱིས། །གདུགས་དང་རྒྱལ་མཚན་རོལ་མོའི་སྒྲ། །མཆོད་སྤྲིན་མཛེས་པའི་ཚོགས་རྣམས་ཀྱིས། །སྔོན་ནས་བསུ་ཞིང་ཤུལ་མཚོན་ཏེ། །མཁའ་སྤྱོད་གནས་སུ་གཤེགས་པའི་ཚེ། །ཁྱེད་ཀྱི་ཞལ་མཐོང་གསུང་ཐོས་པ། །སྣང་བ་མི་དང་མི་མ་ཡིན། །ངེད་ཅག་འཁོར་དུ་གཏོགས་པ་རྣམས། །ཕྱི་བཞིན་ཞབས་འབྲིང་བྱེད་པར་ཤོག །ཅེས་ཁྱད་པར་གྱི་ཡོན་ཏན་མཐོང་ཚུལ་དང་། དག་པ་སྨོན་ལམ་གྱི་མཇུག་བསྡུས་པའི་གླུ་དེ་དག་རྗེ་བཙུན་ལ་ཕུལ་བ་ལས། ཡང་རྗེ་བཙུན་གྱིས་ཐུགས་དགོངས་བཏང་བ། འཇིག་རྟེན་གྱི་མཁའ་འགྲོ་མ་འདི་རྣམས་མི་བསྲུན་ཞིང་ཤིན་ཏུ་གདུལ་བར་དཀའ་བས། ད་རུང་དམ་ལ་གདགས་ཤིང་གཙིགས་ལ་དབབ་དགོས་སྙམ་ནས། བཀའ་སྩལ་པ་བཞིན་བཟང་མ་རྣམས་ཁྱེད་ང་ལ་དེ་ཙམ་དུ་དད་ཅིང་གུས་པས། དུས་ཕྱི་མ་ལ་སྨོན་ལམ་འདེབས་པ་ཚུན་ཆད་ཀྱི་གདུང་སེམས་ཡོད་པ་ངོ་མཚར་ཆེ་བས། ད་ཅི་གོང་དུ་བསྟན་པ་ཡན་ཆད་རིགས་མཆོག་ཏུ་གྱུར་པ་བྱང་ཆུབ་སེམས་དཔའི་སྡོམ་པས་ཐམས་ཅད་མཁྱེན་པའི་ལམ་བགྲོད་པ་བསྟན་པ་ཡིན་ལ། ད་ཁྱད་པར་དུ་ལམ་མྱུར་ཞིང་ཐབས་མང་ལ་དཀའ་བ་མེད་པར་སྟོན་པ་རིག་པ་འཛིན་པ་སྔགས་ཀྱི་དམ་ཚིག་དང་ལུང་སྦྱིན་པར་བྱ་ཡི། ཁྱེད་རྣམས་ཀྱི་སྲོག་གི་སྙིང་པོ་རེ་རེ་ང་ལ་ཕུལ་ལ་ཅི་འབྱོར་བའི་མཆོད་པ་དང་། གཏོར་མ་ཤོམས་ཤིག་ཅེས་གསུངས་པ་ལས། ཡང་ཁོང་ཅག་རྣམས་རབ་ཏུ་དགའ་ཞིང་སྤྲོ་བར་གྱུར་ཏེ། མཆོད་པ་དང་གཏོར་མ་རྒྱ་ཆེན་པོ་བཤམས། ཕྱག་དང་བསྐོར་བ་ལན་གྲངས་དུ་མར་བྱས་ནས། རང་རང་གི་སྲོག་གི་སྙིང་པོ་རེ་རེ་མདོངས་གསོལ་དུ་ཕུལ་ཏེ། རྗེ་བཙུན་གྱི་སྤྱན་ལམ་དུ་སྔར་གྱི་གྲལ་བཞིན་འཁོད་པ་ལས། དེར་རྗེ་བཙུན་གྱིས་ཁོང་ཅག་ལ་ཇོ་མོ་སྒྲོལ་མའི་རིག་པ་གཏད་པའི་དབང་བསྐུར་མཛད། ལྷ་མོ་ཀུ་རུ་ཀུལླེ་ཡི་དམ་དུ་ཕོག །སྙིང་པོ་བཟླས་པའི་ལུང་རྗེས་སུ་གནང་ནས། ཡང་ནན་ཏན་དུ་གདམས་ཏེ། བཀའ་སྩལ་པ་བཞིན་བཟང་མ་རྣམས་ད་ཕྱིན་ཆད་འོ་སྐོལ་འདིར་ཚོགས་པ་རྣམས་དམ་ཚིག་གིས་བསྡུས་པའི་དཔོན་སློབ་ཡིན་པས། སྤྱོད་ལམ་རྣམ་བཞི་ལས་དང་བྱ་བ་ཅི་བྱེད་ཀྱང་རྟག་ཏུ་བླ་མ་སྤྱི་བོར་སྒོམས། ལེགས་ཉེས་གང་བྱུང་ཡང་སྐྱབས་དཀོན་མཆོག་གསུམ་མ་གཏོགས་པའི་ཇོ་བོ་གཞན་མ་ཚོལ། ཕྱི་སྣོད་རང་བཞིན་གྱིས་གྲུབ་པའི་གཞལ་ཡས་ཁང་ཡིན་ལ། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཡི་དམ་གྱི་ལྷ་ཡིན་པས། འགྲོ་བ་གང་མཐོང་ཡང་མོས་ཤིང་འདུན་པར་བྱེད་དགོས་ཀྱི། གནོད་ཅིང་འཚེ་བ་དང་གཤེ་ཞིང་ཚུལ་སྨོད་པར་སྐད་ཅིག་ཀྱང་བྱེད་མི་རུང་བས། དུས་དང་རྣམ་པ་ཐམས་ཅད་དུ་ལྷའི་ང་རྒྱལ་དང་མ་བྲལ་བར་གྱིས་ཤིག་ཅེས་གསུངས་པ་ལས། མིག་བསྒྱུར་མ་ལྔས་གསོལ་པ། རྗེ་བཙུན་ལགས་རིག་པ་འཛིན་པ་སྔགས་ཀྱི་ལུགས་ཀྱི་དུས་མྱུར་དུ་ལམ་བགྲོད་པར་སླ་ཞིང་། ཐབས་མང་ལ་དཀའ་བ་མེད་པར་འགྲུབ་པ། ཁྱད་པར་གྱི་དམ་ཚིག་གནང་བ་བཀའ་དྲིན་ཆེ་བ་ལས་ངེད་ཅག་མ་དག་པའི་འགྲོ་རྒྱུད་འཁོར་བ་ཐོག་མ་མེད་པ་ནས་བག་ཆགས་གོམས་པའི་རྒྱུན་འཐུག་པ་དང་། ཁྱད་པར་དུ་ཡང་བུད་མེད་སྐྱེ་བ་དམན་ཞིང་བློ་གྲོས་ཞན་པས། རྗེ་བཙུན་གྱིས་གསུང་བ་ལྟར་རྒྱུད་ལ་མ་སྐྱེས་ཀྱང་། བགས་ཀྱིས་གཞོལ་ཞིང་བསླབ་པར་བགྱིའོ། །གཞན་འགྲོ་རྒྱུད་སེམས་ཅན་དུ་གྱུར་པ་ལ་ཡི་དམ་གྱི་ལྷར་ལྟ་བ་མ་བྱུང་ཡང་། གནོད་ཅིང་འཚེ་བ་ལས་ལྡོག་པ་དང་། ཡུལ་ལ་ཉེ་བར་གྱུར་པ་རྣམས་ལ་ནི་ཕན་པ་དང་བདེ་བའི་དངོས་པོ་ཅི་རིགས་པའི་སྒོ་ནས་སྟོང་གྲོགས་བགྱིད་ཅིང་། ཁྱད་པར་དུ་ཡང་རྗེ་བཙུན་ཁྱེད་ཀྱི་བཀའ་འཁོར་རིགས་རྒྱུད་དུ་གཏོགས་པ་ཐམས་ཅད་ལ་བསྲུང་ཞིང་བསྐྱབ་པ་དང་། ཡོངས་སུ་སྦ་བར་བགྱིད་དེ་སྒྲུབ་པའི་མཐུན་རྐྱེན་ཅི་དང་ཅི་དགོས་པ་ཐམས་ཅད་ཁོ་མོ་ཅག་འབངས་རྣམས་ཀྱིས་བསྒྲུབ་པར་བགྱིའོ་ཞེས་ཁས་བླངས་ནས་ཞབས་ལ་ཕྱག་འཚལ་ཞིང་བསྐོར་བ་ལན་མང་དུ་བྱས་ཏེ་བར་སྣང་ལ་འཕུར་ནས་སོང་སྐད་དོ། །རྗེ་རས་པ་ཆེན་པོ་མཚན་བརྗོད་པར་དཀའ་བ་དཔལ་བཞད་པ་རྡོ་རྗེ་ལ། གཙོ་མོ་བཀྲ་ཤིས་ཚེ་རིང་མས་དབུ་མཛད་པའི་འཇིག་རྟེན་མིག་བསྒྱུར་གྱི་ཌཱ་ཀི་མ་ལྔས་ཐེག་པ་མཆོག་གི་སེམས་བསྐྱེད་པའི་དོན་དྲིས་ལན་གླུར་བླངས་པ་རྣམས་ཚོང་འདུས་དིང་མ་བྲིན་གྱི་གཡོན་ཟུར། བཀྲ་ཤིས་དཔལ་གྱི་མཐོན་མཐིང་རིའི་རྩེ་ལ་སྐལ་ལྡན་སྦྱངས་པ་ཅན། རས་པ་ཞི་བ་འོད་ཀྱིས་སྲིང་མོ་བཀྲ་ཤིས་ཚེ་རིང་མ་ཉིད་ལ་དངོས་སུ་ཉམས་བསྡུར་ཞིང་འདྲི་རྨེད་ཡང་ནས་ཡང་དུ་བྱས་པ་ལས། ཕྱིས་རྗེ་བཙུན་ཉིད་ཀྱི་ཞབས་ཀྱི་པདྨོ་ལ་ལན་གསུམ་གཏུགས་ནས་དགྱེས་བཞིན་དུ་གནང་བའི་གསུང་དོན་རྣམས་དབེན་གནས་ཉམས་དགའ་ཞིང་གྲུབ་པ་བརྙེས་པའི་ས་འོམ་ཆུང་དཔལ་གྱི་ནགས་འདབས་སུ། ངན་རྫོང་སྟོན་པ་བོ་དྷི་རཱ་ཛ་དང་། རྣལ་འབྱོར་པ་ཞི་བ་འོད་གཉིས་ཀྱིས་མ་འོངས་པའི་གང་ཟག་སྐལ་བ་དང་ལྡན་པ་འགའ་དང་འགའི་དོན་དུ། གསུང་སྒྲོས་ལ་དབྲི་བསྣན་ལྷག་ཆད་མེད་པར་ནན་ཏན་དུ་བྱས་ཏེ། ངག་བརྗོད་པ་ཚིག་གི་ཕྲེང་བ་སྡེབས་ལེགས་པའི་ཡི་གེར་བཀོད་པ་བདུད་རྩི་འོད་ཀྱི་ཕྲེང་བ་ཞེས་བྱ་བ་རྫོགས་སོ།། །།

༈ ན་མོ་གུ་རུ། རིན་ཆེན་བརྒྱུད་པའི་བླ་མ་དང་། །མཁའ་འགྲོའི་དབང་ཕྱུག་ལྷ་ཡི་ལྷས། །བྱིན་གྱིས་བརླབས་པ་གཙུག་གི་ནོར། །སྒྲ་སྒྱུར་ལོ་ཙྪ་ཆེན་པོ་ཡི། །མཛེས་པའི་ཆུ་སྐྱེས་ཟེའུ་འབྲུ་ཅན། །ཕྱག་མཐིལ་མགོ་ལ་རེག་མཛད་དེ། །དབང་བསྐུར་རྒྱུད་བཤད་གདམས་ངག་གིས། །སྨིན་ཅིང་གྲོལ་མཛད་སྐལ་པ་ཅན། །སྒྲུབ་པ་མཐར་ཕྱིན་རས་པ་རྗེ། །དཔལ་ལྡན་བཞད་པའི་ཞབས་ལ་འདུད། །དེ་རྗེས་མཛེས་མས་ཞུས་པའི་ལན། །འཕྲང་སྒྲོལ་གནད་ཀྱི་བར་དོ་ལ། །མི་འགྱུར་གསལ་བྱེད་ཚིག་གི་གཟུངས། །བློ་དམན་དྲན་པ་གསོ་ཕྱིར་བཀོད། །རྗེ་མི་ལས་འདས་པའི་གྲུབ་ཐོབ་ཆེན་པོ་ཐོག་མར་དབང་བཞི་བསྐུར་བའི་དུས་ན་དཔལ་འཁོར་ལོ་སྡོམ་པའི་ནང་གི་ལྷ་ཚོགས་དང་། ཕྱི་ཞིང་སྐྱོང་གི་ཌཱ་ཀི་མ་སུམ་ཅུ་རྩ་གཉིས། རིག་མ་བཅུ་དྲུག་མཆོད་པའི་ལྷ་མོ་དང་བཅས་པ་རྣམས་མདུན་གྱི་ནམ་མཁའ་ལ་བཞུགས་པར་སྐད་ཅིག་ཡུད་ཙམ་གྱིས་ཞལ་གཟིགས་ཤིང་དེ་ཉིད་ཀྱི་དུས་ན་བླ་མ་དང་ཌཱ་ཀིས་རྗེས་སུ་གནང་བའི་མཚན་དཔལ་བཞད་པ་རྡོ་རྗེ་ཞེས་བྱ་བ་དེ་ཉིད། རྗེ་ལོ་ཙྪ་ཆེན་པོའི་གསུང་གིས་སྒྲུབ་པ་ལ་ནན་ཏན་དུ་བསྐུལ་བའི་ཕྱིར། ལུས་དཀའ་ཐུབ་ཀྱི་གདུང་བ་སྣ་ཚོགས་དང་བཅས་པས། གསང་སྔགས་སྒྲུབ་པའི་ཡོན་ཏན་རྟེན་འབྲེལ་གྱི་ཆེ་བ་སྣ་ཚོགས་མཐར་ཕྱུང་སྟེ། ཁམས་ཀྱི་ལུས་འདི་ཉིད་ལ་བརྟེན་ནས་འཇའ་ཚོན་ལྟ་བུའི་ཡིད་ཀྱི་སྐུ་ངེས་པར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་པའི་རྗེ་བཙུན་སྐྱེས་བུ་ཆེན་པོ་དེ། ཡུལ་ལ་ཡ་མཚན་ཆེ་བ་དིང་མ་བྲིན་གྱི་ཤར་ཕྱོགས། ཁ་བཀྲ་མོན་གྱི་མཐའ། སྨ་ཤོད་ཁུམ་བུའི་ནུབ་ཕྱོགས། སྤྲིན་སྣ་འཛིངས་མཐིང་ནག་འཁྲིགས་པའི་འོག །གཟའ་ཁྱབ་འཇུག་ནག་པོ་རྒྱུ་བའི་སྲང་སྒོ། གངས་ཁྱུང་མགོ་བཀྲ་ཤིས་སྤྲིན་དཀར་ལྡིང་བའི་གཡོན་མགུལ། འབྲོག་སྨན་ལུང་གཡུའི་སྤང་པོ་ངོས་བཟང་ལ། ཡུལ་ས་སྨན་གྱི་དོར་ཕོ་ལོང་རིས་སུ་བཏབ་པ། བཀྲ་ཤིས་འོ་མའི་ཆུ་བོ་དང་། བདུད་རྩི་དངོས་གྲུབ་ཀྱི་ཆུ་བོ་རྣམ་གཉིས་དལ་གྱིས་འབབ་པའི་ཀླུང་ངོགས། རང་བྱུང་བྱིན་གྱིས་བརླབས་པའི་དབེན་གནས། ཆུ་དབར་དཔལ་གྱི་ཕོ་བྲང་ན། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ་འོད་གསལ་འགྲོ་འོང་མེད་པའི་ངང་ལས་ཐུགས་གཡོ་བ་མེད་པར་བཞུགས་པ་ལས། ཤིང་ཕོ་རྟའི་ལོ་སྟོན་ཟླ་ར་བའི་སྐར་མ་ཁྲུམས་སྟོད་དགུང་ལ་བབ་པའི་མར་ངོར་སོང་ཙ་ན་ཚོང་འདུས་དིང་མ་བྲིན་དེར་རིམས་དལ་ཆེན་པོ་བབས་ཏེ། ནད་ཀྱི་རིགས་སུ་གྱུར་པ་འབྲུམ་བུ་དཀར་ནག་དང་། རྒྱུ་རིམས་ཁྲག་འཁྲུ་དང་། ཚ་བ་མུན་འཐིབས་དང་། ཨ་ཉ་བ་ལི་དང་། བྷི་དཾ་པ་ལི་དང་། ཀྵ་ན་ཨར་ཛ་ལི་དང་། མུན་དྷ་ཛ་ལི་ཞེས་བྱ་བ་ལ་སོགས་པ་ནད་རྣམ་པ་སྣ་ཚོགས་པ་བྱུང་ནས་མི་ཕྱུགས་མང་པོ་གུམ་པ་ལས། ཟླ་བ་དེའི་ཕྱི་མ་སྟོན་ཟླ་འབྲིང་པོར་སོང་བའི་ཚེས་བཅུ་གཅིག་གི་དགོངས་མོ་ཉི་མ་དམར་ཐག་ཆོད་ཙ་ན། བཟང་སྡུག་འོད་དུ་ཆགས་པའི་བུད་མེད་དར་དཀར་གྱི་གོས་ཟུང་ལ་མཚལ་གྱི་ཐིག་ཕྲན་མེ་ལྕེ་ཧོ་ཐབས་རིས་སུ་བྲིས་པ། མུ་རན་རིན་པོ་ཆེ་སྣ་ལྔའི་ཆ་ག་བཏབ་ཅིང་། གུང་ཁེབས་སྟོད་ལ་མུ་ཏིག་དར་གྱི་ཆུན་འཕྱངས་རིས་སུ་སྤྲས་པ། གོང་སྐོར་གཡུའི་རྡོ་རྗེ་མདོ་ལོང་རིས་འཕར་ནོན་དུ་བཏབ་པ། གོང་ཆེན་ལ་གསེར་བྱ་མཇིང་བསྣོལ་རིས་སུ་བྲིས་པ་གྱོན་པ་ཞིག་འོངས་ནས་ཞབས་སྤྱི་བོར་བླངས། བསྐོར་བ་ལན་བདུན་བྱས་ནས། ཕྱག་དགུ་ཕྲུགས་སུ་འཚལ་ཏེ། རྗེ་བཙུན་ལགས་ཁོ་མོ་ཅག་གི་ཇོ་མོ་ཤིན་ཏུ་བྲོ་ཚ་བར་གྱུར་པས་གངས་ཕ་གིའི་མགུལ་དུ་གཤེགས་འཚལ་ཟེར་ནས་སྤྱན་འདྲེན་དུ་བྱུང་སྐད། དེར་རྗེ་བཙུན་གྱིས་ད་ཉི་མ་ཕྱི་མོར་སོང་འདུག་པས་ངས་མི་ཕྱིན། དེ་བས་ཁྱོད་རང་ཡང་དོ་ནུབ་འདིར་འདུག །སང་སྔ་དྲོ་རང་ཅག་གཉིས་ཀ་འགྲོགས་ལ་འདེང་གསུངས་པས། ཡང་མོ་ན་རེ་ས་མནྟ་ཙ་རི་རྫུ་འཕྲུལ་འོད་ཀྱི་ལམ་ལ་གཤེགས་པས་ཚེགས་མ་མཆིས། དེ་རིང་ཅིས་ཀྱང་གཤེགས་འཚལ་ཟེར་སྐད། རྗེ་བཙུན་གྱིས་དེ་འདྲ་བའི་ལམ་གང་ན་ཡོད་པ་ཡིན་ང་མི་རྒན་ཡིན་པ་ལ་སྔོན་ཆད་དེ་འདྲ་བའི་ལམ་མཐོང་མ་མྱོང་། ཕྱོགས་གང་ན་ཕར་འགྲོ་བ་ཡིན་ཁྱོད་ཀྱིས་ལམ་སྣ་གྱིས་ཤིག་གསུངས་པས། མོའི་འདབ་ནས་སྣམ་བུ་དཀར་པོ་ཞིག་བཏོན་ཏེ་བར་སྣང་ལ་བརྐྱང་ནས་དེའི་ཁ་ན་ཕར་གཤེགས་པས་མཆིའི་ཟེར། དེར་རྗེ་བཙུན་གྱི་ཞབས་བཞག་པ་ཙམ་གྱིས་སྐད་ཅིག་མ་གློག་འཁྱུག་པའི་ཡུན་ཙམ་ལས་མ་ལོན་པར་ཕར་ཕྱིན་ནས་གདའ་སྐད་པ་ལ། གངས་རྒྱལ་མོ་མཐོན་མཐིང་གི་གཡོན་མགུལ་ན་དར་དཀར་གྱི་གུར་ལ་གསེར་གྱི་ཡོལ་བ་བྲིས་པ། མུ་མེན་གྱི་ཆོན་ཐག་བརྒྱངས་པ། དུང་གི་ཚུགས་ཤིང་བཙུགས་པ། བྱི་རུའི་ཆོན་ཕུར་བཏབ་པ་ཞིག་གི་ནང་ན་བུད་མེད་བཟང་མོ་རལ་པའི་ཟར་བུས་རྟིང་པ་ཁད་དུ་བསླེབས་པས་ལུས་གཡོགས་པ། མིག་རྩ་དམར་འཇིག་གེ་བ་ཞིག་སྔས་ནས་མགོ་ཅུང་ཟད་བཏེག་སྟེ། རྗེ་བཙུན་ལགས་ཁོ་མོ་ཤིན་ཏུ་བྲོ་ཚ་བར་གྱུར་པས་ཕྱག་བཀའ་ཡིས་གནང་འཚལ་ཟེར་སྐད། དེར་རྗེ་བཙུན་གྱིས་མོ་ལ་ཁྱོད་རྐྱེན་ཅིའི་ཕྱིར་ན། དུས་ནམ་གྱི་ཚེ་ནས་མ་བདེ། ད་ལྟ་ན་ལུགས་ཇི་ལྟར་ན་ཞེས་ཞིབ་ཏུ་དྲིས་པ་ལས། མོ་ན་རེ་ཁོ་མོ་བྲོ་ཚ་བར་གྱུར་བའི་རྐྱེན་ནི། ཡུལ་པ་འདིའི་ཕྱུགས་རྫི་རྣམས་ཀྱིས་ཁ་ནིང་དབྱར་ཁ་དམར་ཐབ་ཆེན་པོ་ཤོར་ནས། ཐབ་ཀྱི་རླངས་པ་ཁོ་མོ་ལ་ཕོག་པས་དེའི་རྐྱེན་གྱི་ཁོ་མོ་བྲོ་ཚལ་བར་གྱུར་ཏོ། །དུས་ནི་ཁར་སང་སྟོན་ཟླ་ར་བའི་མར་ངོ་ན་མར་ཅུང་ཞིག་མ་བདེ། དེ་ནས་སྟོན་ཟླ་འབྲིང་པོའི་ཚེས་བཅུ་གཅིག་ནས་ཤིན་ཏུའང་མ་བདེ་བས་རྗེ་བཙུན་ཆེན་པོ་སྤྱན་དྲངས་པ་ལགས། ཁོ་མོའི་ཁ་རླངས་ཕོག་པས་ཡུལ་འདིར་ཡང་མི་ནད་སྣ་ཚོགས་བརྡོལ་ཞིང་རིམས་ནད་ཀུན་ཏུ་འཁྲུགས་པ་དེ་ལྟར་ལགས་སོ་ཟེར་སྐད། དེར་རྗེ་བཙུན་གྱི་ཐུགས་ལ་འོ་ན་ཁ་ནིང་ནས་ཀྱི་དལ་ཡམས་ཀྱི་བདག་མོ་དེ་མོ་ཡིན་པར་འདུག་པས། ད་སུ་ལ་ཡང་ཕན་གདགས་སུ་མི་རུང་བ་འདུག་པས་ད་ལྟ་སྔ་གོང་ནས་ཆད་མདོ་བྱེད་དགོས་དགོངས་ཏེ། སླར་མོ་ལ་གསུངས་པ། བཞིན་བཟང་མ་ཁྱོད་ལ་སྔོན་ཆད་ངས་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད། ཡི་དམ་ལྷའི་བཟླས་ལུང་ཕོག །ལས་རྒྱུ་འབྲས་ཀྱི་ཆོས་དེ་ཙམ་ཞིག་བཤད་ནས་ཁྱོད་དམ་ལ་མི་གནས། ཆད་ལ་མི་བཙན་པས་མ་བདེ་བ་བག་ཙམ་ལ་བཟོད་པ་མི་བྱེད་པར། མ་ཉེས་པའི་འགྲོ་བ་འདི་ཙམ་ལ་གནོད་ཅིང་འཚེ་བ་བྱེད་པ་ཁྱོད་ལ་དམ་ཚིག་གི་ཆད་པ་དེ་ཙམ་ཞིག་འོང་ཡང་ཐང་ལ་སྔ་མའི་ཚུལ་ལ་ལྟོས་ན་ཁྱོད་ལ་ཅུང་ཞིག་ཡིད་མ་ཆེས་པས། ད་རེས་ཀྱང་ཡུལ་བདེའི་དལ་ཡམས་གཅོད་པར་ཁས་ལེན་ན་ངས་ཅུང་ཞིག་ཕན་ནམ་བལྟ། ཁས་མི་ལེན་ན་ད་ལྟ་རང་ང་ཡང་སླར་ལྡོག་ལ། དམ་དྲེད་མ་ཁྱོད་ལ་ཡང་དམ་ཚིག་གི་ཆད་པས་བསྡིགས་པར་འགྱུར་རོ་ཞེས་གསུངས་པ་ལས། མོ་རབ་ཏུ་སྐྲག་ཅིང་ཧ་ལས་ཏེ་རྗེ་བཙུན་གྱི་ཞབས་ལ་འཇུས་ནས་ངེད་སེམས་ཅན་མ་རིག་པའི་རང་བཞིན་ལ་འཁྲུལ་པའི་ནད་བག་ཙམ་འབྱུང་དུ་རུང་བས་དེ་སྐད་མི་གསུང་བར་ཞུ། སྤྱིར་ཡང་འཇིག་རྟེན་གཙང་རིགས་ཀྱི་ལྷ་འདྲེ་རིགས་མཐོ་བ་ཕལ་ཆེར་ནི་ཚུར་ལ་གནོད་པ་མ་བགྱིས་ན་ཕར་ལ་འཚེ་བ་མི་བྱེད་ཅིང་། སྒོས་ཀྱིས་ཁོ་མོས་ནི་བསམ་བཞིན་དུ་རྗེ་བཙུན་གྱི་བཀའ་ལ་བརྙས་པ་དང་། ཆེད་དུ་དམིགས་ཏེ་འགྲོ་བ་རྣམས་ལ་གནོད་པ་བགྱིས་པའམ་བགྱིད་དུ་སྩལ་བ་མ་མཆིས་ཏེ། དཔེར་བགྱིས་ན་དབྱར་ཟླ་ཐ་ཆུང་ལ་བཀོད་མའི་ཆུ་བོ་གཡོས་པས། ངོགས་ཐམས་ཅད་བརླན་པར་འགྱུར་བ་དེ་བཞིན་དུ་ཁོ་མོ་ཅག་གི་རིགས་སམ་སྡེ་ཚན་དུ་གཏོགས་པའི་འཁོར་དང་། ཡང་གཡོག་ཤ་ཟ་མོ་དང་སྲིན་མོར་གྱུར་པ་ཤ་ལ་དགའ་ཞིང་ཁྲག་ལ་རོལ་པ་བརྒྱ་ཕྲག་མང་པོ་ཡོད་པས་དེ་རྣམས་ཀྱིས་གནོད་ཅིང་འཚེ་བ་བགྱིས་སུ་བས་ཀྱི། དེ་ཡང་ཁོ་མོ་བདེ་བར་གྱུར་ན་རྗེ་བཙུན་གྱི་བཀའ་ཉན་པས། འགྲོ་བ་དེ་རྣམས་ཀྱི་བྲོ་ནད་ཁྱེད་ཀྱིས་སེལ་བར་བགྱིད་པས། ཅི་ནས་ཀྱང་ཁོ་མོ་ལ་ད་རེས་ཐུགས་རྗེས་གཟིགས་འཚལ་ཞེས་ཞུ་བ་ནན་ཏན་དུ་འབུལ་དུ་བྱུང་བ་ལས། དེར་རྗེ་བཙུན་གྱིས་དེ་ཀའི་ནུབ་མོ་ནས་ཡི་གེ་བརྒྱ་པའི་ཁྲུས་ཆོག་ནས་བཏོན། བླ་མ་དང་དཀོན་མཆོག་ལ་གསོལ་བ་མང་དུ་བཏབ་གཙུག་ཏོར་རྣམ་པར་རྒྱལ་མའི་སྒོ་ནས་ཚེ་བསྲིང་བ་མཛད་པས། དེའི་ནང་པར་ནས་མལ་ནས་ལྡང་ཞིང་ཕྱག་འཚལ་ཤེས་པ་ཙམ་དུ་གྱུར་ཏོ། །དེ་ནས་ཞག་བདུན་ཙམ་དུ་རིག་པ་གཏད་ཅིང་བྱིན་གྱིས་བརླབས་པ་མཛད་པས་མོ་ཤིན་ཏུ་བདེ་ནས། སྔར་བས་ཀྱང་མདངས་བཟང་ཞིང་བཀྲག་ཕུན་སུམ་ཚོགས་པར་གྱུར་ཏོ། །ཡང་རྗེ་བཙུན་གྱིས་བཀའ་སྩལ་པ་བཞིན་བཟང་མ་ཁྱོད་རབ་ཏུ་བདེ་བ་འདི་རང་ཡིན་གྱིས། ང་ཡུལ་ཕྱོགས་ཀྱི་མི་རྣམས་ལ་ཕན་པ་བྱེད་དུ་འགྲོ་བས། ཁྱེད་རྣམས་ཀྱིས་མཐུན་པའི་རྫས་གང་ཡིན་པ་དང་། རིམ་གྲོ་ཇི་ལྟར་བྱེད་ལུགས་རྣམས་ང་ལ་སྨྲོས་ཤིག་ཅེས་དྲིས་པ་ལས། རྗེ་བཙུན་ལགས་རྟེན་འབྲེལ་གྱི་ཆེ་བ་ཡིན་པའི་ཕྱིར་ཁོ་མོ་བདེ་བ་རང་གི་མི་རྣམས་ཁད་ཀྱིས་བདེ་བར་འགྱུར་ལ། འོན་ཀྱང་མྱུར་དུ་བདེ་བར་བཞེད་ན། ངེད་ཅག་འཇིག་རྟེན་པའི་ཌཱ་ཀི་མ་སྤྱིའི་དམ་ཚིག་ཡིན་པས་གཅིག་མ་བདེ་ན་ཀུན་མི་བདེ་ཞིང་འཁྲུག་པར་འགྱུར་ལ། དེ་ལས་སྲིད་པའི་ལྷ་འདྲེ་ཐམས་ཅད་ཀྱིས་གཏིང་གཡོ་ཞིང་རྒྱབ་བརྟེན་བྱེད་པ་ཡིན་པས་རིམ་གྲོའི་ལུགས་ནི་དེ་བཞིན་གཤེགས་པའི་གཙུག་ཏོར་གྱི་སྙིང་པོ་ཅན་གྱི་གཟུངས་མང་དུ་འདོན་པ་དང་། ཐེག་པ་ཆེན་པོའི་མདོ་སྡེ་ཟབ་མོའི་གསུང་སྒྲོག་པ་དང་། བུམ་པའི་ཆུས་བཀྲུ་ཞིང་གྲོང་ཁྱེར་གྱི་ཁོར་ཡུག་ཏུ་མཚམས་བཅད་པ་དང་། དཀར་ཕུད་དང་དམར་ཕུད་ལ་སོགས་པ་ལ་ཚོགས་དང་གཏོར་མ་རྒྱ་ཆེན་པོ་བཤམས་ལ་ཁ་ཟས་ཀྱི་རྣམ་པ་ཅི་ཡོད་པས་བརྒྱན་ཞིང་བསྔོ་བ་མཛོད་དང་། མི་ནད་དེ་དག་མྱུར་དུ་ཞི་བར་འགྱུར་རོ་ཞེས་ཟེར་བ་ལས། དེར་རྗེ་བཙུན་གྱིས་བྲིན་གྱི་བྲག་མཁར་དུ་བྱོན་ནས་ཡུལ་མི་རྣམས་ལ་ངའི་རྨི་ལམ་དུ་བྱུང་བས་དལ་ཡམས་འདི་ཁྱེད་རང་གི་ཇོ་མོ་ལ་ཐབ་རླངས་ཕོག་ནས་མི་དགྱེས་པ་ཡོད་པ་འདྲ་དེ་གཡོ་འགུལ་བྱས་ནས་སྲིད་པའི་ལྷ་འདྲེ་ཀུན་འཁྲུགས་ནས་ཡོད་པར་འདུག་པས་ད་རིམ་གྲོའི་བྱེད་ལུགས་འདི་ལྟར་དུ་གྱིས་ལ་ང་ཅན་དུ་ཡང་ཕུད་བསྡུས་ལ་སྐྱོལ་ཞིག་གསུངས་པ་ལས། ཡུལ་པས་ཀྱང་དེ་ལྟར་བྱས་ནས་ཕུད་རྣམས་ལ་ཚོགས་དང་གཏོར་མ་རྒྱ་ཆེན་པོ་བཤམས་ཏེ། བླ་མ་དཀོན་མཆོག་ལ་གསོལ་བ་བཏབ། ཆོས་སྐྱོང་བའི་སྲུང་མ་ཐམས་ཅད་ལ་གཏོར་མ་ཕུལ། དེ་ནས་སྲིད་པའི་ལྷ་འདྲེ་ཐམས་ཅད་ལ་བསྔོ་བ་མཛད་དེ། བདེན་པའི་སྟོབས་བརྗོད་པ་ཙམ་གྱིས་རིང་པོ་མ་ཐོགས་པར་དལ་ཡམས་ཆེན་པོ་དེ་ཆད་པར་གྱུར་ཏོ། །དེ་ནས་ཟླ་བ་དེ་ཟད་པའི་ཉི་ཤུ་དགུར་སོང་བའི་ཉིན་པར་བཀྲ་ཤིས་ཚེ་རིང་མ་དཔོན་གཡོག་ལྔ་ལ་འཁོར་སྨན་དང་ཡུལ་ལྷའི་ཚོགས་ཀྱིས་བསྐོར་བ་མང་པོ་ཞིག་རྗེ་བཙུན་གྱི་དྲུང་དུ་ལྷགས་ཏེ། བཟའ་བ་དང་བཅའ་བ་གྱ་ནོམ་ཞིང་རོ་ཕུན་སུམ་ཚོགས་པ་དང་ལྡན་པའི་སྤྱན་གཟིགས་མང་པོས་རིན་པོ་ཆེ་སྣ་ཚོགས་ལས་བྱས་པའི་སྐྱོགས་དུ་མ་བཀང་ནས་རྗེ་བཙུན་ལ་དྲངས་ཏེ། ཕྱག་དང་བསྐོར་བ་གྲངས་མེད་པ་བྱས་ནས་མདུན་དྲང་པོར་སྤྱན་ལམ་ན་ཕར་འཁོད་དེ་འཇིག་རྟེན་མིག་བསྒྱུར་གྱི་ཌཱ་ཀི་མ་སྤུན་ལྔ་པོ་དེ་དག་ན་རེ་ད་རེས་ཁོ་མོ་ཤི་བ་སློང་ན་བ་གསོས། རྗེ་བཙུན་ཁྱེད་ལས་བཀའ་དྲིན་ཆེ་བ་མེད་དོ་ཞེས་ངག་སྙན་པའི་ཚིག་གླུར་བླངས་ཏེ་ཕུལ་བ། ཡ་གི་ནམ་མཁའི་མཐོངས་ཤིག་ན། །སྤྲིན་སྣ་འཛིངས་མཐིང་ནག་འཁྲིགས་པ་དེ། །རྔ་སྒྲ་ཀླུ་ཡི་རྒྱལ་པོ་དེས། །སྐྱེ་འགྲོ་བཅུད་ཀྱིས་གསོ་བའི་ཕྱིར། །བདུད་རྩི་སྤྲིན་ཆར་འབེབ་པའི་རྟགས། །ཆར་ཟམ་ཟིམ་དལ་གྱིས་འབབ་པ་དེ། །ས་གཞི་དྲོད་གཤེར་སྙོམས་པའི་རྟགས། །འབྲུག་སྒྲ་ཆེམ་ཆེམ་སྒྲོག་པ་དེ། །འབྱུང་བ་ཚ་གྲང་འཐབ་པའི་སྐད། །སྤྲིན་དེ་ཡིས་མཚོན་པའི་འོག་རོལ་ན། །གངས་ཟུར་གསུམ་དགུང་དུ་རྩེ་མཐོ་བ། །མགུར་ཆུ་ཤེལ་གྱི་ཅོད་པན་ལ། །གཟའ་སྐར་འོད་ཀྱི་ཕྲ་བཀོད་དེ། །ཉི་ཟླ་ཤར་གྱི་གཟི་མདངས་ཅན། །དེ་སྨན་བཙུན་ངེད་ཀྱི་ཕོ་བྲང་ཡིན། །གངས་དེ་ལ་འཁྲིས་ཀྱི་གཡོན་མགུལ་ན། །ལྡིང་མདོ་ཤོད་ཤེལ་གྱི་དོ་ར་ལ། །འཇའ་འོད་ཀྱི་གུར་ཡོལ་བྲེས་པ་དེ། །འབྲོག་ཡ་མཚན་ཆེ་བའི་སྨན་ལུང་ཡིན། །འབྲུ་དྲུག་རྩི་ཐོག་འཁྲུང་པའི་ས། །མེ་ཏོག་ཚོན་ཚོགས་བཀྲ་བའི་གླིང་། །སྨན་གྱི་དོ་ར་གཟིགས་མོ་ཆེ། །ཡུལ་ལྷའི་རྩེ་བྲོ་དང་རེ་སྤྲོ། །ཁྱད་པར་ས་གཞི་བྱིན་ཆགས་པ། །ཆུ་དབར་སྤྲུལ་སྐུའི་ཕོ་བྲང་ན། །མི་ཡ་མཚན་ཅན་ཞིག་བཞུགས་པ་དེ། །རྗེ་མི་ལ་རྣལ་འབྱོར་མ་ལགས་སམ། །ཁྱེད་སྐུ་ཚེ་སྔ་མར་ཚོགས་བསགས་པས། །ད་ལྟ་མི་ལུས་རིན་ཆེན་ཐོབ། །ཅུང་ཟད་ལེ་ལོ་མི་མཛད་དེ། །འབྲལ་མེད་བསམ་གཏན་བསྒོམ་པའི་ཕྱིར། །སྐྱེ་མེད་སེམས་ཀྱི་དོན་རྟོགས་ནས། །འཁྲུལ་འཁོར་ལུས་ལ་རང་དབང་ཐོབ། །བར་ཆད་གཡེང་བས་མི་འཇིགས་པས། །རི་བོ་ལྟ་བུའི་རྣལ་འབྱོར་པ། །རླུང་གི་ཡོན་ཏན་མཐར་ཕྱིན་པས། །གཅེར་བུའི་ལུས་ལ་གཟི་མདངས་ཅན། །བརཏལ་ཞུགས་སྤྱོད་པ་སྣ་ཚོགས་ཀྱིས། །འགྲོ་དོན་རྫོགས་མཛད་སྐྱེས་བུ་ཁྱོད། །དེང་སང་དུས་ཀྱི་སྙིགས་མ་ལ། །གདོང་དམར་ཡུལ་དུ་བྱོན་པ་དེ། །སྤྱིར་རྒྱལ་ཁམས་ཡོངས་ཀྱི་རྒྱན་དུ་ཆེ། །སྒོས་བུད་མེད་ངེད་ཀྱི་དཔལ་དུ་ཤར། །དུས་ད་རེས་དགུང་ཚེས་བཅུ་གཅིག་ལ། །མི་གཙང་ཐབ་ཀྱིས་ཉེར་བསླངས་ནས། །འབྱུང་བཞི་ནད་ཀྱིས་ཐིབས་ནོན་བྱུང་། །ཉོན་མོངས་གདུག་རྩུབ་ཁོང་ནས་འཁྲུགས། །སྡུག་བསྔལ་ཚོར་བ་ཉམས་སུ་མྱོང་། །ནང་འགྱུ་བ་རྟེན་དང་དེའུ་བྲལ་བྱུང་། །དེ་འདྲའི་ཉམ་ཐག་གྱུར་བའི་ཚེ། །རྗེ་ཁྱེད་ཀྱི་ཐུགས་རྗེའི་ལྕགས་ཀྱུ་ཡིས། །བྱིན་རླབས་འཕོ་བའི་རྗེས་གནང་མཛད། །དག་པ་སྔགས་ཀྱི་ཁྲུས་ནས་བཏོན། །སྐྱེ་འཆི་མེད་པའི་སེམས་ངོ་སྤྲད། །ངེས་ཤེས་རྟོགས་པ་འཕྲལ་དུ་སྐྱེས། །ནད་འདུ་བ་རྣམ་བཞི་སྤྲིན་ལྟར་དེངས། །ལུས་ཤིང་བལ་ལྟ་བུར་ཡང་ཞིང་བདེ། །སེམས་ལ་རྟོགས་པ་སྣ་ཚོགས་ཤར། །ཚེ་དུས་མིན་འཆི་བའི་བར་ཆད་བཟློག །དྲོད་མཐའ་ནས་ཡལ་བ་རང་སོར་ཆུད། །དབུགས་ཕྱི་ནང་ཆད་པ་སླར་ཡང་མཐུད། །གཤིན་རྗེའི་ཕོ་ཉ་སྐྱེངས་སུ་བཅུག །རྗེ་བཀའ་དྲིན་ཆེའོ་རྣལ་འབྱོར་པ། །འབངས་སྐྱེ་གནས་དམན་པའི་སྒྲིབ་གཡོགས་ཀྱིས། །སྙིང་བརྗེད་དྲན་པ་ངན་ན་ཡང་། །དུས་ད་རེས་ཚེ་སྲོག་མཐུད་པ་དེ། །ཚེ་འདི་ལ་བརྗེད་ཐབས་ཡོད་མ་མཆིས། །སྐུ་སྐྱབས་དྲིན་ལན་བསབ་པའི་ཕྱིར། །ཅི་དགྱེས་དངོས་གྲུབ་འབུལ་བ་དང་། །ཅི་གསུང་བཀའ་ལས་མི་འདའ་བས། །དུས་འདི་ནས་བཟུང་སྟེ་མཐར་ཐུག་གི། །བླ་མེད་བྱང་ཆུབ་མ་ཐོབ་བར། །སྨོན་ལམ་དག་པའི་ཆུ་རྒྱུན་གྱིས། །ལུས་དང་གྲིབ་མ་ཇི་བཞིན་དུ། །སྐད་ཅིག་མི་འབྲལ་འགྲོགས་གྱུར་ནས། །ཁྱོད་མངོན་པར་སངས་རྒྱས་གྱུར་པའི་ཚེ། །གཟུགས་སྐུས་འདུལ་བའི་ཞིང་ཁམས་དེར། །ལྔ་སྡེ་བཟང་པོ་ཇི་བཞིན་དུ། །འཁོར་གྱི་དང་པོར་གྱུར་ནས་ཀྱང་། །ཐོག་མའི་བདུད་རྩི་འཐུང་བར་ཤོག །དེ་འཐུངས་བདུད་རྩིའི་ཡོན་ཏན་གྱིས། །ཆོས་ཀྱི་རྒྱལ་སྲིད་ཐོབ་ནས་ཀྱང་། །མི་ཤེས་རྨོངས་པའི་འགྲོ་རྣམས་ལ། །བསྡུ་བ་རྣམ་བཞིའི་སྤྲིན་ཚོགས་ལས། །སྣ་ཚོགས་བདུད་རྩིའི་ཆར་ཕབ་ནས། །འགྲོ་ཀུན་རབ་ཏུ་ཚིམ་གྱུར་ཤོག །ཅེས་པ་སྨན་བཙུན་བཀྲ་ཤིས་ཚེ་རིང་མས་དབུ་མཛད་ཀྱི་མིག་བསྒྱུར་མ་ལྔས་རྗེ་བཙུན་ཆེན་པོའི་སྙན་དུ་དེ་སྐད་གསོལ་ཏེ། དག་པ་སྨོན་ལམ་དུ་བཏབ་པ་ལས། ཡང་རྗེ་བཙུན་གྱི་ཐུགས་དགོངས་ལ། གནོད་སྦྱིན་མོ་འདི་ཀུན་གྱི་ད་རེས་ཀྱི་ན་བ་གསོས་པ་ལ་འདི་ཙམ་གྱི་དྲིན་དུ་གཟོ་བ་བྱེད་ལུགས་ཀྱིས། ད་གསང་སྔགས་བསྐྱེད་རྫོགས་ཀྱི་གདམས་ངག་སྣ་འགའ་ཙམ་བསྟན་ན་བསྒོམ་པར་ནུས་སམ། དགོངས་ནས་བཀའ་སྩལ་པ། བཞིན་བཟང་མ་རྣམས་ཁྱེད་ད་རེས་ཀྱི་ན་བ་གསོས་པ་འདི་ཙམ་ལ་དེ་སྐད་ཟེར་ན། གསང་སྔགས་མངོན་སུམ་གྱི་ལམ་པ་ཡིན་པས། དུས་ད་རེས་ལ་ཚང་ཚིང་སྲིད་པའི་གནས་ནས་ཐོན་ཞིང་སྐྱེ་འཆི་འཁོར་བའི་ལམ་འཕྲང་བརྒལ་ནས་ཕྱིན་ཆད་སྲིད་པའི་སྡུག་བསྔལ་གཏན་ནས་མི་མྱོང་བའི་གདམས་ངག་ཡོད་ན་དེ་ཁྱོད་ཀྱིས་བསྒོམ་པར་ནུས་སམ་ཞེས་བྲོད་པ་བསྐྱེད་པའི་མགུར་འདི་སྐད་དུ་བཞེངས་པ། ཤར་ཁྲི་གདུགས་ཉི་མའི་འོག་ཤེད་ན། །སྨན་ལྷ་རི་བཀྲ་ཤིས་རྩེ་མཐོ་བ། །ཁྱུང་མགོ་ཤེལ་གྱི་ཟུར་ཕུད་ལ། །དམར་ཐག་གསེར་གྱི་འོད་འཕྲོ་ཞིང་། །སྟོད་སྤྲིན་དཀར་ལྡིང་གི་གོ་ལྕོག་ལ། །སྨད་འཇའ་ཚོན་སྣ་ལྔའི་ཆ་ག་བཏབ། །བར་གཡའ་སྤང་གཡུ་ཡི་སྨིན་ཁྱུགས་ལ། །ན་བུན་སྐྱི་བུན་འཐིབས་པ་དེ། །གངས་མཐོན་མཐིང་རྒྱལ་མོ་མ་ལགས་སམ། །གངས་དེ་ལ་ཕོ་བྲང་རྟེན་བཅས་པ། །བུད་མེད་ལུས་ལ་ཡ་མཚན་ཅན། །མོ་བཙུན་རྒྱལ་མོ་བཞིན་བཟང་མ། །ཡིད་འཕྲོག་སྙན་པའི་གླུ་ལེན་ཞིང་། །མཚར་སྡུག་འོད་དུ་ཆགས་པ་དེ། །སྨན་བཀྲ་ཤིས་ཚེ་རིང་མ་ལགས་སམ། །ཁྱོད་ད་རེས་འཇིགས་ཤིང་སྐྲག་པ་མྱོང་། །ཡུས་ཁོང་ནས་བརྡོལ་བ་ཤིན་ཏུ་བདེན། །ལུས་ལ་འབྱུང་བཞིའི་ནད་ཀྱིས་གཟིར། །སེམས་ལ་སྡུག་བསྔལ་བཟོད་ཐབས་མེད། །དབུགས་ན་བུན་ལྟ་བུར་ཡལ་ལ་ཁད། །སྲོག་མི་རྟག་གཡོ་བ་དེའུ་ཆད་ཙམ། །དེ་སྔོན་ཆད་ལས་ངན་བསགས་པའི་ཕྱིར། །ད་ལྟ་རྣམ་སྨིན་དེ་ལྟར་མྱོང་། །ད་ངན་སྤྱོད་འདི་ལས་མ་ལོག་ན། །ན་རག་དམྱལ་བ་དེ་ལས་འཇིགས། །དུས་ད་རེས་མ་ཤི་ཐོ་ལེ་རྒྱལ། །ཁྱོད་དད་པའི་ས་བོན་གཡོས་པ་ལ། །མི་ངས་ཀྱང་སྙིང་རྗེས་ཀུན་ནས་བསླང་། །གསང་སྔགས་བདེན་པའི་བྱིན་རླབས་ཀྱིས། །འཆི་བདག་བདུད་ཀྱི་མགོ་བོ་བསྐོར། །ལས་ཀྱི་གཤིན་རྗེའི་ཁ་ནས་འཕྲོགས། །ལྟས་ངན་སྡིག་པ་གཡང་དུ་བསླན། །རྐྱེན་ངན་བར་ཆད་ཚེ་རུ་བསྒྱུར། །ཁྱེད་དགའ་རུ་ཚོར་རམ་བཞིན་བཟང་མ། །ལར་བྱས་པ་ཤེས་པ་དཀའ་ན་ཡང་། །རྗེ་བཀའ་དྲིན་ཤིན་ཏུ་ཆེའོ་ཞེས། །ངག་སྙན་པའི་ཚིག་གིས་གཏང་རག་བཏང་། །གླུ་དེ་ལ་ང་ཡང་བྲོད་པ་སྐྱེས། །ད་ཕྱིན་ཆད་ང་ཟེར་ཉན་སྤྱོད་ན། །ཐར་མེད་སྡུག་བསྔལ་ཆེན་པོའི་ལམ། །རྦ་རླབས་ཅན་གྱི་ཆུ་བཞི་དང་། །བགྲོད་དཀའ་མི་ཁོམ་བརྒྱད་ཀྱི་གནས། །ཚང་ཚིང་སྲིད་པའི་ནགས་ཚལ་དང་། །བདུད་བཞིའི་ཇག་པས་སྒུག་པའི་ས། །འཇུར་མེད་བར་དོ་གསུམ་གྱི་འཕྲང་། །ཡ་ང་མེད་པར་བསྒྲལ་ནས་ཀྱང་། །རྟག་ཏུ་བདེ་ཐོབ་ཡངས་པའི་ལམ། །ཞི་བ་རིན་ཆེན་གླིང་དེ་རུ། །ཕྱིན་པར་ཁས་ལེན་གདོན་མི་ཟ། །མི་ང་ཟེར་ཡ་མཚན་མི་ཆེ་ན། །ང་ཡི་བརྒྱུད་པ་ངོ་མཚར་ཆེ། །དྲུག་པ་རྡོ་རྗེ་འཆང་ཆེན་ནས། །སྒྲ་སྒྱུར་ལོ་ཙྪ་ཡན་ཆད་དུ། །བདེར་གཤེགས་སྤྲུལ་པ་མ་ལགས་པ། །གང་ཟག་བརྒྱུད་པས་བར་མ་ཆོད། །དེ་ཕྱིར་ང་ཟེར་གཙིགས་སུ་ཆེ། །ཡུལ་རྒྱ་གར་དབུས་ན་སྒྲ་ཆེ་བ། །དཔལ་ནཱ་རོ་མཻ་ཏྲི་བསྙད་ཀྱིན་གདའ། །ཁོང་སྙན་པས་ཕྱོགས་རྣམས་ཁྱབ་པའི་ཕྱིར། །མཚན་སྔོན་ཆད་ཁྱེད་ཀྱིས་ཐོས་ཏེ་མཆི། །རྗེ་གྲུབ་ཐོབ་གཉིས་ཀྱིས་བྱིན་རླབས་པ། །དེ་ལྷོ་བྲག་མར་པ་ལོ་ཙྪ་ཡིན། །ཕ་སྤྲུལ་སྐུ་དེ་ཡི་ཞབས་དྲུང་དུ། །ལོ་དྲུག་ཟླ་མཐོང་བརྒྱད་དུ་བསྡད། །ལུས་སྐུ་དང་གྲིབ་མ་བཞིན་དུ་འགྲོགས། །རྗེ་གསུངས་པའི་བཀའ་ལ་ཚད་མར་བཟུང་། །ཐུགས་གཏིང་ནས་མཉེས་པའི་གནད་ཀ་དེས། །རྒྱུད་ཟབ་མོ་དགྱེས་པའི་རྡོ་རྗེ་དང་། །བྱིན་རླབས་ཅན་གྱི་བདེ་མཆོག་དང་། །སྙིང་པོ་མ་ཧཱ་མཱ་ཡའི་རྒྱུད། །དཔལ་ནམ་མཁའ་ལྟ་བུའི་གསང་འདུས་དང་། །བཀའ་སྲུང་ཅན་གྱི་གདན་བཞི་དང་། །སྤྲུལ་པ་སངས་རྒྱས་ཐོད་པའི་རྒྱུད། །དོན་མཐར་ཐུག་སྟོན་པ་སྙིང་པོའི་སྐོར། །བཀའ་རྒྱ་མཚོ་ལྟར་ཟབ་རྒྱུད་འགྲེལ་ལས། །བཅུད་ནོར་བུ་རིན་ཆེན་གཏིང་ནས་བླངས། །གནད་ཟབ་དགུའི་དོན་སྙིང་ཕྱུང་བ་རྣམས། །གསེར་ཞུན་མ་ལྟ་བུར་དྲིལ་ནས་ཀྱང་། །དབྲི་བསྣན་ལྷག་ཆད་ཡོད་རེ་ཞེས། །ཌཱ་ཀི་དཔང་བཙུགས་དབུ་བསྙུང་བཞེས། །སྙན་བརྒྱུད་ཀྱི་གདམས་ངག་རྫོགས་པར་གནང་། །ཕ་བཀའ་དྲིན་ཆེ་བས་སེམས་ལ་འཕྲེང་། །དྲིན་ལན་སྒྲུབ་པའི་མཆོད་པ་འབུལ། །སྒོམ་ཡུན་དུ་བསྲིང་བའི་གནད་ཀ་དེས། །རླུང་འབྱུང་བ་ལྔ་ལ་རང་དབང་ཐོབ། །རོ་སྙོམས་ཀྱི་སྤྱོད་པ་གདེང་དུ་གྱུར། །ནད་འདུ་བ་འཁྲུགས་ཀྱང་ཉམ་ང་མེད། །བུ་ཁྱེད་ཀྱང་བདེ་བར་བཞེད་པ་ན། །མི་ང་ཟེར་ཉོན་ལ་ང་ཕྱིར་འབྲོངས། །ང་སྤྱོད་ལྟོས་ལ་ང་བཞིན་སྒོམས། །དུས་འདི་ལ་ལམ་སྣ་ཟིན་ཏེ་མཆི། །ཚེ་ཕྱི་མ་ཕན་ཆད་རྟག་ཏུ་བདེ། །ད་ལྟ་ལུས་ལ་ནད་མང་ཞིང་། །སེམས་ཀྱི་ཚ་གྲང་མྱོང་བ་ཡང་། །ཉོན་མོངས་རྒྱུ་ཡི་ཉེར་ལེན་དང་། །གློ་བུར་རྐྱེན་གྱིས་མཚམས་སྦྱར་ནས། །སྔར་བྱས་ལས་ཀྱི་རྣམ་སྨིན་གྱིས། །རང་སྣང་སྒྲིབ་པ་དེ་ལྟར་བྱུང་། །འདི་ཡང་རྨི་ལམ་སྐད་ཅིག་ཙམ། །དེ་བས་འབུམ་འགྱུར་བྱེ་བ་ཡིས། །ཡུན་རིང་ཤིན་ཏུ་བཟོད་དཀའ་བ། །ན་རག་དམྱལ་བའི་སྡུག་བསྔལ་ཡང་། །དོན་དུ་སྣང་བ་ཡོད་མ་ཡིན། །སྡིག་སེམས་བག་ཆགས་འཁྲུལ་པ་ལས། །ཕྱི་རོལ་སྡུག་བསྔལ་མྱོང་ཞེས་པ། །སྟོན་པ་སངས་རྒྱས་ཤཱཀ་ཐུབ་ལ། །རྡོ་རྗེ་སྙིང་པོས་ཞུས་པའི་ལན། །ངེས་པ་དོན་གྱི་མདོ་ནས་གསུངས། །དེ་ཕྱིར་ཀུན་བརྟགས་འཁྲུལ་པའི་གཞི། །ཐམས་ཅད་སེམས་སུ་མ་ཤེས་ན། །ཚངས་པའི་འཇིག་རྟེན་དབང་བསྒྱུར་ཡང་། །དེ་ལ་བདེ་བ་ཡོད་མ་ཡིན། །མཉམ་གཞག་བཞི་ཡི་བསམ་གཏན་ལ། །བསྐལ་པར་གནས་ཀྱང་དམན་པའི་ལམ། །ཐམས་ཅད་མཁྱེན་པ་ཐོབ་མི་སྲིད། །དེ་བས་ལས་དང་ཉོན་མོངས་ཀྱི། །སྒྲིབ་གཡོགས་བག་ཆགས་སྦྱང་བའི་ཕྱིར། །བྱང་ཆུབ་སེམས་ཀྱི་རྒྱུན་སྒོམ་ཞིང་། །མཐར་ཕྱིན་སྐྱེ་མེད་དོན་ལ་བལྟ། །འོ་སྐོལ་ད་ལྟ་ལས་ཀྱི་ས་པ་ཡིན། །ལེ་ལོ་སྙོམ་ལས་དོར་བྱས་ལ། །བརྩོན་འགྲུས་ཆེན་པོའི་གོ་བགོས་ཤིང་། །སྐད་ཅིག་ཡུད་ཙམ་མ་ཡེངས་པར། །དོན་མྱུར་དུ་སྒྲུབས་ཤིག་སྐལ་བཟང་མ། །སྲིན་མོ་སྨན་བཙུན་བཞིན་བཟང་མ། །ཞེས་དོན་ཞིབ་ཏུ་བཤད་པའི་གླུ་དེ་རྣམས་གོ་བར་གྱིས་ལ་ཁྱད་པར་དུ་བསྟན་པ་མྱུར་དུ་སྒྲུབས་ཤིག་ཅེས་གདམས་པ། ཁྱེད་ཀྱི་ཡིད་ལ་འབྲས་བུ་སྐུ་བཞི་ཞེས་བྱ་བ་ཞིག་ལོགས་ནས་བཙལ་དུ་ཡོད་སྙམ་ན་ཡང་། སངས་རྒྱས་ཞེས་བྱ་བ་རྒྱུད་ཐ་དད་པ་ཞིག་གཞན་ནས་བཙལ་དུ་མེད་དེ། འོ་སྐོལ་སྐྱེ་འགྲོ་སེམས་ཅན་དུ་གྱུར་པ་ལ་འཆི་བ་འོད་གསལ་ཆོས་ཀྱི་སྐུ། བར་དོ་དག་པ་ལོངས་སྤྱོད་རྫོགས་པའི་སྐུ། སྐྱེ་བ་སྣ་ཚོགས་སྤྲུལ་པའི་སྐུ། སྐུ་གསུམ་རོ་གཅིག་ཐ་མི་དད་པ་ངོ་བོ་ཉིད་ཀྱི་སྐུ་དེ་བཞི་རང་ཅག་ལ་རང་ཆས་སུ་ཡོད་དེ་ངོ་མ་ཤེས། དེ་ངོ་ཤེས་པར་བྱེད་པ་ལ་གྲུབ་ཐོབ་བརྒྱུད་པའི་གདམས་ངག་ཟབ་མོ་བར་མ་ཆད་པ་དགོས་པ་ཡིན་གསུངས་པས། ཡང་ཁོང་ཅག་ན་རེ་རྗེ་བཙུན་ལགས། ཁོ་མོ་ཅག་གི་སློབ་དཔོན་པདྨ་འབྱུང་གནས་བོད་དུ་བྱོན་པའི་དུས་སུ་ཁ་ལ་རོང་སྒོར་སྔོན་བསུ་ནས་ཐོ་མཚམས་ལ་ཕྱིན་པས་སླར་ཕྱག་རྒྱ་གཉན་པོའི་ཟིལ་འོག་ཏུ་མནན་ཏེ་བཀའ་འབངས་བགྱིད་པར་གཙིགས་ལ་ཕབ། རང་སྔགས་སྲོག་གི་སྙིང་པོ་མདོངས་གསོལ་དུ་ཕུལ། དེའི་དུས་ན་ཡང་མདོ་སྡེ་རྒྱུ་འབྲས་ཀྱི་ཆོས་མང་དུ་ཐོས། ཡང་རྒྱ་གར་གྱི་དུར་ཁྲོད་མུན་པ་སྒྲ་སྒྲོག་ཞེས་བྱ་བར་སློབ་དཔོན་ཕྱོགས་ཀྱི་གོ་ཆ་དང་། བརཏལ་ཞུགས་སྤྱོད་པ་ནག་པོ་ཞབས་ལས་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བ་ཐོབ་ཅིང་། གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་མང་དུ་ཐོབ། དེའི་ཕྱིར་ན་ཡང་བཀའ་གསང་བ་བསྟན་པའི་སྣོད་དུ་རུང་། ཁྱད་པར་ད་རེས་ཀྱི་བྲོ་ནད་ཆེན་པོ་འདིས་ཁོ་མོ་འཇིགས་ཤིང་སྐྲག་པ་ཉམས་སུ་མྱོང་བའི་ཕྱིར། སེམས་ཅན་དམྱལ་བའི་སྡུག་བསྔལ་སྐད་ཅིག་ལ་ཡང་བཟོད་པར་མི་ནུས་ཏེ། དེ་བས་ན་གོང་དུ་གསུངས་པའི་ཡ་ང་བ་དེ་དག་ལས་སྐྱོབ་ཅིང་དག་པ་སྐུ་བཞི་མངོན་འགྱུར་དུ་ངོ་སྤྲོད་པར་བྱེད་པའི་གདམས་པ་དེ་རིང་ཉིད་དུ་ཐུགས་ལ་གདགས་འཚལ་ཞེས་ཞུ་དོན་གླུར་ཕུལ་བ། དཔལ་ནམ་མཁའ་འོད་ཀྱི་ཞིང་ཁམས་ན། །སྤྲིན་ཨ་བ་གསེར་མདོག་ལྡིང་བ་དེ། །ཀླུ་རྒྱལ་རིགས་གཙུག་ན་རིན་ཆེན་གྱི། །ཡ་མཚན་རྫུ་འཕྲུལ་བཀོད་པ་ཡིན། །སྤྲིན་དེ་ཡི་འོག་ན་འཕྱོ་ལྡིང་བ། །བར་སྣང་ལྷ་ཕྲན་མིའམ་ཅི། །ལྷ་མིན་དྲི་ཟའི་བུ་མོ་རྣམས། །སྣ་ཚོགས་འདོད་ཡོན་ལོངས་སྤྱོད་ཅིང་། །གླུ་གར་རྩེ་འཇོ་ཤིན་ཏུ་དགའ། །སྤྲིན་ཨ་བ་ལྡིངས་ཀྱི་འོག་རོལ་ན། །སྨན་དོག་ས་བཀྲ་ཤིས་དིང་མ་ཤོད། །དེ་ཕུ་ནི་ལྷ་གཉན་གངས་ཀྱིས་བསྐོར། །མདའ་ནི་གཙང་ཆབ་ལུ་མ་གཉན། །བར་གཡུ་ཡི་སྤང་པོ་ལྡིང་མ་ལ། །སྨན་ཡུལ་ལྷའི་རྩེད་བྲོ་ལྟད་མོར་ཆེ། །ལར་སྨན་ལུང་ཤེལ་གྱི་དོ་ར་དེ། །འོག་ཀླུ་ཡི་བང་མཛོད་ཡིན་པའི་ཕྱིར། །རྩི་བཅུད་ལོངས་སྤྱོད་འབྱུང་བའི་ས། །རྐང་བཞི་དུད་འགྲོ་འཕེལ་བ་ཡིན། །འབྲོག་དེ་ན་དབེན་གནས་ཉམས་དགའ་བ། །ཆུ་དབར་སྤྲུལ་སྐུའི་ཕོ་བྲང་ཡོད། །གནས་དེ་ན་སྐྱེས་མཆོག་ཡ་མཚན་ཅན། །མཛེས་པའི་སྐུ་ལུས་རིན་པོ་ཆེ། །མཐོང་དང་ཐོས་པ་ཙམ་གྱིས་ཀྱང་། །འགྲོ་ཀུན་སྒྲིབ་པ་སྦྱོང་མཛད་ཅིང་། །ཕྱག་རྒྱ་སྐུ་ཡི་བཀོད་པ་ཡིས། །སྣ་ཚོགས་རྫུ་འཕྲུལ་སྟོན་མཛད་དེ། །ཀུན་མཁྱེན་སེམས་ཉིད་དོན་རྟོགས་པས། །ཆོས་ཉིད་མཁའ་ལ་དབང་བསྒྱུར་ཞིང་། །རྣམ་དག་བྱམས་པའི་གསུང་གིས་ནི། །ཆོས་ཉིད་སྟོང་པའི་སྒྲ་སྒྲོག་པས། །ངེད་སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས། །དད་པའི་ས་བོན་གསོས་བཏབ་ནས། །བཀའ་བཞིན་ཉན་ཞིང་གུས་པར་བགྱིད། །ཅི་བསམ་འབྱུང་བའི་ཡིད་བཞིན་གྱི། །ནོར་བུ་རིན་ཆེན་རྒྱལ་བའི་སྲས། །ཁྱོད་ལ་བརྟེན་ནས་མཆིས་གྱུར་པས། །འཇིག་རྟེན་མིག་སྒྱུར་ཌཱ་ཀི་མ། །བུད་མེད་གཟུགས་ཅན་ཁོ་མོ་ཅག །སྔོན་ཆད་འཁོར་བ་ཐོག་མེད་ཀྱི། །མ་རིག་འཁྲུལ་པའི་རང་རྒྱུད་དང་། །སྲིད་པའི་ཉིང་མཚམས་སྦྱོར་བ་ལ། །དང་པོ་མི་སྐྱེའི་ཐབས་ཀྱང་མེད། །ད་ཅུང་ཞིག་སྡོད་དོ་སྙམ་པ་ལ། །འཆི་བདག་གཤིན་རྗེ་སྐད་པ་དེ། །ཐིབས་ནོན་གྱི་མུན་པ་གཙུག་ན་འཁྱིལ། །འཆོར་མེད་ཀྱི་ཞགས་པ་ལག་ན་ཐོགས། །དུས་ནམ་ཞིག་ཚེ་ལ་རང་དབང་མེད། །འབྱུང་བཞི་ལུས་ཀྱི་མདངས་འཕྲོག་ཅིང་། །ནང་སྲོག་གི་དབང་པོ་འགག་པར་བྱེད། །དེ་ནས་བར་དོའི་སྣང་བ་འཆར། །སྣང་མུན་འོད་ཀྱི་ལམ་འཕྲང་དེར། །བརྩེ་མེད་གཤེད་པོ་ཕྱི་བཞིན་འབྲང་། །ཉམ་ཐག་མནར་བའི་སྡུག་བསྔལ་མྱོང་། །དེ་རྗེས་མིང་བཞི་འཁྱམས་པོ་དེ། །ལས་ངན་རླུང་དང་བག་ཆགས་ཀྱིས། །ཆ་མེད་ཡུལ་དུ་རྒྱུས་མེད་ཁྲིད། །རང་དབང་མེད་པར་སྐྱེ་གནས་ཚོལ། །འཁོར་བ་ཟོ་ཆུའི་ཁྱུད་མོ་རུ། །སྐྱེ་རྒ་ན་འཆི་སྲིད་པའི་མཚོ། །གཡོ་འཁྲུག་རྦ་རླབས་བསྐྱོད་པ་ལ། །སྔོན་ཆད་བྱིང་བ་སྐྱབས་མེད་ན། །ད་རེས་སྡེ་དཔོན་ཁྱེད་ཀྱི་མཐུས། །བྱང་ཆུབ་སེམས་ཀྱི་གཟིངས་བཅས་ནས། །འཇིགས་ཤིང་ལྟ་བའི་རླུང་ལོག་དང་། །འདོད་ཡོན་གཡོ་བ་སྲིན་མོའི་གླིང་། །ལས་ཀྱི་ཆུ་སྲིན་འཚེ་བ་ལས། །མི་འཇིགས་བདེ་བས་བསྐྱབས་ནས་ཀྱང་། །ཕ་མཐར་སོན་པ་ནོར་བུའི་གླིང་། །སྣ་ཚོགས་རིན་ཆེན་ས་གཞི་ལ། །ལམ་རིང་དུབ་པའི་ཚོང་པ་རྣམས། །ངལ་སོས་དལ་བར་གཉིད་ལོག་ཅིང་། །ཅི་བསམ་དགོས་འདོད་ལེན་པར་ཞུ། །འཁོར་བའི་རི་སུལ་ཉམ་ང་བར། །འཇིགས་བཅས་མི་ཁོམ་བརྒྱད་ཀྱི་ནགས། །སྒྲིབ་གཡོགས་མུན་པ་ཆར་གནག་ཅིང་། །ཉོན་མོངས་གཅན་ཟན་མ་རུངས་པ། །མཐོང་བས་འཇིགས་སྐྲག་མཆེ་བ་བདར། །སྐྱོན་གྱི་ཟུག་རྔུ་ཚེར་མ་ཅན། །སྡུག་བསྔལ་བརྒྱད་ཀྱི་ཚེར་ཁྲོད་དུ། །ལམ་སྟོར་སྨག་ཏུ་འཐོམ་པ་རྣམས། །ཁྱེད་གསུང་དྲི་མ་དང་བྲལ་བ། །ཆ་ཡིས་ཡོངས་རྫོགས་སྟོན་ཀ་ཡི། །ཟླ་བ་ལྟར་དཀར་སྤྲིན་མེད་ཅིང་། །འོད་འཕྲོ་སྣང་བར་གྱུར་པ་དེས། །མ་རིག་མུན་ནག་བསལ་ནས་ཀྱང་། །རྣམ་དག་ཡངས་པའི་ལམ་སྟོན་ཞུ། །ལམ་འཇིགས་པ་ཅན་གྱི་བར་དོ་རུ། །འཕྲང་འཇུར་མེད་གསུམ་ལ་བསྐུངས་བཏོན་ནས། །ངེད་སྔོན་ཆད་བདུད་ཀྱི་ཇག་པས་ཁྱེར། །ལས་ཀྱི་ལྕགས་སྒྲོག་དམ་པོས་བཅིངས། །ཐར་མེད་ཁྲོན་པའི་དོང་དུ་བསྐྱུར། །དུས་ད་རེས་སྐྱབས་གནས་བླ་མ་རྗེ། །རྒོལ་བ་སུས་ཀྱང་མི་སྤོབས་པའི། །དཔུང་གཉེན་ཁྱེད་ཀྱི་མཐུ་སྟོབས་ཀྱིས། །འཇིགས་པའི་ལམ་འཕྲང་བསྒྲལ་བའི་ཕྱིར། །འཆི་བ་འོད་གསལ་ཆོས་ཀྱི་སྐུ། །ཆོས་སྐུ་ངོ་སྤྲོད་ཀྱི་གདམས་ངག་ཞུ། །བར་དོ་དག་པའི་སྒྱུ་ལུས་ལ། །ལོངས་སྐུ་ངོ་སྤྲོད་ཀྱི་གདམས་ངག་ཞུ། །སྐྱེ་གནས་གང་སྐྱེའི་རང་དབང་ཡོད། །སྤྲུལ་སྐུ་ངོ་སྤྲོད་ཀྱི་གདམས་ངག་ཞུ། །འཕྲང་དེ་གསུམ་བསྒྲལ་བའི་ཕ་རོལ་ན། །བར་ཆད་བདུད་ལས་གྲོལ་བའི་ས། །མི་འཇིགས་སྙེམས་དང་བྲལ་བའི་ལམ། །ཕྱིར་མི་ལྡོག་པ་གཏན་གྱི་ཡུལ། །དགའ་བདེ་ཡངས་པའི་ཞིང་ཁམས་ཤིག །ཡོད་དོ་སྐད་པར་ཁོ་མོས་ཐོས། །སྔོན་ཆད་མ་ཕྱིན་མཐོང་མ་མྱོང་། །འགྲོ་མགོན་བླ་མ་ཐུགས་རྗེ་ཅན། །སྐྱོབ་པས་ལམ་གྱི་ཤུལ་མཚོན་ཏེ། །མ་མཐོང་ཡུལ་དེ་སྟོན་པར་ཞུ། །ལར་ཡ་ངའི་གནས་སུ་ཉམ་ཐག་ཅིང་། །མགོན་མེད་སྨྲེ་སྔགས་འདོན་པ་རྣམས། །དུས་གཞན་མ་ཡིན་འདི་ཉིད་ལ། །འབྲས་བུ་སྐུ་བཞི་མངོན་གྱུར་ཞུ། །ཞེས་གསོལ་བ་བཏབ་སྟེ་དངུལ་དཀར་གྱི་མེ་ལོང་ལ་གསེར་གྱི་པདྨ་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲ་བཀོད་པ་ཞིག་མཎྜྻལ་དུ་འབུལ་དུ་བྱུང་བ་ལ། རྗེ་བཙུན་གྱིས་གསུངས་པ། བཞིན་བཟང་མ་ཁྱོད་ང་ལ་དེ་ཙམ་དུ་མོས་གུས་ཆེ་ཞིང་ཆོས་འདི་ལ་ནན་ཏན་དུ་ཞུ་ན། ང་རང་གི་ལུགས་སུ་བྱིན་རླབས་བྱེད་དགོས་པས་ཚོགས་ཀྱི་ཡོ་བྱད་ཤོམས་ཤིག་གསུངས་པས། ཁོང་ཅག་གིས་དེའི་ནུབ་མོ་རང་ལ་ཟས་སྣ་དྲུག་ཅུ་ཚོགས་པའི་ཡོ་བྱད་བཤམས་ཏེ། ཚོམ་བུའི་མཎྜྻལ་ལ་བརྟེན་ནས་ཁོང་ཅག་ལྔ་ལ་རྗེ་བཙུན་རྣལ་འབྱོར་སྙན་བརྒྱུད་ལྷན་ཅིག་སྐྱེས་མའི་ལུགས་སུ་དབང་བསྐུར་ཞིང་བྱིན་རླབས་མཛད་དེ། དེའི་དུས་སུ་བར་དོ་གནད་ཀྱི་འཕྲང་སྒྲོལ་སྐུ་གསུམ་ངོ་སྤྲོད་ཀྱི་གདམས་པས་དག་པ་བདེ་ཆེན་གྱི་ཞིང་དུ་བགྲོད་ལུགས་འདི་རྣམས་མགུར་དུ་བཞེངས་པ། འཛམ་གླིང་སྙིང་པོ་རྒྱ་གར་ཡུལ། །གཙུག་ལག་ཁང་ཆེན་བི་ཀྲ་མ། །རིག་པའི་འབྱུང་གནས་དེ་ཉིད་ཀྱི། །བྱང་སྒོ་བསྲུང་བའི་པཎྜྻི་ཏ། །མི་ཡི་སེང་གེ་འགྲན་ཟླ་མེད། །རྒོལ་བ་ངན་པའི་ཀླད་འགེམས་ཕྱིར། །གྱད་སྟོབས་པོ་ཆེ་ཡི་དཔའ་དང་མཚུངས། །བཀའ་རྒྱུད་སྡེ་བཞི་ལ་མ་རྨོངས་ཤིང་། །མཆོག་ཐུན་མོང་དངོས་གྲུབ་བརྙེས་པ་དེ། །རྗེ་ནཱ་རོ་པཎ་ཆེན་མ་ལགས་སམ། །དེ་ཉིད་སྲས་ཀྱི་མཆོག་གྱུར་པ། །ཕ་དཀའ་བ་སྤྱད་པའི་ཐུགས་རུས་ཅན། །ལྷོ་བྲག་མར་པ་ལོ་ཙྪ་ཞེས། །མཚན་ཡོངས་སུ་གྲགས་སོ་འབྲུག་སྒྲ་ལྟར། །རྗེ་བཀའ་དྲིན་ཅན་གྱི་ཞལ་སྔ་ནས། །ཤཱཀ་ཐུབ་བསྟན་པའི་སྙིགས་མ་ལ། །མི་རྣམས་ཚེ་ཐུང་ལོངས་སྤྱོད་དབུལ། །བདུད་རིགས་བར་ཆོད་མང་བའི་ཕྱིར། །དུས་ཡུན་རིང་སྡོད་པའི་ལོང་མེད་ཅིང་། །ཤེས་བྱའི་མཐའ་ལ་ཆོད་དུས་མེད། །རྒྱུད་སྡེའི་མཁྱེན་རྒྱ་མི་འཚལ་བས། །བུ་སྒྲུབ་པ་སྙིང་པོར་ལོངས་ཤིག་གསུང་། །མི་ངས་ཀྱང་ལེ་ལོ་མ་བགྱིས་ཏེ། །རྗེས་གསུངས་པའི་བཀའ་བཞིན་རྗེས་སུ་མཉན། །གནས་རི་ཁྲོད་བས་མཐའ་བསྙེགས་ནས་ཀྱང་། །ལུས་དཀའ་ཐུབ་སྤྱད་དེ་བསྒོམས་པ་ལས། །ཉམས་ཅུང་ཟད་རྒྱུད་ལ་སྐྱེས་པ་ཡོད། །སེམས་ལྷན་ནེ་གཏོད་ཅིག་སྐལ་བཟང་མ། །སྤྱིར་འོ་སྐོལ་འགྲོ་དྲུག་སེམས་ཅན་ལ། །གཞི་བར་དོའི་ཆོས་དྲུག་ཤེས་ཀྱང་འཚལ། །ལམ་སྲིད་པ་གསུམ་གྱི་འབྱུང་འཇུག་གིས། །གནས་ཁམས་གསུམ་འཁོར་བར་ཡང་ཡང་འཁྱམས། །འཕྲང་འཇུར་མེད་གསུམ་གྱི་སོ་མཚམས་སུ། །ཤུལ་རིང་མགྲོན་པོ་མི་གསུམ་ལ། །མཛའ་བཤེས་གཉེན་གྱི་བྱ་ར་བས། །དགའ་བྲོད་གདོང་ནས་བསུ་བ་ཡོད། །སུན་མ་དེ་དང་མ་མཇལ་ན། །དགྲ་སྡང་གཤེད་མའི་ཕྱག་བརྙན་པས། །བྱ་སྤྱོད་བལྟ་ཉུལ་འོང་སྟེ་མཆི། །དཔུང་དེད་དཔོན་གསུམ་དང་མ་འགྲོགས་ན། །རྒྱུས་མེད་འཇིགས་བཅས་ཚོང་པ་རྣམས། །མ་མཐོང་འཇིགས་པའི་སྐུངས་ས་ནས། །ལུང་སྟོན་བདུད་ཀྱི་ཕོ་ཉ་གསུམ། །ཐར་མེད་ཇག་པ་ལམ་ན་བསྒུག །འདྲ་མིན་སྤྲུལ་པའི་གཟུགས་འཛིན་ཞིང་། །བསླུ་བའི་ཚིག་གིས་ཡིད་བསྒྱུར་ཏེ། །ལམ་གོལ་ལོག་པར་ཁྲིད་ནས་ཀྱང་། །བདུན་ཕྲག་བདུན་པ་ཡན་ཆད་དུ། །སྣང་མིན་སྲིད་པའི་བར་དོ་རུ། །ཚ་གྲང་སྡུག་བསྔལ་ཉམས་སུ་མྱོང་། །དེ་ནས་ལས་ཀྱི་རྗེས་འབྲངས་ཏེ། །སླར་ཡང་འཁོར་བའི་བཙོན་རར་འཇུག །ད་བཙོན་ར་དེ་ལས་ཐར་འདོད་ན། །ད་རེས་འཁོར་འདས་བར་དོ་རུ། །གནས་ལུགས་ངོ་སྤྲོད་ཕྱག་རྒྱ་ཆེ། །གཞི་ལྟ་བ་གཏན་ལ་འབེབས་ཀྱང་འཚལ། །སྣང་བ་སྐྱེ་ཤིའི་བར་དོ་རུ། །རིག་པ་སེམས་ཀྱི་རྩལ་སྦྱང་ཕྱིར། །ལམ་བསྐྱེད་རྫོགས་གཉིས་ལ་འབད་ཀྱང་འཚལ། །རང་བཞིན་ལམ་གྱི་བར་དོ་རུ། །གཉུག་མ་ཡེ་ཤེས་ངོས་གཟུང་ཕྱིར། །སྙན་བརྒྱུད་ཀྱི་གདམས་ངག་བསྒོམ་ཡང་འཚལ། །རྨི་ལམ་གཉིད་ཀྱི་བར་དོ་རུ། །བག་ཆགས་ལམ་དུ་བསྒྱུར་བའི་ཕྱིར། །འོད་གསལ་སྒྱུ་ལུས་སྦྱང་ཡང་འཚལ། །ཐ་མ་སྲིད་པའི་བར་དོ་རུ། །སྐུ་གསུམ་མངོན་དུ་གྱུར་ནས་ཀྱང་། །ཞིང་ཁམས་གསུམ་དུ་བགྲོད་ཀྱང་འཚལ། །གལ་ཏེ་མངོན་དུ་མ་གྱུར་ན། །སྐྱེ་གནས་བརྒྱུད་པའི་བར་དོ་རུ། །སྨོན་ལམ་དག་པའི་མཚམས་སྦྱར་ནས། །རྒྱུ་འབྲས་མི་བསླུའི་རྟེན་འབྲེལ་གྱིས། །དལ་འབྱོར་འཛོམ་པའི་ལུས་ཐོབ་ཅིང་། །སྔ་མའི་ལས་འཕྲོ་སད་ནས་ཀྱང་། །ལམ་གྱི་རྟོགས་པ་མཐར་ཕྱུང་སྟེ། །རིང་པོར་མི་ཐོགས་དེ་ཉིད་དུ། །གྲོལ་བར་འགྱུར་པར་ཐེ་ཚོམ་མེད། །ཁྱེད་ཡ་མཚན་ཆེ་བའི་བུད་མེད་ལྔ། །རྩེ་གཅིག་གུས་པས་བཀའ་ཉན་ཞིང་། །དོན་ཆེད་དུ་བསྐྱར་ཏེ་ཞུ་བ་ལ། །མི་ཁོ་བོས་བར་དོའི་གདམས་ངག་བཤད། །རྗེ་ལྷོ་བྲག་མར་པའི་ཐུགས་ཕྱུང་ཡང་། །གནད་དེ་ལས་ཟབ་པ་ཡོད་རེ་སྐན། །ཞེས་མགུར་དུ་བཞེངས་པ་ལས། ཡང་བཞིན་བཟང་མ་དེ་དག་ལངས་ནས་ཕྱག་དང་བསྐོར་བ་ལན་བདུན་བདུན་བྱས་ཏེ། རིན་པོ་ཆེའི་ཕྲ་བཀོད་པའི་མཎྜྻལ་ཕུལ་ནས། རྗེ་བཙུན་གྱི་སྐུ་གསུང་ཐུགས་ཆེ་བའི་ཡོན་ཏན་ལ་བསྟོད་ཅིང་ལུས་སྙོམས་པར་འཇུག་པ་དགའ་བ་བཞིའི་ཡེ་ཤེས་བདེ་སྟོང་གི་མཆོད་པ་འབུལ་བ་དང་། བར་དོ་ངོ་སྤྲོད་ཀྱི་ཆོས་དེ་དག་ཚིག་ཞིབ་རྒྱས་སུ་བསྙད་ཅིང་། དོན་མདོར་བསྡུས་པ་ཉམས་སུ་བླང་བདེ་བ་ཞིག་གནང་འཚལ་ཞེས་ཞུ་དོན་གླུར་ཕུལ་བ་འདི་རྣམས་ཡིན་ནོ། །རྗེ་འགྲོ་བ་སྐྱོབ་མཛད་བཀའ་དྲིན་ཅན། །ལྕགས་ལ་གསེར་འགྱུར་བཏབ་པ་བཞིན། །སྙན་བརྒྱུད་དག་པའི་བདུད་རྩི་ཡིས། །སྡུག་བསྔལ་བདེ་བར་བསྒྱུར་མཛད་པའི། །ཕ་སངས་རྒྱས་ཁྱོད་ལ་ཕྱག་འཚལ་གྱིས། །ཐུགས་བརྩེ་བས་མི་འབྲལ་རྟག་ཏུ་སྐྱོང་། །རྒྱུད་སྦྱངས་པ་ཅན་གྱི་སྣང་བ་ལ། །ཞིང་ཡོངས་སུ་དག་པ་ཆོས་ཀྱི་དབྱིངས། །བདེ་ཆེན་སྤྲོས་བྲལ་གྱི་ཕོ་བྲང་དེ། །རྗེ་བླ་མའི་གདན་ས་མ་ལགས་སམ། །ཌཱ་ཀི་སྤྲིན་ཚོགས་འདུས་པའི་དབུས། །གདན་རིག་སྟོང་དབྱེར་མེད་སེང་གེའི་ཁྲི། །སྲིད་པའི་སྐྱོན་སྤངས་པདྨ་དང་། །སྣ་ཚོགས་རྟོག་པའི་སྤྲིན་བྲལ་བ། །འོད་གསལ་ཉི་ཟླའི་དཀྱིལ་འཁོར་ལ། །ཕ་བླ་མ་རྗེ་བཙུན་བཞུགས་པ་དེ། །སྐུ་བལྟ་བས་མི་ངོམས་གཟི་མདངས་ཅན། །ཞལ་ལྷང་ངེ་ལྷན་ནེ་ཤིན་ཏུ་མཛེས། །ཡོན་ཏན་ཚོགས་ཀྱིས་རབ་བརྒྱན་ཅིང་། །དཔེ་བྱད་མཚན་གྱིས་སྤྲས་པའི་ཕྱིར། །རྒྱལ་སྲས་གཞོན་ནུ་ཉིད་དང་མཚུངས། །སྐུ་མཐོང་ན་དགའ་བའི་རྗེ་ལ་བསྟོད། །གསུང་སྒྲ་དབྱངས་སྙན་པ་དྲི་ཟའི་གླུ། །སྒྲ་རང་སྣང་སྟོང་པ་ཆོས་ཀྱི་སྒྲ། །བདེ་ཆེན་སེང་གེའི་སྒྲ་སྒྲོག་པས། །བདུད་དང་མུ་སྟེགས་སྐྲག་མཛད་ཅིང་། །སྐལ་ལྡན་གདུང་བ་སེལ་མཛད་པ། །གསུང་དེ་ལ་ཕྱོགས་བཅུར་སྙན་པས་བསྟོད། །ཐུགས་མི་ཕྱེད་སྙིང་པོ་རྡོ་རྗེ་ལྟར། །ཤེས་བྱའི་མཐར་ཐུག་ཀུན་ལ་མཁས། །ལྟ་བ་ཀུན་སྤངས་ནམ་མཁའ་ལས། །བྱང་ཆུབ་སེམས་ཀྱི་འོད་ཟེར་གྱིས། །གདུལ་བྱའི་མུན་པ་སེལ་མཛད་པ། །ཐུགས་འགྱུར་བ་མེད་པའི་རྗེ་ལ་བསྟོད། །རྗེ་སངས་རྒྱས་ངོ་བོ་སྐུ་གསུང་ཐུགས། །སྣ་ཚོགས་དངོས་གྲུབ་འབྱུང་བའི་ཕྱིར། །ཡིད་བཞིན་ནོར་བུ་ལྟ་བུ་ཁྱོད། །རྒྱལ་མཚན་རྩེ་མོ་སྤྱི་གཙུག་གི། །ཅོད་པན་གདན་ལ་བཞུགས་ནས་ཀྱང་། །བསམ་པ་དག་པས་བྱི་དོར་བྱས། །གཡེལ་བ་མེད་པར་ཉིན་མཚན་དུ། །ཕྱག་བྱ་མཆོད་ཅིང་གསོལ་བཏབ་ན། །ཅི་འདོད་རེ་བ་སྐོང་མཛད་ཅིང་། །འདོད་པའི་དོན་རྣམས་སྒྲུབ་མཛད་པ། །དབང་གི་རྒྱལ་པོ་ལྟ་བུ་ཡི། །རྗེ་རིན་པོ་ཆེ་ལ་ཕྱག་འཚལ་བསྟོད། །ཁྱོད་ཀྱི་ཐུགས་རྗེའི་སྤྲིན་ཚོགས་ལས། །བྱིན་རླབས་ཡེ་ཤེས་བདུད་རྩི་ཡི། །འཆར་འབབ་འོ་མའི་རྒྱུན་དེ་ལ། །སྐལ་ལྡན་འགའ་ཞིག་འཐུང་བྱེད་པ། །སྐྱེ་གནས་འདི་ཉིད་ཁོ་ན་ལ། །ཉོན་མོངས་ཐ་བ་བཏུལ་ནས་ཀྱང་། །རྟོགས་པའི་མྱུ་གུ་འཁྲུངས་འགྱུར་ཞིང་། །བཅུ་གསུམ་རྡོ་རྗེ་འཛིན་པའི་ས། །སྐུ་དང་ཡེ་ཤེས་ཕྲིན་ལས་ཀྱི། །ལོ་འབྲས་མེ་ཏོག་ཕུན་སུམ་ཚོགས། །འགྲོ་ཀུན་རབ་ཏུ་ཚིམ་བྱེད་པ། །རིང་པོར་མི་ཐོགས་བསྐྲུན་པར་ཤོག །དེ་མ་ཐོབ་ཀྱི་བར་དུ་ཡང་། །ཕོ་ཉས་བགྲོད་པ་ལམ་གྱི་རྟེན། །ཟག་བཅས་ལུས་ཀྱི་བདེ་བ་ལས། །ཟག་མེད་ཏིང་འཛིན་ཆེར་བསྐྱེད་ནས། །དགའ་བ་རྣམ་བཞིའི་ཡེ་ཤེས་ཀྱིས། །བདེ་སྟོང་ཏིང་འཛིན་ལ་གནས་ཤིང་། །དབུ་མའི་དོན་ལ་འཇུག་པའི་ཕྱིར། །ཡོངས་སུ་སྦྱངས་པའི་ཤེས་རབ་མ། །ཁོ་མོས་བགྱིད་པར་འཚལ་ལགས་པས། །དགྱེས་བཞིན་ཁྱོད་ཀྱིས་གནང་བར་མཛོད། །དེ་རྗེས་སླད་ནས་ཞུ་བའི་དོན། །ཆོས་འདི་བར་དོ་འཕྲང་སྒྲོལ་ལ། །ཕྱོགས་བསྟན་ཚིག་གིས་བརྡ་མ་མཇལ། །དམར་ཁྲིད་ཞིབ་ཏུ་བསྙད་པ་དང་། །སྐུ་བཞི་ངོ་སྤྲོད་དོན་གྱི་གནད། །མངོན་འགྱུར་དུས་དང་ས་མཚམས་ཀྱི། །མདོར་བསྡུས་འདི་ལས་མེད་ཅེས་པ། །ཞལ་ཁྲིད་ཉམས་ལེན་བསྡུ་བར་ཞུ། །གཞན་ཡང་ཁྱོད་ཀྱི་མཐུ་ཡིས་ཀྱང་། །ཆབ་འོག་འབངས་སུ་གྱུར་པ་ལ། །སྣ་ཚོགས་གདམས་པའི་བཅུད་བསྟན་པས། །རྒྱུད་དང་དབང་པོ་ཚིམ་གྱུར་ནས། །སྒྲུབ་པའི་འབྲས་བུ་མཐར་ཕྱུང་སྟེ། །ཚེ་འདིའི་སྣང་བ་ཁོ་ན་ལ། །རྟགས་དང་ཡོན་ཏན་སྣ་ཚོགས་པ། །རྗེ་བཙུན་ཁྱེད་དང་མཉམ་པར་ཤོག །ཅེས་མཇུག་དགེ་བའི་སྨོན་ལམ་དང་བཅས་པའི་གླུ་དེ་རྣམས་རྗེ་བཙུན་གྱི་སྙན་དུ་ཕུལ་བ་ལས། ཡང་རྗེ་བཙུན་གྱིས་བཀའ་སྩལ་པ། བཞིན་བཟང་མ་རྣམས་གཞི་གསུམ་དུ་མི་ཁོམ་པ་བརྒྱད་ཀྱི་འདུ་བྱེད་ཀྱིས་ཐང་ཆད་ཅིང་ལམ་སྲིད་པ་གསུམ་ནས་ཡུན་རིང་བཤད་པས། ལུས་ངལ་དུབ་ཏུ་གྱུར་པ་ཤུལ་རིངས་ཀྱི་མགྲོན་པོ་གསུམ་ཡོད་དེ། གདམས་ངག་ཀྱང་ཡོད་ལ་ཉམས་སུ་ཡང་བླངས་པའི་གང་ཟག་དང་། གདམས་ངག་ཡོད་ལ་ཉམས་སུ་མ་བླངས་པའི་གང་ཟག་དང་། གདམས་ངག་ཀྱང་མེད་ལ་ཉམས་སུ་ཡང་མ་བླངས་པའི་གང་ཟག་གོ། །སྔ་མ་དེ་ནི་སྲིད་པའི་ལམ་དང་། འཇིགས་པའི་འཕྲང་དང་། བདུད་ཀྱི་སྐུངས་ལ་སོགས་པའི་ཡ་ང་བ་གང་ཡང་མེད་དེ། བསྒོམས་པའི་གནད་ཀྱིས་གྲོལ་བའི་ཕྱིར་རོ། །ཕྱི་མ་ནི་སྐྱེ་བོ་ཐ་མལ་པ་དང་མཚུངས་ཏེ། ཡ་ང་བ་དང་བཅས་པའི་འཕྲང་དེ་རྣམས་སུ་ཞུགས་ནས་རང་བཞིན་གྱི་བདུད་ཀྱིས་ཁྲིད་དེ། ཁམས་གསུམ་འཁོར་བའི་ནས་སུ་སྐྱེ་འཆི་བར་མ་ཆད་པར་ཟོ་ཆུའི་ཁྱུད་མོ་ལྟ་བུར་ལོངས་སྤྱོད་པའོ། །བར་མ་དེ་ལ་སྔར་བསྟན་པའི་ཡ་ང་བ་དང་། བཅས་པའི་ལམ་འཕྲང་གི་དོགས་པ་དེ་དག་བསལ་ཞིང་བར་ཆད་བདུད་ཀྱི་ཕྱག་བརྙན་རྟགས་པའི་གདམས་ངག་ཡོད་དེ་ཁྱོད་ལ་མི་འགྱུར་བའི་དད་པ་དང་། ཟབ་མོ་ལ་མོས་པའི་ཤེས་རབ་དང་། ཕྱིར་མི་ལྡོག་པའི་བརྩོན་འགྲུས་ཀྱི་གོ་ཆ་ཡོད་ན་ཁམས་དང་དབང་པོའི་དུས་ཚོད་དང་སྦྱར་ལ་ཁད་ཀྱིས་བསྙད་པར་བྱ། ད་རེས་སྐུ་གསུམ་མངོན་འགྱུར་གྱི་སོ་མཚམས་ལག་ལེན་དུ་བསྟན་ན་ལམ་འཆི་བའི་སྲིད་པ་ལ་འགྱུ་བ་གནད་གཅོད་ཀྱི་འཕྲང་ཕྱི་ནང་འབྱུང་བའི་སྐྱེ་མཆེད་རིམ་གྱིས་ཐིམ་པའི་རྗེས་ལ། ཉོན་མོངས་པའི་འཆིང་བ་མཐའ་དག་ལས་རྣམ་པར་གྲོལ་བ་ནམ་མཁའ་སྤྲིན་མེད་པ་ལ་ཉི་ཟླ་ཤར་བ་ལྟ་བུ་ཆོས་ཀྱི་དབྱིངས་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་ངོ་བོ་སྟོང་པ་ཉིད་ཀྱི་གནས་ལུགས་མ་བཅོས་པ་ཇི་ལྟ་བ་དུས་དེར་འཆར་བས་དེ་ཀ་འཆི་བ་འོད་གསལ་ཆོས་ཀྱི་སྐུ་ཡིན་ཏེ། དེ་ཡིན་པ་ལ་ཡིན་པར་ངོ་ཤེས་དགོས། དེ་ངོ་ཤེས་པར་བྱེད་པ་ལ་ད་ལྟ་བླ་མ་དམ་པས་ངོ་སྤྲད་པའི་གནས་ལུགས་ལྟ་བའི་དོན་གོ་བ་དང་། མཚོན་བྱེད་ལམ་གྱི་འོད་གསལ་སྦྱང་འཚལ། ལམ་སྲིད་པ་བར་མ་དོ་ལ་སྔོན་འབྱུང་ཡིད་ཀྱི་གཟུགས་ཅན་ལས་ཀྱི་གཤེད་མས་འཚེ་བའི་འཕྲང་། སྣང་མུན་འོད་ཀྱི་བར་དོ་རུ། དབང་པོ་ཀུན་ཚང་ཐོགས་པ་མེད་ཅིང་ལས་ཀྱི་རྫུ་འཕྲུལ་འོད་དང་ལྡན་པའི་ལུས་ཤིག་ཡོད་པ། དེ་ཀ་བར་དོ་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ཏེ། ཟུང་འཇུག་ལྷའི་སྣང་བ་སྒྱུ་མ་ལྟ་བུར་བཞེངས་ནས་བག་ཆགས་སྔ་མའི་ལྷག་ལུས་སྐྱོང་བ་ཡིན་པས་དེ་ཡིན་པ་ལ་ཡིན་པར་ངོ་ཤེས་དགོས། དེ་ངོ་ཤེས་པར་བྱེད་པ་ལ་ད་ལྟ་བསྐྱེད་པའི་རིམ་པ་ལྷའི་སྐུ་ལ་དམིགས་པ་གསལ་བ་དང་། མཚོན་བྱེད་ལམ་གྱི་སྒྱུ་མ་རྨི་ལམ་སྦྱང་འཚལ། ལམ་སྲིད་པ་ཐ་མ་རིག་པ་ལས་ཀྱི་རླུང་གིས་རང་དབང་མེད་པར་བསྐྱོད་པའི་འཕྲང་དྲི་ཟ་མངལ་གྱི་སྐྱེ་གནས་འཚོལ་བའི་དུས་དེར་ཕོ་མོ་སྦྱོར་བ་བྱེད་པ་ལ་ཆགས་སྡང་སྐྱེ་བས་སྔར་གྱི་གདམས་ངག་དྲན་པའི་གནད་ཀྱིས་རང་ཉིད་བདེ་སྟོང་གི་ཉམས་དང་མི་འབྲལ་བར་གཉེན་པོའི་རྩལ་མཐར་ཕྱིན་པས་ལས་ཀྱི་སྣང་བ་མི་འཆར་ཞིང་། དུས་ཕྱིན་ཆད་བསམས་ནས་སྐྱེ་བ་ལེན་པ་དེ་ཀ་སྐྱེ་བ་སྣ་ཚོགས་སྤྲུལ་པའི་སྐུ་ཡིན་ཏེ། ཡིན་པ་ལ་ཡིན་པར་ངོ་ཤེས་དགོས། དེ་ངོ་ཤེས་པར་བྱེད་པ་ལ་ད་ལྟ་གྲོལ་ལམ་གཏུམ་མོ་དྲོད་ཀྱི་ཡེ་ཤེས་སྐྱེས་པ་དང་། ཆགས་ལམ་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་དབང་གསུམ་པ་རྫོགས་པའི་དོན་ཉམས་སུ་མྱོང་བས་ཕྲག་དོག་མིག་སེར་སྦྱང་འཚལ། མདོར་སྲིལ་གྱིས་དྲིལ་བ་ལ་འབྲས་བུ་སྐུ་གསུམ་མངོན་དུ་འགྱུར་ལུགས་ཀྱི་དུས་དང་ས་མཚམས་དེ་ལྟར་ཤེས་པར་བགྱིད་འཚལ། རྗེ་ལྷོ་བྲག་མར་པའི་ཐུགས་ཀྱི་བཅུད་ཕྱུང་བ་སྙན་བརྒྱུད་དོན་གྱི་ངོ་སྤྲོད་ཐབས་ལམ་གནད་ཀྱི་མཐར་ཐུག་ཀྱང་དེ་ལས་མེད་དོ། །རྣལ་འབྱོར་པ་ངའི་དགོངས་པའི་བཞེད་ལུགས་བློ་ཡིད་ཆེས་ཀྱི་གདེངས་འཕྲལ་ཉམས་སུ་བླང་རྒྱུ་འདི་ལས་མེད་པས། བཞིན་བཟང་མ་ཁྱེད་ཀྱིས་ཀྱང་དེ་ལྟར་ཤེས་པར་གྱིས་ལ་ཉམས་སུ་ལོངས་ཤིག་གསུངས་པ་ལས། མིག་བསྒྱུར་མ་དེ་ལྔའི་ནང་ནས་གཙོ་མོ་བཀྲ་ཤིས་ཚེ་རིང་མ་ཐབས་ལམ་ཟབ་མོ་དོན་གྱི་ངོ་སྤྲོད་ལ་ཤིན་ཏུ་མོས་ཤིང་དད་པར་གྱུར་པ་དེས་ཀྱང་ཞབས་སྤྱི་བོར་བླངས་ནས་རྗེ་བཙུན་ལགས་དུས་འདི་ནས་བཟུང་སྟེ་སྐྱེ་གནས་ཐམས་ཅད་ཁོ་མོ་ཕྱི་བཞིན་དུ་འབྲང་ཞིང་ལས་ཀྱི་ཕྱག་རྒྱ་བགྱིད་པར་འཚལ་བས། བར་དོ་ངོ་སྤྲོད་ཀྱི་གནད་དེ་རྣམས་ཀྱི་ཉམས་དང་རྟོགས་པ་མཐར་མ་ཕྱིན་གྱི་བར་དུ་ཐུགས་ལ་གདགས་འཚལ་ཞེས་ཞུ་བ་ནན་ཏན་དུ་གསོལ་ནས། ཕྱག་དང་བསྐོར་བ་ལན་གྲངས་དུ་མར་བྱས་ཏེ། སླར་ཁོང་རང་གི་གནས་སུ་སོང་སྐད་དོ། །རྗེ་རས་པ་ཆེན་པོ་མཚན་བརྗོད་པར་དཀའ་བའི་དཔལ་བཞད་པ་རྡོ་རྗེ་དང་། འཇིག་རྟེན་མིག་བསྒྱུར་གྱི་ཌཱ་ཀི་མ་ལྔ་ཡིས་འཕྲང་སྒྲོལ་གནད་ཀྱི་བར་དོ་ལ་དྲིས་པ་ལན་དང་བཅས་པའི་བརྡ་དོན་གླུར་བླངས་པ་མགུར་ཆུ་གསེར་གྱི་ཕྲེང་བ་ཞེས་བྱ་བ། ས་མཔྟ།། །།རྗེ་ནོར་བུ་རིན་ཆེན་བཀའ་དྲིན་ཅན། །དངོས་གྲུབ་བརྙེས་པའི་རས་པ་དང་། །འཇིག་རྟེན་མིག་བསྒྱུར་གདོལ་པ་མོ། །སྨེ་ཤ་ལས་ཀྱི་ཌཱ་ཀི་ལྔས། །དྲིས་པ་ལན་དང་བཅས་པའི་དོན། །ཡིད་འཕྲོག་སྙན་ངག་གླུར་བླངས་པ། །མེ་ཏོག་ཕྲེང་བ་བརྒྱུས་པའི་ཚིག །ཐོད་རྒལ་ཉམས་ཀྱི་དགོངས་དོན་འདི། །ཡི་གེར་བཀོད་པར་མི་རིགས་ཀྱང་། །བདག་ཉིད་བརྗེད་པས་འཇིགས་པ་དང་། །མ་འོངས་གདུང་བརྒྱུད་འཛིན་པ་རྣམས། །མོས་ཤིང་སྤྲོ་བ་བསྐྱེད་པའི་ཕྱིར། །བླ་མའི་གསུང་བཞིན་ཡི་གེར་བྲིས། །ལན་གསུམ་བར་དུ་ཞུ་ཕུལ་ནས། །དགྱེས་བཞིན་གནང་བ་མ་ལགས་པ། །མཁའ་འགྲོ་ཀོ་ལོང་དམ་པའི་ཕྱིར། །གཟུ་ལུམ་རས་གཅོད་ངས་མ་བྱས། །སླད་ནས་འབྱོན་པའི་སྒོམ་ཆེན་ལ། །དམར་ཁྲིད་ཉམས་ཚད་མ་བྱས་པར། །དཔེ་འཁྱུད་ཡི་གེ་མ་བསྟན་གསུངས། །བླ་མ་རྗེ་ཡིས་བཀའ་རྒྱས་བཏབ། །གལ་ཏེ་བཀའ་ལས་འདས་གྱུར་ན། །ཌཱ་ཀིའི་བཀའ་ཆད་འབྱུང་བའི་ཕྱིར། །ཡེ་གེར་མི་སྤེལ་སྦ་བར་ཞུ། །ཐུབ་པ་རྫོགས་པའི་སངས་རྒྱས་དུས། །ཆོ་འཕྲུལ་ཆུང་ངུའི་མར་ངོ་ལ། །སྤུ་སྡུག་རི་དྭགས་རྒྱུ་བའི་ཚལ། །འོམ་ཆུང་དཔལ་གྱི་ནགས་འདབས་སུ། །དམ་ཚིག་ཅན་གྱི་རྡོ་རྗེ་སྤུན། །ཕུ་བོ་གཅེན་པོའི་ཞལ་ངོ་རུ། །གུ་རུ་བོ་དྷི་རཱ་ཛ་དང་། །བདག་མིང་འོད་ཀྱི་མཐའ་ཅན་གྱིས། །གསུང་གླེང་དྲི་ཞིབ་ནན་ཏན་གྱིས། །དྲི་རྨེད་ཞུས་དག་བགྱིས་ནས་ཀྱང་། །ཆོས་འདི་བར་དོ་འཕྲང་སྒྲོལ་ལ། །མགུར་ཆུ་གསེར་གྱི་ཕྲེང་བ་ཞེས། །དོན་ལྡན་ཕྱིར་ན་མཚན་དུ་གསོལ། །འདི་བྲིས་བསོད་ནམས་གང་ཐོབ་པས། །འགྲོ་ཀུན་བར་དོར་གྲོལ་གྱུར་ཅིག །རྗེ་མཉམ་པ་མེད་པའི་རྣལ་འབྱོར་པ་ཆེན་པོ་རས་ཀྱི་ན་བཟའ་ཅན་དང་། མཚན་ལྡན་གྱི་ཕྱག་རྒྱ་མ་བཀྲ་ཤིས་ཚེ་རིང་མ་སྤུན་ལྔའི་ཞུས་ལན་དུ་གནང་བ། འཕྲང་སྒྲོལ་གནད་ཀྱི་བར་དོ་ལས་སླད་ནས་རས་པ་རྣམ་གཉིས་ཀྱིས་བཀའ་བགྲོ་བར་མཛད་དེ་མཚན་ཞབས་ཏོག་ཏུ་ཕུལ་བ་རྫོགས་སོ།། །།

༈ ན་མོ་གུ་རུ། མེ་མོ་བྱའི་ཟླ་བའི་ཚེས་བརྒྱད་ཀྱི་ནམ་སྲོད་ཡོལ་བ་ན། གནས་དབེན་པ་ཆུ་དབར་སྤྲུལ་སྐུའི་ཕོ་བྲང་དུ་འོད་ཆེན་པོ་ཞིག་ལྷག་གིས་བྱུང་སྐད། དེ་ནས་མིའི་སྣ་སྒྲ་ཤ་ར་ར་བྱུང་བས་སུ་ཡོད་སྙམ་པ་ལ། དྲི་ཞིམ་པོ་སྔོན་ཆད་མེད་པ་ཞིག་སྣ་བུག་ཏུ་བྱུང་ཙ་ན་བཀྲ་ཤིས་ཚེ་རིང་མ་རྒྱན་ཐམས་ཅད་ཀྱིས་བརྒྱན་ནས། འཁོར་གཅིག་གིས་དྲི་ཞིམ་སྣ་ཚོགས་བསྲེགས་པའི་སྤོས་ཐོགས། གཅིག་གིས་བཟའ་བཏུང་གྱ་ནོམ་པ་མང་པོ་ཐོགས། གཅིག་གིས་སྒྲའི་རིགས་མང་པོ་ཐོགས། གཅིག་གིས་ན་བཟའ་བཟང་པོ་ཐོགས། གཅིག་གིས་མེ་ཏོག་སྣ་ཚོགས་ཐོགས་ཏེ་ཁོང་ལྔས་ཕྱག་དང་བསྐོར་བ་མང་པོ་བྱས་ནས་འདོད་ཡོན་སྣ་ཚོགས་པ་སྤྲུལ་ནས་མཆོད་དེ། ལྔ་པོ་མགྲིན་གཅིག་ཏུ་བསྡེབས་ནས་གླུ་འདི་སྐད་ཅེས་ཞུས་སོ། །རྗེ་མཚན་ལྡན་བླ་མ་རིན་པོ་ཆེ། །དལ་འབྱོར་ལུས་ལ་སྐལ་བ་ཅན། །ལྷ་དང་བླ་མས་མཚན་གསོལ་བ། །བཞད་པ་རྡོ་རྗེ་མི་ཟེར་རམ། །ཡབ་དང་ཡུམ་གྱིས་མཚན་གསོལ་པ། །མི་ལ་ཐོས་དགའ་མི་ཟེར་རམ། །རྒྱལ་ཁམས་ཡོངས་ཀྱི་མཚན་གསོལ་པ། །གྲུབ་ཐོབ་རས་པ་མི་ཟེར་རམ། །མཚན་གསུམ་ངོ་མཚར་ལྡན་པ་དེ། །ལྷ་སྨན་རྒྱལ་མོའི་གཡོན་འགྲམ་ན། །ཆུ་བོ་ལོ་ཏ་ཧན་གྱི་འགྲམ་ཞིག་ན། །ཀླུ་ཡི་རྒྱལ་པོ་དུང་སྒྲ་ཡིས། །ཕོ་བྲང་འདོད་དགུ་འབྱུང་བའི་གནས། །ཡ་མཚན་སྨན་ལུང་ཆུ་དབར་ན། །སྒྲུབ་པ་སྙིང་པོར་ལྷུར་ལེན་ཅིང་། །འཇིག་རྟེན་ཆོས་བརྒྱད་ཡལ་བར་དོར། །སྲིད་པའི་དགོན་པའི་ནང་ནས་ཕྱུང་། །ངོ་མཚར་ཆེའོ་རྣལ་འབྱོར་པ། །བདག་ཅག་རྣམ་པ་ལྔ་པོ་འདི། །རྫུ་འཕྲུལ་ལུས་ཀྱིས་འདིར་ལྷགས་ཏེ། །སྙན་པའི་ཚིག་དང་འཇམ་པའི་ངག །ཅི་བདེར་རོལ་བའི་མཆོད་པ་འབུལ། །པད་ཅན་དུང་ཅན་རི་མོ་ཅན། །གླང་པོ་ཅན་དང་རྣམ་པ་བཞི། །བདག་ཅག་རྣམས་ལ་ལྡན་མི་ལྡན། །ལས་རྒྱ་ཞུས་ན་བཀས་གནང་ངམ། །དབབ་དང་དཀྱིལ་དང་བཟློག་པ་དང་། །འགྲེམ་པའི་སྦྱོར་བ་མཁྱེན་ལགས་སམ། །དེ་ལྟར་མཁྱེན་ན་མགྱོགས་བྱེད་མཆོག །ཕོ་ཉའི་ལམ་པ་ཡིན་པར་ངེས། །བཀའ་རྒྱུད་སྡེ་བླ་ན་མེད་པ་ནས། །ལྷ་དང་ཀླུ་དང་གནོད་སྦྱིན་གྱི། །བུ་མོ་དགུག་ཅེས་གསུངས་པས་ན། །བསྙེན་བཀུར་རྣམས་ཀྱི་ནང་ནས་ཀྱང་། །ཕྱག་རྒྱ་ཡ་མཚན་ཆེའོ་གསུངས། །དེ་ཕྱིར་བདག་ཅག་འདིར་མཆིས་སོ། །ད་མཁྱེན་པར་མཛོད་ཅིག་རྣལ་འབྱོར་པ། །གཅེར་བུའི་ལུས་ལ་གཟི་མདངས་ཅན། །ཞེས་དེ་སྐད་དུ་གླུས་བསྐུལ་བ་དང་། རྗེ་བཙུན་གྱིས་ལན་གསུངས་པ། དོ་ནུབ་ནམ་གྱི་ཆ་སྟོད་ལ། །ལྷང་ལྷང་གླུ་ཡི་བརྡ་སྦྱོར་བ། །གངས་ཁྱུང་མགོ་ཤེལ་གྱི་ཟུར་ཕུད་ཅན། །ལྷོ་སྤྲིན་སྨུག་པོའི་བླ་བྲེ་ལ། །རྒྱུ་སྐར་མང་པོའི་མེ་ཏོག་ཅན། །སྨན་བཙུན་ཁྱེད་ཀྱི་ཕོ་བྲང་ཡིན། །ཚེ་རིང་དབང་ཆེ་བསྐལ་བར་གནས། །དེ་སྲོག་གཅོད་སྤངས་པའི་འབྲས་བུ་ཡིན། །ལོངས་སྤྱོད་རྣམ་ཐོས་བུ་དང་མཉམ། །དེ་སེར་སྣ་སྤངས་པའི་འབྲས་བུ་ཡིན། །འཁོར་བཟང་བཀའ་བསྒོ་ཉན་པ་དེ། །བཟོད་ལ་ནན་ཏན་བྱ་བ་བྱས། །དེ་ནས་དགེ་ལ་སྤྲོ་བ་དེ། །བརྩོན་འགྲུས་ལེ་ལོ་མེད་པ་ཡིན། །ད་ལྟ་ང་དང་ཕྲད་པ་དེ། །སྨོན་ལམ་བཟང་པོ་བཏབ་པ་ཡིན། །དེ་ཡན་ཆད་རྟེན་འབྲེལ་ཟབ་མོའི་གླུ། །ད་དོན་ལ་སྦྱར་ཏེ་མཆིད་འདི་འཚལ། །ང་ནཱ་རོ་པཎ་ཆེན་བརྒྱུད་པ་འདི། །ལམ་རྩ་དང་རླུང་ལ་རང་དབང་ཐོབ། །མཆོད་པ་རྣམས་ཀྱི་ནང་ནས་ཀྱང་། །མཚན་ལྡན་ཕྱག་རྒྱ་འབུལ་བ་འདི། །ཁྱད་པར་འཕགས་པའི་འབུལ་བ་ཡིན། །དེ་ཕྱག་རྒྱ་བཞི་ལ་མཚན་ཉིད་འཚལ། །པད་ཅན་མདངས་ལྡན་བདེ་བ་རྒྱས། །དུང་ཅན་ཉམས་དགའ་བདེ་བ་མྱུར། །རི་མོ་གཏིང་ཟབ་ཟག་པ་མེད། །གླང་པོས་དངོས་པོའི་གནས་ལུགས་རྟོགས། །ཉེས་པའི་སྐྱོན་དང་བྲལ་བ་དེ། །སྨན་བཙུན་བཀྲ་ཤིས་ཚེ་རིང་མ། །ཤེས་རབ་གསང་བའི་པདྨ་ལ། །ཨེ་དབྱིབས་ཝྃ་གྱིས་མཚན་པ་ཡོད། །ཐབས་ཀྱི་ནོར་བུ་ཧཱུཾ་སྔོན་པོ། །ཕཊ་ཀྱིས་གཉིས་ཀའི་ཐིག་ལེ་བསྡོམ། །ཐབས་དང་ཤེས་རབ་མཉམ་སྦྱར་བས། །ཟུང་འཇུག་བདེ་བའི་མཆོད་པ་ཡིན། །དགའ་བ་བཞི་དང་སྐད་ཅིག་བཞི། །སྐུ་བཞི་ངོ་བོ་ཉིད་ཀྱི་ངང་། །འབེབས་པ་རུས་སྦལ་འགྲོས་ཀྱིས་འབེབས། །བསྐྱིལ་བ་ཨ་བ་དྷཱུ་ཏཱིར་བསྐྱིལ། །བཟློག་པ་དུད་འགྲོའི་འགྱུར་བཞིས་བཟློག །འགྲེམས་པ་རྣམ་གྲོལ་ཕྱག་རྒྱས་འགྲེམས། །ཐིག་ནི་མྱ་ངན་འདས་པའི་ལམ། །ལེ་ནི་རོ་མཉམ་བདེ་བ་ཡིན། །ལས་ནི་རྣམ་པ་སྣ་ཚོགས་བྱེད། །ཀྱི་ནི་བདེ་སྟོང་མཚམས་སྦྱོར་ཞིང་། །ཕྱག་ནི་དེ་དང་དེ་རུ་མཇལ། །རྒྱ་ནི་འཁོར་འདས་གཉིས་ལ་འདེབས། །ལས་ནི་གང་དང་གང་ལ་བྱེད། །དེ་ཡི་ཕྲོགས་ནི་ཀྱི་ཡིས་བྱེད། །ཕྱག་ནི་བདེ་སྟོང་དབྱེར་མེད་ལས། །མི་འདའི་ཕྱིར་ན་རྒྱ་ཡིན་ནོ། །སྙོམས་འཇུག་མགྱོགས་བྱེད་ཕོ་ཉའི་ལམ། །ཟག་མེད་བདེ་བས་གང་བའི་ལམ། །གསལ་སྟོང་དངོས་གྲུབ་འབྱུང་བའི་ལམ། །མི་རྟོག་སྤྲོས་བྲལ་ཆོས་སྐུའི་ལམ། །བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་ལམ། །གསལ་སྟོང་སྣ་ཚོགས་སྤྲུལ་སྐུའི་ལམ། །བདེ་གསལ་མི་རྟོག་ཟུང་འཇུག་ལམ། །མགྱོགས་བྱེད་ཕོ་ཉ་དེ་ལ་བྱ། །དེ་ཕྱིར་ཆགས་ལམ་སྦྱོར་བ་ཡིས། །ཁྱེད་ཀྱང་ངེས་པར་ཐར་པ་ཐོབ། །ང་ཡང་སྐྱེ་མེད་བཙན་ས་ཟིན། །སྐལ་བར་ལྡན་ནོ་མཚན་ལྡན་མ། །ཞེས་པའི་མགུར་དེ་སྐད་བཞེས་ནས། དེ་ཕྱིན་ཆད་ལས་ཀྱི་ཕྱག་རྒྱ་མཛད། །བཟའ་བཏུང་གྱ་ནོམ་པའི་སྦྱིན་བདག་མོ་བྱས། སྒོ་གསུམ་གྱི་མཆོད་པས་ཐུགས་དམ་བསྐང་ཞིང་མཉེས་པར་མཛད་དོ། །སྤྱིར་བཀྲ་ཤིས་ཚེ་རིང་མ་དང་། ལ་ཕྱི་གངས་ཀྱི་འབྲོག་སྨན་ཟུལ་ལེ་མ་དང་། ལིང་པ་བྲག་གི་སྨན་མོ་དང་། བལ་པོ་ལམ་པའི་མཚོ་སྨན་མ་དང་། ཡོལ་མོ་གངས་རའི་གཞི་བདག་མོ་དང་ལྔ་པོས་རྗེ་བཙུན་གྱི་ལས་ཀྱི་ཕྱག་རྒྱ་ལས་ཁྱད་པར་དུ་འཕགས་པ་བཀྲ་ཤིས་ཚེ་རིང་མའོ། །མི་མ་ཡིན་བུ་མོ་ཕྱག་རྒྱར་འགུགས་ནུས་པའི་སྐྱེས་བུ་ནུས་པ་ཅན་དཔལ་བཞད་པའི་རྡོ་རྗེ་དང་། ལྗོངས་ཀྱི་བདག་མོ་བཀྲ་ཤིས་ཚེ་རིང་མ་གཉིས་ཀྱི་ཞུས་ལན་མགུར་དུ་བཞེས་པ་བདེ་སྟོང་ཡེ་ཤེས་སྤྲིན་གྱི་ཕྲེང་བ་ཞེས་བྱ་བ། རས་པ་མཆེད་གཉིས་ཀྱིས་མནྜལ་ཕུལ་ནས་ཞུས་པས་དགྱེས་བཞིན་གནང་བ་ས་མ་ཡ་རྒྱ་རྒྱ་རྒྱ། ཚེ་རིང་མའི་ཆོས་སྐོར་རྣམས་ལའང་འཆད་པ་པོ་དཔལ་བཞད་པ་རྡོ་རྗེའི་བཀའི་རྒྱ། ཞུ་བ་པོ་མཁའ་འགྲོ་མཆེད་ལྔའི་གསང་བའི་རྒྱ། སྡུད་པ་པོ་ཨ་ཙརྻ་བོ་དྷི་རཱ་ཛ་དང་། རས་པ་ཞི་བ་འོད་གཉིས་ཀྱི་དམ་ཚིག་གི་རྒྱ་སྟེ། རྒྱ་རིམ་པ་གསུམ་གྱིས་བཏབ་པའི་ཆོས་ངོ་མཚར་རྨད་དུ་བྱུང་བ་རྫོགས་སོ།། །།


༈ ན་མོ་གུ་རུ། རྗེ་བཙུན་མི་ལ་རས་པ་དེ་ཉིད་བྲིན་སྡིང་མའི་ཕ་བོང་རེག་པ་དུག་ཅན་གྱི་སྟེང་ན་བཞུགས་པའི་ཚེ། བུ་སློབ་དང་ཉ་མ་འགའ་ལ་ཁྲིད་བཏབ་ནས་སྒོམ་དུ་བཅུག་པས། སྤྱིར་གྱིས་ཀུན་ལ་ཉམས་བཟང་པོ་སྐྱེས། ཁྱད་པར་རུས་སྟག་ཡིན་པའི་གཞོན་པ་དད་བརྩོན་ཅན་ཞིག་འདུག་པ་དེ་ལ། རྟོགས་པ་ངོ་འཕྲོད་ནས་རྗེ་བཙུན་ལ་མི་ཕྱེད་པའི་དད་པ་ཐོབ་སྟེ། ཁྲིད་ཐོན་པའི་མཆོད་པའི་ཚོགས་གྲལ་དུ་ཁོ་ན་རེ། རྗེ་བཙུན་ལགས། བདག་འཁོར་བའི་ཉེས་དམིགས་དང་ཐར་པའི་ཕན་ཡོན་ལ་བསམས་ན། དོན་མེད་སོས་དལ་དུ་སྐད་ཅིག་ཀྱང་སྡོད་པ་ཕངས་པར་གདའ་བས། རྗེ་བཙུན་གྱི་ཕྱག་ཕྱིར་འབྲངས་ནས་ཉིན་མཚན་དུ་གཡེལ་མེད་བསྒོམས་པས་ཁྲིད་པར་ཞུ། བླ་མ་བརྒྱུད་པ་དང་རྗེ་བཙུན་གྱི་སྐུའི་ཡོན་ཏན་ལ་ལྟོས་ན་འཇིག་རྟེན་པའི་དགེ་ལེགས་རྣམས་རྫུན་དང་དགོས་མེད་དུ་གདའ་བས་འདི་དོན་གྱི་ཆོས་ཤིག་ཀྱང་གསུང་དུ་གསོལ་ཞེས་ཞུས་པས། རྗེ་བཙུན་གྱིས་མགུར་འདི་གསུངས་སོ། །ང་ཡི་བརྒྱུད་པ་རྡོ་རྗེ་འཆང་ཆེན་ཡིན། །ཡང་མེས་ཏཻ་ལོ་ཤེར་བཟང་ཡིན། །མེས་པོ་ནཱ་རོ་པཎ་ཆེན་ཡིན། །ཕ་རྒན་མར་པ་ལོ་ཙྪ་ཡིན། །ང་རང་མི་ལ་རས་པ་ཡིན། །གདམས་ངག་ཟབ་མོའི་རྒྱུན་ཆགས་ཡིན། །དེ་ནི་ཡིན་པ་རྣམ་དྲུག་ལགས། །ད་ནི་མི་ལའི་རྫུན་དྲུག་འཆད། ཆུ་ཤིང་འཛོམ་པའི་དགོན་པ་ན། །ཉེ་གནས་ཟེར་ཡང་རྫུན་དུ་གདའ། །ཟ་གྲོགས་འདིས་ཀྱང་དགོས་རྒྱུ་ཆུང་། །གཏམ་ངན་མང་པོ་རྣ་བ་ཚ། །ལུས་ལ་གཏུམ་མོ་འབར་ཙ་ན། །སྣམ་ཕྲུག་ཟེར་བ་རྫུན་དུ་གདའ། །ཁྲེས་པོ་འདིས་ཀྱང་དགོས་རྒྱུ་ཆུང་། །ཤིག་སྲོའི་གནས་ཚང་ང་མི་འདོད། །ཏིང་འཛིན་ཟས་སུ་ཟོས་ཙ་ན། །ཤ་ཆང་ཟེར་བ་རྫུན་དུ་གདའ། །ངན་སྐྱུགས་རྒྱུ་དེ་དགོས་པ་ཆུང་། །གཡོས་བསྐོལ་བྱེད་སྙིང་ང་མི་འདོད། །ཞེན་པ་ནང་ནས་ལོག་ཙ་ན། །ནོར་རྫས་ཟེར་བ་རྫུན་དུ་གདའ། །གསོག་འཇོག་འདིས་ཀྱང་དགོས་རྒྱུ་ཆུང་། །ཁེ་ཚོང་བྲེལ་བས་རྣ་བ་སུན། །སྙིང་རུས་སྒོམ་སྲན་བསྐྱེད་ཙ་ན། །བུ་སློབ་ཟེར་བ་རྫུན་དུ་གདའ། །མཇལ་ཕྲད་མང་པོ་དགོས་པ་ཆུང་། །ཅིས་ཀྱང་དགེ་སྦྱོར་ཆག་པ་ཡིན། །སྙན་བརྒྱུད་གདམས་ངག་བསྒོམས་ཙ་ན། །ཆོས་བཤད་མང་པོ་རྫུན་དུ་གདའ། །སློབ་གཉེར་འདིས་ཀྱང་དགོས་རྒྱུ་ཆུང་། །ཅིས་ཀྱང་ང་རྒྱལ་སྐྱེ་བ་ཡིན། །རྫུན་དྲུག་མན་ངག་རྡོ་རྗེའི་གླུ། །ཤེས་པར་གྱིས་ལ་གོ་བ་ལོང་། །ཞེས་གསུངས་པས། ཡང་ཁོས་ཞུས་པ། ངོ་མཚར་ཆེ་ལགས། བདག་སོགས་མ་རིག་པའི་སེམས་ཅན་རྣམས་ཀྱི་དོན་དུ་ད་དུང་རྗེ་བཙུན་རང་གི་སྐུ་ཆེ་བའི་ཡོན་ཏན་རྣམས་དྲུག་ཚན་དུ་བསྡེབས་ནས་ཆོས་གསུང་དུ་གསོལ་ཞེས་ཞུས་པས། ཡང་མགུར་འདི་གསུངས་སོ། །མི་ང་ལ་ཆེ་བ་ཡོད་མ་མྱོང་། །བརྒྱུད་པའི་ཆེ་བ་བརྗོད་ཕྱིར་དུ། །ད་རེས་མི་ལའི་ཆེ་དྲུག་བཤད། །མི་ལའི་ཆེ་དྲུག་བཤད་ཙ་ན། །བླ་མ་དཀོན་མཆོག་བཀའ་དྲིན་ཆེ། །ཡི་དམ་ལྷ་ཚོགས་བྱིན་རླབས་ཆེ། །ཆོས་སྐྱོང་སྲུང་མ་མཐུ་རྩལ་ཆེ། །སྙན་བརྒྱུད་གདམས་ངག་ཟབ་ཁྱད་ཆེ། །མི་ལ་རས་པ་སྒོམ་སྲན་ཆེ། །གྲྭ་པ་བུ་སློབ་དད་པ་ཆེ། །ད་ནི་མི་ལའི་བདེ་དྲུག་བཤད། །མི་མེད་ལུང་སྟོང་སྣང་བ་བདེ། །བླ་མའི་གདམས་ངག་སེམས་ལ་བདེ། །སྲ་བའི་འབོལ་ཆུང་འོག་ན་བདེ། །བྲག་ཕུག་སྟོང་པ་སྟེང་ན་བདེ། །འགྲངས་ལྟོགས་སྙོམས་པའི་སྒྱུ་ལུས་བདེ། །འཁྲུལ་འཁོར་ལུས་ཀྱི་བཅའ་ཐབས་བདེ། །ད་ནི་མི་ལའི་འདུ་དྲུག་བཤད། །ཉིན་པར་མི་རྣམས་ཚོགས་སུ་འདུ། །མཚན་མོ་མཁའ་འགྲོ་ཚོགས་སུ་འདུ། །བྱང་སེམས་འཁོར་ལོའི་སྲོག་ལ་འདུ། །རང་སེམས་གཉིས་མེད་ཡུལ་དུ་འདུ། །ནང་ནུབ་ཟས་གོས་ཚོགས་སུ་འདུ། །ད་ནི་མི་ལའི་རྫོང་དྲུག་བཤད། །རག་མ་བྱང་ཆུབ་སྒྲུབ་པའི་རྫོང་། །བྲག་དམར་མཆོང་ལུང་ཁྱུང་གི་རྫོང་། །བྲག་དམར་སྤོ་མཐོ་ནམ་མཁའ་རྫོང་། །མོན་ཡུལ་སྟག་ཕུག་སེང་གེ་རྫོང་། །ཀ་ཏྱའི་ཤེལ་ཕུག་ཆུ་ཤིང་རྫོང་། །བྲག་དཀར་རྟ་སོ་དབུ་མ་རྫོང་། །ད་ནི་མི་ལའི་བཟང་དྲུག་བཤད། །ཕྱག་རྒྱ་ཆེན་པོ་ལྟ་བ་བཟང་། །ནཱ་རོ་ཆོས་དྲུག་བསྒོམ་པ་བཟང་། །ཐབས་ལམ་ཟབ་མོ་སྤྱོད་པ་བཟང་། །སྐུ་གསུམ་ལྷུན་གྲུབ་འབྲས་བུ་བཟང་། །བཀའ་བརྒྱུད་བླ་མ་བྱིན་རླབས་བཟང་། །མི་ལ་རས་པ་གདམས་ངག་བཟང་། །ཁྱོད་འདིར་བཞུགས་བུ་སློབ་ཡོན་བདག་རྣམས། །ཕན་པའི་ཆོས་ལ་བྱེད་མཁན་མེད། །གནོད་པའི་སྡིག་ལ་ཧབ་ཤ་བྱེད། །སྡུག་བསྔལ་སྡིག་པའི་འབྲས་བུ་ཡིན། །བདེ་བ་དགེ་བའི་འབྲས་བུ་ཡིན། །རང་སྡུག་རང་གིས་མ་ཤོམས་པར། །རང་གིས་རང་སྐྱིད་བསྒྲུབ་རོགས་མཛོད། །ཞལ་ཡང་ཡང་མཇལ་བའི་སྨོན་ལམ་འཚལ། །ཞེས་གསུངས་པས། །ཉ་མ་བུ་སློབ་རྣམས་དགའ་མགུ་ཡི་རངས་ཏེ་རང་རང་གི་གནས་སུ་སོང་། གཞོན་པ་དེ་ཕྱག་ཕྱིར་འབྲངས་པས་ཉེ་བའི་སྲས་སྟག་སྒོམ་རས་པ་རྡོ་རྗེ་དབང་ཕྱུག་ཅེས་བྱ་བ་བྱུང་ངོ་། །རས་པ་རྡོ་རྗེ་དབང་ཕྱུག་གི་སྐོར་རོ།། །།


༈ ན་མོ་གུ་རུ། རྗེ་བཙུན་མི་ལ་རས་པ་དེ་ཉིད་རས་ཆུང་པ་ལ་སོགས་པའི་བུ་སློབ་རྣམས་དང་བཅས་ཏེ། གཉའ་ནང་གྲོད་ཕུག་ན་སྙིང་པོ་དོན་གྱི་ཆོས་འཁོར་བསྐོར་ཞིང་བཞུགས་པའི་ཚེ། ལ་སྟོད་ན་གུ་རུ་ཚེམས་ཆེན། དིང་རི་ན་དམ་པ་སངས་རྒྱས། བལ་པོ་ན་ཤི་ལ་བྷ་རོ། རྒྱ་གར་ན་དྷརྨ་བོ་དྷི། གཉའ་ནང་ན་མི་ལ་རས་པ་སྟེ། གྲུབ་ཐོབ་ལྔ་དུས་མཚུངས་པ་ལས། ཤི་ལ་བྷ་རོས། དྷརྨ་བོ་དྷི་སྤྱན་དྲངས་ནས་བལ་པོ་རྫོང་ན་ཆོས་འཁོར་བསྐོར་ཞིང་བཞུགས་པའི་ཚེ། བལ་བོད་ཀྱི་མི་མང་པོ་དྷརྨ་བོ་དྷིའི་ཞལ་ལྟ་རུ་འགྲོ་ཞིང་འདུག་པ་ལས། རྗེ་བཙུན་གྱིས་བུ་སློབ་རྣམས་ཀྱང་མཇལ་བར་འདོད་ནས། རས་ཆུང་པས་རྗེ་བཙུན་ལ་དྷརྨ་བོ་དྷི་དང་མཇལ་ན་ལེགས་པའི་རྒྱུ་མཚན་མང་པོ་ཞུས་པས། རྗེ་བཙུན་གྱི་ལན་དུ་མགུར་འདི་གསུངས་སོ། །རྗེ་བླ་མའི་བྱིན་རླབས་གྲུབ་ཐོབ་མང་། །ངོ་མཚར་སངས་རྒྱས་བསྟན་པ་དར། །བདེ་སྐྱིད་འགྲོ་བའི་དཔལ་དུ་ཤར། །རྗེ་གྲུབ་ཐོབ་མཇལ་མི་མང་བ་དེ། །སྐལ་ལྡན་འགའ་རེ་ཡོད་པའི་རྟགས། །དིང་རིའི་དམ་པ་སངས་རྒྱས་དང་། །ལ་སྟོད་གུ་རུ་ཚེམས་ཆེན་དང་། །བལ་པོ་ཤི་ལ་བྷ་རོ་དང་། །རྒྱ་གར་དྷརྨ་བོ་དྷི་དང་། །གུང་ཐང་མི་ལ་རས་པ་རྣམས། །སེམས་རྣམ་རིག་ཙམ་རེ་ཀུན་ལ་ཡོད། །སྒོམ་རང་མགོ་ཐོན་པ་སུ་ལའང་ཡོད། །སེམས་རང་གསལ་སེམས་ངོ་སུས་ཀྱང་ཤེས། །སྤྲུལ་བསྒྱུར་རྫུ་འཕྲུལ་ཀུན་གྱིས་ནུས། །སྟོང་ཉིད་སྙིང་རྗེ་ཀུན་གྱིས་འབྱོངས། །འཕྲལ་ངོ་མཚར་ལྟད་མོ་ཁོང་ཚོས་སྟོན། །ཉམས་བྱུང་རྒྱལ་གླུ་ལ་ང་རང་མཁས། །སྙིང་རུས་ཞེན་ལོག་ང་རང་ཆེ། །གཞན་རྣམས་ཁྱད་པར་མ་མཆིས་པས། །ང་ནི་མཇལ་དུ་མི་འགྲོ་བས། །བུ་ཁྱེད་རྣམས་མཇལ་དུ་ཅིས་ཀྱང་སོང་། །གཞན་སྐྱོན་ཡོད་པ་མ་ཡིན་ཏེ། །ང་ན་སོ་རྒས་པས་མི་ཐོན་འདུག །དཔལ་ཨུ་རྒྱན་ཡུལ་དུ་མཇལ་བར་སྨོན། །ཐེ་ཚོམ་མ་བྱེད་བློ་གདེངས་ཡོད། །ཅེས་གསུངས་པས་སྐྱོན་མེད་ན་ཀ་མི་རྣམས་ཀྱིས་མི་ལ་རས་པ་ཆགས་སྡང་གིས་མི་འབྱོན་པར་འདུག་ཟེར་སྐུར་པ་ཞུ་བར་འདུག་པས་ཅིས་ཀྱང་བྱོན་པ་འཐད་ལགས་ཞུས་པའི་ལན་དུ་མགུར་འདི་གསུངས་སོ། །རྗེ་གྲུབ་ཐོབ་རྣམས་ལ་གསོལ་བ་འདེབས། །ཉེས་ལྟུང་དག་པར་བྱིན་གྱིས་རློབས། །མི་ཁ་བྱུར་གྱི་ཁ་ལབ་ལ། །ཐེ་ཚོམ་ཟ་ན་རང་ཉིད་འཁྲུལ། །སྒོམ་སྒྲུབ་སྙིང་ནས་བྱེད་དུས་སུ། །འགྲོ་འདུག་མང་བ་བར་ཆད་ཡིན། །བླ་མ་རྗེ་ལ་མཇལ་དུས་སུ། །བཅོས་མ་མང་ན་ལྷ་གྲོགས་འཁྲུག །གསང་སྔགས་ཟབ་མོའི་ཐབས་ལམ་ལ། །ཡིད་གཉིས་བྱས་ན་འགྲུབ་མི་ནུས། །གྲུབ་ཐོབ་བྱིན་རླབས་ཆེ་ལགས་ཏེ། །འཁོར་དཔུང་མང་བ་ཚིག་པ་ཟ། །བུ་རས་ཆུང་གྲོགས་མཆེད་ཅིས་ཀྱང་སོང་། །ཞེས་གསུངས་པས། རས་ཆུང་པས། མི་མང་པོས་སྡིག་གསོག་པར་འདུག་པས་ཅིས་ཀྱང་འབྱོན་པར་ཞུ། ངེད་རྣམས་ལ་ཡང་ཕན་པར་འདུག་ཞུས་པས། འོ་ན་དྷརྨ་བོ་དྷི་ལ་ཕྱག་ལན་དུ་འགྲོ་གསུངས་པས། རས་ཆུང་པ་སོགས་གྲྭ་པ་རྣམས་མགུ་ནས། རྗེ་བཙུན་འབྱོན་ན་རྒྱ་གར་བ་གསེར་ལ་རྩི་བ་ཡིན་པས་གསེར་ཞིག་བསྒྲུབས་ནས་བྱོན་པ་དྲག་ཞུས་པའི་ལན་དུ་མགུར་འདི་གསུངས་སོ། །རྗེ་གྲུབ་ཐོབ་རྣམས་ལ་གསོལ་བ་འདེབས། །སྤྲང་འདོད་པ་ཟད་པར་བྱིན་གྱིས་རློབས། །བྱས་ཚད་ཆོས་སུ་འགྱུར་བར་ཤོག །བྱས་ཚད་ཆོས་སུ་མ་གྱུར་ན། །བྱང་སེམས་བསྒོམ་པའི་དོན་གོ་ཆུང་། །སྒོམ་ཏིང་འཛིན་སྐྱེས་པ་གྲོགས་མི་འདོད། །སྒོམ་རང་གྲོལ་ཤར་བ་གྲོགས་འདོད་ན། །རྒྱུན་དུ་བསྒོམས་པ་དོན་གོ་ཆུང་། །མི་ལ་རས་པ་ནོར་མི་བསྒྲུབ། །མི་ལ་རས་པ་ནོར་བསྒྲུབས་ན། །བྱ་བ་བཏང་བ་དོན་གོ་ཆུང་། །དྷརྨ་བོ་དྷི་གསེར་མི་འདོད། །དྷརྨ་བོ་དྷི་གསེར་འདོད་ན། །གྲུབ་པ་ཐོབ་པ་དོན་གོ་ཆུང་། །རས་ཆུང་རྡོར་གྲགས་ཁེ་མི་འདོད། །རྡོ་རྗེ་གྲགས་པ་ཁེ་འདོད་ན། །བླ་མ་བསྟེན་པ་དོན་གོ་ཆུང་། །ཞེས་གསུངས་ནས་ཁྱེད་རང་རྣམས་སྔོན་ལ་སོང་ཞིག་ངས་ཕྱི་ནས་འོང་གིས་གསུང་། བུ་སློབ་རྣམས་སྔོན་ལ་བརྫངས་པས་རྗེ་བཙུན་འབྱོན་ནམ་མི་འབྱོན་ནམ་བསམས་པའི་ཐེ་ཚོམ་ལོག་གེ་བའི་ངང་ལ་བལ་པོ་རྫོང་དུ་སླེབ་ཏུ་ཆ་བ་ལ། རྗེ་བཙུན་གྱི་སྐུ་ཤེལ་གྱི་མཆོད་རྟེན་དུ་སྤྲུལ་ནས། སྐར་མདའ་འཕངས་པ་བཞིན་དུ་ཐོགས་བརྡུགས་མེད་པར་ནམ་མཁའ་ལ་བྱོན་ནས། བུ་སློབ་རྣམས་ཀྱི་ནང་དུ་བྱོན་པ་དྷརྨ་བོ་དྷིས་མཐོང་བས་ངོ་མཚར་བར་གྱུར་ཅིང་། བུ་སློབ་རྣམས་ཐེ་ཚོམ་ཟ་བ་རྗེ་བཙུན་ནམ་མཁའ་ནས་བྱོན་པས་དགའ་མགུ་ཡི་རང་བར་གྱུར་ཏེ། དཔོན་སློབ་རྣམས་འགྲིག་པ་དྷརྨ་བོ་དྷིའི་དྲུང་དུ་མི་མང་དུས་ཕེབས་པ་ལ། རྒྱ་གར་གྱི་དྷརྨ་བོ་དྷི་ཁྲི་ལས་བབས་ཏེ། བོད་ཀྱི་མི་ལ་རས་པ་ལ་ཕྱག་ཕུལ་བས། མི་ཀུན་དྷརྨ་བོ་དྷི་བས་ཀྱང་མི་ལ་རས་པ་བཟང་བར་ཡིད་ཆེས་ཤིང་། གཉིས་ཀ་ལ་ཚོགས་པ་ཀུན་གྱིས་སངས་རྒྱས་ཀྱི་འདུ་ཤེས་དང་མི་འབྲལ་བར་གྱུར་ཏོ། །དེ་ནས་གྲུབ་ཐོབ་གཉིས་ཁྲི་གཅིག་ལ་བཞུགས་ནས་ཕན་ཚུན་མཉེས་པའི་གསུང་གླེང་མཛད་པ་ན། དྷརྨ་བོ་དྷིས་རྗེ་བཙུན་ལ་ཁྱེད་གཅིག་པུར་བཞུགས་པ་རང་ལ་ཐུགས་དགྱེས་པར་ཡོད་འདུག་པ་ངོ་མཚར་ཆེ་གསུངས་པས། རྗེ་བཙུན་གྱིས་དེའི་ལན་དུ་མགུར་འདི་གསུངས་སོ། །བླ་མ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས། །བཀའ་བརྒྱུད་གྲུབ་ཐོབ་རྣམས་ཀྱི་བྱིན་གྱིས་རློབས། །རྒྱ་གར་དྷརྨ་བོ་དྷིས་གཙོ་མཛད་པའི། །འདིར་ཚོགས་སྐལ་ལྡན་བལ་བོད་ཁྲོམ་པ་ལ། །བོད་ཀྱི་རྣལ་འབྱོར་མི་ལ་རས་པ་ངས། །ཉམས་མྱོང་ཡེ་ཤེས་གླུ་རུ་ལེན། །ཉམས་མྱོང་གླུ་རུ་མི་ལེན་དུ། །གྲུབ་ཐོབ་སྤྲུལ་སྐུའི་ངོ་མ་ཆོག །རྩ་ཡོན་པོ་ལྔ་པོ་རླུང་གིས་བསྲང་། །རླུང་ལོག་པ་ལྔ་པོ་མལ་དུ་བསྲང་། །ཁམས་སྙིགས་མ་ལྔ་པོ་མེ་ལ་བསྲེགས། །སེམས་ཉོན་མོངས་དུག་ལྔའི་སྡོང་པོ་སྒྱེལ། །དགྲ་ལས་རླུང་རྣམ་རྟོག་དབུ་མར་བསྲང་། །དགྲ་གནོད་བྱེད་ཐུལ་བའི་དཔའ་བོ་ལ། །གྲོགས་ངན་པའི་འཁྲི་ཤལ་བྱ་རྒྱུ་མེད། །ཅེས་གསུངས་པས་དྷརྨ་བོ་དྷི་ན་རེ་དགྲ་ཐུལ་ལུགས་ལེགས་བྱུང་། དེ་དང་ཐུན་པའི་གཉེན་བཟང་པོ་ཅི་འདྲ་ཡོད་གསུང་པའི་ལན་དུ་ཡང་མགུར་འདི་གསུངས་སོ། །རྗེ་གྲུབ་ཐོབ་རྣམས་ལ་གསོལ་བ་འདེབས། །གྲོགས་ནང་ནས་འཆར་བར་བྱིན་གྱིས་རློབས། །རྩ་དྭངས་མ་ལྔ་ཡི་ཨ་མ་དེ། །རླུང་དྭངས་མ་ལྔ་ཡི་ཕ་དང་ཕྲད། །ཁམས་དྭངས་མ་ལྔ་ཡི་སྲས་བུ་འཁྲུངས། །སེམས་དྭངས་མ་ལྔ་ཡི་རང་ཞལ་མཐོང་། །འདི་རྒྱལ་ས་ཟིན་པའི་ཁ་བོ་སྟེ། །ཕོ་བྲང་དབུ་མའི་གཞལ་ཡས་ཁང་། །འཇའ་ས་འཁོར་ལོ་བཞི་ལ་སྒྲོག །སྒྱུ་འཕྲུལ་དྲ་བའི་དམག་ཚོགས་རྣམས། །ཆེད་འཛིན་མེད་པའི་ཁྲིམས་ཀྱིས་བསྡམས། །གང་ཤར་རིག་པའི་རྟེན་འབྲེལ་ལས། །རང་ཞལ་ངོ་འཕྲོད་ཀྱི་གཉེན་དང་མཇལ། །ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །བདག་གི་དེ་ཉིད་མ་ཁྱབ་མེད། །དེ་རྣལ་འབྱོར་ང་ཡི་ཉེ་དུ་ཡིན། །གཉེན་བཟང་བྱང་ཆུབ་སེམས་ཉིད་ལ། །དུས་ནམ་ཡང་འདུ་འབྲལ་མེད་པས་བདེ། །ཞེས་གསུངས་པས་དྷརྨ་བོ་དྷི་མཉེས་ནས། སྤྱིར་རྣལ་འབྱོར་པའི་ཉམས་ལ་བཤད་ཀྱིས་མི་ལང་སྟེ། ལྟ་སྒོམ་སྤྱོད་པའི་འགག་ཅིག་གསུང་བར་ཞུ་དང་ཟེར་བའི་ལན་དུ་རྗེ་བཙུན་གྱིས་མགུར་འདི་གསུངས་སོ། །ཡེངས་མེད་སེམས་ལ་བལྟ་ནུས་ན། །ཁ་ལྟ་སྐམ་པོ་ལབ་དོན་མེད། །རང་རིག་ཉམས་དང་འདྲེས་པ་ན། །བླུན་སྒོམ་རོ་ཉལ་བྱེད་དོན་མེད། །རྟེན་འབྲེལ་འཆར་ཚུལ་ཤེས་པ་ན། །ཆོས་བརྒྱད་སྤྱོད་པ་རང་ཞིག་ཡིན། །སེམས་ལ་ནོངས་འཁྲིས་མེད་པ་ན། །ཚུལ་འཆོས་ངོ་བསྲུང་ཟོག་དང་བྲལ། །འཁོར་འདས་སྐུ་དང་ཡེ་ཤེས་ཏེ། །བརྒྱུད་པའི་བྱིན་རླབས་མ་ཞུགས་ན། །ཞེ་འདོད་རྩོལ་བས་གྲུབ་པ་མིན། །ཞེས་གསུངས་པས། རྣལ་འབྱོར་པའི་ལྟ་སྒོམ་སྤྱོད་པ་ངོ་མཚར་ཆེ་གསུངས་པས། རྗེ་བཙུན་གྱིས་དྷརྨ་བོ་དྷི་ལ་ཁྱེད་ཀྱི་ཉམས་ལེན་གྱི་གནད་ཟབ་མོ་རྣམས་ཀྱང་གསུང་བར་ཞུ་གསུངས་པས། དྷརྨ་བོ་དྷིས་མགུར་འདི་གསུངས་སོ། །ང་ལྟ་བ་བཟང་པོའི་སྒྲུབ་བརྒྱུད་ལ། །འདིར་ཚོགས་སྐལ་ལྡན་གསོལ་བ་འདེབས། །ལས་ཀྱིས་འབྲེལ་བ་བཟང་པོ་ཡིས། །མྱུར་དུ་མཇལ་བར་བྱིན་གྱིས་རློབས། །རྣམ་རྟོག་བག་ཆགས་མ་ཞིག་པའི། །སེམས་ལ་བལྟས་པས་ཅི་ལ་ཕན། །བདག་འཛིན་སྐྱིད་འདོད་མ་སྤངས་པའི། །ཡུན་དུ་བསྒོམས་པས་ཅི་ལ་ཕན། །འགྲོ་བའི་དོན་ལ་མི་བརྩོན་པའི། །ང་རྒྱལ་སྤྱོད་པས་ཅི་ལ་ཕན། །བླ་མའི་གསུང་ལ་མི་ཉན་པའི། །དགའ་འདུས་འཁོར་གྱིས་ཅི་ལ་ཕན། །ངོ་ལྐོག་གཡོ་སྒྱུ་ཁྲེལ་གྱི་གཞི། །འབྲས་བུ་གཞན་དོན་མ་བྱས་ན། །བླ་མེད་བྱང་ཆུབ་འགྲུབ་མི་འགྱུར། །ལར་ཡིན་ལུགས་བཤད་པས་གནོང་ལ་ཕོག །འཁྲུག་པ་བྱས་ན་ཕུང་གཞི་ཆེ། །ཁ་རོག་བསྡད་པ་གདམས་ངག་ཟབ། །ཁྱེད་བོད་ཀྱི་རྣལ་འབྱོར་གླུ་དབྱངས་སྙན། །ང་གླུ་དབྱངས་སྙན་པ་མི་འདུག་སྟེ། །སྤྲོ་བ་སྐྱེས་ནས་བླངས་པ་ཡིན། །དཔལ་བདེ་བ་རྒྱས་པའི་ཞིང་ཁམས་སུ། །དབྱངས་ལེན་པར་སྤྲོ་བས་མྱུར་དུ་མཇལ། །ཞེས་གསུངས་ཤིང་གཞན་ཡང་མཉེས་པའི་གསུང་གླེང་མང་པོ་མཛད་དེ། རྒྱ་གར་གྱི་དྷརྨ་བོ་དྷི་ཕར་བྱོན། བོད་ཀྱི་མི་ལ་རས་པ་དཔོན་སློབ་རྣམས་ཡར་བྱོན་པ་ལས། གཉའ་ནང་གི་ཉ་མ་རྣམས་ཀྱིས་རྗེ་བཙུན་དཔོན་སློབ་ལ། བྱོན་སྐྱེམས་ཞུས་ཞལ་མཇལ་ཚུལ་རྣམས་དྲིས་པས་དེའི་ལན་དུ་རྗེ་བཙུན་གྱིས་མགུར་འདི་གསུངས་སོ། །དགུང་ཉི་ཟླ་མཇལ་བས་གླིང་བཞི་གསལ། །མ་བུ་ཕྲད་པས་གདུང་བ་ཞི། །དྲོད་གཤེར་མཇལ་བས་རྩི་ཐོག་སྨིན། །གྲུབ་ཐོབ་མཇལ་བས་རྒྱལ་ཁམས་བདེ། །བལ་པོ་རྫོང་གི་ནགས་གསེབ་ཏུ། །དྷརྨ་བོ་དྷི་ཕྱག་ཕེབས་པས། །མི་ལ་རས་པས་མཇལ་དུ་ཕྱིན། །ཁོང་དྷརྨ་བོ་དྷི་སྐུ་བཞེངས་ནས། །མི་ལ་ང་ལ་ཕྱག་བྱས་པས། །ཁྲོམ་པའི་མི་རྣམས་ཐེ་ཚོམ་ཟོས། །ཁོང་སྒྱུ་མ་ལུས་ཀྱི་ཕྱག་རྒྱ་ཡིས། །ཟུང་འཇུག་ཐལ་སྦྱར་པུས་མོ་བཙུགས། །བསྙུན་དྲི་རྨེད་ཆོས་ཀྱི་དབྱིངས་སུ་བྱས། །ལན་ནི་ཕྱག་རྒྱ་ཆེན་པོ་བཏབ། །གཉིས་མེད་དག་པའི་དགོན་པ་རུ། །འོད་གསལ་བརྗོད་མེད་གསུང་གླེང་བྱས། །སྨོན་ལམ་བཟང་པོའི་འབྲེལ་པ་ཞིག །སྔོན་རྒྱལ་བའི་དུས་ན་ཡོད་པར་ངེས། །ངེད་གྲོགས་མཆེད་མཇལ་ཕྲད་ལེགས་པ་དེ། །རྒྱལ་ཁམས་ཡོངས་ལ་གྲགས་པ་ཡིན། །ཞེས་གསུངས་པས། ཉ་མ་རྣམས་དགའ་མགུ་ཡི་རངས་ནས་ངོ་མཚར་བར་གྱུར་ཅིང་། རྗེ་བཙུན་ལ་དྷརྨ་བོ་དྷིས་ཕྱག་བྱས་པའི་སྟོབས་ཀྱིས་སྙན་པ་དང་སྐུ་བསོད་ཀྱང་རྒྱས་པར་གྱུར་ཏོ། །དྷརྨ་བོ་དྷི་དང་མཇལ་བའི་སྐོར་རོ།། །།


༈ ན་མོ་གུ་རུ། རྗེ་བཙུན་མི་ལ་རས་པ་དེ་ཉིད་ཀྱིས་རང་སྣང་དབང་དུ་འདུས་པས་གཞན་སྣང་ཟིལ་གྱིས་ནོན་ཏེ། རྒྱ་གར་གྱི་དྷརྨ་བོ་དྷིས་ཕྱག་ཕུལ་བས་སྙན་གྲགས་རྒྱས་ནས། གཉའ་ནང་གི་ཤི་དགེ་གསོན་དགེའི་འབུལ་ནོད་ཀུན་རྗེ་བཙུན་ལ་ཕུལ་བས། སྐུ་བསོད་ཀྱང་རྒྱས་པའི་ངང་ལ་སེམས་ཅན་གྱི་དོན་དང་ཐུགས་དམ་འཕེལ་བར་གཉའ་ནང་གྲོད་ཕུག་ན་བཞུགས་སོ། །དེའི་ཚེ་མཚན་ཉིད་ཀྱི་གྲ་ས་ཞིག་ཡོད་པ་དེའི་སྟོན་པ་རྣམས་རྗེ་བཙུན་ལ་ཕྲག་དོག་གི་སྒོ་ནས་མུ་སྟེགས་ཆོས་ལོག་མཁན་ཡིན་ཟེར་སྐུར་ཞུས་དྲག་པོ་བྱེད་པ་བྱུང་ངོ་། །དུས་ནམ་ཞིག་གི་ཚེ་གཉའ་ནང་དུ་མུ་གེ་ཅུང་ཟད་ཅིག་བྱུང་བ་ལས། ཡུལ་མི་རྣམས་ཀྱིས་སྟོན་པ་ལ་བུན་ཐོང་བྱས་པས་སྟོན་པ་རྣམས་ན་རེ། ངེད་རྣམས་ཀྱི་ཆོས་ལོག་མི་ཤེས་པས་ཤི་དགེ་གསོན་དགེའི་འབུལ་ནོད་འོང་རྒྱུ་ནི་མེད། ངེད་རང་རྣམས་ཀྱི་ནོར་སྐལ་རྣམས་ནི་ཁྱེད་ཚོ་ལ་གོ་མི་ཆོད་པའི་ཆོས་རྣམ་དག་སློབ་གཉེར་གྱི་རྒྱགས་ལ་ཟད། ཁྱེད་རྣམས་ལ་བུན་དགོས་ན་ཁྱེད་རང་རྣམས་ལ་ཡོད་དུས་ཀྱི་འབུལ་ས་ཆོས་ལོག་མཁན་དེ་ལ་ཞུས་ཟེར། བུན་གཏོང་དུ་མ་ཉན་པས་ཡུལ་མི་འགའ་ཞིག་ན་རེ། དེ་ཕྱོགས་གཅིག་ནས་བདེན་པ་ཙམ་ཡོད། འདི་ཕྱིའི་སྐྱབས་གནས་རྗེ་བཙུན་ལ་ཞུ་མོད། ཚེ་འདིར་དགོས་པ་འདུག་པས་འབུལ་ནོད་སྟོན་པ་རྣམས་ལའང་བྱེད་ཟེར། ཡུལ་དགོན་རྣམས་འཆམ་བྱས་སོ། །དེའི་ཚེ་སྟོན་པ་རྣམས་ཀྱི་དྲག་པ་ལོ་སྟོན་དགེ་འདུན་འབུམ་དང་། ར་སྟོན་དར་མ་བློ་གྲོས་ཞེས་བྱ་བ་ལ་སོགས་ཏེ་སྟོན་པ་རྣམས་ཀྱི་གྲོས་ལ། མི་ལ་རས་པ་འདི་མ་ཕུད་ན་ཡུལ་འདིར་འོ་སྐོལ་གྱི་བསྟན་པ་དང་། གང་ཟག་ལ་ཕྲིན་ལས་མི་འོང་བར་འདུག་པས་མི་ལའི་ཆོས་འདི་ཆོས་ལོག་ཡིན་རུང་མིན་རུང་ཕུད་པ་ལེགས་པར་འདུག །དེ་ལ་དྲག་པོས་ཕུད་ན་རང་རེ་རྣམས་ངོ་ཚ་ཞིང་ཡུལ་པ་རྣམས་ལབ་ཏུ་འགྲོ་བས། ཁྱེད་སྟོན་པ་སྒྲ་ཚད་ལུང་རིགས་ལ་མཁས་པ་གསུམ་སོང་ལ། ཆོས་གཏམ་གྱིས་དང་། ཁོ་ལ་ཁ་ནས་དབྱུང་རྒྱུ་ལྕེ་ལས་མེད་པས་ལན་མི་འོང་གིས། བརྒྱ་ལ་ཚུལ་མཐུན་རེ་ཙམ་བྱུང་རུང་། ཁ་རུབ་དང་འབུར་འཇོམས་ཀྱིས་སུན་དབྱུང་ཤོག་ཅིག །སྡུག་ཐུག་ནས་རང་ཕུད་ལ་འགྲོ་བ་ཡིན་གྱིས་ཟེར་བཞིན་བཏང་བས་སྟོན་པ་གསུམ་རས་ཆུང་པ་བརྒྱུད་ནས། རྗེ་བཙུན་དང་མཇལ་བ་ཡིན་ཟེར་བྱུང་བས་རས་ཆུང་པ་འཐད་རྒྱུ་མེད་པ་ཙམ་ཞིག་ལ། རྗེ་བཙུན་ལ་སྟོན་པ་གསུམ་མཇལ་བ་ཡིན་ཟེར་འདུག་པས་གཏོང་ངམ་མི་གཏོང་ཞུས་པས། ང་ལ་ལྷོ་བྲག་མར་པའི་ཞལ་ནས་ཁྱོད་ཀྱི་སེམས་ཅན་ལ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཕན་གང་ཐོགས་གྱིས། ཐ་ན་འབྲེལ་གཏམ་དང་གླེང་མོ་སོགས་ཀྱིས་ཀྱང་སེམས་ཅན་ལ་ཕན་འདོགས་གྱིས་གསུངས་པ་ཡོད་པས། ནང་དུ་ཐོངས་ཤིག་གསུངས་པ་ལྟར་ནང་དུ་བོས། ཚ་བ་དྲངས་ཆབ་བཏང་སྟེ་རྗེ་བཙུན་གྱི་ཞལ་ནས། འོ་དད་པ་ཅན་གྱི་རྫས་འདི་ས་ལ་ཕོག་ན་ས་འགས། རྡོ་ལ་ཕོག་ན་རྡོ་འགས། ཆུ་ལ་ཕོག་ན་ཆུ་འཆད་བྱ་བ་ཡིན་པས། ཁྱེད་སྟོན་པ་རྣམས་ཀྱིས་ཀྱང་མདོ་བསྔོ་བ་རེ་གསུང་བར་ཞུ་གསུངས་པས། སྟོན་པ་གྲལ་མགོ་མ་དེ་ལངས་ནས་སེ་གོལ་གཏོགས་ཅིང་། འོ་ལགས་སོ་ངེད་སྟོན་པ་བསླབ་གསུམ་གྱི་སྡོམ་པ་དང་ལྡན་ཞིང་། ཆོས་གོས་རྣམ་གསུམ་དང་ལྡན་པ་འདི་རྣམས་ཡོན་སྦྱོང་བའི་གནས་ཡིན་པས། མདོ་བཏོན་རུང་ཆོག་མ་བཏོན་རུང་ཆོག །དེ་བས་ཁྱོད་རང་དཀོར་ཟས་འདི་ཙམ་ཞིག་ཟ་བ་ལ་གདེངས་ཤིག་དགོས་པར་འདུག་པས་ཅི་ཡོད་ཟེར་བ་ལ། རྗེ་བཙུན་གྱིས་རྟོགས་པ་ཉམས་ལེན་གྱི་མགུར་འདི་གསུངས་སོ། །དམ་ཆོས་ཐེག་པའི་མཐར་ཐུག་སྙིང་པོའི་དོན། །ལུང་རིགས་མན་ངག་འདུས་པ་བདུད་རྩིའི་རོ། །མཁས་བཙུན་ཀུན་གྱིས་བཀུར་བ་གཙུག་གི་རྒྱན། །མི་འབྲལ་སྤྱི་བོའི་གཙུག་གི་རྒྱན་དུ་བཞུགས། །བདག་གིས་ཉམས་ལེན་སུམ་ཆ་གསུམ་དུ་བྱས། །སུམ་ཆ་ནི་ཡི་དམ་བསྐྱེད་རིམ་བསྒོམས། །སུམ་ཆ་ནི་རྩ་རླུང་ཐིག་ལེ་བསྒོམས། །སུམ་ཆ་ནི་ཕྱག་རྒྱ་ཆེན་པོ་བསྒོམས། །སྒོམ་ཐུན་བཞིའི་རྣལ་འབྱོར་བྱང་ཆུབ་ཀྱི་སེམས། །དངོས་དད་ཀྱི་ཚོགས་གསོག་སྟོང་པར་སྦྱངས། །བླུན་དད་ཀྱི་ཚོགས་གསོག་གཏོར་མར་བསྔོས། །རང་དད་ཀྱི་ཚོགས་གསོག་ལྷ་ལ་ཕུལ། །ལྷག་གཏོར་གྱི་ཚོགས་གསོག་འབྱུང་པོ་ལ་བསྔོས། །ང་ཚོགས་འཁོར་བསྐོར་བའི་རྣལ་འབྱོར་པ། །ཡོན་རང་བཞིན་མེད་པར་ཤེས་པའི་ཕྱིར། །ཡོན་སྦྱོང་བའི་གནས་སུ་མི་ངན་བཟང་། །ཞེས་གསུངས་པས་སྟོན་པ་ན་རེ། བསླབས་ཤེས་ཀྱི་ཡོན་ཏན་མེད་ན་ལག་རྡུམ་བྲག་ལ་འཛེག་པ་དང་འདྲ་སྟེ་ཐར་པ་ཐོབ་མི་སྲིད། བསྒོམས་པའི་ཉམས་ལེན་མེད་ན་ལོང་བས་ལྷ་ཁང་བལྟས་པ་དང་འདྲ་སྟེ་ཡང་དག་པའི་དོན་མི་མཐོང་ཟེར་བ་ཡིན། བསྐྱེད་རིམ་བསྒོམ་པ་ལ་སྒོམ་ལུགས་ཤེས་དགོས་པ་ཡིན་པས། ཁྱེད་ཀྱི་བསྐྱེད་རིམ་མམ་དེ་ཇི་ལྟར་བསྒོམས་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །བདག་གིས་ཡི་དམ་བསྐྱེད་རིམ་བསྒོམས་ཙ་ན། །ལུས་སྣང་སྟོང་བར་སྣང་གི་འཇའ་ཚོན་འདྲ། །དེ་ལ་ངོས་གཟུང་མེད་པས་སྲེད་པ་ཟད། །ངག་གྲག་སྟོང་ལུང་སྟོང་གི་བྲག་ཆ་འདྲ། །དེ་ལ་བཟང་ངན་མེད་པས་བླང་དོར་ཟད། །སེམས་གསལ་སྟོང་ཉི་ཟླའི་འོད་དང་འདྲ། །དེ་ལ་ཕྱོགས་རིས་མེད་པས་བདག་འཛིན་ཟད། །ཐ་མལ་དུ་བཟུང་བའི་ལུས་ངག་ཡིད། །རང་བྱུང་རྡོ་རྗེའི་སྐུ་གསུང་ཐུགས། །སྒོ་གསུམ་ཐ་མལ་དུ་མ་ལུས་བློ་རེ་བདེ། །ཅི་བྱས་ཆོས་དང་མཐུན་པ་ཞེ་རེ་སྐྱིད། །ཆོས་ལམ་དུ་འགྲོ་བས་དང་རེ་སྤྲོ། །ཞེས་གསུངས་པས། ཡང་ཁོ་ན་རེ། དེ་རྣམས་ཟེར་བ་ཙམ་ཡིན་པའང་སྲིད། ཁྱོད་ཀྱི་རྩ་རླུང་ཐིག་ལེའམ་དེ་ཅི་འདྲ་སྒོམ་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །བདག་གིས་རྩ་རླུང་ཐིག་ལེ་བསྒོམས་ཙ་ན། །རྩ་གཙོ་མོ་གསུམ་དང་འཁོར་ལོ་བཞི། །ལུས་སྲེད་པ་ཟད་པས་རང་ཡལ་འདྲ། །ཁམས་ཡི་གེར་དག་པས་མ་འགགས་གསལ། །དོན་རང་ཞལ་མཐོང་བས་ནོར་བ་མེད། །རླུང་དྷཱུ་ཏཱིར་བསྡུས་ནས་གནད་དུ་བསྣུན། །ཁམས་དཀར་དམར་གཉིས་པོ་ཞལ་མཇལ་བས། །ཉམས་བདེ་གསལ་མི་རྟོག་ལྷུན་གྱིས་གྲུབ། །བློ་ཐེ་ཚོམ་གྱི་མདུད་པ་དངོས་སུ་ཞིག །ཆོས་ཁ་རུ་མ་ལུས་རྒྱུད་དང་འདྲེས། །འོད་གསལ་མ་བུ་གཅིག་ཏུ་འདྲེས། །འདོད་སྲེད་ཟག་པའི་ཕུང་པོ་ཞིག །སྣང་སྟོང་གཅིག་ཏུ་འདྲེས་པ་བློ་རེ་བདེ། །སྟོང་པ་གོ་ཡུལ་དུ་མ་ལུས་ཉམས་རེ་དགའ། །འཁྲུལ་པ་དབྱིངས་སུ་ཟད་པ་དང་རེ་སྤྲོ། །ཞེས་གསུངས་པས། ཡང་ཁོ་ན་རེ། ཕྱི་བས་ས་འོག་ཏུ་ཟླ་བ་བཞི་ཙམ་རླུང་གཅིག་གི་ངང་ལ་ལུས་འགུལ་མི་དགོས་པར་ཉལ་ནུས། ཉ་ཆུ་ལ་རྒྱུན་དུ་གནས་རུང་འཚུབ་མི་སྲིད་པ་དེ་རྣམས་རླུང་གི་ཡོན་ཏན་ཡིན་ཏེ། སེམས་ལ་ཡོན་ཏན་རྟ་རྔ་ཙམ་ཡང་མེད། ཁྱོད་ཀྱི་རླུང་ཡང་དེ་དང་འདྲ། ཡོན་ཏན་སེམས་ལ་དགོས་པ་ཡིན་པས་ཁྱོད་ཀྱིས་ཕྱག་རྒྱ་ཆེན་པོའམ་དེ་ཇི་ལྟར་སྒོམ་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །བདག་གི་ཕྱག་རྒྱ་ཆེན་པོ་བསྒོམས་ཙ་ན། །དོན་ཡིན་ལུགས་ཀྱི་སྟེང་དུ་རྩོལ་མེད་བཞག །མ་ཡེངས་ངང་དུ་གློད་ནས་བཞག །སྟོང་པའི་ངང་དུ་གསལ་བར་བཞག །བདེ་བའི་ངང་དུ་རིག་པར་བཞག །མི་རྟོག་ངང་དུ་ལྷན་ནེ་བཞག །སྣ་ཚོགས་ངང་དུ་མཉམ་པར་བཞག །དེ་ལྟར་བཞག་པའི་སེམས་ཉིད་ལ། །འགག་མེད་ངེས་ཤེས་སྣ་ཚོགས་འཆར། །རང་གསལ་རྩོལ་མེད་ཕྲིན་ལས་གྲུབ། །འབྲས་བུ་ཡིད་སྨོན་དུ་མ་ལུས་བློ་རེ་བདེ། །རེ་དོགས་གཉིས་འཛིན་བྲལ་བ་ཉམས་རེ་དགའ། །འཁྲུལ་པ་ཡེ་ཤེས་སུ་ཤར་བ་དང་རེ་སྤྲོ། །ཞེས་གསུངས་པས། ཡང་ཁོ་ན་རེ། ཁྱོད་ལ་ཁ་ནས་འདོན་རྒྱུ་ལྕེ་མིན་པ་མེད་པ་ལ། དེ་རྣམས་ལེགས་རབ་ཀྱང་འདུག་པས་དཔེ་ལ་བྲིས་ནས་བཟུང་བ་ཡིན་པ་འདྲ། དེ་སྟོན་པའི་བླ་མ་དེ་ཤོད་དང་ཟེར་བས། རྗེ་བཙུན་གྱི་ཞལ་ནས། ངས་སློབ་གཉེར་སེམས་ལ་བྱས་པས་སྣང་བ་དཔེ་ཆར་ཤར་ཏེ། སྣང་བ་དང་མ་བྲལ་ན་དཔེ་ཆ་དང་མ་བྲལ་བ་ཞིག་ཡིན། སྣང་བ་སེམས་སུ་ངོ་སྤྲོད། སེམས་འོད་གསལ་དུ་ངོ་སྤྲོད་པའི་བླ་མ་འདི་རྣམས་ཡིན་གསུངས་ནས་མགུར་འདི་གསུངས་སོ། །མི་བདག་གི་བླ་མ་རྗེ་བཙུན་དེ། །རང་ལུས་རྣམ་དག་སངས་རྒྱས་ཀྱི་ཞིང་། །རླུང་ལྔ་དག་པ་སེང་གེའི་ཁྲི། །རྩ་ལྔ་དག་པ་པདྨའི་གདན། །ཁམས་ལྔ་དག་པ་ཉི་ཟླའི་གདན། །སེམས་ཉིད་སྟོང་པ་བླ་མའི་སྐུ། །ཡེ་ཤེས་ལུས་ཅན་རྡོ་རྗེ་འཆང་། །མངོན་ཤེས་དྲུག་ལྡན་ཏཻ་ལོ་པ། །སྒྱུ་འཕྲུལ་དྲ་བ་ནཱ་རོ་པ། །བཀའ་དྲིན་མཉམ་མེད་མར་པའི་སྐུ། །འབྲལ་མེད་སྤྱི་བོའི་རྒྱན་དུ་བཞུགས། །ཁྱོད་མོས་གུས་མིག་གིས་བལྟ་ཤེས་ན། །རྡོ་རྗེ་འཆང་དང་གཉིས་སུ་མེད། །དད་གུས་ཀྱི་གསོལ་བ་འདེབས་ཤེས་ན། །ཐུགས་རྗེའི་སྤྲིན་ཕུང་འདུས་པ་ལས། །བྱིན་རླབས་གྱི་སྦྲང་ཆར་རྒྱུན་མི་འཆད། །ཉམས་ལེན་གྱི་མཆོད་པ་འབུལ་ཤེས་ན། །དངོས་གྲུབ་ཀྱི་གཏེར་ཁ་ཐམས་ཅད་འབྱུང་། །ཞེས་གསུངས་པས། སྟོན་པ་གསུམ་པོ་རང་དབང་མེད་པའི་དད་པ་སྐྱེས་ཏེ། ལངས་ནས་ཕྱག་འབུལ་ཞིང་། མ་གོ་མ་རིག་འཁྲུལ་དང་གསུམ། །འཇིག་རྟེན་འདི་ན་མཚང་རེ་ཆེ། །ཟེར་བ་དེ་བདེན་པར་གདའ། ངེད་ཀྱི་ཡིད་ལ་ཅི་ཡང་མི་ཤེས་པའི་སྨྱོ་ཆོས་ཀྱི་དཀོར་ཟ་བ་ཞིག་ཡིན་པར་འདུག་སྙམ་སྟེ། ཁྱེད་ལ་དྲིས་ཚད་ལ་ལན་བཤད་རྒྱུ་ཐོགས་མེད་དུ་འདུག །སྔར་རྩོད་ལོག་བྱས་པ་མཐོལ་ལོ་བཤགས། ཁྱེད་ཀྱི་བླ་མ་དེ་རྣམས་སུ་བྱུང་གིས་མཐོང་རྒྱུ་མིན་པར་འདུག་སྟེ། ཁྱེད་རང་ལ་མོས་གུས་བྱས་གསོལ་བ་བཏབ་པས། དངོས་གྲུབ་ཀྱི་གཏེར་ཁ་ཀུན་འབྱུང་ལས་ཆེ་བས། བདག་ཅག་རྣམས་ལའང་ཁྱེད་ཀྱིས་གདམས་ངག་གནང་བར་ཞུ་ཟེར་གུས་གུས་ལྟར་འདུག་པ་ལས། རྗེ་བཙུན་ཡང་མཉེས་བཞིན་དབང་དང་གདམས་ངག་གནང་ནས་སྒོམ་དུ་བཅུག་པས། ཉམས་རྟོགས་སྐྱེས་ཏེ་སྟོན་སྒོམ་གངས་ཀྱི་སེང་གེ་འདྲ་བའི་རྟོགས་ལྡན་གསུམ་བྱུང་བ་ཡིན་ནོ། །དེ་ནས་དུས་ནམ་ཞིག་གི་ཚེ་གཉའ་ནང་དུ་སྟོན་མོ་ཆེན་པོ་ཞིག་བྱེད་པའི་སར་རྗེ་བཙུན་དཔོན་སློབ་དང་། སྟོན་པ་ཀུན་སྤྱན་དྲངས་ཏེ། ལོ་སྟོན་དང་དར་བློ་ལ་ཁྲི་རེ་རེ་བརྩིགས་པའི་ཕྱོགས་ལ་སྟོན་པའི་གྲལ་དང་། རྗེ་བཙུན་ལ་ཡང་ཁྲི་གཅིག་བརྩིགས་ནས་བཞུགས་པའི་ཕྱོགས་ལ་རས་པ་རྣམས་གྲལ་ལ་བསྒྲིགས་པའི་རྐེད་སྨད་ཙམ་ན། སྔར་རྩོད་པ་ལ་བཏང་བའི་སྟོན་པ་གསུམ་པོ་དེ་རྣལ་འབྱོར་པའི་ཆས་སུ་ཞུགས་ནས། ཀ་པཱ་ལའི་ཆང་ལ་ཧུབ་སྐོར་བྱེད་ཅིང་འདུག་པ་ལོ་སྟོན་དང་དར་བློས་མཐོང་སྟེ་སེམས་འཁྲུགས་ནས། ཟོག་པོ། གཏི་རྒན་བསྟན་བཤིག་འདི་ཡུལ་དུ་སྡོད་དུ་བཅུག་ན་ངེད་ཀྱི་བསྟན་པ་བཤིག་པར་འདུག་པས། འབྲེལ་གཏམ་བྱེད་པ་ལྟར་བྱས་ཁོ་དམའ་ཕབ་ལ། ཐབས་མཁས་ཀྱིས་ཕུད་དགོས་སྙམ་གྲལ་གོང་དེ་ཀར་རྗེ་བཙུན་ལ་ལོ་སྟོན་ན་རེ། འོ་རྣལ་འབྱོར་པ་ཁྱོད་ཁྱད་པར་ཅན་རང་ཞིག་ཡིན་པར་འདུག་པས། ཚད་མ་ལ་མཁས་ཐག་ཆོད། མི་མཁས་ན་ཆ་ལུགས་འདི་དང་སྤྱོད་པ་འདིས་སངས་རྒྱས་ཀྱི་བསྟན་པ་བཤིག་ཅིང་རང་གཞན་ཀུན་ཕུང་ལ་སྦྱོར་བས། ཆོས་པའི་དམ་བཅའ་ནས་བུད་པ་ཡིན་པས། ཚད་མའི་གྲུབ་མཐའ་རགས་པ་ཞིག་ཞོག་དང་ཟེར་བས། རྗེ་བཙུན་གྱི་ཞལ་ནས། སྟོན་པ་ཐ་སྙད་ཀྱི་རྫོང་ལ་མ་ཞེན་པར་མཉམ་གཞག་ཏུ་ཆོས་ཉིད་གཉུག་མའི་ངང་དུ་ཞོག་ལ། རྗེས་ཐོབ་ཏུ་ཉོན་མོངས་པའི་གཉེན་པོར་ཅི་འགྲོ་གྱིས་དང་། ཡིན་ལུགས་ཀྱི་ཡོན་ཏན་ཞིག་ནང་ནས་སྐྱེ་ཞིང་འདུག་གིས། དེ་མིན་ཕྲག་དོག་ལ་སོགས་པའི་དུག་ལྔ་འདིས་འབྲས་བུ་ངན་སོང་དུ་བསྐྱུར་བར་འདུག་པས་རང་རྒྱུད་མ་སྲེག །ངས་ཁྱོད་ཀྱི་ལུགས་ཀྱི་ཚད་མ་དེ་མི་ཤེས་ཏེ། ང་རང་གི་ལུགས་ཀྱི་ཚད་མ་ཚེ་སྟོད་བླ་མ་ཚད་མ་ལ་གདམས་ངག་ཚད་མ་ཞུས། སྙིང་རུས་ཚད་མས་རི་ཁྲོད་ཚད་མར་བསྒོམས་པས་རང་རྒྱུད་ལ་དྲོད་རྟགས་ཚད་མ་སྐྱེས་ཕྱིར་དད་ཅན་གྱི་ཡོན་བདག་ཚད་མས་མཆོད་གནས་ཚད་མར་ཁུར་བས། ཁྱེད་ལོ་འདོད་ཀྱི་སྟོན་པ་ཚད་མས་ཕྲག་དོག་ཚད་མ་བྱེད་ཅིང་འདུག་སྟེ། དམྱལ་བ་ཚད་མར་སྡུག་བསྔལ་ཚད་མ་མྱོང་དོགས་མཛོད། དེ་མིན་ཚད་མའི་ཚོད་མ་ངས་མི་ཤེས། དེ་དག་གི་དོན་རྒྱས་པར་བཤད་དགོས་ན་གླུ་འདི་ཉོན་གསུང་མགུར་འདི་གསུངས་སོ། །བླ་མ་ཉོན་མོངས་བྲལ་བའི་ཞབས་ལ་འདུད། །དུས་སྙིགས་མའི་སེམས་ཅན་ཕྲག་དོག་ཆེ། །ཁྱེད་ལོ་སྟོན་དང་དར་བློ་ཚུར་ཉོན་དང་། །ང་ཨ་མའི་མངལ་ནས་མ་སྐྱེས་ན། །ནུ་ཞོ་མངར་མོ་ག་ལ་འཐུང་། །ནུ་ཞོ་མངར་མོ་མ་འཐུངས་ན། །ཕྱེ་མར་ཁམ་གསུམ་ཅི་ལ་ཟ། །ཕྱེ་མར་ཁམ་གསུམ་མ་ཟོས་ན། །བྱིན་པས་ལུས་པོ་ག་ལ་ཐེག །བྱིན་པས་ལུས་པོ་མ་ཐེག་ན། །ཐེམ་པའི་ལ་མོ་ཅི་ལ་བརྒལ། །ཐེམ་པའི་ལ་མོ་མ་བརྒལ་ན། །རྒྱལ་ཁམས་ཕྱོགས་མེད་ག་ལ་འཁོར། །རྒྱལ་ཁམས་ཕྱོགས་མེད་མ་འཁོར་ན། །བླ་མ་རྗེ་དང་ག་ལ་མཇལ། །བླ་མ་རྗེ་དང་མ་མཇལ་ན། །སྙན་བརྒྱུད་གདམས་ངག་ག་ལ་ཐོབ། །སྙན་བརྒྱུད་གདམས་ངག་མ་ཐོབ་ན། །གཉན་ས་རི་ཁྲོད་ཅི་ལ་འགྲིམས། །གཉན་ས་རི་ཁྲོད་མ་འགྲིམས་ན། །ཉམས་རྟོགས་དྲོད་རྟགས་ག་ལ་སྐྱེ། །ཉམས་རྟགས་དྲོད་རྟགས་མ་སྐྱེས་ན། །རས་གོས་རྐྱང་པས་ཅི་ལ་དྲོས། །རས་གོས་རྐྱང་པས་མ་དྲོས་ན། །ཡོན་བདག་ཕོ་མོ་ག་ལ་དད། །ཡོན་བདག་ཕོ་མོ་མ་དད་ན། །ཁྱེད་སྟོན་པ་ཕྲག་དོག་ཅི་ལ་སྐྱེ། །སྟོན་པ་ཕྲག་དོག་མ་སྐྱེས་ན། །སྟོན་པ་དམྱལ་བར་ག་ལ་འགྲོ། །ཡ་ཀི་སྤང་སྟོད་མཐོན་པོ་ན། །རི་དྭགས་རྩེད་བྲོ་བརྡུང་བ་ལ། །རི་ཁྱི་སྔོན་ཆུང་ཟུག་རྔུ་སྐྱེས། །དེ་རང་སྤྱང་ཁྱི་མ་འཁྲུལ་ལམ། །འདི་ཤེད་གཉའ་ནང་གྲོད་ཕུག་ན། །མི་ལ་རས་པའི་བསོད་ནམས་ལ། །ཚིག་གི་སྟོན་པ་ཟུག་རྔུ་སྐྱེས། །དེ་རང་སྟོན་པ་མ་འཁྲུལ་ལམ། །ཡོན་བདག་ཕོ་མོའི་དད་ཟས་ལ། །ཁྱེད་མཁས་བཙུན་བཟང་པོ་ཕྲག་དོག་སྐྱེས། །དེ་རང་མཁས་བཙུན་འཁྲུལ་ལས་ཆེ། །དོན་མེད་ཚིག་གི་སྟོང་སྒྲ་ལ། །བདེན་པར་མ་འཛིན་སྟོན་ཆེན་རྣམས། །ཚིག་ཐ་སྙད་མུ་སྟེགས་པས་ཀྱང་ཤེས། །རྟོག་པ་ཚིག་ཕྱིར་འབྲང་འབྲངས་ནས། །ཚེ་སུམ་གཉིས་ཟད་པ་མ་ཚོར་འདུག །དེ་བས་བདག་འཛིན་འགོང་པོ་ཐུལ། །ཚིག་ལ་ཚིག་སྐྱེས་ལབ་མི་ཁོམ། །ཚད་མའི་ཚོད་མ་ངས་མི་ཤེས། །ད་རེས་ཀྱི་རྩོད་པ་སྟོན་པ་རྒྱལ། །ཞེས་གསུངས་པས། དར་བློ་ན་རེ། དྲིས་པའི་ཆོས་སྐད་ཀྱི་ལན་འདེབས་རྒྱུ་མེད་པའི་མ་དྲིས་པའི་མི་ནག་པ་མགོ་བསྐོར་དུས་ཀྱི་གླུ་དེ་ངེད་ལའང་ལེན་པར་འདུག་སྟེ། མི་ནག་བླུན་པོ་རྣམས་ལ་བྱེད་བྱེད་ངེད་ལ་མི་འོང་། ཆོས་སྐད་ཀྱི་ལན་ཚུལ་བཞིན་འདེབས་རྒྱུ་ཡོད་ན་ཐོབ། དེ་མིན་དཀོར་ཁོ་ན་རང་ཟ་ཞིང་འཆལ་གླུ་ལེན་པའི་ཁ་དེར་དཀོར་ཟས་རང་བས། རེས་འགའ་འདི་འདྲ་ཡང་དགོས་པས་འགོམ་ཟེར། ས་སྤར་གང་རྗེ་བཙུན་གྱི་ཞལ་ལ་གཏོར་བྱུང་བས། རྗེ་བཙུན་གྱི་ས་ཕྱིས་ནས་ཞལ་འཛུམ་མཛད་དེ། འོ་ཁྱེད་གཞུང་གི་ཚིག་རིགས་ཚེ་འདི་ཆེད་དུ་བཟུང་བའི་སྟོན་ཆེན་རྣམས་ལ་ཆོས་ལུགས་འདི་འདྲ་ཀ་འོང་། སྡིག་པ་སྟོབས་ཆེ་ཁྱད་དུ་ཚེ་སྟོད་སློབ་གཉེར་ལ་སྡུག་ཐག་སྤྱོད་ནུས་པ་ངོ་མཚར་ཆེ། ངས་ཆོས་ཐམས་ཅད་ཉོན་མོངས་པའི་གཉེན་པོར་བསླབས་ཤིང་ཤེས་པ་ཡིན་ཏེ། ཁྱེད་རྣམས་ཀྱི་ཆོས་བསླབས་ཚད་ཉོན་མོངས་པའི་གྲོགས་སུ་བསླབས་ཤིང་ཤེས་འདུག །དེས་ན་རང་རེ་རྣམས་ཆོས་སྐད་དང་ཆོས་ལུགས་ག་ལ་མཐུན་གསུང་། དེའི་ཚེ་རས་ཆུང་པས་ངའི་བླ་མའི་སྐུའི་བ་སྤུ་གཅིག་ཀྱང་མི་དོ་རུང་། སྐུ་ལ་བསྡོ་བའི་སྡིག་ཅན་འདི་འདྲ་མ་བསྒྲལ་ན་རྩ་ལྟུང་ཕོག་ཅིང་བསྒྲལ་ན་ཚོགས་ཆེ་ཟེར་བེར་ཀ་ཞིག་ཁྱེར་ནས་བརྡེག་ཏུ་ཆས་བྱུང་བ། རྗེ་བཙུན་གྱིས་བཟུང་སྟེ་བུ་རས་ཆུང་པ་དགོས་དུས་མི་ཕན་པའི་ནོར། སྡུག་དུས་མི་ཕན་པའི་གཉེན། རྐྱེན་མི་ཐེག་པའི་ཆོས་རྣམས་བྱུར་དུ་ཆེ་བ་ཡིན་པས། གཉེན་པོ་སྟོབས་བསྐྱེད་ལ་དྲན་པས་ཟུངས་ཤིག །ངས་བུའི་དྲན་པ་དང་རིག་པ་ལ་ལྕག་འདེབས་པ་ཡིན་གསུང་། རས་ཆུང་པ་ལ་རིག་པ་ལྕག་འདེབས་ཀྱི་མགུར་འདི་གསུངས་སོ། །རྗེ་གཙུག་གི་ནོར་བུ་འགྲོ་བའི་མགོན། །དྲིན་ཅན་མར་པའི་ཞབས་ལ་འདུད། །རྐྱེན་ངན་ལམ་དུ་སློང་བར་བྱིན་གྱིས་རློབས། །བུ་རས་ཆུང་མ་ཡེངས་དར་ཅིག་ཉོན། །ཁ་ངོམས་ལྟོ་སྐྱིད་ཀྱི་ཆོས་པ་རྣམས། །རྐྱེན་ངན་པ་བྱུང་དུས་ཐ་མལ་བ། །དེ་རང་རྒྱུད་ངན་པས་རང་སྡུག་ཤོམ། །འཐབ་ཡ་བྱས་ན་གཏན་ཕམ་ཡིན། །བུ་དར་ཅིག་བླ་མའི་བཀའ་ལ་ཉོན། །ཆོས་ལྟ་བའི་རྒྱལ་པོ་ནམ་མཁའ་ལ། །བུ་རིག་པའི་ཁྱུང་ཕྲུག་གཤོག་རྩལ་སྦྱོང་། །ཁྱུང་ཕྲུག་གཤོག་རྩལ་མ་ཞེན་ཅིག །བརྒྱ་ལ་གཤོག་རྩལ་ཞེན་པ་ན། །ཕྱོགས་རིས་ཀྱི་གཡང་ལ་ལྟུང་ཉེན་གདའ། །རས་ཆུང་བླ་མའི་བཀའ་ལ་ཉོན། །ཆོས་སྒོམ་པའི་རྒྱལ་པོ་རྒྱ་མཚོ་ལ། །བུ་རིག་པའི་ཉ་ཆུང་ཡང་རྩལ་སྦྱོང་། །ཉ་ཆུང་ཡང་རྩལ་མ་ཞེན་ཅིག །བརྒྱ་ལ་ཡང་རྩལ་ཞེན་པ་ན། །འཁྲུལ་པའི་དོལ་དུ་ཆུག་ཉེན་གདའ། །བུ་རས་ཆུང་བླ་མའི་བཀའ་ལ་ཉོན། །ཆོས་སྤྱོད་པའི་རྒྱལ་པོ་གངས་རི་ལ། །བུ་རིག་པའི་སེང་ཕྲུག་ཡང་རྩལ་སྦྱོང་། །སེང་ཕྲུག་ཡང་རྩལ་མ་ཞེན་ཅིག །བརྒྱ་ལ་ཡང་རྩལ་ཞེན་པ་ན། །ཆོས་བརྒྱད་ཀྱི་བུ་ཡུག་འཚུབ་ཉེན་གདའ། །བུ་རས་ཆུང་བླ་མའི་བཀའ་ལ་ཉོན། །ཆོས་འབྲས་བུའི་རྒྱལ་པོ་རིན་ཆེན་གླིང་། །བུ་རིག་པའི་ཚོང་ཕྲུག་ཚོང་ཞིག་འདོན། །ཚོང་ཕྲུག་མེལ་ཚེ་མ་ཞེན་ཅིག །བརྒྱ་ལ་མེལ་ཚེ་ཞེན་པན། །ཆོས་ཉིད་ཀྱི་ནོར་བུ་འཆོར་ཉེན་གདའ། །བུ་རས་ཆུང་བླ་མའི་བཀའ་ལ་ཉོན། །བུ་ཞེ་སྡང་མ་ཆེ་རང་རྒྱུད་བསྲེག །ཉོན་མོངས་མ་ཆེ་གཉེན་པོ་བསྟེན། །ཞེས་གསུངས་པས། རས་ཆུང་པའི་ཐུགས་རྒྱལ་ཞི། ཡོན་བདག་རྣམས་སྟོན་པ་རྣམས་ལ་སྐུར་ཞིང་རས་ཆུང་པ་ལའང་ཅུང་ཟད་སྐུར་རོ། །རྗེ་བཙུན་ལ་ནི་སྔར་བས་ཀྱང་མོས་པར་གྱུར་ཏོ། །དེ་ནས་མི་རྣམས་རང་རང་སོ་སོའི་གནས་སུ་གྱེས་པ་ལས། སྟོན་པ་དར་བློ་རྗེ་བཙུན་དམའ་མ་ཕེབས་པའི་ཁར་ཁོ་རང་གིས་དམའ་ཕབ་པས་ཡི་མ་རངས་ནས། ནང་པར་ཡང་ཤ་ཁོག་གཅིག་དང་པོ་ཏི་མང་པོ་ཁྱེར་ཏེ། དར་བློ་དང་ལོ་སྟོན་གྲྭ་པ་འགའ་དང་བཅས་བཤགས་པ་འབུལ་བ་ཡིན་པས། རྗེ་བཙུན་དང་མཇལ་དགོས་ཟེར་བྱུང་བ་ལ། རས་ཆུང་པས་བཤགས་པ་ཡང་མི་དགོས། རྩོད་པ་ཡང་མི་དགོས། ཕྲད་དོན་ཡང་མེད་ཟེར་མཇལ་ཁ་བཀག་པ། གྲྭ་པ་གཞན་གྱིས་རྗེ་བཙུན་ལ་ཞུས་པས་མཉེས་ནས། དང་པོ་ནས་ཉེས་ལྟུང་གིས་མ་ཕོག་པ་མཆོག་ཡིན་ཏེ། ཕོག་རྟིང་བཤགས་པ་བྱེད་པ་རབ་ཡིན་པས། སྟོན་པ་རྣམས་ནང་དུ་ཐོངས་ཤིག་གསུང་མཇལ་ཁ་བཏང་བས། ཤ་ཁོག་དེ་རྗེ་བཙུན་ལ་ཕུལ་ནས། མདང་ཁྱེད་བདེན་པར་ཡོད་པས་མཐོལ་བཤགས་ལ་ཤ་ཁོག་འདི་འབུལ་བ་ཡིན། ད་པོ་ཏི་འདི་རྣམས་དཔང་པོར་བཙུགས་ནས་བགྲོ་གླེང་ཆོས་ཀྱི་ག་དར་ཡིན་པས། བློ་མཐུན་པའི་སྒོ་ནས་ཆོས་གཏམ་གླེང་མོ་བྱེད་ཟེར་བ་ལ། རྗེ་བཙུན་གྱི་ཞལ་ནས། སྟོན་པ་འཇིག་རྟེན་གྱི་ཁ་དཔེ་ལ་ཟོས་མ་ཟོས་དམར་ཆུང་བྱད་ལ་ཤེས་ཟེར་བ་ལྟར། ཆོས་ཤེས་མི་ཤེས་དང་། བྱས་མ་བྱས་ཉོན་མོངས་པ་དང་བདག་འཛིན་ཐུལ་མ་ཐུལ་ལ་ཤེས་ཏེ། ཉོན་མོངས་དང་བདག་འཛིན་ཐུལ་ན་ཆོས་ཤེས་ཀྱང་ཤེས་ལ། བྱས་ཀྱང་བྱས་པའི་རྟགས་ཡིན་པས། བགྲོ་གླེང་དང་རྩོད་པ་རྣམ་པ་ཀུན་ཏུ་རྒྱལ་ཚར། བདག་འཛིན་དང་ཉོན་མོངས་ཀྱི་ཕྱོགས་ལ་ཐོ་ཙམ་ཡང་མ་སོང་བའི་ཆོས་ཤེས་ལོ་དང་བྱས་ལོས་ཚིག་སྟོང་གི་གླེང་མོ་ཞིག་རང་རྒྱལ་རུང་ང་རྒྱལ་སྣོན་པས། འཁོར་བར་ཡུན་ཅི་རིང་དང་། དམྱལ་བ་གཏིང་ཅི་ཟབ་ཀྱི་ཐབས་ཡིན་ཕྱིར་བགྲོ་གླེང་གཏན་ཕམ་དུ་འདུག་པས། དེས་ན་བཤགས་པ་བྱེད་པ་ངོ་མཚར་ཆེ། ད་བགྲོ་གླེང་བས་རང་གནས་སུ་བྱོན་མཛོད་གསུངས་པས། ཡང་དར་བློ་ན་རེ་བདག་འཛིན་དང་ཉོན་མོངས་ཐུལ་མ་ཐུལ་སངས་རྒྱས་མིན་པ་སུས་ཀྱང་མི་ཤེས་པས། སུས་མ་ཐུལ་རུང་བགྲོ་གླེང་ཤེས་ཤིང་རྩོད་ལན་ཐེབས་ན་འཁོར་བར་ཡུན་ཅི་རིང་དང་དམྱལ་བ་གཏིང་ཅི་ཟབ་མི་འོང་སྟེ། མཁས་པའི་སྡིག་པ་ཆེ་རུང་ཡང་ཟེར་བ་ཡིན། ལན་མི་ཐེབས་ན་བླུན་པོའི་སྡིག་པ་ཆུང་རུང་ལྕི་བྱ་བ་ཡིན་པས། དགེ་བ་བྱེད་བློ་བྱས་རུང་དམྱལ་བ་གཏིང་ཟབ་པོ་དེ་ལ་འོང་བ་ཡིན། ཤེས་མི་ཤེས་ཀྱི་ཤན་འབྱེད་དགོས་པས་བགྲོ་གླེང་ཅིས་ཀྱང་བྱེད་དགོས། ངེད་ཀྱི་ཁྲིད་མཁས་བྱས་པས་ཆོག །དེ་བྱེད་པ་ལ་རྣལ་འབྱོར་པ་ཁྱོད་རང་ཆོས་གང་ལ་འདྲིས་པ་ཞིག་གིས་ཐོག་ནས་དམ་བཅའ་ཞིག་ཞོག་དང་། ངེད་ཀྱིས་ལེགས་ཉེས་ལྟ་བ་ཡིན། འོ་ན་ཡང་ཁྱོད་རང་ངེད་ཆོས་འདི་ལ་མི་མཁས་སམ་སྙམ་པ་ཞིག་གིས་ཐོག་ན་མར་དྲི་བ་གྱིས་དང་། ངེད་ཀྱིས་ལན་འདེབས་ཟེར་བ་ལ། རྗེ་བཙུན་གྱི་ཞལ་ནས། སྟོན་པ་ཅིས་ཀྱང་མི་ཉན་ན། རང་རེ་ཀུན་གྱིས་མིག་གིས་མཐོང་། རྣ་བས་ཐོས། རྒྱུན་དུ་འགྲོགས་པས་ཆ་རྒྱུས་ཡོད་ལ། འདྲིས་ཆེ་ཆུང་མེད་པའི་ཆོས་གཅིག་ལ་ངས་དྲི་བ་ཞིག་ཀྱང་བྱེད། དམ་བཅའ་གཅིག་ཀྱང་འཇོག་པས་སྟོན་པ་རང་ལན་ཐོབ་ཅིག །ནམ་མཁའ་འདི་ཐོགས་བཅས་ཡིན་ནམ་ཐོགས་མེད་ཡིན་གསུངས་པས། ཁོ་ན་རེ། དེ་འདྲ་འདྲི་མཁན་ཡང་མི་འོང་སྟེ། ཁྲིད་མཁས་བྱེད་པར་ཁས་བླངས་པ་ཡིན་པས་ལན་འདེབས་དགོས། ནམ་མཁའ་ཐོགས་མེད་ལས་འོས་ཅི་ཡོད་ཟེར་བ་ལ། རྗེ་བཙུན་གྱི་ཞལ་ནས། ངས་ནམ་མཁའ་ཐོགས་བཅས་ཡིན་ཟེར་གསུངས་པས། ཁོ་ན་རེ། དེ་སྐད་ཟེར་བའི་དབང་ཡོད་སྒྲུབ་ངག་ཅི་ཡོད་ཟེར་བའི་ཚེ། རྗེ་བཙུན་གྱིས་ནམ་མཁའ་སྲ་ཞིང་འཐས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས། ནམ་མཁའ་ཐོགས་བཅས་ཡིན་ནམ་ཐོགས་མེད་ཡིན་ལྟ་བས། ཁྱོད་རང་འགྲོ་འདུག་དང་བསྒུལ་བསྐྱོད་གྱིས་ཤིག་གསུངས་པ་ལྟར། ཁོས་ཀྱང་བསྒུལ་བསྐྱོད་བྱེད་པར་བརྩམས་པས། ལུས་དང་པོའི་འདུག་ལུགས་ལས་ཅུང་ཟད་ཀྱང་གཡོས་མ་བྱུང་ཞིང་། ངག་ཀྱང་སྨྲ་མི་ཤེས་པའི་ངང་ལ་རེ་ཞིག་ལུས་སོ། །དེའི་བར་ལ་རྗེ་བཙུན་གྱིས་ནམ་མཁའ་ལ་འབྱོན་པ་དང་། འཆག་པ་དང་། ཉལ་བ་དང་། སྐྱིལ་ཀྲུང་བཅས་ནས་བཞུགས་པ་ལ་སོགས་པའི་སྤྱོད་ལམ་སྣ་ཚོགས་མཛད་དོ། །དེ་ནས་རྗེ་བཙུན་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། ཁྱོད་ནམ་མཁའ་ཐོགས་མེད་ལ་ཐོགས་པ་ཅི་ཡིན་གསུངས་པས། ཁོ་ན་རེ། ཁྱོད་ལ་སློབ་དཔོན་མུ་སྟེགས་པ་ངན་སྔགས་དང་མིག་འཕྲུལ་ཤེས་པ་ཞིག་ཡོད་པར་འདུག །ངན་སྔགས་དང་མིག་འཕྲུལ་གྱི་ནུས་པ་མ་གཏོགས། ནམ་མཁའ་ཐོགས་མེད་དུ་སེམས་ཅན་ཀུན་འདོད་ཅིང་ཁ་ཐོགས་ཚད་སྨྲ་བ་ཡིན་ཟེར་བ་ལ། རྗེ་བཙུན་གྱི་ཞལ་ནས། ནམ་མཁའི་རྟོག་དཔྱོད་མེད་པ་ཀུན་ཀྱང་ཐོགས་མེད་དུ་འདོད་དམ། དུད་འགྲོ་རྣམས་ཀྱང་ཐོགས་མེད་དུ་སྨྲའམ། ཁྱོད་རང་དང་ཁྱོད་རང་གི་སློབ་དཔོན་སོགས་ཐོགས་མེད་དུ་སྨྲ་བ་ཀུན་ཀྱང་ཁྱོད་རང་གི་རྫུན་པར་བཏང་བྱུང་ཞིང་། ངན་སྔགས་ཀྱི་ནུས་པ་ཡིན་རུང་ང་ལ་ཁྱོད་ནམ་མཁའ་ལ་ཐོགས་པ་རང་གིས་ཆོག་གིས། ད་ཡང་ངའི་དམ་བཅའ་ལ་ཕུག་པའི་བྲག་འདི་ཐོགས་མེད་ཡིན་ཟེར་རོ། །ཁྱོད་ཅི་ཟེར་རམ་གསུངས་པས། ཁོ་ན་རེ། ཁྱོད་ཀྱི་མིག་འཕྲུལ་དང་ངན་སྔགས་བྱས་ན་མ་གཏོགས། བྲག་ཐོགས་བཅས་ལས་འོས་མེད་ཟེར་བས། རྗེ་བཙུན་གྱི་ཞལ་ནས། སྔ་སོར་ཁྱོད་རང་གི་ཁས་བླངས་ལྟར་ད་ཁྱོད་མིག་འཕྲུལ་ལ་མི་མཁས་སྙམ་འདུག་པས། ཁྱོད་ཀྱི་ངས་མཐོང་སར་བྲག་འདི་ཐོགས་མེད་དུ་འོང་བའི་མིག་འཕྲུལ་ཞིག་གྱིས་དང་གསུངས་པས་ཁོ་ན་རེ། མིག་འཕྲུལ་ཤེས་པ་དང་བྱེད་པ་རུང་ཡང་མི་རུང་། ཁྱོད་རང་མི་ནག་པ་རྣམས་མགོ་བསྐོར་ཐབས་སུ་གྱིས་ཟེར་བས། རྗེ་བཙུན་གྱི་ཞལ་ནས། ངའི་བསམ་པ་ལ་ཁྱོད་ཀྱིས་མི་ཤེས་པ་ཅིག་ཀྱང་མེད་པར་འདུག་སྙམ་པ་བྱུང་སྟེ། ཁྱོད་ལ་མི་རུང་བ་འདིར་མ་ཚད་སངས་རྒྱས་ཐོབ་པས་མགོ་བྱས་པའི་མི་རུང་བའི་ཆར་འབབ་པར་གདའ་གསུང་། ལོ་སྟོན་ན་རེ། ནམ་མཁའ་ཐོགས་བཅས་དང་འདྲ་བ་བཞིན་དུ་བྲག་འདི་ཐོགས་མེད་ཡིན་པའི་རྟགས་ཤིག་རྣལ་འབྱོར་པ་རང་གིས་སྟོན་དང་ཟེར་བས། དེའི་ཚེ་རྗེ་བཙུན་གྱིས་ཟད་པར་ནམ་མཁའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས། བྲག་ལ་ཡར་ཐལ་མར་ཐལ། ཕར་ཐལ་ཚུལ་ཐལ། སྐུའི་ཕྱེད་བྲག་གི་ཕྱིར་མངོན་པ་ལ་སོགས་པ་མཛད་པའི་མཐར། བྲག་དེ་ས་ལ་ཕབ་ནས་སླར་ཡང་ཕྱག་གིས་ནམ་མཁའ་ལ་བཏེག་པའི་བར་ལ། རས་ཆུང་པ་ལ་ཀ་བ་ཁྱེར་ཤོག་གསུངས་པས། རས་ཆུང་པས་ཀྱང་ཕ་བོང་ཀ་བ་འདྲ་བ་ཞིག་ཁྱེར་བྱུང་བ་བཙུགས་པས། སྟེང་གི་བྲག་ལ་རྗེ་བཙུན་གྱི་ཕྱག་རྗེས་ཤིག་བྱུང་བ་ད་ལྟའི་བར་དུའང་ཡོད་དོ། །དེའི་ཚེ་ལོ་སྟོན་ན་རེ། ཁྱོད་རང་ལ་ཐོགས་མེད་འདྲ་བ་ཞིག་བྱུང་གིས། མིག་འཕྲུལ་མིན་ན་ངེད་རྣམས་ལའང་ཐོགས་མེད་དགོས་པས། ཐོགས་མེད་ཨེ་ཡོད་ལྟ་ཟེར་བ་ལ། རྗེ་བཙུན་གྱི་ཞལ་ནས། ཁྱེད་རྣམས་ལའང་ཐོགས་མེད་བྱུང་འདུག་པ་དེ་མིན་ན་ངས་བྲག་ས་ལ་ཕབ་དུས་བཅར་ནས་མི་འཆིའམ་གསུངས་པས། དར་བློ་ན་རེ། ངེད་ཀྱི་ཐད་དུ་བྲག་མ་བྱུང་། བྲག་མེད་པའི་ཐོགས་མེད་ག་ལ་འོང་ཟེར་བས། རྗེ་བཙུན་གྱི་ཞལ་ནས། དེ་ཀ་ཐོགས་མེད་ཡིན་པའི་རྟགས་ཡིན། ཁྱོད་ཀྱིས་མ་མཐོང་བས་མེད་པར་མི་འགྲོ་གསུང་། དེའི་ཚེ་སྟོན་པ་དར་བློ་དེ་བས་ཀྱང་སེམས་འཁྲུག་པར་གྱུར་ཅིང་། ལོ་སྟོན་ཐེ་ཚོམ་ཟོས་ཏེ། དེ་རྣམས་འདྲ་མོ་བྱུང་། ངེད་རྟོག་གེ་བ་འདི་ཡིད་ཆེས་པར་དཀའ་བས། རྣལ་འབྱོར་པའི་དེ་རྣམས་མིག་འཕྲུལ་མ་ཡིན་པར་ལམ་རྟགས་ཡིན་ན་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབ་དགོས་པས། ཕ་རོལ་ཏུ་ཕྱིན་པ་དྲུག་ཇི་ལྟར་ཉམས་སུ་ལེན་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །སྐྱབས་ཆེན་རྒྱལ་བ་དཀོན་མཆོག་གསུམ། །བདེ་ཆེན་གཙུག་གི་རྒྱན་དུ་བཞུགས། །འབྲལ་མེད་སྙིང་ནས་གསོལ་བ་འདེབས། །ཡེངས་མེད་ཐུགས་རྗེའི་ལྕགས་ཀྱུས་ཟུང་། །འགྲོ་དྲུག་དྲིན་ཅན་ཕ་མ་རྣམས། །བརྩེ་བའི་བློ་ཡིས་ཕུགས་སུ་བཅུག །ཐེག་པ་ཆེན་པོའི་རྣལ་འབྱོར་པ། །ཚིག་ཕྲལ་ཆོས་ལ་ཐོས་པ་མེད། །སྟོང་ཉིད་དོན་ལ་བསམ་པ་མེད། །སྐྱེ་མེད་དོན་ལ་བསྒོམས་པ་མེད། །མི་དགེ་བཅུ་ལས་རང་ལོག་ཡིན། །སེར་སྣའི་མདུད་པ་མ་གྲོལ་བའི། །ཁ་ལན་སྦྱིན་པས་ཅི་ལ་ཕན། །གཡོ་སྒྱུ་ཟོལ་ཟོག་མ་སྤངས་པའི། །ཚུལ་འཆོས་ཁྲིམས་ཀྱི་ཅི་ལ་ཕན། །ཚིག་རྩུབ་མཚོན་ཆ་མི་ཐུབ་པའི། །གྲགས་འདོད་བཟོད་པས་ཅི་ལ་ཕན། །ལེ་ལོ་སྙོམ་ལས་མ་སྤངས་པའི། །དགེ་ལ་བརྩོན་ལོས་ཅི་ལ་ཕན། །རང་སེམས་གཡེང་བ་མ་སྤངས་པའི། །སྡུག་བཙིར་བསྒོམས་པས་ཅི་ལ་ཕན། །སྣང་བ་གྲོགས་སུ་མ་ཤར་བའི། །ཤེས་རབ་བསྒོམས་པས་ཅི་ལ་ཕན། །གནང་བཀག་ཟབ་མོ་མི་ཤེས་པའི། །ཐོས་པ་ཆེ་བས་ཅི་ལ་ཕན། །སྤང་བླང་ལག་ལེན་མི་བསྟུན་པའི། །རྒྱུ་འབྲས་བཤད་པས་ཅི་ལ་ཕན། །རང་རྒྱུད་ཆོས་དང་མི་བསྟུན་པའི། །སེར་མོའི་གཟུགས་ཀྱིས་ཅི་ལ་ཕན། །ཉོན་མོངས་དུག་སྦྲུལ་མི་གསོད་པར། །ཡེ་ཤེས་འདོད་པ་ལོག་ལྟ་ཡིན། །ཕྲག་དོག་འཚུབ་མ་མ་ཞི་བའི། །བྱང་སེམས་འདོད་པ་ལོག་ལྟ་ཡིན། །འགྲོ་ལ་འཚེ་བ་མ་སྤངས་པའི། །བཀུར་སྟི་འདོད་པ་ལོག་ལྟ་ཡིན། །ངར་འཛིན་ཕྱོགས་རིས་མ་སྤངས་པའི། །མཉམ་ཉིད་འདོད་པ་ལོག་ལྟ་ཡིན། །བདག་འཛིན་འགོང་པོ་མི་འདུལ་བར། །ཉོན་མོངས་ཐོ་བས་རྣལ་འབྱོར་བརྡུང་། །བྱ་སྤྱོད་ཚོགས་སུ་མི་བསྒྱུར་བར། །གཞན་གྱི་དགེ་ལ་བར་དུ་གཅོད། །རང་རྒྱུད་ཆོས་དང་མི་བསྲེ་བར། །དོན་མེད་ཚིག་གིས་གཞན་རྒྱུད་དཀྲུག །ཚེ་ལ་མ་བསྒོམས་གྱི་ནར་གདའ། །འཆི་ཁར་མི་འགྱོད་ཙམ་རེ་མཛོད། །ཅེས་གསུངས་པས། དར་བློ་ན་རེ། ཁྱོད་ཀྱིས་ཀྱང་ཕར་ཕྱིན་དྲུག་གི་མིང་ཐོས་འདུག །ཕར་ཕྱིན་བཅུ་ཉམས་སུ་ལེན་ན་ཇི་ལྟར་བྱེད་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །རྗེ་སྒྲ་སྒྱུར་མར་པ་སྐུ་དྲིན་ཅན། །དུས་སྙིགས་མའི་སེམས་ཅན་བསྐྱབ་ཏུ་གསོལ། །ཆོས་ཕྲག་དོག་ཞི་བར་བྱིན་གྱིས་རློབས། །ཁྱོད་ལོ་འདོད་ཀྱི་སྟོན་པ་དར་བློ་ཉོན། །མི་འཆི་སྙམ་པའི་ངང་ཉིད་ལ། །འགལ་འབྲེལ་ཚིག་ལ་སེམས་སེམས་ནས། །ཚེ་སུམ་གཉིས་ཟད་པ་མ་ཚོར་གདའ། །ད་ནི་ཉམས་ལེན་བྱས་ན་ལེགས། །དུས་སྙིགས་མའི་སེམས་ཅན་ཉོན་མོངས་རགས། །མི་སྡིག་ཅན་ཁ་ལ་བཟོད་གླགས་མེད། །ང་བདག་འཛིན་སྤངས་པའི་ཕ་རོལ་ན། །སྦྱིན་པ་བྱ་བ་ལོགས་ན་མེད། །གཡོ་སྒྱུ་སྤངས་པའི་ཕ་རོལ་ན། །ཚུལ་ཁྲིམས་བྱ་བ་ལོགས་ན་མེད། །དོན་ལ་མི་སྐྲག་ཕ་རོལ་ན། །བཟོད་པ་བྱ་བ་ལོགས་ན་མེད། །ཉམས་ལེན་འབྲལ་མེད་ཕ་རོལ་ན། །བརྩོན་འགྲུས་བྱ་བ་ལོགས་ན་མེད། །ངང་ལ་གནས་པའི་ཕ་རོལ་ན། །བསམ་གཏན་བྱ་བ་ལོགས་ན་མེད། །གནས་ལུགས་རྟོགས་པའི་ཕ་རོལ་ན། །ཤེས་རབ་བྱ་བ་ལོགས་ན་མེད། །བྱས་ཚད་ཚོགས་ཀྱི་ཕ་རོལ་ན། །ཐབས་ཞེས་བྱ་བ་ལོགས་ན་མེད། །བདུད་བཞི་བཅོམ་པའི་ཕ་རོལ་ན། །སྟོབས་ཞེས་བྱ་བ་ལོགས་ན་མེད། །དོན་གཉིས་གྲུབ་པའི་ཕ་རོལ་ན། །སྨོན་ལམ་བྱ་བ་ལོགས་ན་མེད། །ཉོན་མོངས་རང་མཚང་རིག་པ་ན། །ཡེ་ཤེས་བྱ་བ་ལོགས་ན་མེད། །དོན་ཉམས་སུ་ལེན་ན་དེ་ལྟར་ཡིན། །ཚིག་སྟོང་པའི་སྒྲ་ལ་དགོས་པ་ཆུང་། །ཞེས་གསུངས་པས། ལོ་སྟོན་ན་རེ། དེ་རྣམས་དོན་ཚུལ་མཐུན་འདུག །རྣལ་འབྱོར་པ་ཁྱོད་རང་གི་སྒོམ་ཉམས་ཡིན་ལས་ཆེ་ཟེར། དར་བློ་ན་རེ། དེ་རྣམས་དཔེ་ལ་བཟུང་བའི་ཚིག་ཏུ་འདུག །དེ་སྤྲོས་ན་མི་འོང་། མིག་འཕྲུལ་དང་རྫུ་འཕྲུལ་མཚན་ཉིད་པ་མུ་སྟེགས་པ་ལའང་ཡོད། སྔར་ཕར་ཕྱིན་བཅུའི་མིང་ཙམ་མ་གཏོགས་པོ་ཏི་འདི་དག་གི་དོན་གཅིག་ཀྱང་མ་བྱུང་། ད་པོ་ཏི་འདི་དག་གི་དོན་ཞིག་ལབ་པ་ཡིན། དེ་ལ་ཤེས་བྱ་ཐམས་ཅད་ཚད་མས་གཏན་ལ་འབེབས་དགོས་པས་ཚད་མ་གལ་ཆེ། ཚད་མ་ཤེས་ན་པོ་ཏི་གཞན་རྣམས་ཞར་ལ་འགྲོ་བས། ཐོག་མར་ཚད་མ་ལ་འདྲི་བ་ཡིན། དེའི་ལན་ཐེབས་བྱུང་ན་དག་པ་ཡང་སྟེར་བས། སྤྱིར་གྱི་ཚད་མ་སྤྱིའི་མཚན་ཉིད། ཁྱད་པར་མངོན་སུམ་དང་རྗེས་དཔག་གི་མཚན་ཉིད། འགལ་རྟགས་དང་འབྲེལ་རྟགས། སྣང་ལ་མ་ངེས་པའི་རྟགས་ཀྱི་གྲུབ་མཐའ་རྣམས་ཞོག་དང་ཟེར་བྱུང་བས། རྗེ་བཙུན་གྱི་ཞལ་ནས། སྟོན་པ་ཁྱོད་བློ་ཕུང་འགོང་ལའང་གཏོད། ཡིད་ཁྱོད་རང་དང་ཡི་དམ་ལའང་མི་ཆེས་པར་འདུག་པས། དག་པ་སངས་རྒྱས་ལའང་བྱིན་དོགས་མི་འདུག་ན་ང་ལ་ག་ལ་སྟེར། ངས་ཁྱོད་མགུ་བའི་ཆོས། ང་སྙིང་རྗེ་དང་ངེས་འབྱུང་དག་སྣང་གི་ཐལ་དང་ཚ་སྡོར་མེད་པའི་ཚད་མའི་ཚོད་མས་རང་རྒྱུད་ཀྱི་ལྕེ་རྐན་བསྲེག་བཞིན་འཐུངས་པས། གསུས་པ་ང་རྒྱལ་གྱིས་ཁེངས་ཏེ། ཡར་ལ་བདག་བསྟོད་རློམ་སེམས་ཀྱི་སྒྲེགས་པ་འདོན་ཅིང་ཕྲག་དོག་གི་སྐྱུགས་པ་དང་། མར་ལ་གཞན་སྨོད་ཀྱི་ཕྱེན་བཏང་ཞིང་། ཁྱད་གསོད་ཀྱི་བཤང་གཅི་འདོར་བས། བདག་གཞན་ཀུན་ལ་གནོད་པ་སྨན་ལོག་ནད་དུ་སོང་བ་དང་། ཆོས་ལོག་སྡིག་ཏུ་སོང་བ་དེ་འདྲ་མི་ཤེས་ཏེ་སྣང་བ་ཐམས་ཅད་སེམས་སུ་ཐག་ཆོད། སེམས་འོད་གསལ་སྟོང་པ་ལ་ངོ་ལྐོག་མེད་པར་ཡིད་ཆེས་པས་རྗེས་སུ་དཔག་དགོས་ཀྱི་ཆོས་གཅིག་ཀྱང་མེད། འགལ་འབྲེལ་དང་སྣང་ལ་མ་ངེས་པའི་རྟགས་དགོས་ན། སྟོན་པའི་ཤེས་རྒྱུད་དམ་པའི་ཆོས་དང་འགལ་བ་དེ་འགལ་རྟགས་ཡིན། འགལ་རྟགས་དེ་ཀ་ཉོན་མོངས་པ་དང་འབྲེལ་རྟགས་ཡིན་ཞིང་། ཆོས་པའི་གཟུགས་བརྙན་དུ་སྣང་ལ། འགལ་འབྲེལ་གཉིས་ཀའི་རྟགས་ཚང་བ་དེ་སྣང་ལ་མ་ངེས་པའི་རྟགས་ཡིན་ནོ་གསུངས་པས། ལོ་སྟོན་མགོ་གོས་ཀྱིས་ཕུར་ནས་དགོད་ཅིང་འདུག །དར་བློ་མགོ་ལག་སྤྲུག་བཞིན། ཧ་ཧ་ང་ལ་དག་དེ་ཀ་བྱས་པས་འོང་བ་འདུག་སྟེ། རང་ལ་ཤེས་རྒྱུ་རཏག་པའི་མགོ་མཇུག་ཀྱང་མེད་པའི་སངས་རྒྱས་སུ་ཁས་ལེན་བྱེད་པ་འདི་ཚོ་དགོད་བྲོ། ལར་རང་ང་བློ་ཕུང་འགོང་ལ་གཏོད་པའི་ཆ་ནམ་འོང་། དེའི་དཔང་པོར་སུ་ཡོད། ཚད་མ་ཤེས་པས་བདག་བསྟོད་ཅིང་གཞན་སྨོད་པ་ཡིན་ན། ཁྱོད་ཀྱིས་ཁྱེད་རང་སངས་རྒྱས་སུ་བྱས་ནས་ང་ལ་དེ་ཙམ་ཞིག་སྨད་བྱུང་བས་ཁྱོད་ཀྱིས་ཀྱང་ཚད་མ་ཤེས་པར་འདུག་སྟེ། དེ་ཁྱོད་ལ་བསོད་ནམས་དང་ལས་འཕྲོས་མ་བསྐོས་འདུག །དེ་བས་ཁ་ནས་དགོས་པའི་ཆོས་སྐད་ཀྱི་ལན་འདོན་རྒྱུ་མེད་པའི་མི་དགོས་པའི་འདོམས་ནས་ཆས་རྟགས་བོང་བུ་བས་ཆེ་བ་དེ་མ་སྟོན་པར་སྦོས་ལ་ཁ་རོག་པ་སྡོད་ཟེར་བས། རྗེ་བཙུན་གྱི་ཞལ་ནས། ང་ཁ་རོག་སྡོད་དུ་ཁྱོད་ཀྱིས་མི་འཇུག་པར་འདུག་པ། ངའི་རྟགས་འདི་ཁྱོད་ལ་མི་དགོས་ཏེ། འདིས་སྐྱིད་དུ་བཅུག་པས་དགོས་པ་ཆེན་པོ་ཡོད། ངས་གཤིས་ལུགས་བརྗོད་པས་ཁྱོད་རང་གི་གནོང་ལ་ཕོག་པ་དང་། ང་རང་ལ་བསྟོད་པ་འདྲ་བ་ཞིག་བྱུང་བ་ཡིན་ཏེ། འོ་སྐོལ་སེམས་ཅན་རྣམས་ཀྱི་སེམས་འོད་གསལ་སྟོང་པ་འཁོར་འདས་ཀྱི་སྐྱོན་ཡོན་གང་གིས་ཀྱང་མ་གོས་པ་འདི་ལ་ཀུན་གཞིའི་སངས་རྒྱས་ཞེས་ཀྱང་བྱ། བདེ་གཤེགས་སྙིང་པོ་ཞེས་ཀྱང་བྱ། འདི་རང་ངོ་རང་གིས་མ་ཤེས་ཤིང་མ་རིག་པ་ལ་གློ་བུར་གྱི་དྲི་མ་དང་། ཉོན་མོངས་པ་དང་སེམས་ཅན་དུ་མིང་བཏགས་ནས་འཁོར་བར་འཁྱམས་པ་ཡིན། སེམས་རང་ངོ་རང་གིས་ཤེས་ཤིང་རིག་པ་ལ་ཡེ་ཤེས་དང་རྣམ་དག་དང་སངས་རྒྱས་སུ་མིང་བཏགས་ནས་མྱང་འདས་སུ་སོང་བ་ཡིན། དེ་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་ཀྱང་། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །འགྲོ་བ་འདི་དག་མ་ལུས་སངས་རྒྱས་ཉིད། །ཅེས་པ་དང་། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་ཉིད་བསལ་ན་སངས་རྒྱས་ཉིད། །ཅེས་པ་དང་། སེམས་རྟོགས་ན་ཡེ་ཤེས་ཡིན་པས་སངས་རྒྱས་གཞན་དུ་མི་ཚོལ་བའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ་ཞེས་བྱ་བས། སེམས་གདོད་ནས་འོད་གསལ་སྟོང་པ་དེ་རྟོགས་པ་ལ་སངས་རྒྱས་སུ་བྱས་པ་ཡིན། དེས་ན་ངས་རང་སེམས་རྟོགས་པ་གཤིས་ལུགས་ཡིན་ཏེ། སྟོན་པ་ཡིད་མ་ཆེས་པར་འདུག །ཁྱོད་བློ་ཕུང་འགོང་ལ་གཏོད་པ་ཆ་ཡོད་པའི་དཔང་འདིར་ཚོགས་ཀུན་གྱིས་ཐུབ་པ་ཞིག་བྱས་འདུག་སྟེ། གཤིས་ལུགས་ཡིན་རུང་ཕོག་ཆེས་འོང་བ་འདུག་པས་མི་ལབ་གསུངས་པས། ཁོ་ན་རེ་ངོ་མཚར་ཆེ། ང་བློ་ཕུང་འགོང་ལ་གཏོད་ཅིང་ཡོད་པའི་རྒྱུ་མཚན་ཀུན་ཡིད་ཆེས་པ་བྱ་རྒྱུ་ཡོད་ན་གྱིས་དང་། མི་ཚེ་ཟོག་དང་མིག་འཕྲུལ་སྐྱོ་གླུ་ལེན་པས་མགོ་བསྐོར་བ་ལས་དྲག་ཟེར་བས། རྗེ་བཙུན་ཞལ་འཛུམ་མཛད་ནས། འོ་ན་ཁྱོད་རང་ཡིད་ཆེས་པ་རང་གིས་ཆོག་པས་བྱེད་དགོས། གོ་བ་ལོངས་ཤིག་ཁྱོད་རང་གི་ཤ་ཕྲག་གི་རྫས་དེའི་དོད་ཅིག་གཞན་དེ་ལའང་འདུག་པ། དེའི་དགོས་དོན་བློ་ཕུང་འགོང་ལ་གཏད་པའི་རྟགས་མིན་ནམ་གསུངས་པས། ཁོ་ངོ་ནག་ལོག་སོང་བ་དང་། རྗེ་བཙུན་གྱིས་མ་བྱེད་གསུངས་ཀྱང་མ་ཉན་པར་རས་ཆུང་པས་ཁོའི་ཤ་ཕྲག་གཡེངས་པས། བུད་མེད་མཛེས་མ་རྗེ་བཙུན་ལ་ཅུང་མི་མོས་ཤིང་རས་ཆུང་པ་ལ་མོས་པ་ཞིག་ཡོད་པ་དེའི་ལག་གདུབ་ཐོན་བྱུང་བས། སྟོན་པ་དར་བློ་ངོ་ཚ་ཞིང་ཁ་སྐྱེངས་པའི་ངང་ནས། རྗེ་བཙུན་ཡབ་སྲས་ལ་སྐུར་ཞུས་དྲག་པོ་བྱེད་ཅིང་སོང་ངོ་། །རས་ཆུང་པ་དགྱེས་ཞིང་ཀུན་ལ་ལག་གདུབ་བསྟན་ནས། སླར་ཡང་བུད་མེད་དེ་ལས་བྱེད་སར་ཕྱིན་ཏེ། མོའི་ལག་ནས་སྟོན་པའི་ཕྲེང་བ་ཁྱེར་བྱུང་བས་ཀུན་ཡིད་ཆེས་པ་དང་། ལོ་སྟོན་ཡང་མི་རྒྱུས་ཡོད་ཀྱིས་བཤད་པ་མིན་ན་ཁོང་རང་ཟེར་བ་བཞིན་འདུག་སྟེ། བརྟག་པ་བྱེད་དགོས་སྙམ་ད་རྩོད་པ་འཐུས་བྱུང་ཟེར། པོ་ཏི་རྣམས་ཁྱེར་ནས་ལོག་སོང་། དེ་ནུབ་ལོ་སྟོན་གྱིས་ལྷུང་བཟེད་དུ་ཁྲག་བླུགས། ཀ་པཱ་ལ་འོ་མས་བཀང་། ཐུབ་པ་འཁོར་བཅས་ཀྱི་བྲིས་སྐུ་ཞིག་ཡོད་པ་དེ་མགོ་མཇུག་བཟློག་ནས་བཀྲམ་སྟེ། འདི་རྣམས་ཤེས་བྱུང་ན་མངོན་ཤེས་དང་རྫུ་འཕྲུལ་རྣམས་ཀྱང་མཚན་ཉིད་པ་ཡིན་པས་དག་སྟེར་དགོས་བསམ། ནང་པར་རྗེ་བཙུན་གྱི་དྲུང་དུ་ཕྱིན་པས་ཐོག་མར་རས་ཆུང་པ་དང་མཇལ་བས། སྟོན་པ་ཁྱོད་ཀྱང་རང་དང་བསྟན་པའི་ཞབས་འདྲེན་ཕྱིར་མཚང་སྟོན་དུ་འོངས་པ་ཡིན་ནམ་གསུངས་པས། ང་བླ་མ་ལ་དད་ནས་མཇལ་དུ་འོངས་པ་ཡིན་ཟེར་ནང་དུ་ཐལ་སོང་བ་དང་། རྗེ་བཙུན་ཞལ་འཛུམ་མཛད་ནས། སྟོན་པ་བརྟག་པ་བྱེད་དགོས་དོན་མེད། ཁྱེད་རང་རྣམས་ལྐོག་གྱུར་དུ་འདོད་པའི་ཆོས་ཐམས་ཅད་ང་ལ་མངོན་སུམ་དུ་ཡོད་པ་ཡིན། སེར་གཟུགས་ཀྱི་སྣོད་དུ་དུག་ལྔའི་བཅུད་བླུགས་པ་དང་། ལྷུང་བཟེད་ཀ་པཱ་ལའི་སྣོད་དུ་བཅུད་ལྡུགས་ལུགས་མཚུངས་པ་འདུག །ཤེས་བཞིན་ཁྱད་དུ་བསད་པས་ཐུབ་པ་འཁོར་བཅས་ཀྱི་སྐུ་གཟུགས་ཀྱང་དབུ་ཞབས་བཟློག་མི་དགོས་རང་བཟློག་ཏུ་འདུག །ད་ཆོས་པ་ཆོས་མིན་གྱི་བྱ་བ་མ་བྱེད་པར་སྣོད་བཅུད་གོ་མ་བཟློག །ཤེས་བཞིན་ཁྱད་དུ་མ་གསོད་པར་ཐུབ་པའི་སྐུ་གཟུགས་ཀྱང་ཐད་དུ་ཞོག་གསུངས་པས། ཁོ་ཟིལ་བུན་པ་དང་འཇིགས་ཆུམ་པ་བྱུང་སྟེ། རྗེ་བཙུན་ལ་ཐུན་མོང་མ་ཡིན་པའི་དད་པ་སྐྱེས་ནས། རྣལ་འབྱོར་པ་ཁྱེད་རང་གི་ཐུགས་ཉམས་སུ་བཞེས་པའི་ཆོས་ཤིག་གསུང་བར་ཞུ་དང་། ང་ཡིད་ཆེས་པོ་རང་ཞིག་བྱུང་ཞུས་པའི་ལན་དུ། རྗེ་བཙུན་གྱི་ཞལ་ནས་ཡིད་ཆེས་པ་ཁྱོད་རང་ལ་ལེགས། ངའི་སྒོམ་ཉམས་ད་ལྟ་སྣོད་མིན་ལ་བཤད་པ་ཕངས་ཏེ་རྒྱུ་མཚན་འདི་ལྟར་ཡིན་ཞེས་མགུར་འདི་གསུངས་སོ། །སྒྲ་སྒྱུར་མར་པའི་ཞབས་ལ་འདུད། །སྤྲང་གསང་ཚིག་ཐུབ་པར་བྱིན་གྱིས་རློབས། །ཆོས་གསང་སྔགས་ཀྱི་ལྟ་བ་ཁམ་པོ་ཆེས། །ཁྱོད་ཕྱོགས་ཆ་ཅན་གྱི་སྟོན་པ་ལ། །ཐ་སྙད་རྒོལ་བ་བྱེད་པ་ཕངས། །སྒོམ་པ་ཡེངས་སུ་མེད་པ་ལ། །ལོང་གཏམ་གླེང་མོ་སྨྲ་བ་ཕངས། །གསང་སྔགས་གསང་ནས་སྤྱོད་རྒྱུ་ལ། །བརཏལ་ཞུགས་ཁྲོམ་དུ་སྟོན་པ་ཕངས། །བྱང་ཆུབ་བསྒོམས་པས་ཐོབ་པ་ལ། །སྒོམ་ཆེན་སློབ་གཉེར་བྱེད་པ་ཕངས། །གདམས་ངག་སྣོད་བཟང་ལྡུགས་རྒྱུ་ལ། །སྐལ་མེད་རྣམས་ལ་སྟེར་བ་ཕངས། །དང་པོར་གཟུང་བའི་དབེན་གནས་དེ། །མཇུག་ཏུ་སྟོང་པར་བསྐྱུར་བ་ཕངས། །རྣལ་འབྱོར་ཉམས་དབྱངས་ཟབ་མོ་དེ། །མང་པོའི་ཚོགས་སུ་ལེན་པ་ཕངས། །ཕངས་པ་བཤད་ན་མངས་ནས་མེད། །ད་རེས་ཀྱི་དྲིས་ལན་དེ་ལ་མཛོད། །ཅེས་གསུངས་པས། ཡང་སྟོན་པ་ན་རེ། སྒོམ་ཉམས་མི་གསུང་རུང་ཁྱེད་ལ་སྒོམ་བྱུང་གི་ཤེས་རབ་བརྡོལ་གདའ་བས། དབང་བསྐུར་དང་ས་ལམ་གྱི་རིམ་པ་ལྟ་སྒོམ་སྤྱོད་འབྲས་རྣམས་དོན་དྲིལ་བ་ཞིག་གསུངས་དང་ཟེར་བ་ལ། རྗེ་བཙུན་གྱི་ཞལ་ནས། ཁྱེད་ཀྱི་ལུགས་ངས་མི་ཤེས། ང་རང་གི་ལུགས་འདི་ལྟར་ཡིན་གསུངས་ནས་མགུར་འདི་གསུངས་སོ། །སྒྲ་སྒྱུར་མར་པའི་ཞབས་ལ་འདུད། །སྟོན་ཆེན་ལན་དུ་གླུ་ཞིག་ལེན། །འགལ་འབྲེལ་མ་བསྡེབས་དོན་ལ་ཉོན། །ལྟ་རུ་མེད་ན་མཐོང་བའི་མཆོག །དེ་ནི་སེམས་ཉིད་འོད་གསལ་ལགས། །བཙལ་དུ་མེད་ན་རྙེད་པའི་མཆོག །དེ་ནི་སེམས་ཉིད་རིན་ཆེན་གཏེར། །བཟའ་རུ་མེད་ན་འགྲངས་པའི་མཆོག །དེ་ནི་རྣམ་གྲོལ་ཏིང་འཛིན་ཟས། །བཏུང་དུ་མེད་ན་ངོམས་པའི་མཆོག །དེ་ནི་བྱང་སེམས་བདུད་རྩིའི་ཆབ། །རང་རིག་ཙམ་གྱི་ཡེ་ཤེས་འདི། །ངག་ཏུ་བརྗོད་པའི་ལམ་མ་ཡིན། །ཉན་ཐོས་བྱིས་པའི་ཡུལ་མིན་ཏེ། །རྟོག་གེ་བའི་ཡང་སྤྱོད་ཡུལ་མིན། །བསྐུར་ཐོབ་མེད་པའི་དོན་རྟོགས་ན། །དབང་གི་མཆོག་ཀྱང་དེ་ལ་བྱ། །མཐོ་དམན་མེད་པའི་དོན་རྟོགས་ན། །ས་ཡི་མཆོག་ཀྱང་དེ་ལ་བྱ། །བགྲོད་དུ་མེད་པའི་དོན་རྟོགས་ན། །ལམ་གྱི་མཆོག་ཀྱང་དེ་ལ་བྱ། །སྐྱེ་ཤི་མེད་པའི་དོན་རྟོགས་ན། །དགོས་པའི་མཆོག་ཀྱང་དེ་ལ་བྱ། །གཞལ་དུ་མེད་པའི་དོན་རྟོགས་ན། །ཚད་མའི་མཆོག་ཀྱང་དེ་ལ་བྱ། །ཆེ་ཆུང་མེད་པའི་དོན་རྟོགས་ན། །ཐེག་པའི་མཆོག་ཀྱང་དེ་ལ་བྱ། །བཟང་ངན་མེད་པའི་དོན་རྟོགས་ན། །ཐབས་ཀྱི་མཆོག་ཀྱང་དེ་ལ་བྱ། །གཉིས་སུ་མེད་པའི་དོན་རྟོགས་ན། །ལྟ་བའི་མཆོག་ཀྱང་དེ་ལ་བྱ། །དམིགས་གཏད་མེད་པའི་དོན་རྟོགས་ན། །སྒོམ་པའི་མཆོག་ཀྱང་དེ་ལ་བྱ། །བླང་དོར་མེད་པའི་དོན་རྟོགས་ན། །སྤྱོད་པའི་མཆོག་ཀྱང་དེ་ལ་བྱ། །རྩོལ་སྒྲུབ་མེད་པའི་དོན་རྟོགས་ན། །འབྲས་བུའི་མཆོག་ཀྱང་དེ་ལ་བྱ། །དེ་འདྲའི་དོན་དང་མི་ལྡན་པའི། །ཐོས་པས་དྲེགས་པའི་སྟོན་ཆེན་དང་། །ཚིག་གིས་སྙེམས་པའི་མཁས་པ་དང་། །སྤོང་ལེན་བྱེད་པའི་སྒོམ་ཆེན་གསུམ། །གྲོལ་དུ་རེ་སྟེ་བཅིངས་པར་མཆིས། །གཉིས་འཛིན་ཐག་པས་བཅིང་བར་མཆི། །ཐར་དུ་རེ་སྟེ་གཟུང་བར་མཆི། །གཟུང་འཛིན་ལྕགས་ཀྱུས་གཟུང་བར་མཆི། །ཐོན་དུ་རེ་སྟེ་བྱིང་བར་མཆིས། །ཁམས་གསུམ་འཁོར་བར་བྱིང་བར་མཆིས། །ཞེས་གསུངས་པས། ལོ་སྟོན་གྱིས་ཁེངས་དྲེགས་སྤངས་ནས་ཕྱག་འཚལ་བ་དང་ཆོས་ཞུ་བ་མ་བྱུང་བ་མ་གཏོགས། རྗེ་བཙུན་ལ་མི་ཕྱེད་པའི་དད་པ་ཐོབ་སྟེ། སྔར་གྱི་རྩོད་པ་རྣམས་དོན་གྱི་རྩོད་པར་འདུག་པས། ཁྱེད་རྒྱལ་གདའ་ཟེར་དག་ཕུལ་ནས་ལོག་སྟེ། དར་བློ་ལ་མི་ལ་ཟེར་བ་བཞིན་འོ་སྐོལ་མཚན་ཉིད་པ་རྣམས་ཀྱི་སྐྱོ་ཤས་དང་ངེས་འབྱུང་དག་སྣང་མེད་པའི་ཤེས་རྒྱ་འདི་ཐར་པ་ཐོབ་པའི་གྲོགས་སུ་འགྲོའམ། གེགས་སུ་འགྲོ་མི་ཤེས་པར་འདུག །མི་ལའི་མངོན་ཤེས་དང་རྫུ་འཕྲུལ་གྱི་གྲུབ་རྟགས་རྣམས་ལ་མིག་འཕྲུལ་ཡིན་བྱས་པས་ང་ནི་འགྱོད་པ་སྐྱེས་ཤིང་ཡིད་ཆེས་སྨྲས་པས། དར་བློ་ན་རེ། ཁྱོད་རང་ཡིད་ཆེས་པ་ཅོལ་ཆུང་བ་དང་ཆོས་ཀྱི་བདག་ངན་པ་རང་ཡིན་མོད། ང་ནི་ཁོའི་མངོན་ཤེས་དང་རྫུ་འཕྲུལ་རྣམས་འབྱུང་པོ་ཆེན་པོ་ཞིག་གིས་རྗེས་སུ་བཟུང་འདུག་སྙམ་པ་མ་གཏོགས། ཆོས་མཐོང་སྤུ་ཙམ་ཞིག་ཀྱང་མེད་ཅིང་ངས་བུད་མེད་ལ་མི་ཚངས་སྤྱོད་བྱས་པ་ཡང་མེད་ཟེར་ལོག་ལྟའི་ངང་ལ་ཤི་བས། ནང་གི་ནོར་ལ་ཆགས་ཏེ་གདོན་ཆེན་པོ་འཇིགས་སུ་རུང་བ་ཞིག་ཏུ་སྐྱེས་ནས་མནའ་དཔང་བྱེད་པ་ཞིག་བྱུང་ངོ་། །རྗེ་བཙུན་གྱི་ཞལ་ནས། ང་ལ་ངན་འབྲེལ་བྱས་པས་དར་བློའི་འཁོར་བ་མཐའ་ཅན་དུ་འགྱུར་གསུང་ངོ་། །རྗེ་བཙུན་ལ་སྐུར་པ་བཏབ་མཁན་སྟོན་པ་རྣམས་ཀྱི་རྙེད་པ་ཆད་དོ། །ལོ་སྟོན་ཕྱིས་རྗེ་བཙུན་གྱི་ཞབས་ལ་གཏུགས་ནས་བསྒོམས་པས། ཉེ་བའི་སྲས་སྟོན་སྒོམ་ལྔའི་ཡ་བར་གྱུར་པ་ཞིག་བྱུང་བའི་ལོ་རྒྱུས་འོག་ན་གསལ་ལོ། །ཕྲག་དོག་གི་རྩོད་པ་རྫུ་འཕྲུལ་དང་ནུས་པས་བཟློག་པའི་སྐོར་རོ།། །།

༈ ན་མོ་གུ་རུ། རྗེ་བཙུན་མི་ལ་རས་པ་དེ་ཉིད་ཀྱིས་ཕྲག་དོག་གི་རྩོད་པ་རྣམས་རྫུ་འཕྲུལ་དང་ནུས་པས་བཟློག་སྟེ་དོན་ལ་རྒྱལ་བར་གྱུར་ཀྱང་། ཐུགས་སྲས་རས་ཆུང་པ་དེ་ཉིད་ཚིག་གི་དངོས་ལན་གདབ་རྒྱུ་མ་བྱུང་བས་ཡིད་མ་ཚིམ་སྟེ། རྫུ་འཕྲུལ་ལ་ཡང་ཡིད་མི་ཆེས་པའི་སྟོན་པ་བློ་མ་ཚིམ། འདི་རྣམས་ཚིག་གི་དངོས་ལན་གྱིས་ཚར་གཅོད་དགོས་པར་འདུག །ཡང་ན་དྲག་པོའི་མཐུའི་སྒོ་ནས་ཚར་གཅོད་དགོས་པར་འདུག་སྟེ། མཐུ་རྗེ་བཙུན་ལ་ཞུས་རུང་རྗེ་བཙུན་གྱི་མཐུ་འདི་རང་གསུང་པ་ཙམ་ཡིན་པ་འདྲ་མིན་ན་རྫུ་འཕྲུལ་ལ་མིག་འཁྲུལ་ཡིན་ཟེར་བ་འདི་རྣམས་ཚར་བཅད་ན་རུང་བ་འདུག་སྟེ། མི་མཛད་པར་འདུག །ད་ཚེ་གཅིག་ལ་སངས་རྒྱ་བ་བླ་མའི་གདམས་ངག་ཟབ་སྟེ། སྟོན་པ་འདི་རྣམས་ཚར་གཅོད་པ་ལ་རྒྱ་གར་ལ་ཕྱིན་ནས་རིག་པ་ཞིག་བསླབ་དགོས་པར་འདུག་སྙམ་ནས། རྗེ་བཙུན་གྱི་དྲུང་དུ་རང་གི་འདོད་པ་ལྟར་ཞུ་བ་ཕུལ་བས། རྗེ་བཙུན་གྱི་ཞལ་ནས། རས་ཆུང་པ་འོ་སྐོལ་རྩོད་པ་ཕམ་ན་སྟོན་པས་དག་པ་ག་ལ་སྟེར། ཁྱེད་རྩོད་ལན་འདེབས་ཕྱིར་རྒྱ་གར་ལ་རིག་པ་སློབ་ཏུ་འགྲོ་ན་འཇིག་རྟེན་འདི་པ་ཁོ་ནར་འགྲོ་བ་ཡིན་ཞིང་། བརྒྱ་ལ་དོན་གྱི་ཉམས་ལེན་བློས་བཏང་ནས། ཚིག་བསླབས་པས་ཕྱོགས་རེ་ཙམ་ཤེས་རུང་རྩོད་པ་གང་ནས་འོང་གིས་ངེས་པ་མེད་ཅིང་། ཚིག་རིགས་ཀུན་ཤེས་པའི་དུས་མི་འོང་། རྩོད་ལན་དང་དྲིས་ལན་ཀུན་ཤེས་པ་ལ་སངས་རྒྱ་དགོས། སངས་རྒྱ་བ་ལ་བསྒོམ་དགོས་པས། ཚེ་འདི་བློས་ཐོངས་ལ་སྒོམ་རང་ངོ་ཤེས་པ་སྒོམ་ཞིང་སྡོད། མཐུས་གཞན་སོད་ནུས་རུང་འདྲེན་ནུས་པ་མེད་ན་རང་གཞན་གཉིས་ཀ་ཕུང་བ་ཡིན། དེ་མིན་ངས་ཀྱང་མཐུ་བྱས་པ་ལ་བརྟེན་ནས་མར་པའི་དྲུང་དུ་དཀའ་བ་དུ་མ་སྤྱད་དགོས་བྱུང་། དེས་ན་ཚེ་ཐུང་ནམ་འཆི་ཆ་མེད་སྒོམ་ལ་དྲིལ་ལ་སྡོད་གསུངས་པས། རས་ཆུང་པས་རྒྱ་གར་ལ་འགྲོ་བའི་ཞུ་བ་ནན་གྱིས་ཕུལ་བ་དང་། རྗེ་བཙུན་གྱི་ཞལ་ནས། ཁྱོད་ཅིས་ཀྱང་མི་ཉན་པར་རྒྱ་གར་ལ་འགྲོ་ན་རིག་པ་སློབ་ཏུ་མི་གཏོང་། ང་ལྷོ་བྲག་མར་པའི་དྲུང་ནས་འོང་དུས་སྙན་བརྒྱུད་གྱི་ཆ་ལག་ལུས་མེད་མཁའ་འགྲོའི་ཆོས་སྐོར་དགུ་ལས་བཞི་གནང་ནས། ལྔ་ད་དུང་རྒྱ་གར་ན་ཡོད་པས་ང་རང་གི་བུ་བརྒྱུད་ཀྱིས་ཕྱིན་ནས་ནཱ་རོའི་བརྒྱུད་པ་ལ་ཞུས་ན་ལོངས་ཤིང་སེམས་ཅན་ལ་ཕན་ཐོགས་གསུངས་པའི་ལུང་བསྟན་ཡོད་ནའང་ངས་སྔར་སྒོམ་བློས་གཏོང་མ་ནུས་པར་མ་ལོངས། ང་ན་སོ་རྒས་པ་དང་སེམས་ཀྱི་ཕུ་ཐག་ཆོད་པས་འགྲོ་བ་མི་འོང་བར་འདུག །ད་ཁྱོད་སོང་ལ་ལོང་ཤོག་ཅིག་རྒྱ་གར་དུ་འགྲོ་བ་ལ་གསེར་དགོས་པ་ཡིན་གསུང་། དཔོན་སློབ་གཉིས་ཀ་ལ་འབུལ་བ་བྱུང་བ་གསེར་དུ་བསྒྲིལ་བས་མང་རབ་བྱུང་ཚེ། གཤེན་རྡོར་མོ་དང་ལེགས་སེ་འབུམ་ལ་སོགས་ཏེ། ཉ་མ་རྣམས་ཀྱིས་རས་ཆུང་པ་ལ་གཤེགས་སྐྱེམས་ལ་ཚོགས་འཁོར་ཞིག་བཤམས་པའི་ཚོགས་གྲལ་དུ་རྗེ་བཙུན་གྱིས་གསེར་གང་ཡོད་རས་ཆུང་པ་ལ་གནང་སྟེ། བུ་རས་ཆུང་པ་ངའི་གླུ་འདིའི་དོན་ལ་བསམས་ཏེ་རྒྱ་གར་ནས་ཆོས་འདི་དག་ལོངས་ཤིག་གསུངས་ནས་མགུར་འདི་གསུངས་སོ། །སྒྲ་སྒྱུར་མར་པའི་ཞབས་ལ་འདུད། །རྣམ་ཐར་འཁྱོངས་པར་བྱིན་གྱིས་རློབས། །བུ་ཐོས་ཆུང་རྩོད་པ་ཕམ་པ་དེ། །ཐེ་ཚོམ་ཟ་ཞིང་ཉམས་ལེན་འབོར། །སློབ་གཉེར་འདོད་ཕྱིར་ས་མཐའ་བསྐོར། །དེ་རྣལ་འབྱོར་ལྡོག་པའི་འཕྲང་ཞིག་ཡིན། །ཁྱོད་རྒྱ་གར་ཡུལ་དུ་འགྲོ་བ་ན། །པཎ་ཆེན་ནཱ་རོའི་བརྒྱུད་པ་ལ། །ལུས་མེད་མཁའ་འགྲོའི་ཆོས་སྐོར་ཞུས། །རྩོད་ཚིག་ཕྲེང་བས་བྱ་རྒྱུ་མེད། །ང་དང་པོ་ཐུག་ས་མ་ནོར་བ། །མར་པ་ལོ་ཙྪའི་ཞབས་ལ་གཏུགས། །བར་དུ་སྒོམ་ས་མ་ནོར་བ། །བྲག་དཀར་རྟ་སོའི་རྩེ་ལ་བསྒོམས། །ཐ་མར་ལྡོམ་ས་མ་ནོར་བ། །བཤེས་མེད་འདྲིས་མེད་ཡུལ་དུ་ལྡོམ། །ད་ནི་སྲིད་ཞི་སྤང་བླང་བྲལ། །དེས་ན་རྣལ་འབྱོར་ལྡོག་མི་སྲིད། །ང་ལྷོ་བྲག་མར་པའི་ཞབས་དྲུང་ནས། །གཉན་སའི་རི་ལ་ཡོང་དུས་སུ། །བླ་མ་སངས་རྒྱས་འདི་སྐད་གསུངས། །འཁོར་ལོས་སྒྱུར་རྒྱལ་རིན་ཆེན་འཛིན། །རིགས་ལྔ་བྱ་འཕུར་ཆོས་ཉིད་ཀློང་། །རིག་པ་ཡེ་ཤེས་སྒྲོན་མེ་གཅིག །རྩ་རླུང་དྲ་མིག་འཁོར་ལོ་གཉིས། །བདེ་ཆེན་གསུང་གི་རིན་ཆེན་གསུམ། །རོ་སྙོམས་ཕྱི་ཡི་མེ་ལོང་བཞི། །རང་གྲོལ་ཕྱག་རྒྱ་ཆེ་དང་ལྔ། །དམ་ཆོས་འདི་ལྔ་རྒྱ་གར་ན། །ད་དུང་ཡོད་པས་ལོང་གསུང་ཡང་། །ང་ན་སོ་རྒས་ནས་མ་ཐོན་པས། །ཁྱོད་མར་པའི་བརྒྱུད་པ་འཛིན་པའི་བུས། །རྒྱ་གར་ཡུལ་ནས་ལོང་ལ་ཤོག །ཅེས་གསུངས་པས། རས་ཆུང་པ་དགྱེས་བཞིན་གསེར་རྣམས་ཀྱི་ཕུད་རྗེ་བཙུན་གྱི་སྐུ་ལ་གཏོར་ནས་ཞུ་བ་འདི་སྐད་ཕུལ་ལོ། །བླ་མའི་བཀའ་ལུང་དགོངས་དོན་རྣམས། །སྲོག་དང་བསྡོས་ནས་སྒྲུབ་པར་ཞུ། །གདམས་ངག་མཁའ་འགྲོའི་ཁ་རླངས་རྣམས། །ལུང་བསྟན་བཞིན་དུ་ལེན་པར་ཞུ། །མཁྱེན་བརྩེ་ལྡན་པའི་ཐུགས་རྗེ་ཡིས། །འབྲལ་བ་མེད་པར་གཟུང་དུ་གསོལ། །བཀའ་ཚིག་རྡོ་རྗེའི་ཕྲེང་བ་རྣམས། །བརྗེད་པ་མེད་པར་དྲན་པར་ཞུ། །རས་ཆུང་འདྲིས་མེད་བཤེས་མེད་ལ། །ལས་ཅི་ལ་ཐུག་ཀྱང་སྐྱོང་བར་ཞུ། །རྒྱ་གར་བཅའ་འཕྲང་འཇིགས་པ་ལས། །བདག་གང་དུ་འགྲོ་ཡང་གཟིགས་པར་ཞུ། །འདྲིས་མེད་མི་ཡུལ་འཁྱམས་པའི་ཚེ། །ལས་འཕྲོ་བཟང་དང་སྤྲོད་པར་ཞུ། །སྣང་བ་ལམ་དུ་བར་ཆད་ཀྱིས། །ནོར་བར་ཐལ་ན་སྒྱུར་བར་ཞུ། །ཞེས་ཞུས་པས། རྗེ་བཙུན་གྱི་རས་ཆུང་པ་ལ་མགུར་འདི་གསུངས་སོ། །བུ་རས་ཆུང་རྒྱ་གར་འགྲོ་བ་ལ། །གསུམ་ཚན་ཅན་བདུན་གྱི་གྲོས་ཤིག་འདེབས། །གཅིག་ཏུ་གསང་སྔགས་ཐབས་ལམ་ཆེ། །གཉིས་སུ་བླ་མའི་གདམས་ངག་ཆེ། །གསུམ་དུ་རང་གི་ཤེས་རབ་ཆེ། །དེ་ལ་ཆེ་བ་རྣམ་གསུམ་མཛོད། །གཅིག་ཏུ་མཁས་པའི་ཞབས་ཏོག་དགོས། །གཉིས་སུ་བླ་མའི་དད་པ་དགོས། །གསུམ་དུ་རང་ལ་སྙིང་རུས་དགོས། །དེ་ལ་དགོས་པ་རྣམ་གསུམ་མཛོད། །གཅིག་ཏུ་སྲོག་རྩོལ་གནད་དུ་ཚུད། །གཉིས་སུ་ཆོས་ཉིད་ཀློང་དུ་ཚུད། །གསུམ་དུ་ཆོས་ལ་རང་བྱན་ཚུད། །དེ་ལ་ཚུད་པ་རྣམ་གསུམ་མཛོད། །གཅིག་ཏུ་བདེ་བའི་འོད་གསལ་མཐོང་། །གཉིས་སུ་སྣང་བ་སྣ་ཚོགས་མཐོང་། །གསུམ་དུ་ལུང་རིགས་མན་ངག་མཐོང་། །དེ་ལ་མཐོང་བ་རྣམ་གསུམ་མཛོད། །ཕྱག་རྒྱ་མཚན་ལྡན་གྲོགས་སུ་གཅེས། །ཉམས་མྱོང་བདེ་བ་སེམས་ལ་གཅེས། །སྤྱོད་པ་གླང་ཆེན་ལྟ་བུ་གཅེས། །དེ་ལ་གཅེས་པ་རྣམ་གསུམ་མཛོད། །སྣོད་ངན་གདམས་ངག་སྤེལ་བ་ཕངས། །ཉམས་མྱོང་གླུ་རུ་ལེན་པ་ཕངས། །རྣལ་འབྱོར་གྲོང་དུ་འཁྱམས་པ་ཕངས། །དེ་ལ་ཕངས་པ་རྣམ་གསུམ་མཛོད། །གཅིག་ཏུ་མཆེད་གྲོགས་ཚོགས་སུ་འདུ། །གཉིས་སུ་མཁའ་འགྲོ་ཚོགས་སུ་འདུ། །གསུམ་དུ་ཡོ་བྱད་ཚོགས་སུ་འདུ། །དེ་ལ་འདུ་བ་རྣམ་གསུམ་མཛོད། །གླུ་དེ་དོན་བསམ་ནས་ཉམས་ལེན་འཚལ། །ཞེས་གསུངས་ནས། རས་ཆུང་པས་བླ་མ་ལ་ཕྱག་བྱས་ཏེ། ཀྱི་སྟོན་ཞེས་བྱ་བའི་རྫོགས་ཆེན་པ་གཅིག་གིས་མགོ་བྱས་པའི་གྲྭ་པ་བཅོ་ལྔ་ཙམ་དང་བཅས་རྒྱ་གར་ལ་ཆས་ཏེ། བལ་པོར་རས་ཆུང་པ་དང་ཀྱི་སྟོན་ལ་ཕྲིན་ལས་ཀྱང་ཅུང་ཟད་བྱུང་བས། ཏི་ཕུ་པའི་སློབ་མ་བྷ་རི་མ་དང་འཇལ། ཁོ་ཁོམ་རྒྱལ་པོ་ལ་ལོ་རྒྱུས་བྱས་ལམ་ཡིག་ཞུས་པས། སྔར་སྤྱན་མ་འདྲོངས་པའི་གྲུབ་ཐོབ་དེའི་ཐུགས་སྲས་ཡིན་པར་འདུག་ཟེར་འདོད་པ་བཞིན་གྱི་འགའ་འདྲ་རང་ཆས་བྱུང་སྟེ། རྒྱ་གར་དུ་ཕེབས་ནས་ཏི་ཕུ་པ་དང་མཇལ་ནས་ཆོས་ཀྱང་འདོད་པ་བཞིན་ཐོབ་པ་དང་། ཏི་ཕུ་པ་ཡང་རྗེ་བཙུན་ལ་དད་ནས་སྐྱེས་སུ་ཨ་ཀ་རུའི་ཕྱག་འཁར་ཞིག་བསྐུར་བ་དང་། གཞན་ཡང་རས་ཆུང་པས་མ་ཅིག་གྲུབ་པའི་རྒྱལ་མོ་དང་མཇལ་ཏེ་ཚེ་དཔག་མེད་ཀྱི་གདམས་ངག་ཐོབ་པ་དང་། མུ་སྟེགས་པ་ལ་ངན་སྔགས་བསླབས་ནས་བལ་པོར་སླེབ་ཚེ་ཏི་ཕུའི་སློབ་མ་བྷ་རི་མས། ལོ་ཙྪ་བས་ཕྲག་དོག་བྱས་པའི་ཆོས་ཀྱི་སྐྱོན་བསལ་བ་ལ་སོགས་བལ་པོ་དང་རྒྱ་གར་གྱི་ལོ་རྒྱུས་རྣམས་རྒྱས་པར་རས་ཆུང་པ་རང་གི་རྣམ་ཐར་ན་གསལ་ལོ། །དེ་ནས་རས་ཆུང་པ་ཚུར་བྱོན་པས་རྗེ་བཙུན་གྱི་འོད་གསལ་གྱི་ངང་ནས་གཟིགས་ཏེ་བསུ་རུ་བྱོན་པ་དང་དཔལ་ཁུད་ཀྱི་ཐང་དཀྱིལ་དུ་ཡབ་སྲས་གཉིས་མཇལ་བའི་བར་དུའོ། །རས་ཆུང་ཏི་ཕུའི་སྐོར་རོ།། །།


༈ ན་མོ་གུ་རུ། རྗེ་བཙུན་མི་ལ་རས་པ་དེ་ཉིད་གཉའ་ནང་གྲོད་པ་ཕུག་ན་བཞུགས་དུས། རུས་མེས་ཡིན་པའི་ཚོང་པ་ཞིག་རྗེ་བཙུན་ལ་མཇལ་དུ་བྱུང་བ་ལས། རྗེ་བཙུན་ལ་མི་ཕྱེད་པའི་དད་པ་ཐོབ་སྟེ། རྫས་གང་ཡོད་རྣམས་རྗེ་བཙུན་ཡབ་སྲས་ལ་ཕུལ་ཏེ། ཆོས་སྒོར་ཞུགས་པ་ལ་ཁྲིད་བཏབ་ནས་བསྒོམས་པས། ཉམས་རྟོགས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པ་ལ། རྗེ་བཙུན་གྱིས་ལྟ་སྒོམ་སྤྱོད་པ་རྣམས་ཟུང་འཇུག་ཏུ་ངོ་སྤྲོད་གནང་བས། དེ་མ་ཐག་གནས་ལུགས་ཀྱི་རང་ཞལ་མཐོང་སྟེ་དགའ་སྤྲོ་དཔག་ཏུ་མེད་པ་ཐོབ་ནས་ཁྲིད་གྲོལ་ཚེ་གཏང་རག་ཏུ་མེས་སྒོམ་གྱིས་ཚོགས་འཁོར་ཕུལ་བའི་ཚོགས་གྲལ་དུ་མེས་སྒོམ་ལ་འབྲི་སྒོམ་རས་པ་ན་རེ་ཁྱེད་གདམས་ངག་དང་ཆོས་ལ་ཡིད་ཆེས་སམ། དྲོད་རྟགས་སྐྱེ་ཚུལ་ཅི་འདྲ་བྱུང་ཟེར་བས། མེས་སྒོམ་གྱིས་རྩ་བ་དང་བརྒྱུད་པའི་བླ་མ་རྣམས་ཀྱི་ཐུགས་རྗེས་གདམས་ངག་ལ་ཡིད་ཆེས། སྐྱེ་ཚུལ་སྐྱིད་སྡུག་ཅི་བྱུང་རུང་བླ་མའི་གདམས་ངག་མིན་པ་གཞན་མི་དགོས་ཤིང་། རི་ཁྲོད་བློས་མི་ཐོངས་པའི་བསམ་པ་དྲག་ལ་བརྟན་པ་ཞིག་སྐྱེས་ཟེར་བ་ལ། རྗེ་བཙུན་མཉེས་ནས་མེས་སྒོམ་དེ་ཡིན། བླ་མ་དང་གདམས་ངག་ལ་ཡིད་ཆེས་ན། ཉམས་རྟོགས་མི་སྐྱེ་བའི་དབང་མི་འོང་ཞིང་། མྱུར་དུ་མ་སྐྱེས་རུང་རི་ཁྲོད་ལ་སྒོམ་ནུས་པ་ཞིག་འཚལ་གསུངས་ནས་མགུར་འདི་གསུངས་སོ། །སྒྲ་སྒྱུར་མར་པའི་ཞབས་ལ་འདུད། །མེས་སྒོམ་ལ་སོགས་འདིར་ཚོགས་ཀུན། །ཉམས་མྱོང་ལྡན་པའི་མི་རྒན་ངའི། །གླུ་འདི་དོན་བསམས་པའི་ཉམས་ལེན་མཛོད། །བདག་འཁྲུལ་པ་རྩད་ནས་ཆོད་ལགས་པས། །རང་རིག་བླ་མར་འཆར་ཡང་འཚལ། །རང་རིག་བླ་མར་མ་ཤར་ན། །གྲུབ་ཐོབ་རྗེ་དང་མི་འབྲལ་འཚལ། །སྣང་བ་དཔེ་ཆར་འཆར་ཡང་འཚལ། །སྣང་བ་དཔེ་ཆར་མ་ཤར་ན། །དམ་པའི་གསུང་དང་མི་འབྲལ་འཚལ། །ཞེན་པ་རང་ལོག་ཡོད་ཀྱང་འཚལ། །ཞེན་པ་རང་ལོག་མ་བྱུང་ན། །གཉེན་པོའི་སེམས་དང་མི་འབྲལ་འཚལ། །སྐྱེ་མེད་དོན་ཞིག་རྟོགས་ཀྱང་འཚལ། །སྐྱེ་མེད་དོན་ཞིག་མ་རྟོགས་ན། །རྒྱུ་འབྲས་ལས་ལ་འཛེམ་ཡང་འཚལ། །འཁོར་འདས་གཉིས་མེད་གོ་ཡང་འཚལ། །འཁོར་འདས་གཉིས་མེད་མ་གོ་ན། །བདེན་གཉིས་ཟུང་འཇུག་སྒོམ་ཡང་འཚལ། །བདག་གཞན་དབྱེར་མེད་འབྱོངས་ཀྱང་འཚལ། །བདག་གཞན་དབྱེར་མེད་མ་འབྱོངས་ན། །བྱང་ཆུབ་སེམས་དང་མི་འབྲལ་འཚལ། །རྟོགས་པ་རང་ཤར་ཡོད་ཀྱང་འཚལ། །རྟོགས་པ་རང་ཤར་མ་བྱུང་ན། །སོ་སོར་རྟོག་དང་མི་འབྲལ་འཚལ། །སྒོམ་མཉམ་རྗེས་མེད་པ་ཡོད་ཀྱང་འཚལ། །མཉམ་རྗེས་མེད་པ་མ་བྱུང་ན། །དབེན་པར་ཐབས་ལམ་སྒོམ་ཡང་འཚལ། །ཉམས་རྒྱུན་ཆད་མེད་པ་སྐྱེ་ཡང་འཚལ། །རྒྱུན་ཆད་མེད་པ་མ་སྐྱེས་ན། །སྣ་རྩེ་གསུམ་དང་མི་འབྲལ་འཚལ། །སྐུ་གསུམ་རང་ཆས་རྟོགས་ཀྱང་འཚལ། །སྐུ་གསུམ་རང་ཆས་མ་རྟོགས་ན། །བསྐྱེད་རྫོགས་ཟུང་དུ་སྦྲེལ་ཡང་འཚལ། །ཚོགས་དྲུག་ལྷུག་པ་འོང་ཡང་འཚལ། །ཚོགས་དྲུག་ལྷུག་པ་མ་བྱུང་ན། །ཁས་བླངས་དམ་ཚིག་མི་འབྲལ་འཚལ། །ཞེས་གསུངས་པས། མེས་སྒོམ་སྤྲོ་ནས་བདག་ལ་ལྟ་སྒོམ་སྤྱོད་པ་ཟུང་འཇུག་ཏུ་ངོ་སྤྲད་པ་དེ་རྣམས་གཅིག་ཏུ་དྲིལ་བ་ཞིག་ཐུགས་རྗེས་འཛིན་པར་ཞུ་ཞེས་ཞུས་པའི་ལན་དུ་མགུར་འདི་གསུངས་སོ། །རྗེ་བྱིན་རླབས་ཅན་ལ་ཕྱག་འཚལ་ལོ། །ལྟ་བའི་ཟུང་འཇུག་བློ་རེ་བདེ། །སྒོམ་པའི་ཟུང་འཇུག་ཉམས་རེ་དགའ། །སྤྱོད་པའི་ཟུང་འཇུག་དང་རེ་སྤྲོ། །ཟུང་འཇུག་གསུམ་པོ་ངོ་མཚར་ཆེ། །ལྟ་བའི་ཟུང་འཇུག་མ་ཤེས་ན། །སྣང་སྲིད་ཆོས་སྐུར་ག་ལ་ཤེས། །སྒོམ་པའི་ཟུང་འཇུག་མ་ཤེས་ན། །སྡུག་བསྔལ་རྒྱན་དུ་ཅི་ལ་འཆར། །སྤྱོད་པའི་ཟུང་འཇུག་མ་ཤེས་ན། །ཞེན་པ་རང་ལོག་ག་ལ་འོང་། །འགྲོ་དྲུག་འཁོར་བའི་སེམས་ཅན་དང་། །མྱ་ངན་འདས་པའི་ཡེ་ཤེས་གཉིས། །དབྱེར་མེད་ངང་དུ་ངོ་བོ་གཅིག །ལྟ་བའི་ཟུང་འཇུག་དེ་ལ་མཛོད། །སྣ་ཚོགས་སྣང་བའི་དཀར་དམར་དང་། །ཆོས་ཀྱིས་དབྱིངས་ཀྱི་ཡེ་ཤེས་གཉིས། །དབྱེར་མེད་ཆོས་སྐུར་ངོ་བོ་གཅིག །སྒོམ་པའི་ཟུང་འཇུག་དེ་ལ་མཛོད། །ཆུ་ཟླ་བཞིན་དུ་ཀུན་ལ་ཁྱབ། །འཇའ་ཚོན་བཞིན་དུ་ངོས་གཟུང་མེད། །མར་མེའི་འོད་བཞིན་གསལ་ལ་དྭངས། །སྤྱོད་པའི་ཟུང་འཇུག་དེ་ལ་མཛོད། །དེ་ཉིད་སེམས་ཅན་ཀུན་ལ་ཡོད། །དེ་ནི་ཟུང་འཇུག་རྣམ་གསུམ་ལགས། །གཉིས་སུ་མེད་པ་ལྟ་བའི་དོན། །ཡེངས་སུ་མེད་པ་སྒོམ་པའི་དོན། །ཟུང་དུ་འཇུག་པ་སྤྱོད་པའི་དོན། །དེ་གསུམ་དབྱེར་མེད་འབྲས་བུའི་དོན། །བུ་ཁྱོད་ཀྱིས་ཉམས་ལེན་དེ་ལ་མཛོད། །ཅེས་གསུངས་པས། བུ་སློབ་རྣམས་ལ་ཐུགས་སྐྱེད་ཆེ་བར་བྱུང་བ་ཡིན་ནོ། །དེ་ནས་ཡང་མེས་སྒོམ་གཅིག་པུར་རི་ཁྲོད་ལ་འགྲོ་བའི་ཚེ། བདག་ལ་འཁྱེར་བདེ་བའི་ཞལ་གདམས་ཤིག་གནང་བར་ཞུ་ཞུས་པས། རྗེ་བཙུན་གྱི་ཞལ་ནས། ངས་ཀྱང་ཉམས་ལེན་འདི་ལྟར་བྱས་པས་ཡོན་ཏན་རྒྱུད་ལ་སྐྱེས་པ་ཡིན། ཁྱོད་རང་ཡང་འདི་ལྟར་ཉམས་སུ་ལོངས་ཤིག་གསུངས་ནས་མགུར་འདི་གསུངས་སོ། །རྣལ་འབྱོར་མི་ལ་རས་པ་ངས། །ཅེར་གྱིས་བལྟས་པས་ངོ་བོ་མཐོང་། །སྤྲོས་བྲལ་ནམ་མཁའ་ལྟ་བུར་མཐོང་། །ཅོག་གིས་བཞག་པས་གནས་ལུགས་རྟོགས། །དངོས་ཀུན་སྟོང་པའི་ངོ་བོར་རྟོགས། །ལྷོད་ཀྱིས་གློད་པས་རང་ས་ཟིན། །རིག་པའི་ཆུ་བོ་དྭངས་སྙིགས་ཕྱེད། །ལིངས་ཀྱིས་བོར་བས་དྲན་རྟོག་ཆད། །རིགས་དྲུག་གཡང་ས་རྦད་ཀྱིས་ཆོད། །སངས་རྒྱས་སེམས་སུ་ངོ་ཤེས་པས། །ཞེ་འདོད་བསྒྲུབ་བྱ་མ་མཆིས་སོ། །རྟོགས་པ་ནང་ནས་ཤར་ཙ་ན། །མུན་པར་ཉི་མ་ཤར་བ་བཞིན། །ཉོན་མོངས་རྣམ་པར་རྟོག་པའི་ཚོགས། །བཅོས་མེད་རང་སར་ཡལ་ནས་ཐལ། །ཞེས་གསུངས་པས། མེས་སྒོམ་དགའ་མགུ་ཡི་རངས་ཏེ། བླ་མའི་བཀའ་བཞིན་གཅིག་པུར་རི་ཁྲོད་ལ་བསྒོམས་པས་ས་ལམ་དྲོད་རྟགས་ཉམས་རྟོགས་ཀྱི་ཡོན་ཏན་ཁྱད་པར་ཅན་ཐུགས་ལ་འཁྲུངས་པ། ཉེ་བའི་སྲས་མེས་སྒོམ་རས་པ་ཞེས་བྱ་བ་སྐལ་ལྡན་གྱི་གདུལ་བྱ་མང་པོ་ལ་ཕན་ཐོགས་པ་ཞིག་བྱུང་ངོ་། །མེས་སྒོམ་རས་པའི་སྐོར་རོ།། །།


༈ ན་མོ་གུ་རུ། རྗེ་བཙུན་མི་ལ་རས་པ་དེ་ཉིད་གཉའ་ནང་གྲོད་ཕུག་ནས་སྔོ་སྐང་གི་བར་ལ་རོ་སྙོམས་ཀྱི་ལྡོམ་བུ་ལ་བྱོན་ནས་ལ་ཞིང་དུ་ཞག་ཤས་བཞུགས་ཏེ། སྣག་ཕྲར་ཕྱག་ཕེབས་པ་ལས། བུ་མོ་སྔོ་སངས་མ་སྨིན་མ་དང་སྨ་ར་སེར་ཁྱུག་གེ་བ་ལོ་བཅུ་དྲུག་ཙམ་ལོན་པ་རྒྱན་གོས་བཟང་པོ་བྱས་པ་ཞིག་གིས་ཆུ་བླངས་བྱུང་བ་ལ། རྗེ་བཙུན་གྱིས་བུ་མོ་རྣལ་འབྱོར་པ་ང་ལ་ད་ནང་གི་ཚ་བ་སྟེར་དགོས་གསུངས་པས། མོ་ན་རེ། ངེད་ཀྱི་ས་ལམ་སྒོ་ཅན་འདིར་ལྡོམ་བུ་བ་བྱུང་ཚད་ལ་ཚ་བ་འདྲེན་ན་འདྲེན་གྱིས་མི་ལང་འདུག་ཟེར་ནང་དུ་སོང་བ་ལས། རྗེ་བཙུན་དེ་ཀར་བཞུགས་པ་དང་། དེ་ནུབ་བུ་མོ་དེ་ལ་རྨི་ལམ་བཟང་པོ་བྱུང་བ་དྲན་ཏེ། སྤྱིར་གྱི་སངས་རྒྱས་མི་ལྤགས་ཀྱིས་གཏུམས་པ་གང་ནས་འོང་མི་ཤེས་ཤིང་། ཁྱད་པར་རྗེ་བཙུན་མི་ལ་རས་པ་ཟེར་བའི་སངས་རྒྱས་དེ་ཡིན་པའང་སྲིད། བརྒྱ་ལ་ཡིན་ན་མདང་གི་རྨི་ལམ་དེའང་ཁོང་གི་ཐུགས་རྗེ་ཡིན་ངེས་པས་སུ་ཡིན་ལྟ་སྙམ་ཚ་བ་བྱ་ན་མ་ཞིག་ཁྱེར་ཕྱིན་ནས་རྗེ་བཙུན་ལ་དྲངས་ཏེ། རྣལ་འབྱོར་པ་ཁྱེད་གང་ནས་ཡིན་ཟེར་བ་ལ། རྗེ་བཙུན་གྱི་ཞལ་ནས། ཁྱེད་རང་གི་ཉེ་འཁོར་གྱི་ལྡོམ་བུ་བ་ཞིག་ཡིན་གསུངས་པས། ཁྱེད་གཉའ་ནང་གྲོད་ཕུག་གི་རྗེ་བཙུན་མི་ལ་ནི་མིན་ལས་ཆེ་ཟེར་བ་ལ། ཡིན་དུའང་རུང་གསུངས་པས། མོ་ལུས་ཞིག་འགྲོ་བ་ལྟ་བུའི་དད་པའི་སྤུ་ལོང་གཡོས་ཏེ། ཕྱག་འཚལ་ཞིང་དེ་ཀ་ལགས་བདག་ལ་མདང་རྨི་ལམ་བཟང་པོ་བྱུང་ཟེར་བ་ལ། ཇི་ལྟ་བུ་ཞིག་བྱུང་གསུངས་པས། བདག་གི་ཁོང་ན་འོད་མེད་པའི་ཉི་ཟླ་གཉིས་འདུག་པ་ལས། ཤར་ཕྱོགས་ནས་ཉི་ཟླ་གཉིས་ཤར་བྱུང་བའི་འོད་ཀྱིས་བདག་གིས་ཉི་ཟླ་ཡང་འོད་དང་ལྡན་པར་བྱས་ཏེ། ཕྱིར་ཐོན་ཕྱི་ནས་ཤར་བའི་ཉི་ཟླ་དང་འདྲེས་ཏེ་འཇིག་རྟེན་གྱི་ཁམས་ཀུན་གསལ་ལེ་མཐོང་བ་ཞིག་རྨི། བདག་གིས་རྗེ་བཙུན་གྱི་ཕྱག་ཕྱིར་འབྲངས་ན་ཆོས་ཤིག་འོང་བ་ཡིན་ནམ་ཟེར་བ་ལ། ཞལ་ནས་ཡིན་པའང་སྲིད་གསུང་། ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་ནས་གཉའ་ནང་གྲོད་ཕུག་ཏུ་བྱོན་ནོ། །དེ་ནས་རིང་པོ་མ་ཐོགས་པར་སྔར་གྱི་བུ་མོ་དེ་གྲོགས་གཅིག་དང་བསྡེབས་ཏེ། རྗེ་བཙུན་གྱི་དྲུང་དུ་བྱུང་ནས་ཆོས་གནང་བར་ཞུ་ཞེས་གསེར་ཐིག་པ་ཞིག་གིས་ཕྱག་རྟེན་བྱས་ནས་ཞུ་དོན་གླུ་རུ་ཕུལ་བ། ཨེ་མ་རྣལ་འབྱོར་རས་ཆེན་པ། །གྲུབ་ཐོབ་ཆེན་པོ་སྙན་གསོན་དང་། །བདག་སྐྱེས་པའི་ལུས་ལ་བལྟས་ཙ་ན། །མི་རྟག་རྩྭ་ཁའི་ཟིལ་པ་འདྲ། །དེས་ཀྱང་བུ་མོ་བློ་མ་བདེ། །འགྲོགས་པའི་གཉེན་ལ་བལྟས་ཙ་ན། །མི་རྟག་ཚོང་དུས་མགྲོན་པོ་འདྲ། །དེས་ཀྱང་བུ་མོ་བློ་མ་བདེ། །བསོགས་པའི་ནོར་ལ་བལྟས་ཙ་ན། །མི་རྟག་སྦྲང་མའི་སྦྲང་རྩི་འདྲ། །དེས་ཀྱང་བུ་མོ་བློ་མ་བདེ། །སྐྱེས་པའི་ཡུལ་ལ་བལྟས་ཙ་ན། །སྡིག་སྤྱོད་རྒྱལ་པོའི་བཙོན་ར་འདྲ། །དེས་ཀྱང་བུ་མོ་བློ་མ་བདེ། །ཉིན་པར་བློ་ཡིས་རྟོག་དཔྱོད་བཏང་། །མཚན་མོ་གཉིད་མེད་བསམ་མནོ་བཏང་། །སྔོན་ཆད་བསོད་ནམས་བསགས་པའི་མཐུས། །དུས་ལན་གཅིག་མི་ལུས་ཐོབ་པ་འདི། །ལོ་དང་ཟླ་བས་རྒྱབ་ནས་དེད། །ཞག་དང་ཟ་མས་མདུན་ནས་ཁྲིད། །སྐད་ཅིག་རེས་ཀྱང་འཆི་ལ་ཉེ། །ལུས་སྡོང་རུལ་འདྲ་སྟེ་འགྱེལ་དང་མཉམ། །དབུགས་ན་བུན་འདྲ་སྟེ་ཡལ་ལ་ཁད། །སེམས་བསམ་མནོ་བཏང་བས་བློ་མ་བདེ། །ཡིད་ཡང་ཡང་འགྱུས་པས་གཉིད་མ་ཁུགས། །ཕ་རྗེ་བཙུན་ཆེན་པོའི་ཞབས་དྲུང་དུ། །ཡིད་དམ་པའི་ཆོས་ལ་གཏད་ནས་འོངས། །ད་རྗེ་བཙུན་ཆེན་པོས་བསྐྱབ་ཏུ་གསོལ། །བཀའ་དྲིན་ལྷ་ཆོས་གནང་དུ་གསོལ། །ཞེས་ཞུས་པས། རྗེ་བཙུན་གྱིས་མོས་ཆོས་རང་ཁོ་ན་ནུས་སམ་མི་ནུས། ད་དུང་འཇིག་རྟེན་ལ་ཁ་དྲངས་ན་བྱེད་དམ་མི་བྱེད་ཉམས་སད་པའི་ཕྱིར་ཁྱོད་ཀྱི་གསེར་ཡང་མི་དགོས། ཁྱེད་ཕྱུག་པོའི་བུ་མོས་ཆོས་ནུས་དོགས་ཀྱང་མེད། བརྒྱ་ལ་ནུས་རུང་ཆོས་མགོ་ཐོན་པ་ཡང་དཀའ། དེ་བས་ད་ལྟ་གཞོན་དུས་ནས་འཇིག་རྟེན་བྱས་པ་དྲག་གསུངས་ནས་མོའི་ཞུས་ལན་མགུར་དུ་གསུངས་པ། དཔལ་འཁོར་ལོས་སྒྱུར་རྒྱལ་སྤྲུལ་པའི་སྐུ། །དྲིན་ཅན་མར་པའི་ཞབས་ལ་འདུད། །ཡ་ཀི་དགའ་ལྡན་ལྷ་ཡུལ་གྱི། །ཡོངས་འདུ་ཚལ་གྱི་ཕོ་བྲང་ན། །བཀྲག་མདངས་དྲི་བསུང་ལྡན་པ་ཡི། །ལྷ་ཡི་མེ་ཏོག་ངོ་མཚར་ཅན། །དེ་སྦྲང་མ་ཕལ་གྱིས་མི་རྙེད་གདའ། །བརྒྱ་ལ་རྙེད་ཀྱང་བཅུད་མི་ལོང་། །འཛམ་གླིང་རི་རྒྱལ་ལྷོ་ཕྱོགས་ན། །སྡིག་སྒྲིབ་བག་ཆགས་ཀུན་འཁྲུད་པའི། །ཡན་ལག་བརྒྱད་ལྡན་ཁྲུས་ཀྱི་རྫིང་། །དེ་འདབ་ཆགས་ཕལ་གྱིས་མི་རྙེད་གདའ། །བརྒྱ་ལ་རྙེད་ཀྱང་དེར་མི་གནས། །རྡོ་རྗེ་གདན་གྱི་བྱང་ཕྱོགས་ན། །འདུ་བའི་ནད་རྣམས་སེལ་བྱེད་པའི། །ཙནྡན་སྨན་གྱི་སྡོང་པོ་དེ། །མི་ཚད་ནད་ཅན་གྱིས་མི་རྙེད་གདའ། །བརྒྱ་ལ་རྙེད་ཀྱང་ལེན་མི་ཤེས། །བྱང་ཕྱོགས་ཁ་བ་ཅན་གྱི་ཡུལ། །བལ་བོད་གཉིས་ཀྱི་སོ་མཚམས་ན། །འགྲོ་བ་ཉམ་ཐག་རྣམས་ཀྱི་མགོན། །རང་བྱུང་ཝ་ཏི་བཟང་པོ་བཞུགས། །དེ་སྐལ་མེད་རྣམས་དང་མི་མཇལ་གདའ། །བརྒྱ་ལ་མཇལ་ཡང་དད་པ་མེད། །མཐའ་མེད་འཁོར་བའི་རྒྱ་མཚོ་འདིར། །གདེངས་མེད་ཉམ་ཐག་འགྲོ་བ་རྣམས། །ངན་སོང་གསུམ་གྱི་གནས་སུ་འཁྱམ། །གལ་ཏེ་དལ་འབྱོར་ཐོབ་སྲིད་ནའང་། །འཕྲོ་མཐུད་བསོད་ནམས་གསོག་མི་ནུས། །བརྒྱ་ལ་བསགས་ཀྱང་རློམ་པས་ཁྱེར། །ཉིན་མོའི་སྐར་མ་ལྟ་བུ་ཡི། །དལ་འབྱོར་མི་ལུས་ཐོབ་ནས་ཀྱང་། །བདེ་ནས་བདེ་བར་འགྲོ་བའི་ལམ། །དམ་ཆོས་ལམ་དུ་འཇུག་པ་མེད། །བརྒྱ་ལ་ཆོས་སྒོར་ཞུགས་ན་ཡང་། །དམ་ཚིག་ཚུལ་བཞིན་བསྲུང་བ་ཉུང་། །ཕ་རྗེ་བཙུན་གཅིག་གི་བཀའ་དྲིན་ལས། །སྣང་བ་ཐམས་ཅད་གསེར་དུ་ཡོད། །ཁྱོད་ཀྱི་སྙིང་རྡིག་ང་མི་འདོད། །གླུ་དཔེ་ལྔ་དོན་དང་དྲུག་པོ་དེས། །དད་ཅན་ཉ་མའི་གླུ་ལན་མཛོད། །ཁྱོད་ད་ལྟར་གྱི་དད་པ་གློ་བུར་ཡིན། །རྟག་ཏུ་འགྱུར་མེད་འོང་བ་དཀའ། །དེ་བས་བུ་མོ་ལོག་པ་འཐད། །ནམ་ཕུག་བློ་རྩེ་ཆོས་ལ་གཏོད། །བསྐོས་པའི་གཏན་གྲོགས་ལྷ་བཞིན་ཁུར། །ལན་ཆགས་བུ་ལ་བྱི་དོར་གྱིས། །ས་མཁར་མཐོན་པོའི་ཞིག་རལ་གསོས། །བཤོས་ཞིག་རེམ་པ་མཐའ་ནས་ཐུལ། །ལྟོས་པའི་ཕྱུགས་ལུག་བུ་བཞིན་སྐྱོངས། །ཡར་ལ་བླ་མ་དཀོན་མཆོག་མཆོད། །མར་ལ་སྡུག་ཕོངས་བྱམས་པས་སྐྱོངས། །བར་དུ་གྱོས་སྒྱུག་ཞབས་ཏོག་གྱིས། །ཡུལ་མི་ཁྱིམ་མཚེས་ཀུན་དང་བསྟུན། །རྒན་པོ་ང་ལ་གསོལ་བ་ཐོབ། །ནམ་ཕུགས་ཆོས་དང་མཇལ་བར་སྨོན། །བཀྲ་ཤིས་ཚེ་རིང་སྨོན་ལམ་འདེབས། །ཞེས་གསུངས་པས། བུ་མོ་དེས་རྗེ་བཙུན་ལ་ཕྱག་ཕུལ་ནས། བདག་འཁོར་བའི་ཉེས་དམིགས་དྲན་ཏེ་ཞེ་ཐག་པ་ནས་ཆོས་བྱེད་པ་མ་གཏོགས། འཇིག་རྟེན་འདིའི་ལོ་འདོད་རྩ་བ་ནས་མེད། དེའི་རྒྱུ་མཚན་འདི་ལྟར་ལགས་ཞེས་ཞུ་དོན་གླུར་ཕུལ་བ། དྲིན་ཅན་རྗེ་བཙུན་ཞབས་ལ་འདུད། །འདོད་དོན་གྲུབ་པར་བྱིན་གྱིས་རློབས། །རྗེ་རས་པ་ཆེན་པོ་སྙན་གསོན་དང་། །བདག་མོས་པའི་ཞུ་བ་འབུལ་བ་འདི། །རྫུན་ཁ་ཚིག་ཡིན་མིན་ཐུགས་ཀྱིས་མཁྱེན། །རང་ལ་རང་ཉིད་ཡི་མུག་ཆེ། །ཅི་དྲག་སེམས་ཀྱི་བསམ་མནོ་ལ། །མི་རྟག་འཆི་བ་གཏིང་ནས་དྲན། །རང་མ་ལ་སྐྱེས་ནས་ད་བར་ལ། །རྒན་གཞོན་མང་པོ་ཤི་བ་མཐོང་། །ཚེ་མི་རྟག་རྩྭ་ཁའི་ཟིལ་པ་འདྲ། །དེ་ཞག་དང་ཟ་མས་མ་ཚོར་འཛད། །གང་དུ་གནས་ཀྱང་མི་འཆི་བའི། །ས་ཕྱོགས་གང་ནའང་མེད་པར་གོ། །བདག་ལ་ངེས་པར་འཆི་དགོས་ཤིང་། །ཤི་ནས་གར་སྐྱེ་རང་དབང་མེད། །ངན་སོང་སྡུག་བསྔལ་བསམས་ཙ་ན། །སྡུག་བསྔལ་མྱོང་སྙམ་ཤིན་ཏུ་འཇིགས། །འཁོར་བ་གཞན་གྱི་ཚུལ་ལ་བསམས། །ལས་ངན་ཁྱིམ་ཐབ་བྱེད་དོ་ཞེས། །འཁོར་བའི་གཡོས་སྦྱོར་བྱས་ཙ་ན། །ཕ་མ་དྲིན་ཅན་རྒྱབ་ཏུ་བོར། །རང་གཉའ་དྲིན་མེད་མི་ལ་བསྐྱལ། །ངན་སོང་གསུམ་གྱི་འགྲམ་གཞི་བཏིང་། །མཐོ་རིས་ཐར་པའི་སྡོང་པོ་སྒྱེལ། །ཕ་མའི་ཟས་ནོར་ཁུར་ནས་སུ། །དོན་མེད་མི་ཡི་གཡོག་ལ་བརྩོན། །འཁོར་བར་མཆོང་བའི་གཉའ་གྲོགས་དེ། །དང་པོ་ལྷ་བུ་འཛུམ་བག་ཅན། །བར་དུ་བདུད་པོ་ངོ་ནག་པོ། །ཐ་མར་གླང་བུ་བརྡུང་སྙིང་ཅན། །བསམས་ཤིང་སྐྱོ་བ་ནང་ནས་སྐྱེས། །དེས་ན་བུ་མོ་ལྷ་ཆོས་བྱེད། །གྲོགས་སུ་རྡོ་རྗེ་སྤུན་དང་འགྲོགས། །དེ་ནས་ལུས་ལ་སྐྱེས་པའི་བུ། །བསོད་ནམས་ལྡན་པ་རེ་རེ་ལ། །ལས་ཅན་རེ་ཙམ་བྱུང་བའང་སྲིད། །ཕལ་ཆེར་ལན་ཆགས་འདེད་མཁན་དེ། །དང་པོར་ལུས་ཀྱི་མདངས་འཕྲོག་པོ། །བར་དུ་ཁ་ཡི་ཟས་འཕྲོག་པོ། །ཐ་མར་ལག་གི་ནོར་འཕྲོག་པོ། །བསམས་ཤིང་སྐྱོ་བ་ནང་ནས་སྐྱེས། །དེས་ན་བུ་མོ་ལྷ་ཆོས་བྱེད། །སྲས་བུ་རིག་པའི་ཁྱེའུ་ཆུང་གསོ། །གཙུག་ལག་ཁང་དང་མགྲོན་ཁང་སོགས། །བརྩིགས་པ་དོན་ཡོད་རེ་རེ་ཙམ། །འཁོར་བའི་བཙོན་དོང་ས་མཁར་དེ། །དང་པོ་སེམས་ལ་སྡུག་བསྔལ་བསྐུར། །བར་དུ་ལུས་ལ་ངལ་དུབ་བསྐུར། །ཐ་མར་ཞིག་རལ་ཕུང་ལ་བཏང་། །བསམས་ཤིང་སྐྱོ་བ་ནང་ནས་སྐྱེས། །དེས་ན་བུ་མོ་ལྷ་ཆོས་བྱེད། །འཇིག་མེད་བསམ་གཏན་མཁར་བུ་རྩིག །བདེ་གཤེགས་གསུང་རབ་སྐུ་གཟུགས་དང་། །དད་ལྡན་དགེ་རྒྱུན་མ་གཏོགས་པའི། །བཤོས་ཞིང་ལས་རྣམས་དོན་མེད་ཡིན། །དང་པོར་ཐང་སྟོང་ས་ལ་འཛིང་། །བར་དུ་འབྱུང་བ་ཆུ་ལ་འཛིང་། །ཐ་མར་མགོ་ནག་མི་ལ་འཛིང་། །བསམས་ཤིང་སྐྱོ་བ་ནང་ནས་སྐྱེས། །དེས་ན་བུ་མོ་ལྷ་ཆོས་བྱེད། །ཞིང་དུ་རང་རྒྱུད་ཐ་རྒོད་འདུལ། །གལ་ཏེ་སེམས་བསྐྱེད་བསམ་པ་ཡིས། །ཟིན་ན་བསོད་ནམས་འོང་བའང་སྲིད། །མ་ཟིན་ནོར་གྱི་འདུ་ཤེས་ཀྱིས། །ཕྱུགས་ལུག་བསྐྱང་བ་སྡིག་པའི་ལས། །དང་པོར་བརྣབ་སེམས་འདོད་པས་ཕྲལ། །བར་དུ་ང་རྒྱལ་ཕྲག་དོག་འཕེལ། །ཐ་མར་དགྲ་བོའི་གཡབ་མོ་བྱས། །བསམས་ཤིང་སྐྱོ་བ་ནང་ནས་སྐྱེས། །དེས་ན་བུ་མོ་ལྷ་ཆོས་བྱེད། །ཕྱུགས་ལུགས་རིགས་དྲུག་སྙིང་རྗེས་སྐྱོང་། །རང་སྐྱོན་རང་གིས་མི་ཟིན་པར། །མི་ཡི་སྐྱོན་ལ་རྒྱུན་དུ་ལྟ། །ཀུན་དང་མཐུན་པ་ག་ལ་འབྱུང་། །ཉེས་པའི་དྲི་མ་དང་བྲལ་བའི། །ཀུན་མཁྱེན་སྟོན་པ་སངས་རྒྱས་ལའང་། །སྡིག་ཅན་ལ་སོགས་ནག་ཕྱོགས་ཀྱིས། །སྐྱོན་གྱི་ཕུང་པོ་དག་ཏུ་མཐོང་། །དེ་ཕྱིར་ཀུན་དང་མི་མཐུན་ཞིང་། །མི་སེམས་བཟུང་བས་ཟིན་དུས་མེད། །བསམས་ཤིང་སྐྱོ་བ་ནང་ནས་སྐྱེས། །དེས་ན་བུ་མོ་ལྷ་ཆོས་བྱེད། །ད་ནི་སེམས་ཀྱི་རང་ཞལ་ལྟ། །སངས་རྒྱས་སྤྲུལ་པ་ཁྱེད་ཉིད་ཀྱི། །སྣང་བ་ཐམས་ཅད་གསེར་དུ་འཆར། །མ་ཤར་ནའང་ཡོད་མེད་མེད། །ངེད་འཇིག་རྟེན་པ་ཡི་སྙིང་རྡིག་འདི། །ཞེན་པ་སྤོང་ཕྱིར་ཅིས་ཀྱང་འབུལ། །ཞེན་པ་ཆེ་བའི་དངོས་པོ་འདི། །སྤོང་བར་རྒྱལ་བ་རྣམས་ཀྱིས་གསུངས། །སྒྱུ་མ་ལྟ་བུའི་ཟས་ནོར་ལ། །དགེ་བར་སྤྱད་ན་བསོད་ནམས་སུ། །འགྲོ་ཞེས་སངས་རྒྱས་རྣམས་ཀྱིས་གསུངས། །ཟེར་བ་བདག་གི་རྣ་བས་ཐོས། །དེ་ཕྱིར་ཁྱེད་ལ་འབུལ་བ་ལགས། །མོས་པའི་རྟེན་འདི་བཞེས་ནས་ཀྱང་། །བཀའ་དྲིན་ལྷ་ཆོས་གནང་བར་ཞུ། །ཞེས་ཞུ་དོན་གླུ་རུ་ཕུལ་བས། རྗེ་བཙུན་གྱིས་མོའི་གསེར་རེ་ཞིག་བཞེས་ཏེ་སླར་ཡང་མོ་རང་ལ་གནང་ནས། ཁྱོད་ཤི་མ་ཤི་མེད་པར་སྙིང་ནས་ཆོས་བྱེད་ན་ཆོས་སྒོར་འཇུག་པས་བླ་མ་དང་ཡི་དམ་ལ་མཆོད་པ་ཤོམས་ཤིག་གསུངས་པས། མོས་ཀྱང་ཚོགས་མཆོད་རྒྱ་ཆེན་པོ་བཤམས། རྗེ་བཙུན་གྱིས་མོ་ལ་མདོ་ལུགས་ཀྱི་དགེ་བསྙེན་མའི་སྡོམ་པ་གནང་། སྔགས་ལུགས་ཀྱི་དབང་བསྐུར་ཏེ། མིང་ས་ལེ་འོད་དུ་བཏགས། གདམས་ངག་རྣམས་ཕོག་སྟེ་སྒོམ་དུ་བཅུག་པས། དྲོད་རྟགས་ཀྱི་ཡོན་ཏན་མྱུར་དུ་སྐྱེས། རི་ཐུབ་པ་བྱུང་བ་དང་རྗེ་བཙུན་གྱི་ཞལ་ནས། ཁྱོད་ལ་སྙིང་རུས་དང་དད་པ་ཡང་དགའ་མོ་འདུག །ཉམས་རྟོགས་ཀྱིས་ཀྱང་རི་ཐུབ་པ་འདུག་པས། ད་གཅིག་པུར་རི་ལ་སྒོམ་དུ་སོངས། ང་དང་མ་ཕྲད་ཀྱི་བར་དུ་སྙིང་གཏམ་འདི་རྣམས་ཡིད་ལ་ཟུངས་ཤིག་གསུང་། ཞལ་གདམས་ཀྱི་མགུར་འདི་གསུངས་སོ། །མཚན་ལྡན་བླ་མ་ཐུགས་རྗེ་ཆེ། །དཀོན་མཆོག་གསུམ་པོ་སྐྱབས་གནས་བཟང་། །མཁའ་འགྲོ་ཆོས་སྐྱོང་མཐུ་རྩལ་ཆེ། །གོང་དུ་སྨོས་པ་རྣམས་ལ་འདུད། །གླུ་སྙན་པའི་སྡེབ་སྦྱོར་མི་ཤེས་ཏེ། །ཚིག་འདི་ལ་བརྒྱུད་པའི་བྱིན་རླབས་ཡོད། །དོན་འདི་ལ་རྒྱལ་བའི་དགོངས་པ་གནས། །དད་ལྡན་སྒོམ་མ་ས་ལེ་འོད། །སེམས་ཀྱི་མེ་ལོང་གཡའ་ཕྱིས་ལ། །དྲི་མེད་ནམ་མཁའི་དབྱིངས་ལ་ལྟོས། །གྲུབ་ཐོབ་གོང་མས་བྱིན་བརླབས་པའི། །དབེན་གནས་རི་ལ་སྒོམ་དུ་སོངས། །རི་ཁྲོད་འགྲིམས་པའི་དགོས་པ་ལ། །དབང་སྒྱུར་སེམས་ཀྱི་གཤིས་ལ་ལྟོས། །དེ་ཡི་ལྟ་ལུགས་ཁོ་བོས་བཤད། །ཡིད་མ་ཡེངས་ཉོན་ཅིག་ས་ལེ་འོད། །དང་པོར་ཆོས་སྒོར་ཞུགས་པ་ནས། །དད་པ་འགྱུར་མེད་ངོ་མཚར་ཆེ། །ད་རི་བོ་ཡ་གི་ལ་དཔེ་ལོང་ལ། །གཡོ་འགུལ་མེད་པའི་སྒོམ་ཞིག་མཛོད། །སངས་རྒྱས་ཡོན་ཏན་སྐྱེ་བ་ལ། །སྐྱིད་སྡུག་ཐེག་པའི་ཞེ་བཅད་འཚལ། །ཆུ་བོ་མ་གི་ལ་དཔེ་ལོང་ལ། །རྒྱུན་ཆད་མེད་པའི་སྒོམ་ཞིག་མཛོད། །བླ་མའི་བྱིན་རླབས་འཇུག་པ་ལ། །མོས་གུས་རྒྱུན་ཆད་མེད་པ་འཚལ། །ནམ་མཁའ་འདི་ལ་དཔེ་ལོང་ལ། །མཐའ་དབུས་མེད་པའི་སྒོམ་ཞིག་མཛོད། །གནས་ལུགས་དོན་ལ་ལྟ་བ་ལ། །ཐབས་དང་ཤེས་རབ་ཟུང་འཇུག་འཚལ། །ཉི་ཟླ་གཉིས་ལ་དཔེ་ལོང་ལ། །གསལ་འགྲིབ་མེད་པའི་སྒོམ་ཞིག་མཛོད། །རིགས་དྲུག་ཕ་མར་ཤེས་པ་ལ། །སྙིང་རྗེས་ཀུན་ལ་ཁྱབ་པ་འཚལ། །རྒྱ་མཚོ་མ་གི་ལ་དཔེ་ལོང་ལ། །བྱིང་རྨུགས་མེད་པའི་སྒོམ་ཞིག་མཛོད། །རང་སེམས་མངོན་སུམ་མཐོང་བ་ལ། །བླ་མའི་གསུང་བཞིན་སྒྲུབ་པ་འཚལ། །ས་གཞི་འདི་ལ་དཔེ་ལོང་ལ། །འགྱུར་བ་མེད་པའི་སྒོམ་ཞིག་མཛོད། །གདམས་ངག་སྣོད་དུ་རུང་བ་ལ། །ཀུན་གཞིའི་དད་པ་བརྟན་པོ་འཚལ། །རང་སེམས་འདི་ལ་ཚུར་ལྟོས་ལ། །ཐ་སྙད་མེད་པའི་སྒོམ་ཞིག་མཛོད། །སྣང་བ་དཔེ་ཆར་འཆར་བ་ལ། །སློབ་གཉེར་རང་གི་སེམས་ལ་འཚལ། །དུས་དང་རྣམ་པ་ཐམས་ཅད་དུ། །མི་ཟད་སྦྱིན་པའི་རྒྱགས་ཕྱེ་སྒྲུབས། །ཚུལ་ཁྲིམས་མཛེས་པའི་རྒྱན་ལ་གཟོབས། །བཟོད་པའི་གཡང་ལུག་སྤྲུགས་ལ་གྱོན། །བརྩོན་འགྲུས་རྫུ་འཕྲུལ་རྟ་ལ་ཞོན། །བསམ་གཏན་འཕགས་པའི་གྲོང་དུ་སྙོགས། །ཤེས་རབ་ནོར་གྱིས་ཕྱུག་པར་མཛོད། །བླ་མའི་དྲིན་ལན་མ་བརྗེད་པར། །ཉམས་དང་རྟོགས་པ་བརྒྱ་འབུལ་གྱིས། །དོན་མཇལ་བར་གདའ་འམ་དད་ཅན་མ། །ཞེས་གསུངས་པས། མོ་ལྷག་པར་དད་ནས། ཚོགས་དང་མཆོད་པ་བརྒྱ་ཆེན་པོ་བཤམས། རྗེ་བཙུན་ལ་ཡང་མཉེས་པའི་མཆོད་པ་ཕུལ་ནས། རྗེ་བཙུན་གྱི་བཀའ་བཞིན་ཚེ་འདིའི་བྱ་བ་ཐམས་ཅད་བཏང་སྟེ། གཉའ་ནང་སྣང་ཡུལ་གྱི་རི་ལ་སྒོམ་དུ་སོང་ངོ་། །རྗེ་བཙུན་ཆེན་པོ་ཡང་བྲིན་གྱི་བྲག་དམར་ལ་བྱོན་ནས། གསལ་འགྲིབ་མེད་པའི་འོད་གསལ་གྱི་ངང་ནས་ཐུགས་བརྩེ་བ་ཆེན་པོས་རས་ཆུང་པ་ལ་གཟིགས་པས། ཤེལ་གྱི་མཆོད་རྟེན་འོད་འཚེར་བ་ཞིག་ཏུ་ཁྲོང་ངེ་འོང་ཞིག་ཡོད་པ་ལས། རས་ཆུང་པས་མུ་སྟེགས་པ་ལ་ངན་སྔགས་བསླབས་པའི་སྟོབས་ཀྱིས་ནམ་ཞིག་རླུང་དམར་ཞིག་ཏུ་འཚུབ་ཁྱིལ་སོང་བ་དང་། ངའི་བུ་རས་ཆུང་པ་ལ་བར་ཆད་གཅིག་བྱུང་ངམ་དགོངས་ནས། བྲག་དམར་སྤོ་མཐོ་ནས་ལ་ཕྱིའི་བར་ལ་འཕུར་བྱོན་པའི་ཞབས་ས་ལ་རེག་པའི་ཐོག་མ་སྒྲུབ་ཕུག་རས་ཆེན་དུ་གྲགས་པའི་བྲག་ལོགས་ལ་མཛད་པས་ཞབས་རྗེས་ཤིག་ཀྱང་བྱུང་ངོ་། །དེར་ཡང་འོད་གསལ་གྱི་ངང་ལ་རས་ཆུང་པ་ལ་གཟིགས་པས། ལུས་སྲོག་ལ་བར་ཆད་མ་བྱུང་རུང་། སེམས་ལ་ཆོས་མིན་གྱི་བར་ཆད་བྱུང་བ་མཁྱེན་ནས། ལམ་གཉའ་ནང་ལ་བརྒྱུད་དེ་ས་ལེ་འོད་ཉུལ་ཕྱིར་འདྲི་ཞིང་བྱོན་པའི་ལམ་བར་དུ་བནྡེ་འགའ་དང་ཕྲད་པ་ལ་གླེང་མོ་དྲིས་པས། དང་པོའི་རི་ཁྲོད་ན་འདུག་སྟེ། ལུས་མི་གཡོ། ངག་མི་སྨྲ་བར་ཀུན་ཁྱད་དུ་གསོད་པ་འདྲ་བ་ཞིག་འདུག །སྒོམ་གྱི་སྐྱོན་ཞིག་བྱུང་བ་འདྲ་ཟེར་བས་སྒོམ་ནུས་པ་དེ་སྐྱོན་མ་ཡིན་ཡོན་ཏན་ཡིན་དགོངས་ཏེ་མོའི་སར་བྱོན་པས། མོས་ཀྱང་འོད་གསལ་གྱི་ངང་ནས་རྗེ་བཙུན་འབྱོན་པ་མཐོང་སྟེ། བསུ་བ་ལ་འོངས་པ་དང་། ལུང་པའི་མདོར་མཇལ་ཏེ་ཕྱག་དང་སྙུན་དྲི་ཕུལ་ནས་ཅི་ཡང་མི་ཟེར་བར་འདུག་པ་ལ། རྗེ་བཙུན་གྱིས་མོའི་ཉམས་སད་པའི་ཕྱིར་མགུར་འདི་གསུངས་སོ། །གནས་རི་ཁྲོད་དབེན་པ་བསྟེན་པ་ཡི། །ཆོས་རྒྱུད་ལ་འགེལ་བའི་ས་ལེ་འོད། །ཐོག་མར་མོས་གུས་ཀྱི་བླ་མ་བསྟེན། །བྱིན་བརླབས་དབང་གིས་རྒྱུད་སྨིན་བྱས། །ཐབས་ལམ་བདུད་རྩིའི་རོ་མཆོག་བསྟེན། །དམ་པའི་ཆོས་ལ་ངེས་ཤེས་སྐྱེས། །སྒོམ་ལ་ཐང་ལྷོད་མ་ཤོར་བས། །ལམ་གོང་མའི་དྲོད་རྟགས་ནང་ནས་ཤར། །འགལ་རྐྱེན་བར་ཆད་མ་བྱུང་བས། །ད་རེས་དྲི་རྨེད་མེད་ཀྱང་ལེགས། །ཟས་དུག་ཅན་ལྟ་བུས་འགྲངས་པ་ཡི། །ཆོས་འབད་པས་བསྒོམས་ཀྱང་གྲོལ་མི་སྲིད། །བྲག་ཕུག་ཡུན་རིང་གླ་བས་བཟུང་། །བྱ་ནག་རྡོ་རྗེའི་བཟླས་པ་མང་། །སྲོག་རྩོལ་གྱུར་མོ་ལྟོ་དཀར་བཟང་། །བཅུད་ལེན་དོམ་བུ་ཐུགས་དཀར་མཁས། །འགོག་པའི་སྙོམས་འཇུག་ཕྱི་བས་སྒོམ། །དཀའ་ཐུབ་ཡུན་རིང་བྲམ་ཟེས་བྱེད། །ཁ་བཤད་འདོན་པ་ནེ་ཙོས་ཤེས། །ལར་གྲོལ་ཆ་སེམས་ལ་མ་ཤར་ན། །འདོད་པས་ཐར་ལམ་བཙལ་མི་རྙེད། །སེམས་རྫིང་ཆུ་བཞིན་དུ་བསྐྱིལ་བ་དེ། །རྟོག་པའི་འཕྲོ་འདུ་བཀག་པ་ཙམ། །འཁོར་བའི་རྒྱ་མཚོ་དེས་མི་སྒྲོལ། །ཕྱག་མཚན་སྒོམ་པའི་ཙཎྜྻ་ལཱིས། །ཤེས་རབ་ཕྱོགས་མེད་བརྡོལ་བ་དགོས། །སེམས་ཁར་འཇོག་པའི་ཙཎྜྻ་ལཱིས། །བར་དོར་རིག་པའི་ངོས་འཛིན་དགོས། །གཉུག་མ་དོན་གྱི་ཙཎྜྻ་ལཱིས། །སྐྱེ་འགག་མེད་པའི་དོན་རྟོགས་དགོས། །ཐིག་ལེ་ནཱ་དའི་ཙཎྜྻ་ལཱིས། །དངོས་པོའི་འཛིན་པ་བྲལ་བ་དགོས། །རྩོད་བྲལ་དབུ་མ་དྷཱུ་ཏཱིའི་རྩ། །མ་བཅོས་རང་བྱུང་གདོད་ནས་དག །གཉིས་འཛིན་མདུད་པ་རང་སར་གྲོལ། །ངོ་བོ་ཕྱག་རྒྱ་ཆེན་པོའི་དོན། །རྟོགས་པར་ལྡན་ནམ་ས་ལེ་འོད། །ཅེས་གསུངས་པས། ས་ལེ་འོད་ཀྱིས་རྟོགས་པ་ཕུལ་བ། རྡོ་རྗེ་འཆང་གི་བརྒྱུད་པ་འཛིན། །སྡེ་བཞི་མཁའ་འགྲོའི་ལུང་བསྟན་ཐོབ། །སྒྲུབ་བརྒྱུད་བསྟན་པ་འཛིན་མཛད་པའི། །ཏཻ་ལོ་ནཱ་རོའི་ཐུགས་རྗེ་ཡིས། །རྒྱུད་སྡེའི་དགོངས་པ་ཐུགས་ལ་ཤར། །སྒྲ་སྒྱུར་མར་པ་ལོ་ཙྪ་ཡི། །ཐུགས་རྗེའི་ལོ་ཏོག་ཕྱོགས་བཅུར་རྒྱས། །དག་པའི་འབྲས་བུ་སོ་སོར་སྨིན། །འབྲས་བུས་བདག་རྒྱུད་གྲོལ་འགྱུར་བའི། །ཞབས་པད་སྤྱི་བོས་ལེན་མཛད་པ། །གུང་ཐང་རས་ཆེན་ཐུགས་རྗེ་ཅན། །སྙན་པའི་བ་དན་ཕྱོགས་བཅུར་གཡོ། །གཙུག་གི་ནོར་བུ་རིན་ཆེན་ལ། །ཡིད་དད་ཅིང་གུས་པས་གསོལ་བ་འདེབས། །ཕ་བླ་མ་ཁྱེད་ཀྱི་བཀའ་དྲིན་གྱིས། །བདག་སོགས་གདུལ་བྱར་གྱུར་པ་ཀུན། །རྟོག་དཔྱོད་ཁ་ལོ་ཆོས་ལ་བསྒྱུར། །ཕྱིན་ཅི་མ་ལོག་ལམ་ལ་བཀོད། །རྒྱུད་མ་སྨིན་དབང་གིས་སྨིན་མཛད་ཅིང་། །མ་གྲོལ་ཐབས་ཀྱི་གྲོལ་བར་མཛད། །ཕྱི་སྣ་ཚོགས་འཆར་བའི་སྣང་བ་འདི། །སྒྱུ་མ་ལྟ་བུར་ངོ་སྤྲད་པས། །རིག་པ་ཆོས་ཉིད་མ་དང་མཇལ། །འགྱུ་བ་སེམས་ཀྱི་ཆོ་འཕྲུལ་ཏེ། །རྒྱ་མཚོའི་རླབས་བཞིན་རང་སར་ཐིམ། །འཇིག་རྟེན་ལམ་གྱི་གོལ་ས་རྣམས། །སྦྱོར་བ་འཕེན་པ་སྟོབས་ཅན་གྱིས། །སྒྲོ་འདོགས་མ་ལུས་ཐད་ཀར་བཅད། །ལམ་མ་ནོར་རྒྱུད་ལ་སྐྱེས་པ་ཡི། །གསང་སྔགས་ཐབས་ལམ་གནས་ལུགས་སོ། །ལམ་གོང་ནས་འོག་ཏུ་འཁྲུལ་པ་མེད། །འདོད་པས་སངས་རྒྱས་མ་རྟོགས་པས། །རྒྱབ་རྟེན་བཟང་པོ་གསང་སྔགས་ལ། །བླ་མའི་དྲུང་དུ་ནན་ཏན་ཞུས། །མཚུངས་ལྡན་མཆེད་གྲོགས་ཁྱད་པར་ཅན། །ངན་རྫོང་བ་ལ་ཉམས་རྟོགས་བསྡུར། །མོ་གྲུང་མོའི་ཤེས་ལྗིད་སྙིང་ལ་བཀུར། །ཟོག་གི་བློ་ཁྲིད་ལྟོ་ལ་བྱས། །གཏི་མུག་གཉིད་ལ་ཕྱི་ཐག་བསྟུངས། །ཞི་གནས་སྟེང་དུ་ངང་རྒྱུད་བསྲིངས། །སྐྱེས་པ་རྣམས་ལ་གདོང་བདས་བྱས། །འབོལ་སྔས་བོར་ནས་ལོ་མང་སོང་། །དོན་ཕྱག་རྒྱ་ཆེན་པོའི་ཐོག་བབས་ལ། །མ་ཡེངས་རྩེ་གཅིག་ངང་ལ་བཞག །མྱ་ངན་འདས་པའི་འདུན་མ་དེ། །སྟོང་ཉིད་སྙིང་རྗེ་མ་བྲལ་བས། །ཁྱད་གསོད་ང་རྒྱལ་བདག་ལ་མེད། །ཆོས་དྲི་རྨེད་བགྱིད་དུ་མ་བདེ་མེད། །བཀའ་དྲིན་ཅན་གྱི་བླ་མ་ལ། །སངས་རྒྱས་འདུ་ཤེས་འབྲལ་མ་མྱོང་། །གླུ་མཆོད་པར་འབུལ་ལོ་སྐུ་དྲིན་ཅན། །སྒྲ་ཚོགས་སུ་རོལ་ཅིག་མཁའ་འགྲོ་རྣམས། །ཞེས་རྟོགས་པ་ཕུལ་བས། རྗེ་བཙུན་མཉེས་ཏེ་ལར་བུད་མེད་ཀྱི་སྒོམ་རྟགས་ཐོན་པ་དང་། ལྷག་མཐོང་གི་རྟོགས་པ་ཤར་བ་འདི་དཀོན་པ་ཡིན་ནའང་ཁྱོད་ཀྱིས་ཐམས་ཅད་མཁྱེན་པའི་ལམ་དུ་ཆུད་འདུག་པས། ད་དུང་རི་ཁྲོད་ལ་སྒོམས་ཤིག་གསུངས་པ་ལྟར། ས་ལེ་འོད་ཀྱིས་ཀྱང་རི་ཁྲོད་དང་མ་བྲལ་བར་བསྒོམས་པས། བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པའི་རང་གྲོལ་གྱི་རྣལ་འབྱོར་མ། རྗེ་བཙུན་གྱི་སྲས་རྣམས་ཀྱི་སྲིང་བཞིའི་ཡ་བར་གྱུར་བའི་ལོ་རྒྱུས་ངན་རྫོང་སྟོན་པ་བྱང་ཆུབ་རྒྱལ་པོས་མི་བརྗེད་པའི་གཟུངས་སུ་ཡི་གེར་བཀོད་པའོ། །ས་ལེ་འོད་ཀྱི་སྐོར་རོ།། །།


༈ ན་མོ་གུ་རུ། རྗེ་བཙུན་མི་ལ་རས་པ་དེ་ཉིད་ཀྱིས་རིགས་སད་པའི་རྣལ་འབྱོར་མ་ས་ལེ་འོད་ཀྱི་བོགས་ཕྱུང་ནས། ཐུགས་སྲས་རས་ཆུང་པ་བསུ་བའི་ཕྱིར་དཔལ་ཁུད་ལ་བྱོན་ཏེ། རེ་ཤིག་བེ་རྩེ་འདོད་ཡོན་རྫོང་དུ་བཞུགས་པ་ལས། རས་ཆུང་པ་གུང་ཐང་ནས་འབྱོན་པ་དང་། ང་རྒྱལ་ཅུང་ཟད་ཅིག་ཐུགས་ལ་འཁྲུངས་འདུག་པ་འོད་གསལ་གྱི་ངང་ནས་གཟིགས་ཏེ་བསུ་བ་ལ་བྱོན་པས། ཡབ་སྲས་གཉིས་དཔལ་ཁུད་ཀྱི་ཐང་དཀྱིལ་དུ་མཇལ་བའི་ཚེ། རས་ཆུང་པའི་བསམ་པ་ལ། ངས་རྒྱ་གར་ལ་ལན་གཉིས་ཕྱིན་པ་ལས། ད་ལན་བླ་མ་རང་གི་བཀའ་བཞིན་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་དོན་དུ་ཕྱིན་པ་དང་། བླ་མ་རྗེ་བཙུན་ཐུགས་རྗེ་དང་བྱིན་བརླབས་ཆེ་བ་མ་གཏོགས། ལུང་རིགས་ལ་ང་མཁས་པས། བསུ་བ་མཛད་ལུགས་ཀྱིས་ཕྱག་ལན་ཀྱང་མཛད་དམ་བསམ་པའི་ངང་ནས། ཏི་ཕུ་པས་རྗེ་བཙུན་རང་ལ་སྐྱེས་སུ་ཕུལ་བའི་ཨ་ཀ་རུའི་ཕྱག་འཁར་དེས་ཕྱག་རྟེན་བྱས་ཕྱག་ཕུལ་བས། རྗེ་བཙུན་ཕྱག་ལན་གྱི་ཐུགས་དགོངས་ཙམ་ཡང་མི་འདུག་པ་དང་། རས་ཆུང་པ་སེམས་མི་དགའ་བས་བཞིན་འགྱུར་རུང་། བླ་མ་ལགས་བདག་རྒྱ་གར་ལ་སོང་བའི་བར་གནས་གང་དུ་བཞུགས། སྐུ་ཁམས་བདེ་མོ་བྱུང་ལགས་སམ། འོ་སྐོལ་དཔོན་སློབ་ད་གང་དུ་འབྱོན་པ་ཡོད། རས་པ་གྲོགས་མཆེད་རྣམས་ད་ལྟ་སྐུ་ཁམས་བཟང་བར་ཡོད་ལགས་སམ་ཞུས་པས། རྗེ་བཙུན་གྱི་ཐུགས་ལ་འདི་ལ་མུ་སྟེགས་པའི་ངན་ཞིག་བྱུང་ངམ། བདུད་ཀྱི་བྱིན་གྱིས་བརླབས་སམ། གང་ནའང་ང་རྒྱལ་གྱི་བར་ཆད་ཅིག་བྱུང་འདུག་པ་འདི་ཐབས་ཀྱིས་བསལ་དགོས་དགོངས་ནས། ཞལ་འཛུམ་བག་དང་བཅས་ནས་ལན་དུ་མགུར་འདི་གསུངས་སོ། །ང་གངས་ལྟོངས་འགྲིམས་པའི་རྣལ་འབྱོར་པ། །ཁམས་བདེ་བ་དབྱིངས་ཀྱི་དཀྱིལ་འཁོར་རྒྱས། །དུག་ལྔས་དྲེགས་པའི་ནད་སངས་པས། །མ་བདེ་མ་མཆིས་བདེ་མོར་བྱུང་། །འདུ་འཛི་ཞེན་པའི་གཡེང་བ་སྤངས། །གཅིག་པུར་རང་དབང་ཐོབ་པས་བདེ། །སྣ་ཚོགས་བྲེལ་བའི་ལས་སྤངས་ནས། །མི་མེད་ལུང་པའི་དབེན་པ་བདེ། །འཇིག་རྟེན་སྡུག་གི་ཁྱིམ་ཐབ་སྤངས། །གསོག་འཇོག་མེད་པའི་བྱ་བ་བདེ། །མཁས་འདོད་དཔེ་ཆ་མ་བསྒྲུབས་པས། །སེམས་ཁྲལ་མེད་པའི་དགེ་སྦྱོར་བདེ། །སྨྲ་འདོད་ང་རྒྱལ་མི་ཆེ་བས། །ཁ་མཆུ་རྩོད་པ་མེད་པས་བདེ། །གཡོ་སྒྱུ་ཟོལ་ཟོག་མི་ཤེས་པའི། །དེ་བྱུང་འདི་བྱེད་མེད་པས་བདེ། །གྲགས་འདོད་རློམ་སེམས་མེད་པ་ཡི། །གཏམ་ངན་མི་ཁ་ཟད་པས་བདེ། །གནས་གང་བྱུང་ཆོག་པས་གར་ཡང་བདེ། །གོས་གང་གྱོན་ཆོག་པས་ཅི་བྱས་བདེ། །ཟས་གང་ཟོས་ཆོག་པས་གང་བྱུང་བདེ། །མི་ང་ནི་དུས་རྣམས་རྟག་ཏུ་བདེ། །ཕ་རྒན་མི་ལ་རས་པ་ང་། །སྒྲ་སྒྱུར་མར་པའི་བཀའ་དྲིན་གྱིས། །འཁོར་འདས་སེམས་ལ་རྫོགས་པས་ན། །དུས་ནམ་ཡང་བདེ་བའི་རྣལ་འབྱོར་ཡིན། །རས་པ་གྲོགས་མཆེད་ཁམས་བཟང་ཞིང་། །དབེན་པའི་རི་ལ་ཉམས་ལེན་འཕེལ། །བུ་རས་ཆུང་རྡོ་རྗེ་གྲགས་པ་ཁྱོད། །རྒྱ་གར་ཡུལ་ནས་འཁོར་ལགས་སམ། །གཞི་དང་ལམ་བར་ཐམས་ཅད་དུ། །ལུས་སེམས་ངལ་བས་མ་དུབ་བམ། །བློ་དང་རིག་པ་བཀྲ་ལགས་སམ། །མགུར་དང་གྲེ་ལྕེ་བདེ་ལགས་སམ། །བླ་མའི་གསུང་བཞིན་བསྒྲུབས་ལགས་སམ། །འདོད་པའི་དམ་ཆོས་ཐོབ་ལགས་སམ། །གདམས་ངག་མ་ཐོབ་དགུ་ཐོབ་བམ། །ཡོན་ཏན་མི་ཤེས་དགུ་ཤེས་སམ། །ང་རྒྱལ་རང་མཐོང་མེད་ལགས་སམ། །བྱས་ཚད་གཞན་དོན་ཡིན་ལགས་སམ། །རས་ཆུང་བྱེས་ནས་སླེབ་པ་ཡི། །བྱོན་སྐྱེས་ཐུས་ཀ་དབྱངས་ལ་མཛོད། །ཅེས་གསུངས་པས། རས་ཆུང་པས་ཞུས་ལན་དབྱངས་འདི་ཕུལ་ལོ། །རྗེ་བླ་མའི་བཀའ་ལུང་རྡོ་རྗེའི་གསུང་། །བསྒྲུབ་ཕྱིར་རྒྱ་གར་ཡུལ་དུ་ཕྱིན། །ལམ་འཕྲང་འཇིགས་པ་ཆེ་བས་ན། །དཀའ་སྤྱད་སྡུག་བསྔལ་མང་པོ་མྱོང་། །འོན་ཀྱང་དཀའ་བ་སྤྱད་རིན་ཆོག །ཏི་ཕུ་གསང་སྔགས་སྡོང་པོ་དང་། །མ་ཅིག་གྲུབ་པའི་རྒྱལ་མོ་མཇལ། །ངོ་མཚར་ཆེ་བའི་ཡི་དམ་མཐོང་། །མཁའ་འགྲོའི་ལུང་བསྟན་རྟགས་དང་མཇལ། །རང་རེ་འདོད་པའི་མན་ངག་ནི། །རིག་པ་ཡེ་ཤེས་སྒྲོན་མེ་དང་། །རྩ་རླུང་དྲ་མིག་འཁོར་ལོ་དང་། །རོ་སྙོམས་ཕྱི་ཡི་མེ་ལོང་དང་། །བདེ་ཆེན་གསུང་གི་སྒྲོན་མེ་དང་། །དམ་ཚིག་རང་སེམས་མེ་ལོང་དང་། །དམ་རྫས་རྟོགས་པའི་ཉི་མ་དང་། །སྤྱོད་པ་ཆུ་ཡི་རལ་གྲི་དང་། །རང་གྲོལ་ཕྱག་རྒྱ་ཆེན་པོ་དང་། །འཆི་མེད་བདུད་རྩིའི་བཅུད་ལེན་ཐོབ། །གཞན་ཡང་གསེར་དང་འདྲ་བའི་ཆོས། །ངོ་སྤྲོད་གནད་ཀྱི་བར་དོ་དང་། །བསམ་གཏན་ཐུན་འཇོག་གདམས་ངག་དང་། །བརྡ་དོན་གསུམ་དང་རིན་ཆེན་ལྔ། །ཉམས་སུ་ལེན་པའི་ཆོས་དྲུག་དང་། །ཚེ་འདིར་དགོས་པའི་གདམས་ངག་སོགས། །བསམ་གྱིས་མི་ཁྱབ་གདམས་ངག་ལ། །མ་དང་མཁའ་འགྲོ་སྤྲིན་བཞིན་འདུས། །ལྷ་དང་བླ་མས་མཉེས་མཉེས་མཛད། །བདག་དང་ཐུགས་ཡིད་གཅིག་ཏུ་འདྲེས། །དངོས་གྲུབ་མེ་ཏོག་ཆར་པ་བབས། །ལྟས་བཟང་རྟེན་འབྲེལ་མགུར་དུ་བཏགས། །ལྷ་ཡི་ཁ་བབས་ཁ་རུ་ཆུག །མན་ངག་དམར་ཁྲིད་ལག་ཏུ་གཏད། །བཀྲ་ཤིས་སྨོན་ལམ་སྐྱེལ་མ་མཛད། །དོན་ཆེན་བསམ་པ་དགུང་དུ་འགྲུབ། །དགའ་སྤྲོ་སྐྱིད་པའི་ཉི་མ་ཤར། །ད་ནི་བླ་མ་རྗེ་བཙུན་མཇལ། །ལུས་མེད་མཁའ་འགྲོའི་ཆོས་སྐོར་སོགས། །བདག་གིས་ཐོབ་པའི་དམ་ཆོས་ལ། །གོང་དུ་ཕྲིན་ལས་འབྱུང་བའི་ཕྱིར། །ཐུགས་ལ་ཨེ་འཕྲོད་གཟིགས་ནས་ཀྱང་། །མཆོད་བསྟོད་མངའ་གསོལ་མཛད་པར་ཞུ། །ཞེས་ཞུས་ནས་བེའུ་བུམ་རྗེ་བཙུན་གྱི་ཕྱག་ཏུ་ཕུལ་བས། རྗེ་བཙུན་གྱིས་རས་ཆུང་པའི་ང་རྒྱལ་གཅོག་པའི་ཕྱིར་མགུར་འདི་གསུངས་སོ། །བུ་ཆུང་ནས་བསྐྱངས་པའི་རས་ཆུང་པ། །ཁྱོད་སྡུག་ཡུས་མ་ཆེ་གླུ་འདི་ཉོན། །གླུ་དོན་ཆེན་གསེར་ཐིག་ཕྲེང་བའི་ངག །གདངས་སྙན་པོ་གསང་བའི་ངར་སྒྲ་སྒྲོག །དོན་འཐད་འཐད་འདྲ་ན་སེམས་ལ་ཞོག །ལུས་མེད་མཁའ་འགྲོའི་ཆོས་སྐོར་ལ། །མངའ་གསོལ་གོང་དུ་མཁའ་འགྲོས་མཛད། །མི་ཆེན་པོ་རང་ཆེ་འདོད་པ་དེ། །མི་ངན་པའི་ལག་ཏུ་གྲི་རུ་འཆི། །ཕྱུག་པོ་སེར་སྣས་གསོག་པ་དེ། །སྡང་བའི་དགྲ་ལ་ནོམ་པ་སྤྲོད། །བརྒྱགས་ཤིང་ལོངས་སྤྱོད་ཚོལ་བ་དེ། །ལྟོགས་གྲིར་འཆི་བའི་སྔ་ལྟས་ཡིན། །ངན་པ་རང་ཚོད་མི་ཟིན་པ། །རང་ཕམ་སར་འགྲོ་བའི་ཐབས་གཡོ་ཡིན། །དཔོན་ངན་གཡོག་པོ་འཛོམས་པ་དེ། །ཡུལ་བཟང་བརླག་པའི་ཕུང་འདྲེ་ཡིན། །མི་ངན་རྗེ་བོ་མི་ཁུར་བ། །རང་ཉིད་ཕུང་བའི་ལྟས་ངན་ཡིན། །ཆོས་པས་རང་ཚུགས་མི་ཐུབ་པ། །བསྟན་པ་བསྣུབས་པའི་ཕུང་ཤིང་ཡིན། །མཁའ་འགྲོའི་གདམས་ངག་མི་གསང་བ། །མཁའ་འགྲོ་འཁྲུག་པའི་རྩ་བ་ཡིན། །བུ་གདམས་ངག་རང་རྩིས་ཆེ་བ་དེ། །རང་རྒྱུད་ངན་པར་འཆོར་འདོད་ཡིན། །ཚིག་སྟོང་ཆོས་བཤད་མང་བ་དེ། །ཉམས་བཟང་སྒོམ་འཕྲོ་གཅོད་འདོད་ཡིན། །ངས་བྱས་ཁོང་ཡུས་ཆེ་བ་དེ། །བླ་མ་སྤོང་ལེན་བྱེད་འདོད་ཡིན། །སློབ་མས་བླ་མ་མི་ཁུར་ན། །གྱོང་ལ་དེ་བས་ཆེ་བ་མེད། །སྒོམ་ཆེན་རི་ལ་མི་ཟུག་ན། །གོད་ལ་དེ་བས་ཆེ་བ་མེད། །ཆོས་པས་ཉེ་རིང་མ་སྤངས་ན། །ཕུང་ལ་དེ་བས་ཆེ་བ་མེད། །མཁས་པས་ཉམས་ལེན་མ་བྱས་ན། །ཁྲེལ་ལ་དེ་བས་ཆེ་བ་མེད། །བཙུན་པོས་ཚུལ་ཁྲིམས་མ་བསྲུངས་ན། །ངོ་ལ་དེ་བས་ཚ་བ་མེད། །བུ་རས་ཆུང་ཟེར་བའི་བཞིན་ལེགས་པོ། །དོན་འཐད་ན་རང་གི་ཐུགས་ལ་ཟུངས། །མི་འཐད་དགོངས་ན་གང་དགའ་མཛོད། །ང་འཆི་བས་འཇིགས་པའི་མི་རྒན་ལ། །ཡུན་རིང་གླེང་མོ་ལབ་ལོང་མེད། །ཁྱོད་གཞོན་ནུ་རང་རྩིས་ཆེ་བའི་ཕྱིར། །ང་རྒྱལ་མི་རྒོད་ཁ་རྒོད་ལ། །ལབ་ན་ཚུར་ལ་གཤེ་རུ་འོང་། །སྒྲ་སྒྱུར་མར་པ་སྐུ་དྲིན་ཅན། །སྤྲང་ཆོས་བརྒྱད་ཟད་པར་བྱིན་གྱིས་རློབས། །ཞེས་གསུངས་ནས། རས་ཆུང་པའི་བེའུ་བུམ་དང་ཨ་ཀ་རུའི་ཕྱག་འཁར་བསྣམས་ཏེ། རྫུ་འཕྲུལ་གྱི་ཞབས་ཀྱིས་བྱོན་པ་རས་ཆུང་པ་ངལ་དུབ་པས་ཕྱག་ཕྱི་མ་ཟིན་པར་རྗེ་བཙུན་གྱི་ཕྱི་བཞིན་གདུང་དབྱངས་ཀྱིས་ཞུ་བ་འདི་འབུལ་ཞིང་འོངས་སོ། །ཕ་བླ་མ་རྗེ་བཙུན་སྙན་གསོན་དང་། །བུ་ཕ་དང་ཐུགས་ཡིད་འཛོལ་མི་སྲིད། །བཀའ་དྲི་མ་མེད་པའི་གདམས་ངག་རྣམས། །ཕ་རྗེ་བཙུན་ཕྱག་ཏུ་འབུལ་བ་ཞུ། །ལུས་མེད་མཁའ་འགྲོའི་ཆོས་སྐོར་ལ། །ནོར་འཁྲུལ་ལྷག་ཆད་མཁའ་འགྲོས་བསལ། །ཟབ་དང་ཡང་ཟབ་བཀའ་རྒྱས་བཏབ། །བླ་མ་རྗེ་བཙུན་གཟིགས་པར་ཞུ། །གཞན་ཡང་རྟེན་འབྲེལ་ཚེ་སྒྲུབ་དང་། །མཁའ་འགྲོ་བརྡ་ཡི་གསང་ཚིག་དང་། །རྡོ་རྗེ་ལུས་ཀྱི་གནས་ལུགས་དང་། །གྲུབ་པའི་རྒྱལ་མོའི་ཐུགས་དམ་ཡོད། །དེ་ཡང་བླ་མ་རྗེ་ལ་འབུལ། །གཞན་ཡང་རྟགས་བསྲུངས་ཟབ་མོ་དང་། །ནད་ལ་ཕན་པའི་མན་ངག་དང་། །གདོན་ལ་ཕན་པའི་གནད་གཟིར་སོགས། །གསེར་ཞུན་མ་ལྟ་བུའི་མན་ངག་མང་། །དེ་རྣམས་བླ་མ་རྗེ་ལ་འབུལ། །བཟང་དྲུག་སྨན་གྱི་རྒྱལ་པོ་དང་། །དཔའ་བོ་དཔའ་མོའི་དམ་རྫས་རྣམས། །ཕྲག་པའི་ཁ་ལ་བཀལ་ནས་འོངས། །བླ་མའི་བཀའ་དྲིན་ལན་དུ་འབུལ། །སྨན་མཆོག་རྒྱལ་པོ་ཨ་ཀ་རུའི། །ཕྱག་འཁར་མཁའ་འགྲོས་མངའ་གསོལ་བ། །རིན་ཐང་མེད་པའི་ཡ་མཚན་ཅན། །ཏི་ཕུ་གསང་སྔགས་སྡོང་པོ་ཡིས། །རྗེ་བཙུན་དྲུང་དུ་སྐྱེས་སུ་ཕུལ། །དེ་ཡ་མཚན་ཆེ་བས་གཟིགས་བཞིན་དུ། །ངལ་དུབ་ཆད་པའི་རས་ཆུང་ལ། །བརྩེ་བས་དགོངས་ཏེ་བཞུགས་ནས་ཀྱང་། །ངལ་དུབ་གསོ་བ་བཀའ་གནང་ན། །སྦྱིན་པ་རྣམས་ཀྱི་མཆོག་ཏུ་འགྱུར། །བཀྲེས་སྐོམ་རྣམས་ལ་ཕན་བཏགས་ན། །བཀའ་དྲིན་ཡོངས་ཀྱི་རྒྱལ་པོ་ཡིན། །ཁ་ཚིག་བཟང་པོས་ནོར་བྱིན་ན། །ཕོངས་པ་རྣམས་ལ་ཁྱད་པར་འཕགས། །ཞལ་ཏ་བཟང་པོས་ལམ་བསྟན་ན། །ཆོས་རྒྱལ་རྣམས་ཀྱི་དམ་ཚིག་ཡིན། །ཞེས་ཞུ་བཞིན་འོངས་པས་རྗེ་བཙུན་ཡང་རས་ཆུང་པའི་གླུ་གསན་ཞིང་བྱོན་ནས་རྫོགས་པའི་མཐར། བཞུགས་ཏེ་ལན་དུ་མགུར་འདི་གསུངས་སོ། །བུ་ཕ་དང་མཐུན་པ་ཤིན་ཏུ་ལེགས། །ཀུན་དང་མཐུན་ན་རྒྱལ་པོ་ཡིན། །ཕ་དང་མཐུན་ན་ཡང་རྒྱལ་ཡིན། །སྤྱི་དང་མི་མཐུན་ཐན་ཡིན་ཏེ། །ཕ་དང་མི་མཐུན་འདྲེ་ཐན་ཡིན། །བཟང་སྤྱོད་ཕ་དང་མཐུན་ན་ལེགས། །དྲིན་ལན་མ་ལ་བཅལ་ན་འཁོར། །སྤྱོད་པ་མི་དང་མཐུན་ན་མཛེས། །བསམ་པ་མཆེད་གྲོགས་མཉེས་པས་འགྲུབ། །བྱིན་རླབས་བླ་མ་མཉེས་པས་འོང་། །རང་དོན་རང་རྩིས་ཆུང་བས་འགྲུབ། །ཆོས་པ་གཤིས་ངན་སྤངས་ན་ཡིན། །མི་ཁ་དྲིན་ཅན་བཀུར་ན་བྱམས། །གཏམ་སྙན་སྙོམ་ཆུང་བསྐྱངས་ན་འོང་། །དམ་ཚིག་ངོ་ལྐོག་མེད་ན་གཙང་། །ཡོན་ཏན་རྗེ་དང་འགྲོགས་ན་སྐྱེ། །འདྲེ་ཁ་རྣམ་རྟོག་ཆུང་ན་ཁེགས། །བཟང་པོ་བྱང་སེམས་ཆེ་ན་འོང་། །ལར་མཁས་པའི་ཉེ་བ་ཐམས་ཅད་ཡིན། །བླུན་པོས་དགྲ་གཉེན་ངོ་མི་ཤེས། །ལུས་མེད་མཁའ་འགྲོའི་ཆོས་སྐོར་ལ། །ལམ་དུ་བལྟས་པས་ཕན་གནོད་མེད། །ཏི་ཕུ་གསང་སྔགས་སྡོང་པོ་ལ། །ཁྱོད་བས་ང་རང་འབྲེལ་བ་ཟབ། །མ་གཅིག་གྲུབ་པའི་རྒྱལ་མོ་ལ། །ང་བས་བཟང་བའི་སློབ་མ་མེད། །མ་དང་མཁའ་འགྲོའི་གསང་ཚིག་རྣམས། །ང་ལ་གསང་ནས་སུ་ལ་སྟོན། །ཤིང་སྤང་གསེར་གྱི་མཎྜྻལ་དུ། །ཚོགས་ཀྱི་འཁོར་ལོ་མང་པོ་ཟོས། །ཡི་དམ་རྡོ་རྗེ་ཕག་མོ་དང་། །ཁྱོད་བས་ང་རང་འགྲོགས་ཡུན་རིང་། །དཔའ་བོ་མཁའ་འགྲོའི་ཞིང་ཁམས་རྣམས། །ང་དང་མ་འབྲེལ་གཅིག་ཀྱང་མེད། །ཁྱོད་ཀྱིས་བྱས་པའི་ལས་རྣམས་ལ། །ཁྱོད་བས་ང་རང་སེམས་ཁུར་ཆེ། །བུ་ལོ་འདོད་དྲེགས་པས་མ་འཆིང་བར། །རི་ཁྲོད་དབེན་པར་སྒོམ་དུ་འགྲོ། །ཞེས་གསུང་དཔོན་སློབ་གཉིས་བསྡེབས་ནས་བྱོན་ནོ། །གཡག་རུ་ལས་ཞལ་མཇལ་བའི་སྐོར་ཚོ་དང་པོའོ།། ༈ །།དེ་ནས་རྗེ་བཙུན་ཡབ་སྲས་འབྱོན་པའི་ལམ་བར་ལ། རས་ཆུང་པའི་ཡིད་ལ་གཞན་གྱི་བླ་མ་ཡིན་ན་ངས་རྒྱ་གར་ནས་འཁོར་བའི་མདུན་དུ་བྲོད་དུ་ཚོར་བའི་སྣ་ལེན་བཟང་པོ་འོང་སྟེ། ངའི་བླ་མ་འདི་ནི་ཁོང་རང་གི་སྐུ་གཟུགས་དང་ན་བཟའི་སྣང་ཚུལ་ཡང་འདི་ལས་མེད་པའི་ང་ལ་སྣ་ལེན་ག་ལ་འོང་། ངས་རྒྱ་གར་འཁོར། གསང་སྔགས་ཀྱི་ཆོས་སྐོར་འདི་ཙམ་ཤེས་པ་ཞིག་བྱང་ཆུབ་སྡུག་ཁུར་གྱིས་སྒྲུབ་པ་མི་འོང་། འདོད་ཡོན་དང་བཅས་ཏེ་བསྒོམ་དགོས་སྙམ་པའི་ང་རྒྱལ་དང་རྗེ་བཙུན་ལ་ལོག་ལྟའི་རྟོག་པ་ངན་པ་བྱུང་བ་རྗེ་བཙུན་གྱིས་དགོངས་ཏེ། ལམ་བར་ལ་གཡག་རུ་ཞིག་འདུག་པ་ལ། རྗེ་བཙུན་གྱི་ཞལ་ནས་རས་ཆུང་པ་གཡག་རུ་འདི་ཁྱེར་ཅིག་གསུངས་པས། རས་ཆུང་པའི་ཡིད་ལ་ངའི་བླ་མ་འདི་རེས་འགའ་ནི་གང་གིས་ཀྱང་དགོས་པ་མེད་གསུང་བ་བཞིན་མཛད། རེས་འགའ་ནི་ཁྱི་རྒས་ཀྱིན་ཞེ་སྡང་ཆེ། མི་རྒས་ཀྱིན་འདོད་པ་ཆེ་ཟེར་བའི་དཔེ་དེ་བྱེད་པར་འདུག །གཡག་རུ་འདིས་ཅི་བྱེད་སྙམ། འདི་ཟ་ནི་མི་ཉན། བཏུང་ནི་མི་ཉན། བོར་ཐོང་ཞུས་པས། དངོས་པོ་འདི་ཙམ་གྱི་འཆིང་བར་མི་འགྱུར་ཞིང་། དགོས་པའི་དུས་འོང་བ་ཡིན་གསུང་རྗེ་བཙུན་རང་གིས་བསྣམས་ཏེ། དཔལ་མོ་དཔལ་ཐང་གི་དཀྱིལ་བྱིའུ་ཙམ་གྱི་ཡིབ་སའང་མེད་པ་ཞིག་ཏུ། ནམ་མཁའ་སྤྲིན་མེད་ལ་སྤྲིན་ནག་འདུས་སེར་བ་ཆེན་པོ་རླུང་དྲག་པོས་བསྐྱོད་ནས་བབས་པ་ལས། རས་ཆུང་པས་བླ་མ་ལ་ལྟ་བའི་གླགས་ཙམ་ཡང་མ་བྱུང་བར་དབུ་གཏུམས་ནས་བཞུགས། སེར་བ་ཅུང་ཟད་ཞི་བ་དང་། རྗེ་བཙུན་བཙལ་བས་མ་རྙེད་དེ་ཅུང་ཟད་བཞུགས་པས་ས་མཐོ་ས་ཞིག་ན་གཡག་རུ་དེ་འདུག་པའི་ཐད་དུ་རྗེ་བཙུན་གྱི་གསུང་ཞིག་བྱུང་བ་དང་། དེའི་སར་བྱོན་ནས་ད་ཅི་འདི་རྗེ་བཙུན་གྱིས་བསྣམས་ཡོད་པ་ཡིན་སྙམ་ལག་ཏུ་བླངས་པས། གཡོ་འགུལ་མ་ནུས་པར་ལྡན་པ་ས་ལ་སྦྱར་ནས་གཡག་རུའི་ནང་ལ་བལྟས་པས། གཡག་རུ་ཆེར་མ་སོང་ཞིང་རྗེ་བཙུན་གྱི་སྐུ་ཆུང་དུ་མ་སོང་བར་མེ་ལོང་གི་ནང་གི་གཟུགས་བརྙན་བཞིན་ཡངས་ཆ་དང་བཅས་ཏེ་གཡག་རུའི་དོག་ས་ན་བཞུགས་ནས་རས་ཆུང་པ་ལ་མགུར་འདི་གསུངས་སོ། །རྗེ་བླ་མའི་བྱིན་རླབས་ལུས་ལ་ཞུགས། །ལུས་ཐ་མལ་སྡོད་པའི་སྒོམ་ཆེན་མིན། །རྫུ་འཕྲུལ་ལུས་ཀྱི་བཀོད་པ་ལ། །ཕྱག་བསྐོར་བ་གྱིས་ཤིག་རས་ཆུང་པ། །བླ་མའི་བྱིན་རླབས་ངག་ལ་ཞུགས། །ངག་འཆལ་ཚིག་སྨྲ་བའི་སྒོམ་ཆེན་མིན། །གདམས་ངག་གླུ་ཡི་དཀོར་མཛོད་ཀྱི། །དོན་ཡིད་ལ་ཟུངས་ཤིག་རས་ཆུང་པ། །བླ་མའི་བྱིན་རླབས་སེམས་ལ་ཞུགས། །སེམས་ལོག་རྟོག་འཆར་བའི་སྒོམ་ཆེན་མིན། །མངོན་ཤེས་རིག་པའི་འཆར་སྒོ་ལ། །མོས་གུས་གྱིས་ཤིག་རས་ཆུང་པ། །བུ་རས་ཆུང་གི་ལྟ་བ་བྱ་རྒྱལ་རྒོད་པོ་འདྲ། །རེས་འགའ་མཐོ་སྟེ་རེས་འགའ་དམའ། །མཐོ་དམན་གྱི་བར་ནས་བསམ་བློ་ཐོང་། །ཙབ་ཙོབ་མ་མང་རས་གོས་འབང་། །བུ་ཕ་དང་མཉམ་ན་གཡག་རུའི་ནང་དུ་ཤོག །གནས་ཁང་བདེ་ལ་ཡངས་པ་གཡག་རུའི་ནང་ན་གདའ། །རས་ཆུང་གི་སྒོམ་པ་ཉི་ཟླ་ཟུང་གཅིག་འདྲ། །རེས་འགའ་གསལ་ཏེ་རེས་འགའ་གྲིབ། །གསལ་གྲིབ་བར་ནས་བསམ་བློ་ཐོང་། །ཙབ་ཙོབ་མ་མང་རས་གོས་འབང་། །བུ་ཕ་དང་མཉམ་ན་གཡག་རུའི་ནང་དུ་ཤོག །གནས་ཁང་བདེ་ལ་ཡངས་པ་གཡག་རུའི་ནང་ན་གདའ། །བུ་རས་ཆུང་གི་སྤྱོད་པ་སྐྱི་སེར་རླུང་དང་འདྲ། །རེས་འགའ་དལ་ཏེ་རེས་འགའ་བྲེལ། །དལ་བྲེལ་བར་ནས་བསམ་བློ་ཐོང་། །ཙབ་ཙོབ་མ་མང་རས་གོས་འབང་། །བུ་ཕ་དང་མཉམ་ན་གཡག་རུའི་ནང་དུ་ཤོག །གནས་ཁང་བདེ་ལ་ཡངས་པ་གཡག་རུའི་ནང་ན་གདའ། །བུ་རས་ཆུང་གི་འབྲས་བུ་ཞིང་པའི་ལོ་ཏོག་འདྲ། །རེས་འགའ་ལེགས་ཏེ་རེས་འགའ་ཉེས། །ལེགས་ཉེས་བར་ནས་བསམ་བློ་ཐོང་། །ཙབ་ཙོབ་མ་མང་རས་གོས་འབང་། །བུ་ཕ་དང་མཉམ་ན་གཡག་རུའི་ནང་དུ་ཤོག །གནས་ཁང་བདེ་ལ་ཡངས་པ་གཡག་རུའི་ནང་ན་གདའ། །རྐྱེན་ཕྲ་མོ་ཟེར་བའི་བློ་རྡེག་ལ། །གནས་བཟང་པོ་གཡག་རུའི་མགྲོན་ཁང་སྐྱིད། །བུ་ཕ་ངས་འབོད་ཀྱིས་འབྱོན་པར་ཞུ། །བུ་ཕ་ཁྱིམ་མི་འབྱོན་འཐད་རྒྱུ་མེད། །ང་མི་རྒན་ན་སོ་རྒས་པ་དང་། །རྒྱ་གར་ཡུལ་ལ་མ་ཕྱིན་པས། །གལ་ཆུང་ཕྱིར་ན་དོག་སར་ཡོད། །བུ་རས་ཆུང་སྐུ་ན་གཞོན་པ་དང་། །རྒྱ་གར་ཡུལ་ལ་བྱོན་པ་དང་། །མཁས་གྲུབ་མང་པོ་བསྟེན་པ་ཡིས། །སྐུ་གལ་ཆེ་བས་ཡངས་སར་བྱོན། །གཡག་རུ་སྐམ་པོ་འདི་ཉིད་ལ། །དངོས་འཛིན་བདག་བཟུང་མི་གདའ་བས། །རས་ཆུང་གཡག་རུའི་ནང་དུ་བྱོན། །གསུངས་པས། ངེས་པར་ང་རང་ཡང་ཤོང་བ་ཡིན་ནམ་སྙམ་འགྲོ་གྲབས་བྱས་པས། ལག་མགོ་ཡང་མ་ཐར་བ་དང་། རས་ཆུང་པའི་བསམ་པ་ལ། རྗེ་བཙུན་གྱི་མཐུ་བདེན་རུང་མི་བདེན་རུང་། སེར་བ་བདེན་པར་འདུག་སྙམ། འདར་བའི་ངུ་མ་དབྱངས་ཀྱིས་གཡག་རུ་ལ་ཁ་གཏད་ནས་དབྱངས་འདི་ཕུལ་ལོ།། ཕ་བླ་མ་རྗེ་བཙུན་སྙན་གསོན་དང་། །འབངས་བུ་བརྒྱུད་རས་ཆུང་རྡོར་གྲགས་ང་། །ལྟ་སྒོམ་སྤྱོད་པ་འབྲས་བུ་རྣམས། །མཐོ་དམན་གསལ་གྲིབ་དལ་བྲེལ་དང་། །ཉེས་ལེགས་མེད་པ་རང་སར་གདའ། །རས་གོས་སྐམ་རུང་རློན་རུང་གསོལ་བ་འདེབས། །ཕ་དང་མཉམ་རུང་མ་ཉམ་རུང་གསོལ་བ་འདེབས། །ཞེས་ཞུས་པས། རྗེ་བཙུན་གཡག་རུའི་ནང་ནས་ཕྱིར་བྱོན་ཏེ་ནམ་མཁའ་ལ་ལྟ་སྟངས་ཤིག་མཛད་པས། རླུང་ཞི་སྤྲིན་རྣམས་སོ་སོར་དེངས་ནས་ཉི་མ་ཚ་མོ་ཞིག་ཤར་བྱུང་བ་དང་། རས་ཆུང་པའི་རས་གོས་རྣམས་སྐམས། དར་ཅིག་བཞུགས་པའི་བར་ལ་རྗེ་བཙུན་གྱི་ཞལ་ནས། རས་ཆུང་པ་མཐུ་རང་དག་ཁྱོད་རྒྱ་གར་ལ་འགྲོ་མི་དགོས་ངས་ཀྱང་ཤེས། ཆོས་ཕྱག་རྒྱ་ཆེན་པོ་དང་ནཱ་རོ་ཆོས་དྲུག་གིས་ཚིམ་ནས་རྒྱ་གར་ལ་མ་ཕྱིན་པ་ཡིན། ད་ཁྱོད་རྒྱ་གར་ལ་ཕྱིན་ནས་འདོད་པའི་ཆོས་རྣམས་ཐོབ་པ་ལེགས་གསུངས་པས། རས་ཆུང་པ་ན་རེ། བླ་མ་ལགས་ང་གྲང་ལྟོགས་གཉིས་ཀ་འཛོམ་གདའ་བས་རུ་བ་ཕ་གི་ལ་བསོད་སྙོམས་ལ་འབྱོན་ཞུས་པས་བསོད་སྙོམས་བྱེད་པའི་དུས་མིན་གསུངས་པ་ལ། དུས་ལྟོགས་པའི་དུས་འདི་ཀ་ལགས་པས་ཅིས་ཀྱང་འབྱོན་པར་ཞུ་ཞུས་པས། འོ་ན་འདོང་ཞིག །སྣ་གཏད་ཀྱི་དང་པོ་ལ་རྟེན་འབྲེལ་གྱི་སུམ་གཉིས་ཡོད་པ་ཡིན་པས། ཡ་སྣའི་སྦྲ་མོ་ཆེ་ལ་ཐོག་མར་སློང་གསུངས་པས། རས་ཆུང་པས་བསོད་སྙོམས་པ་ཉེ་བརྡུངས། ཆེན་པོ་ལ་མ་རྔམ། ཆུང་ངུ་ལ་མ་བརྙས་བྱ་བ་ཡིན་པས་རུ་སྣའི་སྦྲ་ཆུང་འདི་ནས་སློང་དགོས་ཞུ་བ་ལྟར། སྦྲ་ཆུང་སེར་པོ་དེའི་སྒོར་བྱོན་ནས་བསོད་སྙོམས་དགོས་གསུངས་པས། ནང་ནས་རྒན་མོ་འཇིགས་སུ་རུང་བ་ཞིག་བྱུང་བ་དེ་ན་རེ། རྣལ་འབྱོར་པ་ནང་ནུབ་མེད་པར་སྤྲང་ནུས་དེ་ལས་ལ་བཟང་སྟེ། ངེད་རྣམས་ཀྱིས་སྐྱེལ་ཡང་མི་ཟིན་པར་འདུག །ཁྱེད་རྣམས་ཟ་འདོད་པ་རང་གིས་ཆོག་པ་མིན། མི་ལ་ཡོད་དགོས། ང་རང་གི་ནང་ན་ཡོད་པ་ད་ནང་ནས་སློང་མོ་བ་ལ་བྱིན་ཚར་ནས་མེད། གཞན་ལ་སློངས་ཤིག་ཟེར་ངན་སྨྲས་ལབ་ཏུ་བྱུང་བས། རྗེ་བཙུན་གྱི་ཞལ་ནས། དོ་ནུབ་བཟའ་མི་ཟ་བར་འདུག་གིས་ཉི་མ་ཡང་རྒས་སོང་། ཉལ་དུ་འགྲོ་གསུང་རུ་བ་དེའི་ཕ་ཚད་དུ་གཟིམས་པས། ནམ་ཕྱེད་ཙམ་ན་རུ་བ་དེ་རྣམས་ཀུ་ཅོ་དི་རེ་འདུག །ནམ་སྨད་ཀུ་ཅོ་ཞི་སོང་བ་དང་། ཉི་མ་ཤར་རྗེ་བཙུན་གྱི་ཞལ་ནས། རས་ཆུང་པ་རུ་བ་རྣམས་ལ་ལྟོས་དང་གསུང་། བལྟས་པས་མདང་བསོད་སྙོམས་མ་བྱིན་པའི་ཨ་ལྡིང་དེ་མིན་པ་གཅིག་ཀྱང་མི་འདུག་ཞུས་པས། འོ་ན་དེར་དོང་ཞིག་ཟ་རྒྱུ་དང་བྱེད་རྒྱུ་གཉིས་ཀ་ཡོད་དོ་གསུང་། དཔོན་སློབ་གཉིས་ཀྱིས་བྱོན་པས་རྒན་མོ་དེ་དུས་ལ་བབ་པ་དང་། ཡུལ་གཉན་པ་ལ་ངན་སྨྲས་སོང་བས་ཤི། ནོར་རྣམས་རུ་བས་ཁྱེར། ཟ་རྒྱུ་མར་ཐུད་ཙམ་པ་སྒྱེའུ་གང་དང་། ཞོ་ཟོ་བ་གང་བསྙལ་འདུག་པས་རྗེ་བཙུན་གྱི་ཞལ་ནས་བུ་རས་ཆུང་པ་ཆོས་ཐམས་ཅད་འདི་དང་འདྲ། མདང་མོ་ལ་འདི་རྣམས་ཕངས་པོ་ཡོད་དེ། ད་ནང་འོ་སྐོལ་གཉིས་ལ་བོར་འདུག །ཁ་ཟས་འདོད་དང་སྤྲོད་ཅིག་གསུང་། དཔོན་སློབ་གཉིས་ཀྱིས་མོའི་རྫས་ལ་ཚོགས་འཁོར་མཛད། ལྷག་མ་ཟ་ཉན་པ་རྣམས་རས་ཆུང་པའི་ཁྲེས་པོར་དྲགས་ཏེ་འགྲོ་གྲབས་བྱས་པས། རྗེ་བཙུན་གྱི་ཞལ་ནས། རས་ཆུང་པ་རོ་ཟས་ཟོས་ནས་རོ་ལས་མ་བྱས་ན་མི་འོང་བས། འཇིག་རྟེན་གྱི་ཁ་ལུགས་ལ་ཟས་རྒན་གྱིས་ཟ། ལས་གཞོན་གྱིས་བྱེད་བྱ་བ་ཡིན་པས་ཁྱོད་ཀྱིས་རོ་ཁུར་ངས་རོ་སྣ་བྱེད་གསུངས་པས། རས་ཆུང་པ་གྲིབ་ལ་འཛེམ་པས་མི་འཐད་བཞིན་རྒན་མོའི་རོ་ཁུར་བའི་སྣ་རྗེ་བཙུན་གྱིས་དྲངས་ཏེ་སྤང་ཁ་ཞིག་ཏུ་སླེབ་པ་དང་ད་འདིར་ཞོག་ཅིག་གསུང་། སྦ་བེར་དེའི་སྙིང་གར་བཙུགས་ནས། རས་ཆུང་པ་འདི་ལྟ་བུའི་འཆི་བ་སྐྱེ་འགྲོ་ཐམས་ཅད་ལ་ཡོད་པས་འོང་བ་མ་ཤེས་པ་ཚོའི་ལྷ་ཆོས་ཀྱི་སྐལ་པ་ཆད་ངེས་པས། འོ་སྐོལ་གཉིས་ཀྱང་ཞེ་ཟོན་དྲག་པོ་བྱེད་དགོས་གསུང་། མི་རྟག་སྒྱུ་མའི་དཔེ་དྲུག་འདི་མགུར་དུ་གསུངས་སོ། །བླ་མའི་བཀའ་དྲིན་བསམ་ལས་འདས། །མི་རྟག་རྒྱུད་ལ་སྐྱེས་པས་བྱས་ཚད་ཆོས་སུ་སོང་། །འཆི་བ་ཡང་ཡང་དྲན་པས་ལེ་ལོའི་བདུད་ལས་རྒྱལ། །ནམ་འཆི་ཤེས་རྒྱུ་མེད་པ་མདང་གི་རྒན་མོ་འདྲ། །རས་ཆུང་རང་རྒྱུད་མ་གྱོང་བླ་མའི་བཀའ་ལ་ཉོན། །ཕྱི་སྣང་བའི་ཡུལ་ལ་ཕར་ལྟོས་དང་། །སྣང་བ་མི་རྟག་པ་མདང་གི་རྨི་ལམ་འདྲ། །རྨི་ལམ་དྲན་བཞིན་འཁྲུལ་པས་བློ་མ་བདེ། །འཁྲུལ་པ་རྩད་ནས་ཆོད་དམ་རས་ཆུང་པ། །བདག་བསམ་བཞིན་ལྷ་ཆོས་དྲན་པར་བྱུང་། །ནང་སྐྱིད་འདོད་གཟུགས་ཀྱི་ཐོ་ཡོར་འདི། །ཅི་ཕན་སྒྲུབ་ཚད་སྡུག་བསྔལ་རྒྱུ། །མི་གཙང་རྫས་ཀྱི་རྐྱལ་པ་ལ། །རང་རྩིས་མ་བྱེད་གླུ་འདི་ཉོན། །རང་གི་ལུས་ལ་ཚུར་བལྟས་པས། །མི་རྟག་དྲི་ཟའི་གྲོང་ཁྱེར་འདྲ། །སློང་ཞིང་འཇིག་པས་བློ་མ་བདེ། །སྐྱེ་འཆི་ཆོད་དམ་རས་ཆུང་པ། །བདག་བསམ་བཞིན་ལྷ་ཆོས་དྲན་པར་བྱུང་། །བསམ་ངན་མི་ལ་སྐྱིད་སྐལ་མེད། །ཙབ་ཙོབ་བློ་མང་གྱོད་ཀྱི་གཞི། །རང་གཤིས་ངན་པ་རང་གི་བྱུར། །སེམས་རྟོགས་འདོད་མ་ཆེ་གླུ་འདི་ཉོན། །ནང་འཛིན་པའི་སེམས་ལ་ཚུར་བལྟས་པས། །མི་རྟག་ཤིང་ཁའི་བྱིའུ་འདྲ། །བཞག་སར་མི་སྡོད་བློ་མ་བདེ། །སེམས་བཙན་ས་ཟིན་ནམ་རས་ཆུང་པ། །བདག་བསམ་བཞིན་ལྷ་ཆོས་དྲན་པར་བྱུང་། །ནང་དབུགས་སྲོག་རྟ་རྔའི་ཉག་མ་ཙམ། །ཆད་ལ་ཁད་པའི་བྲེང་བྲེང་པོ། །མདང་སུམ་རྒན་མོའི་དབུགས་དང་འདྲ། །ཚེ་འདི་ལ་མ་ཞེན་གླུ་འདི་ཉོན། །ནང་འགྱུ་བའི་དབུགས་ལ་ཚུར་བལྟས་པས། །དབུགས་མི་རྟག་བར་སྣང་ན་བུན་འདྲ། །ན་བུན་ཡལ་ནས་འགྲོ་བས་བློ་མ་བདེ། །འགྱུ་བ་རང་སར་ཕྱེད་དམ་རས་ཆུང་པ། །བདག་བསམ་བཞིན་ལྷ་ཆོས་དྲན་པར་བྱུང་། །རིགས་ངན་གྱི་ཉེ་བ་འགྲོགས་ཤིང་སྡང་། །མི་ངན་གྱི་གྲོགས་པོས་གཏམ་ངན་སློང་། །ཕན་ཨེ་ཐོགས་རྒན་མོའི་ཁྱིམ་མཚེས་འདྲ། །བུ་རེ་བ་མ་ཆེ་གླུ་འདི་ཉོན། །འདུས་པའི་གྲོགས་ལ་ཚུར་བལྟས་པས། །གྲོགས་མི་རྟག་ཚོང་འདུས་མགྲོན་པོ་འདྲ། །འདུས་ནས་འབྲལ་བར་ངེས་པས་བློ་མ་བདེ། །འབྲེལ་བ་གོང་དུ་ཞོགས་སམ་རས་ཆུང་པ། །བདག་བསམ་བཞིན་ལྷ་ཆོས་དྲན་པ་བྱུང་། །ནོར་བསོགས་ཚད་བདག་པོས་མི་སྤྱོད་པར། །སྲིད་པ་ལས་ཀྱི་ཆོས་ལུགས་ཡིན། །སེར་སྣས་བསགས་པའི་ནོར་རྫས་རྣམས། །རྒན་མོའི་སྔས་ཀྱི་ཕྱེ་ཐུམ་འདྲ། །སེམས་ཆགས་ཞེན་མ་ཆེ་གླུ་ལ་ཉོན། །བསགས་པའི་ནོར་ལ་ཚུར་བལྟས་པས། །ནོར་མི་རྟག་སྦྲང་མའི་སྦྲང་རྩི་འདྲ། །བདག་ཟས་གཞན་གྱིས་སྤྱོད་པས་བློ་མ་བདེ། །སེམས་ཉིད་གཏེར་ཁ་ཕྱེད་དམ་རས་ཆུང་པ། །བདག་བསམ་བཞིན་ལྷ་ཆོས་དྲན་པར་བྱུང་། །ཞེས་གསུངས་ནས། རྒན་མོའི་རུས་པའི་ལས་རྣམས་རྫོགས་པར་མཛད། རྣམ་ཤེས་ཆོས་ཀྱི་དབྱིངས་སུ་དྲངས་ཏེ། ཕྱེ་སོགས་གསོལ་དུ་རུང་བ་རྣམས་བསྣམས་ནས། བེ་རྩེའི་འདོད་ཡོན་གྱི་རྫོང་དུ་བྱོན་ནོ། །གཡག་རུའི་དངོས་གཞི་སྟེ་སྐོར་ཚོ་གཉིས་པའོ།། །།དེ་ནས་རྗེ་བཙུན་ཡབ་སྲས་བེ་རྩེ་ལ་བཞུགས་པའི་དུས་སུ་རས་ཆུང་པ་མཁྱེན་རྒྱས་ཐུགས་དགྱེས་པའི་ངང་ལ་ཐུགས་བསམ་སྣ་ཚོགས་འདུག་པ་རྗེ་བཙུན་གྱིས་དགོངས་ནས། ནམ་ཞིག་རྗེ་བཙུན་གྱིས་རས་ཆུང་པ་ཁྱོད་ལ་ཉམས་ཇི་ལྟ་བུ་འཆར་ཞིང་འདུག་གསུངས་པས། རས་ཆུང་པས་རྗེ་བཙུན་ལ་ཉམས་ཤར་ཚུལ་འདི་མགུར་དུ་ཕུལ་ལོ། །བདག་བླ་མའི་དྲུང་དུ་འདུག་ཙ་ན། །མཚོན་ངར་མ་ལྟ་བུའི་ཉམས་ཤིག་ཤར། །ཕྱི་ནང་སྒྲོ་འདོགས་ཆོད་པ་བློ་རེ་བདེ། །མང་པོའི་ནང་ན་འདུག་ཙ་ན། །མར་མེ་ལྟ་བུའི་ཉམས་ཤིག་ཤར། །གདམས་ངག་གཞན་ལ་གསལ་འདེབས་བློ་རེ་བདེ། །གངས་དཀར་གྱི་རྩེ་ལ་འདུག་ཙ་ན། །དར་སེང་དཀར་མོ་ལྟ་བུའི་ཉམས་ཤིག་ཤར། །གཞན་སྣང་ཟིལ་གྱིས་ནོན་པ་བློ་རེ་བདེ། །བྲག་དམར་གྱི་ལོགས་ལ་འདུག་ཙ་ན། །བྱ་རྒྱལ་རྒོད་པོ་ལྟ་བུའི་ཉམས་ཤིག་ཤར། །ཕྱི་རྒྱ་རླབས་ཀྱིས་ཆོད་པ་བློ་རེ་བདེ། །ཕྱོགས་མེད་རྒྱལ་ཁམས་འགྲིམས་ཙ་ན། །སྟག་ཆུང་བུང་བ་ལྟ་བུའི་ཉམས་ཤིག་ཤར། །རེག་ལ་ཆགས་པ་མེད་པ་བློ་རེ་བདེ། །འཁོར་བའི་ནང་ན་འདུག་ཙ་ན། །མེ་ཏོག་པདྨ་ལྟ་བུའི་ཉམས་ཤིག་ཤར། །འཇིག་རྟེན་སྐྱོན་གྱིས་མ་གོས་བློ་རེ་བདེ། །འཇིག་རྟེན་པའི་ཁྲོད་ན་འདུག་ཙ་ན། །དངུལ་ཆུ་དཀར་མོ་ལྟ་བུའི་ཉམས་ཤིག་ཤར། །རེག་ལ་གོས་པ་མེད་པ་བློ་རེ་བདེ། །དད་ལྡན་ཉ་མའི་གསེབ་ན་འདུག་ཙ་ན། །རྗེ་བཙུན་མི་ལ་ལྟ་བུའི་ཉམས་ཤིག་ཤར། །གདམས་ངག་དབྱངས་སུ་ལེན་པ་བློ་རེ་བདེ། །བློ་བདེ་བ་བླ་མའི་བཀའ་དྲིན་ལགས། །སེམས་མ་བཅོས་པ་འདི་སངས་རྒྱས་སུ་འདུག །ཅེས་ཞུས་པས་རྗེ་བཙུན་གྱི་ཞལ་ནས་དེ་རྣམས་ང་རྒྱལ་དང་མ་ནོར་ན་བླ་མའི་བཀའ་དྲིན་དུ་ཤེས་པ་ངོ་མཚར་ཆེ་བས་ལེགས་འདུག་སྟེ། ཉམས་དེ་ལ་ལྟ་བ་འདི་འདྲ་ཞིག་དགོས་པ་ཡིན་ཏེ་མེད་པ་འདྲ་གསུངས་ནས་མགུར་འདི་གསུངས་སོ། །ང་སྙིང་རྗེ་གཏིང་ནས་སྐྱེས་ཙ་ན། །ཁམས་གསུམ་འཁོར་བའི་སེམས་ཅན་རྣམས། །མེ་འོབས་ནང་དུ་ཆུད་པ་འདྲ། །མཚོན་བྱེད་སྙན་ཁུང་བརྒྱུད་པ་ཡི། །གདམས་ངག་སྙིང་ལ་ཞེན་པ་དེ། །ལན་ཚ་ཆུ་ལ་ཐིམ་པ་འདྲ། །ཡེ་ཤེས་ནང་ནས་ཤར་ཙ་ན། །ཡིན་མིན་ཐེ་ཚོམ་ཕྲེང་བ་དེ། །མཉམ་རྗེས་རྨི་ལམ་སངས་པ་འདྲ། །ལྟ་བས་བདེ་ཆེན་ཟིན་ཙ་ན། །འདི་ལྟར་སྣང་བའི་ཆོས་རྣམས་ཀུན། །རང་གྲོལ་ཆབ་ཀྱི་ལྦུ་བ་འདྲ། །ཤེས་བྱ་གཤིས་ལ་ཕེབས་ཙ་ན། །གནས་ལུགས་རིག་པའི་ཡེ་ཤེས་འདི། །སྤྲིན་ཐག་ཆད་པའི་ནམ་མཁའ་འདྲ། །འགྱུ་བ་དྭངས་སྙིགས་ཕྱེད་ཙ་ན། །རང་བྱུང་རིག་པའི་ཡེ་ཤེས་འདི། །དངུལ་དཀར་མེ་ལོང་ཕྱིས་པ་འདྲ། །ཀུན་གཞི་ཆོས་སྐུར་ཐིམ་ཙ་ན། །སྐྱེ་གནས་སྲིད་ལེན་ཕུང་པོ་དེ། །སྒོ་ང་རྡོག་པས་བརྫིས་པ་འདྲ། །འཛིན་པའི་ཐག་པ་ཆད་ཙ་ན། །ས་མཚམས་སྲིད་པའི་བར་དོ་དེ། །སྦྲུལ་ལས་བྱས་པའི་མདུད་པ་འདྲ། །སྤྱོད་པ་བླང་དོར་གྲོལ་ཙ་ན། །སེམས་བྱ་བྲལ་ངང་ལ་གནས་པ་དེ། །རྩལ་གསུམ་རྫོགས་པའི་སེང་གེ་འདྲ། །སྣང་གསལ་སྟོང་གསལ་ཡེ་ཤེས་གསལ། །གསལ་བ་གསུམ་དང་འགྲོགས་ཙ་ན། །སྤྲིན་མེད་མཁའ་ལ་ཉི་ཤར་འདྲ། །ཡུལ་དང་དབང་པོ་རྟ་གཡག་གྱེས། །སེམས་དང་ཕུང་པོ་འཆིང་ཐག་ཆད། །མི་ལུས་རིན་ཆེན་ཆུད་ལགས་ན། །ང་རྣལ་འབྱོར་བྱ་བ་ཚར་ནས་གདའ། །བུ་ཁྱོད་ལ་དེ་འདྲ་ཅང་ཡོད་དམ། །ང་རྒྱལ་མ་ཆེ་རས་ཆུང་པ། །ཞེས་གསུངས་པས། རས་ཆུང་པ་ལ་ཐུགས་སྐྱེད་ནར་བ་ཞིག་བྱུང་སྐད། དེ་ནས་རྗེ་བཙུན་གྱི་ཞལ་ནས། ད་འོ་སྐོལ་ཕ་བུ་ལ་ཕྱིའམ་ཏི་སེ་སོགས་མི་མེད་ཀྱི་ལུང་སྟོང་ཞིག་ཏུ་སྒོམ་དུ་འགྲོ་གསུངས་པས། རས་ཆུང་པས་བདག་ལུས་ངལ་དུབ་ཆད་གདའ། གྲོང་ཐག་ཉེ་བའི་དགོན་པ་ཞིག་ཏུ་ལུས་ཟུངས་གསོ་ཞིང་མ་བསྡད་ན། འགྲུལ་དང་སྒོམ་ཕེར་བ་མི་འདུག་ལགས་ཞུས་པས། རྗེ་བཙུན་གྱིས་ཆོས་སྙིང་ནས་བྱེད་ན་འདི་བཞིན་བྱས་པས་ཆོག་ཅེས་ཆོག་པ་བརྒྱད་ཀྱི་མགུར་འདི་གསུངས་སོ། །བུ་དགོན་པ་རང་གི་ལུས་ཀྱིས་ཆོག །ལུས་གནད་ལྷ་ཡི་ཕོ་བྲང་ཡིན། །བླ་མ་རང་གི་སེམས་ཀྱིས་ཆོག །ངེས་ཤེས་དམ་པའི་སྐྱེས་མཆོག་ཡིན། །དཔེ་ཆ་ཕྱི་ཡི་ཡུལ་གྱིས་ཆོག །སྣ་ཚོགས་ཐར་པའི་ལམ་དཔེ་ཡིན། །ཟས་སུ་ཏིང་འཛིན་ཟོས་པས་ཆོག །ཞི་གནས་ལྷ་ཡི་ཕ་འབབས་ཡིན། །གོས་སུ་གཏུམ་མོ་གྱོན་པས་ཆོག །བདེ་དྲོད་མཁའ་འགྲོའི་ན་བཟའ་ཡིན། །གཉེན་ལ་འབྲེལ་ཐག་བཅད་པས་ཆོག །གཅིག་པུ་ལྷ་ཡི་ཚོགས་དཔོན་ཡིན། །སྡང་བའི་དགྲ་ལ་བྱོལ་བས་ཆོག །དགྲ་བོ་མགྲོན་པོ་ལམ་འཁྱམས་ཡིན། །བགེགས་ལ་སྟོང་ཉིད་བསྒོམས་པས་ཆོག །སྣ་ཚོགས་ཆོ་འཕྲུལ་ཉམས་སྣང་ཡིན། །ཡིན་ལུགས་སྤྱོད་ན་དེ་ལྟར་མཛོད། །འདི་བཞིན་མི་བྱེད་ལོག་པའི་ལམ། །ང་མི་རྒན་འཆི་ཚིས་བྱེད་པ་ལ། །ཁྱོད་དང་ཡུན་རིང་ལབ་མི་ཁོམ། །ཁྱོད་གཞོན་ནུ་ཤ་སྙིང་ཁྲག་རྒྱས་ལ། །ཕན་པར་ལབ་ཀྱང་ཉན་པ་མེད། །རང་རྩིས་ཞེ་ཡུལ་ལོག་པ་ལ། །དྲང་པོར་སྨྲས་ཀྱང་ཆུད་ཟོས་ཡིན། །བསྒོམས་ན་ང་ཡི་ཕྱི་ལ་ཤོག །མི་བསྒོམ་ཁྱོད་རང་ཅི་བསམ་གྱིས། །ཞེས་གསུངས་ནས་གཤེགས་གྲབ་མཛད་པས། རས་ཆུང་པས་ན་བཟའ་ནས་འཇུས་ཏེ། གསུང་ལན་དུ་མི་ཆོག་པ་བརྒྱད་ཀྱི་དབྱངས་འདི་ཕུལ་ལོ། །དགོན་པ་ལུས་ཀྱིས་ཆོག་ལགས་ཀྱང་། །ཉལ་ས་བླ་གབ་ཅིས་ཀྱང་དགོས། །ཆར་རླུང་དགྲ་བོ་སུ་ལའང་གནོད། །དེས་ཀྱང་མ་ཆོག་པ་ཞིག་བྱུང་། །བླ་མ་སེམས་ཀྱིས་ཆོག་ལགས་ཀྱང་། །ངོ་སྤྲོད་བླ་མ་ཅིས་ཀྱང་དགོས། །གསོལ་འདེབས་ཡུལ་ཞིག་མེད་ཐབས་མེད། །དེས་ཀྱང་མ་ཆོག་པ་ཞིག་བྱུང་། །དཔེ་ཆ་ཡུལ་གྱིས་ཆོག་ལགས་ཀྱང་། །ཐེ་ཚོམ་བར་ཆད་གར་ཡང་སླེབ། །གསལ་འདེབས་བེའུ་བུམ་མེད་ཐབས་མེད། །དེས་ཀྱང་མ་ཆོག་པ་ཞིག་བྱུང་། །ཏིང་འཛིན་ཟས་ཀྱིས་ཆོག་ལགས་ཀྱང་། །འཚོ་བ་ལུས་འཚོ་ཅིས་ཀྱང་དགོས། །སྒྱུ་མའི་ལུས་པོ་ཟས་ལ་བརྟེན། །དེས་ཀྱང་མ་ཆོག་པ་ཞིག་བྱུང་། །གོས་སུ་གཏུམ་མོས་ཆོག་ལགས་ཀྱང་། །ངོ་ཚའི་རིབ་མ་གར་ཡང་དགོས། །འཕྲལ་གྱི་ཁྲེལ་ལ་སུ་ཡང་འཇིགས། །དེས་ཀྱང་མ་ཆོག་པ་ཞིག་བྱུང་། །གཉེན་དང་འབྲེལ་ཐག་བཅད་ལགས་ཀྱང་། །མཐུན་འཇུག་སྤྱོད་པ་གར་ཡང་དགོས། །གྲོགས་ལ་བཟང་ངན་སུ་ལའང་ཡོད། །དེས་ཀྱང་མ་ཆོག་པ་ཞིག་བྱུང་། །དགྲ་ལ་བྱོལ་བས་ཆོག་ལགས་ཀྱང་། །མི་ངན་ལམ་སྒོ་གར་ཡང་འཇུག །ཞེ་སྡང་དགྲ་བོས་གར་ཡང་སླེབ། །དེས་ཀྱང་མ་ཆོག་པ་ཞིག་བྱུང་། །བགེགས་ལ་སྟོང་ཉིད་སྒོམ་ལགས་ཀྱང་། །འབྱུང་པོ་ཡི་དྭགས་བསམ་པ་ངན། །ངར་འཛིན་འགོང་པོ་ཐུལ་བར་དཀའ། །དེས་ཀྱང་མ་ཆོག་པ་ཞིག་བྱུང་། །བླ་མའི་དྲུང་དུ་འཚམས་པར་སླེབ། །གང་ལྟར་བྱས་ཀྱང་སྐྱིད་དུ་རེ། །འབྱོན་ས་བདག་གི་འདོད་པ་བཞིན། །རེ་ཞིག་ཡུལ་དུ་འབྱོན་པར་ཞུ། །ཞེས་ཞུས་པས། རྗེ་བཙུན་གྱི་ཞལ་ནས། འོ་འོང་བས་བྱས་ན་ང་བཞིན་ཆོག་པར་འདུག །མི་འོང་བས་བྱས་ན་ཁྱོད་བཞིན་མི་ཆོག་པར་འདུག །ཁྱོད་ཅིས་ཀྱང་མི་མེད་ཀྱི་རི་ལ་མི་འགྲོ་ན་རེ་ཞིག་སྤོ་མཐོ་ལ་ཆོས་གསུང་། དཔོན་སློབ་གཉིས་བྲག་དམར་སྤོ་མཐོ་ལ་ཕེབས་སོ། །གཡག་རུའི་མཇུག་གི་སྐོར་རོ།། །།


༈ ན་མོ་གུ་རུ། རྗེ་བཙུན་མི་ལ་རས་པ་ཡབ་སྲས་དེ་ཉིད་སྤོ་མཐོ་ལ་བྱོན་ཏེ་བྲིན་གྱི་ཐད་སོར་ཕེབས་པ་ལས། རས་ཆུང་པས་བདག་དོ་ནུབ་འདིར་བསྡད་ནས་བྲིན་གྱི་ཡོན་བདག་རྣམས་ལ་ཕྲད་ཞུས་པས། རྗེ་བཙུན་གྱི་ཞལ་ནས། བུ་ཐོག་མར་གྲྭ་པ་བུ་སློབ་ཡོན་བདག་གང་གིས་ཀྱང་མ་ཚོར་བར་འོ་སྐོལ་ཕ་བུ་གཉིས་རང་སྤོ་མཐོར་འགྲོ་གསུང་། རས་ཆུང་པ་ཐུགས་མི་རངས་བཞིན་བྱོན་ཏེ་ཡབ་སྲས་གཉིས་བྲག་དམར་སྤོ་མཐོའི་སྐྱིད་ཕུག་ཉི་མ་རྫོང་དུ་ཕེབས་སོ། །དེ་ནས་རྗེ་བཙུན་གྱི་ཞལ་ནས་རས་ཆུང་པ་ཁྱོད་ཀྱིས་ཆུ་ལོངས་ཤོག་ཅིག །ངས་མེ་གཏང་གིས་གསུང་། རས་ཆུང་པས་ཆུ་ལེན་དུ་ཕྱིན་ནས་ཆུ་ལོན་ཏེ་ཡར་སླེབ་པའི་ཚེ། སྤོ་མཐོ་དང་སྐྱིད་ཕུག་གི་བར་གྱི་ཐང་དེ་ཡངས་ཤིང་རྒྱ་ཆེ་ལ་ཡིད་དུ་འོང་བ་ཞིག་ཏུ་གྱུར་པའི་དབུས་ན་རྐྱང་མ་གཅིག་ལ་བུ་གཅིག་སྐྱེས། མ་བུ་དེ་གཉིས་ལ་བུ་རེ་རེ་སྐྱེས། དེ་དག་ལ་ཡང་བུ་རིམ་པར་སྐྱེས་ནས་རྐྱང་མ་བརྒྱ་བུ་བརྒྱ་བྱུང་བ་ཀུན་རྩེད་མོ་རྩེ་ཞིང་འདུག་པས། དཔལ་ཐང་གི་རྐྱང་བས་ཀྱང་ཡ་མཚན་ཆེ་བར་འདུག་སྙམ་རེ་ཞིག་ལྟད་མོ་ལ་ཡེངས་པའི་བར་ལ། རྗེ་བཙུན་གྱིས་མེ་བཏང་ནས་རས་ཆུང་པའི་བེའུ་བུམ་ཁ་ཕྱེ་སྟེ། ཐུགས་རྗེ་ཆེན་པོའི་ངང་ནས་བདེན་ཚིག་གསུངས་པ། ངས་རྒྱ་གར་ལ་ཚོལ་དུ་བཏང་བ་ལུས་མེད་མཁའ་འགྲོའི་ཆོས་ལ་སོགས་ཏེ་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པ་རྣམས་ནམ་མཁར་མཁའ་འགྲོ་རྣམས་ཀྱི་ཕྱག་ཏུ་བཞེས་ཤིག །མུ་སྟེགས་ཀྱི་ངན་སྔགས་ལ་སོགས་ཏེ་བསྟན་པ་དང་སེམས་ཅན་ལ་གནོད་པ་རྣམས་ཆོས་སྐྱོང་རྣམས་ཀྱིས་ཟུར་དུ་ཕྱེ་ལ་ཞོག་ཅིག་གསུངས་ནས་། ཅུང་ཟད་དགོངས་པ་ལ་བཞུགས་པའི་བར་ལ་དཔེ་ཆ་སྤྱི་མེད་པའི་ཤོག་རིལ་འགའ་རེ་ལུས་བྱུང་བ་མེ་ལ་བསྲེགས་ཟིན་པའི་ཚེ། རས་ཆུང་པའི་གཟིགས་སྣང་གི་རྐྱང་རྣམས་ཀྱི་དྲག་པ་གཅིག་སྤྱང་ཀིར་སོང་བ་དེས། རྐྱང་ཀུན་དེད་ནས་ལ་གཅིག་བརྒལ་སོང་བ་དང་། རས་ཆུང་པའི་ཐུགས་ལ་ང་དེ་ཙམ་ཞིག་ཡེངས་འདུག །ད་མ་ཕྱིན་ན་རྗེ་བཙུན་གྱིས་བཀྱོན་དུ་བྱུང་དོགས་ཡོད་བསམ་མྱུར་དུ་བྱོན་པས། སྤྲིན་ཟམ་གྱི་ཐད་དུ་ཤོག་དུད་ཀྱི་དྲི་མ་ཆིལ་བྱུང་བ་དང་། ངའི་དཔེ་ཆ་རྣམས་བསྲེགས་སམ་སྙམ་ཕྱིན་པས། བེའུ་བུམ་གྱི་ཤུབས་དེ་སྟོང་ལྷེབ་བེ་འདུག་པ་ལས་སྙིང་ཐོན་འགྲོ་བ་ལྟ་བུའི་སེམས་མི་དགའ་བའི་ངང་ནས། བདག་གིས་དཔེ་ཆ་རྣམས་གར་ཐལ་ཞུས་པས། ཁྱོད་ཀྱིས་ཆུ་དུས་ལ་ཁྱེར་མ་བྱུང་བས་ཤི་བ་ཡིན་པར་འདུག །ཁྱོད་ཤི་རྟིང་ངས་དཔེ་ཆ་ལ་བེད་མི་ཆོད་ཅིང་དགེ་སྦྱོར་གཡེང་བར་འདུག་སྙམ་དགོས་མེད་ཀྱི་དཔེ་ཆ་རྣམས་མེ་ལ་བསྲེགས། ཁྱོད་ཅི་ལ་འགོར་གསུངས་པས། རས་ཆུང་པ་སྔ་ནས་ང་རྒྱལ་ཡོད་པའི་ཁར། བླ་མས་ཀྱང་ཆགས་སྡང་མཛད་པར་འདུག་སྟེ། ཁོང་གིས་ང་ལ་འདི་ཙམ་ཕོད་ན། ང་སླར་ཡང་ཏི་ཕུའི་དྲུང་དུ་བཟློག་གམ། ཡང་ན་རྒྱལ་ཁམས་ལ་འགྲོ་དགོས་སྙམ་པའི་དད་པ་རྩ་བ་ནས་ལོག་པའི་ངང་ལ། དར་ཅིག་ཁ་རོག་པར་འདུག །དེ་ནས་བདག་གིས་རྐྱང་མ་བརྒྱ་བུ་བརྒྱ་ལ་ལྟད་མོ་ལྟ་ཞིང་བསྡད་པས་ཕུང་ལགས། རྗེ་བཙུན་རང་གིས་གནང་བའི་གསེར་དང་། བདག་གིས་སྒོ་གསུམ་གྱི་ངལ་དུབ་ཁྱད་དུ་བསད་ནས། རྒྱ་གར་ལ་ཕྱིན་པ་དོན་མེད་དུ་སོང་གདའ། ང་རྒྱལ་ཁམས་ལ་འགྲོ་བར་ཞུ་ཟེར། དད་པ་ལོག་པའི་རྣམ་འགྱུར་མང་དུ་བྱེད་ཅིང་འདུག་པ་ལ། རྗེ་བཙུན་གྱི་ཞལ་ནས། བུ་རས་ཆུང་པ་དད་པ་ལོག་མི་དགོས། ཁྱོད་རང་ལྟད་མོ་ལ་ཡེངས་པས་ལན། བུ་ལྟད་མོ་ལ་དགའ་ན་ངས་བསྟན་གྱིས་ལྟོས་ཤིག་གསུང་། རྗེ་བཙུན་རང་གི་སྤྱི་གཙུག་ཏུ་རིན་པོ་ཆེའི་ཁྲི་པདྨ་ཉི་ཟླའི་གདན་གྱི་སྟེང་དུ། སྒྲ་སྒྱུར་མར་པ་དེ་ཉིད་རྡོ་རྗེ་འཆང་དང་དབྱེར་མེད་དུ་བཞུགས་པ་ལ། བརྒྱུད་པའི་བླ་མས་བསྐོར་བ་དང་། སྤྱན་དང་སྙན་གཡས་གཡོན་གྱི་ཐད་ནས་ཉི་ཟླ་འཆར་བ་དང་། ཤངས་གཉིས་ནས་སྣལ་མ་གཞིབ་པ་ལྟ་བུའི་འོད་ཟེར་ཁ་དོག་ལྔ་ལྡན་དུ་འཕྲོ་བ་དང་། སྨིན་མཚམས་ན་འོད་ཀྱི་མཛོད་སྤུ་འོད་ཟེར་སྣ་ཚོགས་འཕྲོ་བ་དང་། ལྗགས་པདྨ་འདབ་བརྒྱད་ཉི་ཟླའི་གདན་དང་བཅས་པར་སོང་བའི་སྟེང་དུ། འོད་ཀྱི་ཨཱ་ལི་དང་ཀཱ་ལི་སྤུ་ཤད་ཀྱིས་བྲིས་པ་ལྟ་བུ་འཁོར་ཞིང་འོད་ཟེར་འཕྲོ་བ་དང་། ཐུགས་ཀར་འོད་ཟེར་འཕྲོ་བའི་དཔལ་བེའུ་རྣམས་སྤྲུལ་ནས་མགུར་འདི་གསུངས་སོ། །བུ་ཅིག་གསོན་དང་རས་ཆུང་པ། །བདག་གི་སྤྱི་བོའི་གཙུག་ཉིད་ན། །སེང་གེས་བཏེག་པའི་རིན་ཆེན་ཁྲི། །པདྨ་ཉི་ཟླའི་གདན་སྟེང་ན། །དྲིན་ཅན་མར་པ་ལོ་ཙྪ་དེ། །རྡོ་རྗེ་འཆང་དང་དབྱེར་མེད་ལ། །བརྒྱུད་པའི་བླ་མ་ཐམས་ཅད་ནི། །མུ་ཏིག་བསྟར་ལ་བརྒྱུས་འདྲས་བསྐོར། །ཁྱོད་དད་པའི་མིག་གིས་བལྟ་ཤེས་ན། །བྱིན་རླབས་འདོད་དགུའི་ཆར་ལྟར་འབབ། །བུ་ཡ་མཚན་ཆེ་ན་འདི་ཆེ་མོད། །རྐྱང་ལྟད་མོ་ཆེ་ཡང་དུད་འགྲོའི་བུ། །བུ་ཡང་ཅིག་གསོན་དང་རས་ཆུང་པ། །མི་ང་ཡི་རྣ་བའི་རྩེ་མོ་ལས། །ཉི་ཟླ་ཟུང་གཅིག་ཤར་བ་དེ། །འཇའ་ཚོན་ལྟ་བུའི་ངང་ལ་ཤར། །ཐབས་དང་ཤེས་རབ་ཟུང་འཇུག་གི། །འོད་གསལ་འཕེལ་འགྲིབ་མེད་པ་ཡིན། །བུ་ཡ་མཚན་ཆེ་ན་འདི་ཆེ་མོད། །རྐྱང་ལྟད་མོ་ཆེ་ཡང་དུད་འགྲོའི་བུ། །བུ་ཡང་ཅིག་གསོན་དང་རས་ཆུང་པ། །བདག་གི་སྣ་ཡི་བུ་ག་ན། །འོད་ཟེར་ཁ་དོག་སྣ་ལྔ་སྟེ། །རིན་ཆེན་སྐུད་པའི་རྣམ་པ་ཅན། །གསང་བ་སྔགས་ཀྱི་ངོ་བོ་ཉིད། །སྲོག་རྩོལ་དབུ་མར་ཚུད་པ་དེ། །རླུང་རྡོ་རྗེའི་བཟླས་པ་འབྱོངས་པའི་རྟགས། །བུ་ལྟད་མོ་ཆེ་ན་འདི་ཆེ་མོད། །རྐྱང་ལྟད་མོ་ཆེ་ཡང་དུད་འགྲོའི་བུ། །བུ་ཡང་ཅིག་གསོན་དང་རས་ཆུང་པ། །བདག་གི་སྨིན་མའི་བར་མཚམས་ན། །མཛོད་སྤུ་དུང་ལྟར་འཁྱིལ་བ་ལས། །འོད་ཟེར་སྣ་ཚོགས་འཕྲོ་བ་དང་། །དྲི་མེད་སྣང་བའི་བདུད་རྩི་དེ། །སངས་རྒྱས་ཐུགས་རྗེས་བསྐུལ་བའི་འོད། །ཡ་མཚན་ཆེ་ན་འདི་ཆེ་མོད། །རྐྱང་ལྟད་མོ་ཆེ་ཡང་དུད་འགྲོའི་བུ། །བུ་ཡང་ཅིག་གསོན་དང་རས་ཆུང་པ། །ངའི་མགྲིན་པ་སྨྲ་བའི་ལྗགས་རྐན་ནི། །པདྨ་དམར་པོ་འདབ་བརྒྱད་ལ། །ཉི་ཟླ་ཨཱ་ལི་ཀཱ་ལི་བཞུགས། །རྡོ་རྗེའི་གསུང་སྒྲ་སྒྲོག་བྱེད་པ། །གསུང་རབ་བརྗོད་བྱ་འགག་པ་མེད། །ཁྱོད་གུས་པའི་མིག་གིས་བལྟ་ཤེས་ན། །ཆོས་རྣམས་རང་གི་ངག་ལ་འཆར། །ཡ་མཚན་ཆེ་ན་འདི་ཆེ་མོད། །རྐྱང་ལྟད་མོ་ཆེ་ཡང་དུད་འགྲོའི་བུ། །བུ་ཡང་ཅིག་གསོན་དང་རས་ཆུང་པ། །ངའི་རྡོ་རྗེ་ལུས་ཀྱི་སྙིང་ག་ན། །རིན་ཆེན་དཔལ་བེའུ་འོད་འབར་བ། །སྐུ་གསུམ་འགྱུར་བ་མེད་པ་ཉིད། །སྟོང་ཉིད་སྙིང་རྗེ་དབྱེར་མེད་མཚོན། །ཡ་མཚན་ཆེ་ན་འདི་ཆེ་མོད། །རྐྱང་ལྟད་མོ་ཆེ་ཡང་དུད་འགྲོའི་བུ། །ཞེས་གསུངས་པས། རས་ཆུང་པ་ཁེལ་ལེ་ལ་འདུག་པ་མིག་ཟུར་བལྟས་ནས། ཤེས་བཞིན་སྡིག་མི་གསོག་པ་ལྟད་མོ་རྐྱང་ཆེ་བར་གདའ། རྗེ་བཙུན་གྲུབ་རྟགས་དེ་ཙམ་སྟོན་པ་སྡིག་མི་མཛད་པས། བདག་གི་དཔེ་ཆ་རྣམས་གནང་བར་ཞུ་ཟེར། ཡང་ཁེལ་ལེ་ལ་བསྡད་ནས་རྐང་པ་བྲོ་ཆུང་འཁྲབ། པུས་མོ་དང་གྲུ་མོ་སྤྲད་པའི་ལག་མཐིལ་གཉིས་ཀྱིས་ཀོས་ཀོ་བརྟེན་ནས་བཤུག་གླུ་ལེན་ཅིང་འདུག་པ་ལ། ཡང་རྗེ་བཙུན་གྱིས་སྐུ་ཕྱི་གསལ་ནང་གསལ་གྱི་གསང་གནས་སུ་རྡོ་རྗེ་གདན་བཞི། ལྟེ་བར་བདེ་མཆོག་འཁོར་ལོ། ཐུགས་ཀར་དགྱེས་པ་རྡོ་རྗེ། མགྲིན་པར་མཧཱ་མཱ་ཡ། སྨིན་མཚམས་སུ་སངས་རྒྱས་ཐོད་པ། སྤྱི་བོར་གསང་བ་འདུས་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་འཇའི་གུར་ཁང་གི་ནང་དུ་སྐུ་སྣང་ལ་རང་བཞིན་མེད་པ་ཁྲ་ལམ་མེ་བསྟན་ནས་མགུར་འདི་གསུངས་སོ། །བུ་ཡང་ཅིག་གསོན་དང་རས་ཆུང་པ། །རྣལ་འབྱོར་ང་ཡི་ལུས་འདི་ནི། །རྟེན་འབྱུང་བ་ལྷ་མོའི་གཞལ་ཡས་ན། །བརྟེན་པ་རྒྱལ་བའི་ལྷ་ཚོགས་བཞུགས། །གསང་གནས་བདེ་སྐྱོང་འཁོར་ལོ་ན། །དཔལ་རྡོ་རྗེ་གདན་བཞིའི་ལྷ་ཚོགས་རྣམས། །ཟག་མེད་བདེ་བའི་དཀྱིལ་འཁོར་རྒྱས། །ལྷན་ཅིག་སྐྱེས་པ་ཡེ་ཤེས་སྐུ། །ལྟེ་བ་སྤྲུལ་པའི་འཁོར་ལོ་ན། །བདེ་མཆོག་སྤྲུལ་པའི་ལྷ་ཚོགས་རྣམས། །དྲུག་ཅུ་རྩ་གཉིས་དཀྱིལ་འཁོར་དེ། །རྡོ་རྗེ་སྐུ་ཡི་ངོ་བོར་གནས། །སྙིང་ག་ཆོས་ཀྱི་འཁོར་ལོ་ན། །དགྱེས་རྡོར་སྤྲུལ་པའི་ལྷ་དགུ་བཞུགས། །དེ་སེམས་དཔའ་གསུམ་གྱི་ངོ་བོ་ཉིད། །ཐུགས་ཀྱི་རྡོ་རྗེའི་དཀྱིལ་འཁོར་ཡིན། །མགྲིན་པ་ལོངས་སྤྱོད་འཁོར་ལོ་ན། །མ་ཧཱ་མཱ་ཡའི་ལྷ་ཚོགས་བཞུགས། །སྣང་བ་སྒྱུ་མར་རོལ་པ་ཡི། །གསུང་གི་རྡོ་རྗེའི་དཀྱིལ་འཁོར་ཡིན། །སྨིན་མཚམས་དུང་དཀར་འཁོར་ལོ་ན། །སངས་རྒྱས་ཐོད་པའི་ལྷ་ཚོགས་བཞུགས། །ཡེ་ཤེས་རིགས་ཀྱི་དོན་དང་ལྡན། །གཉིས་མེད་རྡོ་རྗེའི་དཀྱིལ་འཁོར་གནས། །སྤྱི་བོ་བདེ་ཆེན་འཁོར་ལོ་ན། །གསང་བ་འདུས་པའི་ལྷ་ཚོགས་བཞུགས། །རྩ་དང་བྱང་སེམས་དབྱེར་མེད་པའི། །བདེ་བ་ཆེན་པོའི་དཀྱིལ་འཁོར་གནས། །བུ་རང་ལུས་ལྷ་སྐུར་སྒོམ་ཤེས་ན། །སྐུ་གསལ་འགྲིབ་མེད་པ་དངོས་སུ་འཆར། །ཐ་མལ་ལུས་ཀྱི་འཇའ་ལུས་འགྲུབ། །བུ་ལྟད་མོ་ཆེ་ན་འདི་ཆེ་མོད། །བུ་དད་པ་མ་ལྡོག་དག་སྣང་བསྐྱེད། །ཅེས་གསུངས་པས། རས་ཆུང་པ་ན་རེ། རྗེ་བཙུན་གྱི་གྲུབ་རྟགས་ཡ་མཚན་ཆེ་སྟེ། བདག་དཔེ་མེད་པས་བློ་མི་ཁུགས་པ་གདའ་བས་དཔེ་གནང་བར་ཞུ་ཟེར་བས། ཡང་རྗེ་བཙུན་གྱིས་བྲག་ལ་སོགས་པའི་དངོས་པོ་རྣམས་ལ་ཐོགས་མེད་དུ་འབྱོན་པ་དང་། ཕ་བོང་ཞོན་ནས་རྒྱུག་པ་དང་། ཆུའི་ཐོག་ལ་འབྱོན་ཞིང་བཞུགས་པ་དང་། སྐུ་ལས་མེ་འབར་ཞིང་ཆུ་འབབ་པ་དང་། སྐུ་དུ་མར་སྤྲུལ་ནས་སྡུད་པ་དང་། ནམ་མཁའ་ལ་འབྱོན་པ་དང་བཞུགས་པ་ལ་སོགས་པའི་སྤྱོད་ལམ་རྣམས་མཛད་བཞིན་མགུར་འདི་གསུངས་སོ། །བུ་ཡང་ཅིག་གསོན་དང་རས་ཆུང་པ། །ང་དངོས་པོ་རྣམས་ལ་ཐོགས་མེད་འདི། །སྣང་སེམས་གཅིག་ཏུ་འདྲེས་པའི་རྟགས། །ཕ་བོང་ཞོན་ནས་རྒྱུག་པ་འདི། །ཡུལ་ལ་གྲོང་འཇུག་ནུས་པའི་རྟགས། །ཆུ་ལ་ས་བཞིན་སྤྱོད་པ་འདི། །འབྱུང་བཞི་གཅིག་ཏུ་འདྲེས་པའི་རྟགས། །ལུས་ལས་མེ་འབར་ཆུ་འབྲུབ་འདི། །ཟད་པར་ཟིལ་གྱིས་ནོན་པའི་རྟགས། །དུ་མར་འབྱེད་ཅིང་སྡུད་པ་འདི། །སྤྲུལ་པས་འགྲོ་དོན་ནུས་པའི་རྟགས། །ནམ་མཁར་སྤྱོད་ལམ་སྐྱོང་བ་འདི། །རླུང་སེམས་དབུ་མར་ཆུད་པའི་རྟགས། །བུ་ལྟད་མོ་ཆེ་ན་འདི་ཆེ་མོད། །རྐྱང་ལྟད་མོ་ཆེ་ཡང་དུད་འགྲོའི་བུ། །ལོག་ལྟ་མ་བྱེད་གསོལ་བ་ཐོབ། །ཅེས་གསུངས་པས། རས་ཆུང་པ་ན་རེ། རྗེ་བཙུན་གྱིས་གྲུབ་རྟགས་བྱིས་པའི་རྩེད་མོ་ལྟར་བྱུང་རྒྱལ་དུ་སྟོན་པ་འདིས་སྣང་བ་སུན་པ་ཙམ་མ་གཏོགས་ཡ་མཚན་མི་ཆེ་བར་གདའ། ཐུགས་རྗེ་ཆེ་ན་བདག་གི་དཔེ་ཆ་རྣམས་གནང་བར་ཞུ་ཞུས་པས། རྗེ་བཙུན་གྱི་ཞལ་ནས། བུ་ཕ་ལ་དད་པ་མ་ལོག་ཅིག །གསོལ་བ་འདེབས་ནུས་ན་སྣང་སྲིད་ཐམས་ཅད་དཔེ་ཆར་འཆར་བས། ང་ཉམས་བྱུང་རྒྱལ་དུ་སྐྱོང་བ་ལ་གསོལ་བ་ཐོབ་ཅིག་གསུང་། བྲིན་གྱི་ཚོང་པ་རྣམས་རྒྱུ་བའི་ལམ་འཕྲང་དོག་པོ་ཞིག་ཡོད་པའི་འགག་ན་ཕ་བོང་ཆེན་པོ་ཞིག་ཡོད་པ་དེའི་ཁར་བྱོན་ནས་ཕ་བོང་དེ་ཟན་ལྟར་བཅད། ཆུ་ལྟར་ཕྱར། འདམ་ལྟར་བརྫིས་པའི་མཐར་ཕ་བོང་དེ་ལུང་པའི་ཆུ་ཀླུང་ཆེན་པོ་དེའི་ནང་དུ་ཕྱག་ཡ་གཅིག་གིས་འཕེན་པ་རྣམས་མཛད་པའི་བར་ལ་མགུར་འདི་གསུངས་སོ།། བུ་ཡང་ཅིག་གསོན་དང་རས་ཆུང་པ། །ས་ཕྱོགས་ལམ་འཕྲང་དམ་པོ་འདིར། །ལྕགས་ཀྱི་ཕ་བོང་ཟུར་བརྒྱད་པ། །འདིས་ཡར་འགྲོ་རྣམས་ཀྱི་གཡས་ཟུར་ཐོགས། །མར་འགྲོ་རྣམས་ཀྱི་གཡོན་ཟུར་ཐོགས། །མགར་བ་ཐོ་ཐོགས་བརྒྱ་ཡིས་གསིལ་མ་ནུས། །སྦུད་ཐོགས་བརྒྱ་ཡིས་བཞུ་མ་ནུས། །ད་ཟན་ལྟར་གཅོད་ན་འདི་ལྟར་གཅོད། །ཆུ་ལྟར་འཕྱར་ན་འདི་ལྟར་འཕྱར། །འདམ་ལྟར་བརྫི་ན་འདི་ལྟར་བརྫི། །མདའ་ལྟར་འཕེན་ན་འདི་ལྟར་འཕེན། །ཕ་ལ་དད་པས་བལྟ་ཤེས་ན། །མི་འདོད་འདོད་དགུ་ཆར་བཞིན་འབབ། །གང་དགོས་ལོངས་སྤྱོད་གཏེར་ཁ་ཕྱེད། །ཡ་མཚན་ཆེ་ན་འདི་ཆེ་མོད། །རྐྱང་ལྟད་མོ་ཆེ་ཡང་དུད་འགྲོའི་བུ། །བུ་སྣང་བ་བསྒྱུར་ཅིག་རས་ཆུང་པ། །ཞེས་གསུངས་པས། རས་ཆུང་པ་ན་རེ། བདག་གི་དཔེ་ཆ་འོང་བའི་རྫུ་འཕྲུལ་མཛད་བྱུང་ན་དད་པ་སྐྱེ། དེ་མིན་སེམས་ཅིག་མི་དགའ་ཟེར་ད་དུང་དད་པ་མ་སྐྱེས་པས། ཡང་རྗེ་བཙུན་གྱིས་ན་བཟའ་ལ་གཤོག་པ་མཛད་ནས། བྲག་དམར་གྱི་གཡང་གིས་གྱེན་དུ་ནམ་མཁའ་ལ་འཕུར་ཏེ་རྒོད་ལྟར་ལྡིང་ཞིང་ཁྲ་ལྟར་བཞུད་པ་དང་། གློག་ལྟར་འཁྱུག་པ་ལ་སོགས་པའི་སྤྱོད་ལམ་སྣ་ཚོགས་མཛད་བཞིན་མགུར་འདི་གསུངས་སོ། །བུ་ཡང་ཅིག་གསོན་དང་རས་ཆུང་པ། །བྲག་དམར་སྤོ་མཐོ་ནམ་མཁའ་རྫོང་། །ནམ་མཁའ་རྫོང་གི་རྫོང་རྩེ་ནས། །བྱ་རྒོད་པོ་འཕུར་ན་གཤོག་རྩ་འདར། །བྱ་བྲན་འཕུར་ན་སྙིང་རྩ་འདར། །སྔར་ཡང་མི་ནི་འཕུར་མ་མྱོང་། །ད་དུང་མི་ནི་འཕུར་མི་སྲིད། །ང་མི་རྒན་འཕུར་ན་འདི་ལྟར་འཕུར། །རྒོད་ལྟར་ལྡིང་ན་འདི་ལྟར་ལྡིང་། །ཁྲ་ལྟར་བཞུད་ན་འདི་ལྟར་བཞུད། །གློག་ལྟར་འཁྱུག་ན་འདི་ལྟར་འཁྱུག །རླུང་ལྟར་འཕྱོ་ན་འདི་ལྟར་འཕྱོ། །ཁྱོད་རྟེན་འབྲེལ་ལུས་ཀྱི་རྫུ་འཕྲུལ་ལ། །དད་པས་ཉམས་སུ་ལེན་ཤེས་ན། །དབང་བསྒྱུར་འཁོར་འདས་གཅིག་ཏུ་འདྲེ། །ཡ་མཚན་ཆེ་ན་འདི་ཆེ་མོད། །རྐྱང་ལྟད་མོ་ཆེ་ཡང་དུད་འགྲོའི་བུ། །བུ་རང་རྒྱུད་སྦྱོངས་ཤིག་རས་ཆུང་པ། །ཞེས་གསུངས་ཤིང་རྫུ་འཕྲུལ་བསྟན་རུང་། མིག་བལྟ་བ་ཙམ་མ་གཏོགས་ད་དུང་དད་པ་སྐྱེར་མ་འདོད་པས། སླར་ཡང་རྗེ་བཙུན་གྱིས་ན་བཟའ་ལ་གཤོག་པ་མཛད་ནས་ནམ་མཁའ་ལ་ལྡིང་བསྐོར་མཛད་ནས་མགུར་འདི་གསུངས་སོ། །བུ་ཡང་ཅིག་གསོན་དང་རས་ཆུང་པ། །མོན་རི་བྲག་དམར་སྤོ་མཐོ་ན། །འོང་དོན་མེད་པའི་རྐྱང་གི་ཁྱུ། །སྐད་ཅིག་ཉིད་ལ་བྱུང་བ་དེ། །རོ་གཅིག་སྐྱེ་མེད་ཆོས་ཀྱི་དབྱིངས། །འགག་མེད་དུ་མར་ཤར་བ་ཡིན། །རྐྱང་གཅིག་སྤྱང་ཀིར་སོང་བ་ཡིས། །རྐྱང་ཁྱུ་དེད་ནས་ལ་བརྒལ་བ། །ཉོན་མོངས་རང་མཚང་རིག་པ་ཡིས། །སྤང་བྱ་ཀུན་གྱི་གཉེན་པོ་བྱས། །གཟུང་འཛིན་ལ་མོ་བརྒལ་བ་ཡིན། །མི་ལ་རས་པའི་སྤྲུལ་པ་ཡིས། །རས་ཆུང་རྡོ་རྗེ་གྲགས་པ་ལ། །སྙིང་པོའི་ངོ་སྤྲོད་བྱས་པ་ཡིན། །ཕ་རྒན་མི་ལ་རས་པ་ངས། །བཀོད་པ་ལུས་ཀྱི་རྫུ་འཕྲུལ་ལ། །ངོ་མཚར་ལྟད་མོ་མི་ཆེ་བར། །རྐྱང་མ་བརྒྱ་བུ་བརྒྱའི་སྤྲུལ་པ་ལ། །ཡ་མཚན་ལྟད་མོ་ཆེ་བ་དེ། །རས་ཆུང་སྣང་བ་ལོག་པའི་རྟགས། །རྫུ་འཕྲུལ་ཡ་མ་ཟུང་འཇུག་གིས། །ད་དུང་དད་པར་མི་འགྱུར་བའི། །སྙིགས་དུས་དད་མེད་བུ་སློབ་ལ། །བསམ་བཞིན་རྣལ་འབྱོར་ངེས་པར་འབྱུང་། །བུ་ཡང་ཅིག་གསོན་དང་རས་ཆུང་པ། །སྲ་བའི་ཤིང་དང་གྱོང་བའི་རྭ། །བཀུག་ན་ཁུག་ཙམ་གདའ་ལགས་ཏེ། །རང་སེམས་གྱོང་པོ་འདི་ལ་ཁུགས་དུས་མེད། །རང་སེམས་ནང་དུ་ཁུ་གཅིག་རས་ཆུང་པ། །ལྷོ་ཁའི་སྟག་དང་བྱང་ཁའི་འབྲོང་། །བཏུལ་ན་ཐུལ་ཙམ་གདའ་ལགས་ཏེ། །བདག་འཛིན་དྲེགས་པ་འདི་ལ་ཐུལ་དུས་མེད། །བདག་འཛིན་དྲེགས་པ་ཐུལ་ཅིག་རས་ཆུང་པ། །གནམ་གྱི་བྱ་དང་ས་ཡི་བྱི། །བཟུང་ན་ཟིན་ཙམ་གདའ་ལགས་ཏེ། །དྲན་རིག་འཁྲུལ་པ་འདི་ལ་ཟིན་དུས་མེད། །འཁྲུལ་པ་དྲན་པས་ཟུངས་ཤིག་རས་ཆུང་པ། །ཐོས་པའི་ཆོས་དང་བསམ་པའི་ཆོས། །བསླབས་ན་ཤེས་ཙམ་གདའ་ལགས་ཏེ། །རང་སེམས་དངོས་མེད་འདི་ལ་ཤེས་དུས་མེད། །སེམས་ཉིད་སྐྱེ་མེད་སྒོམས་ཤིག་རས་ཆུང་པ། །བརྩེ་བའི་ཕ་དང་བྱམས་པའི་མ། །བསྐྱུར་ན་འཁྱུར་ཙམ་གདའ་ལགས་ཏེ། །གཤིས་ངན་རང་རྩིས་འདི་ལ་འཁྱུར་དུས་མེད། །གཤིས་ངན་རང་རྩིས་སྐྱུར་ཅིག་རས་ཆུང་པ། །ཕ་ཡུལ་མཁར་དང་ནང་གི་ནོར། །སྤངས་ན་ཕོངས་ཙམ་གདའ་ལགས་ཏེ། །སྐྱིད་འདོད་སོ་བསོད་འདི་ལ་ཕོངས་དུས་མེད། །ཞི་བདེ་དོན་གཉེར་སྤོངས་ཤིག་རས་ཆུང་པ། །མཆོར་པོའི་རྒྱན་དང་མཛེས་མའི་གྲོགས། །སྤངས་ན་ཕོངས་ཙམ་གདའ་ལགས་ཏེ། །མལ་བདེ་དྲོ་འཇམ་འདི་ལ་ཕོངས་དུས་མེད། །གཏི་མུག་རོ་ཉལ་སྤོངས་ཤིག་རས་ཆུང་པ། །ཕ་རིའི་རི་དང་ཚུ་རིའི་བྲག །སྤྲད་ན་འཕྲོད་ཙམ་གདའ་ལགས་ཏེ། །ཡེ་ཤེས་རང་ངོ་འདི་ལ་འཕྲོད་དུས་མེད། །སེམས་ཉིད་རང་ཞལ་ལྟོས་ཤིག་རས་ཆུང་པ། །རྒྱལ་པོའི་བཀའ་དང་བཙུན་མོའི་ལུང་། །ཞུས་ན་གནང་ཙམ་གདའ་ལགས་ཏེ། །འཆི་བདག་གཤིན་རྗེ་འདི་ལ་ཞུ་ས་མེད། །འཆི་བ་ལམ་དུ་སློངས་ཤིག་རས་ཆུང་པ། །བུ་རང་རྒྱུད་ངན་པའི་སྣང་བ་བཟློག །སྤྱོད་པ་ངན་པའི་རྣམ་འགྱུར་ཞོག །རང་རྒྱུད་རྩུབ་མོའི་བསམ་པ་ཐོང་། །བདུད་ཀྱི་བར་ཆད་ལོག་ལྟ་དོར། །བདག་འཛིན་འགོང་པོའི་གྲོགས་པོ་སྤོངས། །ཤི་ཡང་ཁ་ཆེམས་དེ་ལས་མེད། །གསོན་ཀྱང་སྙིང་གཏམ་དེ་ལས་མེད། །དེ་རྒྱུད་ལ་ཁོལ་ཅིག་རས་ཆུང་པ། །ཞེས་གསུང་ཞིང་ཇེ་མཐོ་ཇེ་མཐོ་ལ་མི་མཐོང་བར་སོང་བ་དང་། རས་ཆུང་པ་འགྱོད་པ་དྲག་པོ་དང་། དད་པ་ཐུན་མོང་མ་ཡིན་པ་ཞིག་སྐྱེས་ཏེ། རྗེ་བཙུན་མད་པར་འདུག་ང་རང་རྒྱུད་མ་ཐུལ་བས་དཔེ་རུལ་འགའ་བློས་མ་ཐོངས་པའི་རིན་ལ། བླ་མ་རྗེ་བཙུན་གྱིས་རྫུ་འཕྲུལ་དེ་ཙམ་ཞིག་མཛད་རུང་དད་པ་མ་སྐྱེས་པས་ད་རྗེ་བཙུན་ང་ལ་ཐུགས་ཁྲེལ་ནས་མཁའ་སྤྱོད་དུ་འབྱོན་པར་འདུག །ལོག་ལྟ་ཅན་ངས་ནི་མཁའ་སྤྱོད་མི་བགྲོད། བླ་མ་མེད་པའི་དཔེ་ཆས་ཅི་བྱེད། ད་གཡང་འདི་ལ་ལྕེབས་སྙམ། སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་རྗེ་བཙུན་གྱི་དྲུང་དུ་སྐྱེས་ནས་ཐུགས་ཡིད་གཅིག་ཏུ་འདྲེ་བར་ཤོག་ཅིག་ཅེས་སྨོན་ལམ་བཏབ་སྟེ། ཞེ་ཐག་པ་ནས་བྲག་གཡང་ལ་མཆོངས་པས་ལུས་ཡང་ཕྱོད་པ་དང་བཅས་བྲག་ལོགས་སུ་ལུས་པའི་སྟེང་ན་ཚུར་རྗེ་བཙུན་འཕུར་བའི་གྲིབ་མ་བྱུང་བ་དང་། གདུང་བའི་དབྱངས་དང་སྨྲེ་སྔགས་ཀྱི་འོ་དོད་ཆེན་པོ་འདོན་ཞིང་། རྗེ་བཙུན་གྱི་ཕྱིར་ལ་འཕུར་བར་བརྩམས་པས་ལུས་ཀྱིས་ནམ་མཁའ་ལ་འཕུར་མ་ཐུབ་རུང་། རྐང་འགྲོས་ཀྱིས་ཕྱིན་པས་སྐུའི་གྲིབ་མ་ནོན་པ་བྱུང་སྟེ་ཕྱི་བཞིན་ཕྱིན་པས་བྲག་དམར་གྱི་རྐེད་སྟོད་ན་རས་ཆུང་པས་མི་ཐར་བའི་སྐུ་མཐོང་གསུང་ཐོས་པའི་བྲག་སྐྱིབས་ཤིག་ན་རྗེ་བཙུན་སྐུ་གསུམ་དུ་སྤྲུལ་ཏེ། དབུས་མའི་རམ་འདེགས་གཡས་གཡོན་གཉིས་ཀྱིས་མཛད་ནས། རས་ཆུང་པས་འགྱོད་ཚངས་འབུལ་བ་ལ་མགུར་འདི་གསུངས་སོ། །བུ་གཅིག་གསོན་དང་རས་ཆུང་པ། །ཕ་རྗེ་བཙུན་གཅིག་ལ་རྗེ་བཙུན་གཉིས། རྣམ་འཕྲུལ་གསུམ་དུ་བཞུགས་པ་ལ། །ཁྱེད་ཕྱག་མཆོད་འབུལ་ན་གང་ལ་འབུལ། །སྡིག་བཤགས་བྱེད་ན་གང་ལ་བྱེད། །སྙུན་དྲི་རྨེད་བྱེད་ན་གང་ལ་བྱེད། །རྒྱུད་སྡོམ་པ་ལེན་ན་གང་ལ་ལེན། །དབང་གདམས་ངག་ཞུ་ན་གང་ལ་ཞུ། །དོན་ཟབ་མོའི་ངོ་སྤྲོད་གང་ལ་ཞུ། །མཐར་ཐུག་སྐྱབས་གནས་སུ་ལ་ཞུ། །བློ་རེ་ལྟོས་ཟབ་མོ་གང་ལ་འཆའ། །བུ་སྤྲུལ་བསྒྱུར་ལུས་ཀྱི་བཀོད་པ་ལ། །དད་པ་སྐྱེས་ན་ཁོང་ཡུས་ཤོད། །སྤྱོད་ངན་གཤིན་རྗེའི་ལག་རྟགས་ལ། །འཇིགས་པ་སྐྱེ་ན་མྱུར་དུ་སྤོངས། །ལོག་རྟོག་བདུད་ཀྱི་བར་ཆད་ལ། །འགྱོད་པ་སྐྱེས་ན་བཤགས་པ་གྱིས། །ཞེས་གསུངས་པས། རས་ཆུང་པ་གདོང་མཆི་མས་གང་བའི་ངུ་ངག་གིས་ཞུ་དོན་འདི་དབྱངས་སུ་ཕུལ་ལོ། །ཕ་མཁྱེན་བརྩེ་ནུས་པ་ཀུན་ལྡན་པའི། །རྗེ་བཙུན་བླ་མ་སྙན་གསོན་དང་། །རྗེ་བཙུན་རྣམ་འཕྲུལ་ཅིར་སྣང་ཡང་། །ལོག་ལྟས་བསྒྲིབས་པའི་རས་ཆུང་ངའི། །དགའ་བས་བསྙུན་དྲི་བྱེད་ས་དང་། །མོས་པས་ཕྱག་མཆོད་འབུལ་ས་དང་། །ལོག་ལྟའི་སྡིག་པ་བཤགས་ཡུལ་དང་། །དམ་ཚིག་སྡོམ་པའི་ལེན་ས་དང་། །དབང་དང་གདམས་ངག་ཞུ་ས་དང་། །ངོ་སྤྲོད་མཐར་ཐུག་སྐྱབས་གནས་རྣམས། །རྗེ་བཙུན་དབུས་མ་རང་ལ་ཞུ། །ཐུགས་རྗེས་བསྐྱངས་པའི་ཁོང་ནས་ཡུས། །ཕྱིན་ཆད་ངན་སྤྱོད་སྡིག་པ་སྡོམ། །སྤྲང་ལོག་ལྟ་ཅན་ལ་བསྐྱབ་ཏུ་གསོལ། །ཞེས་ཞུས་པས་དྲུང་དུ་བསླེབས་ཏེ། རྗེ་བཙུན་དབུས་མ་དེའི་སྐུ་ལ་འཁྲིལ་ནས་དར་ཅིག་དྲན་མེད་དུ་སོང་བ་སངས་པ་དང་། ཡབ་སྲས་གཉིས་ཕུག་པ་ན་སླེབ་འདུག་སྟེ། རྗེ་བཙུན་གྱི་ཞལ་ནས། རས་ཆུང་པ་ཁྱོད་སངས་རྒྱས་ཐོབ་པར་འདོད་ན་དམར་ཁྲིད་ཀྱི་གདམས་ངག་སྒོམ་ནུས་པ་ཞིག་དགོས། འོ་སྐོལ་ལ་རྩོད་ཡིག་དང་མུ་སྟེགས་ཀྱི་ངན་སྔགས་ཀྱི་དོན་མེད། ལུས་མེད་མཁའ་འགྲོའི་ཆོས་སྐོར་རྣམས་ལ་བདག་བཟང་པོ་འདུག་པས། མེས་ཚིག་པ་མེད། དེ་མིན་གྱི་དཔེ་རྣམས་སངས་རྒྱས་ཐོབ་ཏུ་རེ་བ་ལ་ངན་སོང་དུ་ཤོར་གྱིས་དོགས་ནས་ངས་བསྲེགས་པ་ཡིན་པས་གླུ་འདི་ཉོན་ཅིག་བྱས་མགུར་འདི་གསུངས་སོ། །བུ་ཆུང་ནས་བསྐྱངས་པའི་རས་ཆུང་པ། །ཁྱོད་གདམས་ངག་ལེན་དུ་བཏང་བ་ལ། །རྩོད་ཡིག་འདི་ཡི་མང་ལུགས་ཀྱིས། །གཞུང་བཤད་མཁན་ཞིག་བྱུང་གིས་དོགས། །ཁྱོད་སྒོམ་ཆེན་སྟན་བརྡོལ་རེ་བ་ལ། །བཤད་པ་འདི་ཡི་མང་ལུགས་ཀྱིས། །སྟོན་ཆེན་ལྷམ་བརྡོལ་བྱུང་གིས་དོགས། །ཁྱོད་གཅིག་ཤེས་ཀུན་གྲོལ་རེ་བ་ལ། །ཐ་སྙད་འདི་ཡི་མང་ལུགས་ཀྱིས། །ཀུན་ཤེས་གཅིག་རྡུགས་བྱུང་གིས་དོགས། །ཁྱོད་དམ་ཆོས་ཚོལ་དུ་བཏང་བ་ལ། །ལས་ཚོགས་འདི་ཡི་མང་ལུགས་ཀྱིས། །ཆགས་སྡང་མཁན་ཞིག་བྱུང་གིས་དོགས། །ངས་ཚོལ་དུ་བཏང་བའི་དམ་ཆོས་རྣམས། །འཕུར་ཏེ་བྲག་གི་གསེབ་ཏུ་སོང་། །ད་ལྟ་མཁའ་འགྲོའི་ཕྱག་ན་གདའ། །གསོལ་བ་བཏབ་ན་གནང་སྟེ་མཆི། །མཐུ་གཏད་ལ་སོགས་ངན་སྔགས་རྣམས། །འབར་བ་མེ་ཡི་ནང་དུ་བཞུ། །བཅོམ་ལྡན་མེ་ལྷའི་ཞལ་དུ་ཕུལ། །རང་གཞན་ཀུན་ལ་ཕན་པས་འཚེངས། །བུ་ཞེ་སྡང་མ་ཆེ་རང་རྒྱུད་སྲེག །སྡུག་བསྔལ་མ་ཆེ་ལུས་སེམས་བརླག །བཅོས་མ་མ་མང་ལྷོད་དེ་སྡོད། །དྲིན་ལན་བླ་མ་དྲན་པར་གྱིས། །ཞེས་གསུངས་པས། རས་ཆུང་པས་བླ་མ་སངས་རྒྱས་ཀྱི་གསུང་ཡིན་པས་བདེན་ངེས་སྙམ་གསོལ་བ་བཏབ་པས་ལུས་མེད་མཁའ་འགྲོའི་ཆོས་སྐོར་ལ་སོགས་ཏེ། བསྟན་པ་དང་སེམས་ཅན་ལ་ཕན་པའི་དཔེ་ཆ་རྣམས་རས་ཆུང་པ་རང་གི་ཕྱག་ཏུ་བབས་བྱུང་བས། ཚད་ལས་འདས་པའི་དགའ་སྤྲོ་དང་། བླ་མ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་དང་མི་འབྲལ་བར་གྱུར་ཏེ། ངས་སྔར་ཡང་བླ་མའི་ཞབས་ཏོག་མང་དུ་བསྒྲུབས། ད་དུང་ཡང་བསྒྲུབ་དགོས་སྙམ་དུ་དམ་བཅས་ཤིང་དམ་བཅའ་མཐར་སྐྱེལ་བ་ཡིན་ནོ། །དེ་ནས་མཆེད་གྲོགས་རྣམས་དང་ཉ་མ་རྣམས་ལ་སྐད་བཏང་བས་ཀུན་འདུས་ནས་རས་ཆུང་པའི་བྱོན་སྐྱེམས་སུ་ཚོགས་འཁོར་ཞིག་མཛད་པའི་གྲལ་དུ། སེ་བན་རས་པས་རས་ཆུང་པ་ལ་ཁྱེད་རྒྱ་གར་དུ་བྱོན་པ་ལ་རྗེ་བཙུན་གྱིས་ལུང་བསྟན་གྱི་གདམས་ངག་དང་རིག་པ་གཉིས་ཀ་བྱུང་ཡོད་ལས་ཆེ་བས། ད་རྩོད་པ་བྱུང་ན་ཇི་ལྟར་བཟློག་ཟེར་བ་དང་། རྗེ་བཙུན་གྱིས་རས་ཆུང་པ་ཁྱོད་ཀྱིས་ལུས་མེད་མཁའ་འགྲོའི་ཆོས་སྐོར་གྱི་སྒོ་ནས། རྩོད་པ་བཟློག་ལུགས་གྱིས་ཤིག་གསུངས་པས། རས་ཆུང་པས་ཀྱང་རྩོད་པ་བཟློག་ལུགས་འདི་དབྱངས་སུ་ཕུལ་ལོ། །བརྒྱུད་པ་རྡོ་རྗེ་འཆང་ཆེན་གྱིས། །བཀའ་ཆད་བརྒྱུད་པའི་རྩོད་པ་བཟློག །བླ་མ་སངས་རྒྱས་རས་པ་ཡིས། །འདོད་ལྡན་བླ་མའི་རྩོད་པ་བཟློག །གདམས་ངག་སྙན་བརྒྱུད་ཐབས་ལམ་གྱིས། །བློས་བྱས་བདུད་ཀྱི་རྩོད་པ་བཟློག །རོ་སྙོམས་ཕྱི་ཡི་མེ་ལོང་གིས། །སྐྱོན་ཅན་སྐུང་ས་མཐའ་ལ་འབུད། །བདེ་ཆེན་གསུང་གི་རིན་ཆེན་གྱིས། །རྣམ་རྟོག་ཡེ་ཤེས་མེ་ཡིས་བསྲེགས། །རྩ་རླུང་དྲ་མིག་འཁོར་ལོ་ཡིས། །བྱིང་རྒོད་ཧད་པོ་མཐའ་རུ་སྐྱེལ། །རང་གྲོལ་ཕྱག་རྒྱ་ཆེན་པོ་ཡིས། །སྒོ་ལྔའི་ངར་འཛིན་འགོང་པོ་འདུལ། །རིག་པ་ཡེ་ཤེས་སྒྲོན་མེ་ཡིས། །སྙོམ་ལས་མ་རིག་མུན་པ་སེལ། །སྤྱོད་པ་ཆུ་ལ་རལ་གྲི་ཡིས། །ཆོས་བརྒྱད་མདུད་པ་རང་སར་འགྲོལ། །ཞེས་ཞུས་པས། རྗེ་བཙུན་གྱི་ཞལ་ནས། རྩོད་པ་བཟློག་ལུགས་ལེགས་བྱུང་། དེའི་ཐོག་ཏུ་ལྟ་སྒོམ་གྱི་གནད་འདི་རྣམས་དགོས་གསུངས་ནས་མགུར་འདི་གསུངས་སོ། །ལྟ་བ་སྟོང་པའི་ཡེ་ཤེས་ཡིན། །སྒོམ་པ་འོད་གསལ་འཛིན་མེད་ཡིན། །སྤྱོད་པ་ཆགས་མེད་རྒྱུན་ཞིག་ཡིན། །འབྲས་བུ་དྲི་མེད་གཅེར་བུ་ཡིན། །ལྟ་བ་སྟོང་པའི་ཡེ་ཤེས་དེ། །ཁ་ལྟ་རྐྱང་པར་འཆོར་ཉེན་གདའ། །དོན་ལ་ངེས་ཤེས་མ་སྐྱེས་ན། །ཚིག་གིས་བདག་འཛིན་གྲོལ་བ་མེད། །དེས་ན་ངེས་ཤེས་དྲག་པོ་གཅེས། །སྒོམ་པ་འོད་གསལ་འཛིན་མེད་དེ། །གནས་པ་རྐྱང་པར་འཆོར་ཉེན་གདའ། །ཡེ་ཤེས་ནང་ནས་མ་ཤར་ན། །གནས་པ་བསྟན་ཀྱང་གྲོལ་ཆ་མེད། །བྱིང་རྒོད་ལ་ཡེ་ཤེས་མི་སྐྱེ་བས། དེས་ན་མ་ཡེངས་དྲན་པ་གཅེས། །སྤྱོད་པ་ཆགས་མེད་རྒྱུན་ཞིག་དེ། །ཐོ་ཅོ་རྐྱང་པར་འཆོར་ཉེན་གདའ། །ལྟ་སྒོམ་གྲོགས་སུ་མ་ཤར་ན། །བརཏལ་ཞུགས་སྤྱོད་པ་ཆོས་བརྒྱད་གྲོགས། །དེས་ན་ཞེན་མེད་སྒྲིབ་མེད་གཅེས། །འབྲས་བུ་དྲི་མེད་གཅེར་བུ་དེ། །མཚན་མའི་ན་བཟའ་གསོལ་ཉེན་གདའ། །འཁྲུལ་པ་ནང་ནས་མ་ཞིག་ན། །ཡིད་སྨོན་སྒོམས་ཀྱང་དོན་གོ་ཆུང་། །དེས་ན་འཁྲུལ་པ་ཞིག་པ་གཅེས། །ཞེས་གསུངས་པས་ཚོགས་པ་ཀུན་ལ་ངེས་ཤེས་སྐྱེས་ཤིང་། དགའ་སྤྲོ་ཡི་རངས་པར་གྱུར་ཏོ། །རྐྱང་མགུར་གྱི་སྐོར་རོ།། །།


༈ ན་མོ་གུ་རུ། རྗེ་བཙུན་མི་ལ་རས་པ་དེ་ཉིད་ཀྱི་ཐུགས་སྲས་རས་ཆུང་པས་རྒྱ་གར་ནས་འཁོར་བའི་དུས་སུ་བྲག་དམར་སྤོ་མཐོར་ཉ་མ་དང་བུ་སློབ་ཕལ་ཆེར་འདུས་པའི་ཚོགས་གྲལ་ཞིག་ཏུ་མཉམ་མེད་སྒམ་པོ་པ་འབྱོན་པར་མ་འོངས་ལུང་བསྟན་གྱི་མགུར་གསུངས་ནས། ཆུ་དབར་དུ་ཉ་མ་རྣམས་ཀྱིས་སྤྱན་དྲངས་ཏེ་བཞུགས་པའི་དུས་སུ་དྭགས་པོ་ནས་རུས་གླན་ཡིན་པའི་སྒོམ་ཆེན་ཞིག་རྗེ་བཙུན་གྱི་སྙན་པས་ཡིད་ཕྲོགས་ཏེ་ཞལ་བལྟར་འོངས་པ་དང་མཇལ་བས། ཞལ་མཐོང་མ་ཐག་བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་བཟང་པོ་སྐྱེས་པས་མཆོག་ཏུ་དད་པར་གྱུར་ནས། བླ་མ་ལ་བདག་དྭགས་པོའི་ཕྱོགས་ཀྱི་སྒོམ་ཆེན་ཞིག་ལགས། སྔར་བླ་མ་འགའ་ལ་རྫོགས་ཆེན་ལ་སོགས་པའི་ཁྲིད་འགའ་ཡང་ཞུས། སོ་སོར་རྟོག་པའི་ཤེས་རབ་ཀྱི་རྟོག་དཔྱོད་བཏང་ནས་སྒོམ་ལོ་ཡང་བྱས། རོ་སྙོམས་ཀྱང་བྱེད་མྱོང་ལགས་ཏེ། གོ་བ་ཙམ་ལས་གློ་ཁེལ་བའི་ཉམས་མྱོང་སྐྱེར་མ་འདོད་ཅིང་། བླ་མ་ཁྱེད་ཀྱི་སྙན་པ་ཐོས་ནས་ཆོས་ཞུ་རུ་འོངས་པ་ལགས་པས། ཆོས་གནང་བར་ཞུ་ཞུས་པའི་ལན་དུ་རྗེ་བཙུན་གྱི་ཞལ་ནས། སྔར་གྱི་ཆོས་རྣམས་འདི་ལྟ་བུ་ཞིག་བྱུང་བ་ཡིན་ནམ་གསུངས་ནས་མགུར་འདི་གསུངས་སོ། །བླ་མ་དམ་པའི་གདམས་ངག་དེ། །ཁ་ཚིག་རྐྱང་པར་མ་ཤོར་རམ། །སོ་སོར་རྟོག་པའི་ཤེས་རབ་དེ། །གཉིས་འཛིན་ཕྱོགས་སུ་མ་ཤོར་རམ། །རྟོགས་པར་བྱ་བའི་ལྟ་བ་དེ། །གཟུང་འཛིན་དགྲ་ཡིས་མ་ཁྱེར་རམ། །དམིགས་མེད་བསམ་གཏན་སྒོམ་པ་དེ། །མཚན་མའི་འཕྲང་ལ་མ་བརྡུགས་སམ། །རོ་སྙོམས་བྱེད་པའི་སྤྱོད་པ་དེ། །ཐེ་ཚོམ་ཡན་པར་མ་ཤོར་རམ། །མྱ་ངན་འདས་པའི་འབྲས་བུ་དེ། །གཞན་ནས་ཐོབ་ཏུ་མ་རེས་སམ། །རྒྱུད་དང་མ་འབྲེལ་ཉམས་མྱོང་དེ། །ཀོ་མོག་ཆབ་ལྟར་མ་ལྟེངས་སམ། །སེམས་ཉིད་གཉུག་མ་སྟོང་པ་དེ། །སྒྲོ་སྐུར་གཉིས་ཀྱི་མ་བསླད་དམ། །རི་ཁྲོད་འགྲིམས་པའི་རྣལ་འབྱོར་ཀུན། །ངོ་བསྲུང་བདུད་ཀྱིས་མ་ཁྱེར་རམ། །དེས་ན་མ་རིག་འཁྲུལ་འཁོར་འདིས། །རྫ་མཁན་འཁོར་ལོ་བཞིན་དུ་འཁོར། །ཞེས་གསུངས་པས། ཁོ་ན་རེ། སྔར་དེ་བཞིན་རང་བྱུང་ལགས། ད་དེ་བཞིན་མ་ཡིན་པའི་དབང་དང་གདམས་ངག་གནང་བར་ཞུ་ཟེར་བ་ལྟར། རྗེ་བཙུན་གྱིས་དབང་དང་གདམས་ངག་གནང་སྟེ་སྒོམ་དུ་བཅུག་པས། སྔར་གྱི་བག་ཆགས་ཀྱིས་མཚན་བཅས་ཀྱི་དགེ་སྦྱོར་བློས་ཡེ་མི་ཐོངས་ཤིང་། གྲོང་ཡུལ་དུ་འགྲོ་བའི་རྟོག་པ་ཡང་མང་དག་རྒྱུ་ཞིང་འདུག་པ་རྗེ་བཙུན་གྱིས་དགོངས་ནས། སྐུ་དྲུང་དུ་རྟོགས་པ་འབུལ་དུ་བྱུང་བའི་ཚེ། གླན་སྒོམ་མཚན་མའི་དགེ་སྦྱོར་དང་གྲོང་ཡུལ་དུ་འགྲོ་བའི་ཙབ་ཙོབ་སྤངས་ནས། རྩེ་གཅིག་ཏུ་དྲིལ་ནས་མ་བསྒོམས་ན། ཁམས་གསུམ་འཁོར་བར་ལུས་ཉེན་འདུག་པས་ཞེ་ཟོན་གྱིས་གསུངས་ནས་མགུར་འདི་གསུངས་སོ། །དམ་པའི་བརྒྱུད་པ་འཛིན་པ་ན། །འཁྲུལ་པ་དབྱིངས་སུ་དག་པ་དང་། །བྱ་བ་དུས་སུ་ཐོངས་པ་དང་། །འདི་དག་ལྡན་ན་རྣལ་འབྱོར་ཡིན། །ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ། །མཚན་མའི་སེམས་འཛིན་དགོས་རྒྱུ་མེད། །སྤྲོས་བྲལ་ནང་ནས་ཤར་བ་ལ། །རྟོག་དཔྱོད་བཟླས་པས་ཅི་ཞིག་བྱ། །རྣལ་འབྱོར་གྲོང་ན་འཁྱམ་པ་ཀུན། །གཉེན་དང་གྲོགས་ཀྱི་ངོ་འཛིན་ཅིང་། །སྤྱོད་པ་ཚུལ་འཆོས་ཐོ་ཆོ་བྱེད། །རིག་སྟོང་དབྱེར་མེད་ལྐོག་ཏུ་ལུས། །རྣམ་རྟོག་སྤོང་ན་ཉོན་རེ་མོངས། །འཆི་ཁར་འགྱོད་དེ་མི་མཆིའམ། །མི་རྟག་འཆི་བ་དྲན་པ་ཡིས། །ཉོན་མོངས་དགྲ་ལ་ཞེ་ཟོན་གྱིས། །འགྲོ་དྲུག་གཡང་ལ་ལྷུང་ཉེན་གདའ། །རྟག་ཏུ་རི་ཁྲོད་འགྲིམ་བཞིན་དུ། །སེམས་ལ་ཅེ་རེ་མ་བལྟས་ན། །ལུང་མ་བསྟན་དུ་ལུས་ཉེན་གདའ། །དད་ཅིང་གུས་པ་ཆེན་པོ་ཡིས། །རྗེ་ལ་གསོལ་བ་མ་བཏབ་ན། །ཉམས་ཀྱི་སྣང་བ་གྲིབ་ཉེན་གདའ། །འབད་རྩོལ་བརྩོན་འགྲུས་དྲག་པོ་ཡིས། །ཟབ་མོའི་ཐབས་ལམ་མ་བསྒོམས་ན། །ཉོན་མོངས་དགྲ་བོ་རྒྱལ་ཉེན་གདའ། །རྟག་ཏུ་རི་ཁྲོད་དགོན་པ་འགྲིམས། །ཡོན་ཏན་ངེས་པར་སྐྱེས་ཏེ་མཆི། །གསུངས་པས་མཚང་ལ་ཕོག་སྟེ་རྗེ་བཙུན་མད་སྙམ། གཅིག་པུར་རི་ཁྲོད་ལ་གཡེལ་མེད་དུ་བསྒོམས་པས་རྟོགས་པ་ཁྱད་པར་ཅན་སྐྱེས་ནས། རྗེ་བཙུན་གྱི་དྲུང་དུ་རྟོགས་པ་ཕུལ་བས་མཉེས་ཏེ། ལེགས་འདུག་ད་དུང་སྤང་བླང་འདི་རྣམས་སངས་མ་རྒྱས་ཀྱི་བར་དུ་དགོས་པས་ཤེས་པར་གྱིས་ཤིག་གསུངས་ནས་མགུར་འདི་གསུངས་སོ། །བུ་དང་ཆུང་མ་ངོ་སྲུང་གསུམ། །འདི་གསུམ་རྣལ་འབྱོར་གྱི་འཆིང་བ་ཡིན། །ཆོས་མཛད་རྣམས་ཀྱིས་སྤང་འཚལ་ལོ། །རྫས་དང་ལོངས་སྤྱོད་ཁེངས་གྲགས་གསུམ། །འདི་གསུམ་རྣལ་འབྱོར་གྱི་བར་ཆད་ཡིན། །ཆོས་མཛད་རྣམས་ཀྱིས་སྤང་འཚལ་ལོ། །གཉེན་དང་ཡོན་བདག་སློབ་མ་གསུམ། །དེ་གསུམ་རྣལ་འབྱོར་གྱི་བཤོལ་འདེབས་ཡིན། །ཆོས་མཛད་རྣམས་ཀྱིས་སྤང་འཚལ་ལོ། །ཆང་དང་ངལ་དུབ་གཉིད་དང་གསུམ། །དེ་གསུམ་རྣལ་འབྱོར་གྱི་ཆོམ་པོ་ཡིན། །ཆོས་མཛད་རྣམས་ཀྱིས་སྤང་འཚལ་ལོ། །གཏམ་དང་གད་མོ་ལྟད་མོ་གསུམ། །དེ་གསུམ་རྣལ་འབྱོར་གྱི་གཡེང་བ་ཡིན། །ཆོས་མཛད་རྣམས་ཀྱིས་སྤང་འཚལ་ལོ། །བླ་མ་དང་གདམས་ངག་འབད་པ་གསུམ། །དེ་གསུམ་རྣལ་འབྱོར་གྱི་གཞི་རྟེན་ཡིན། །ཆོས་མཛད་རྣམས་ཀྱིས་སྒྲུབ་འཚལ་ལོ། །དབེན་གནས་གྲོགས་མཆོག་འཚོ་བ་གསུམ། །དེ་གསུམ་རྣལ་འབྱོར་གྱི་འཁར་བ་ཡིན། །ཆོས་མཛད་རྣམས་ཀྱིས་སྒྲུབ་འཚལ་ལོ། །མ་ཡེངས་མི་རྟོག་བདེ་བ་གསུམ། །དེ་གསུམ་རྣལ་འབྱོར་གྱི་གཏན་གྲོགས་ཡིན། །ཆོས་མཛད་རྣམས་ཀྱིས་སྒྲུབ་འཚལ་ལོ། །ལྷུག་པ་ཤུགས་འབྱུང་རང་བྱུང་གསུམ། །དེ་གསུམ་རྣལ་འབྱོར་གྱི་འཁྱེར་སོ་ཡིན། །ཆོས་མཛད་རྣམས་ཀྱིས་སྒྲུབ་འཚལ་ལོ། །ཆགས་མེད་སྡང་མེད་མངོན་ཤེས་གསུམ། །དེ་གསུམ་རྣལ་འབྱོར་གྱི་ལམ་རྟགས་ཡིན། །ཆོས་མཛད་རྣམས་ཀྱིས་སྒྲུབ་འཚལ་ལོ། །ཞེས་གསུངས་པས་གླན་སྒོམ་ན་རེ། རྗེ་བཙུན་གྱི་བཀའ་དྲིན་གྱིས་སྤང་བྱ་དེ་རྣམས་སྤངས་ཟིན་པས་བསྒྲུབ་བྱ་ཤུགས་ལ་འབྱུང་སྟེ་དུས་རྟག་ཏུ་སྐྱིད་པ་བཀའ་དྲིན་ཆེ་ལགས་ཞེས་ཞུས་པས། རྗེ་བཙུན་གྱི་ཞལ་ནས་བུ་དེ་ཡིན། སྤང་བླང་ཚད་བཞིན་བྱུང་བའི་རྣལ་འབྱོར་པ་ནམ་ཡང་བདེ་ཞིང་སྐྱིད། དེ་ལས་ལོག་ན་ནམ་ཡང་སྡུག་པས་བདེ་སྡུག་ཤན་འབྱེད་ཀྱི་སྤང་བླང་བྱེད་འཚལ་ཞེས་བདེ་སྡུག་ཤན་འབྱེད་ཀྱི་མགུར་འདི་གསུངས་སོ། །རང་ངོ་རང་གིས་ཤེས་ནས་གནས་ལུགས་དོན་དང་ལྡན་པའི་རྣལ་འབྱོར་ནམ་ཡང་བདེ། །འཁྲུལ་པའི་རྗེས་སུ་འབྲངས་ནས་སྡུག་བསྔལ་སྦྲེང་སྐྱེད་བྱེད་པའི་ཆོས་པ་ནམ་ཡང་སྡུག །མ་བཅོས་ངང་ལ་བཞག་ནས་འགྱུར་མེད་རང་སར་དག་པའི་རྣལ་འབྱོར་ནམ་ཡང་བདེ། །བྱུང་ཚོར་རྗེས་སུ་འབྲངས་ནས་ཆགས་སྡང་རང་དགར་གསོག་པའི་ཆོས་པ་ནམ་ཡང་སྡུག །སྣང་བ་ཆོས་སྐུར་རྟོགས་ནས་རེ་དོགས་ཐེ་ཚོམ་ཆོད་པའི་རྣལ་འབྱོར་ནམ་ཡང་བདེ། །བབ་ཅོལ་ཐོ་ཅོར་བྱས་ནས་ཆོས་བརྒྱད་མགོ་མ་ནོན་པའི་ཆོས་པ་ནམ་ཡང་སྡུག །ཐམས་ཅད་སེམས་སུ་ཤེས་ནས་ཅིར་སྣང་གྲོགས་སུ་འཁྱེར་བའི་རྣལ་འབྱོར་ནམ་ཡང་བདེ། །མི་ཚེ་ཡེངས་ལ་བསྐྱལ་ནས་འཆི་ཁར་འགྱོད་པ་སྐྱེ་བའི་ཆོས་པ་ནམ་ཡང་སྡུག །རྟོགས་ཚད་ཁོང་དུ་ཆུད་ནས་གནས་ལུགས་རང་ས་ཟིན་པའི་རྣལ་འབྱོར་ནམ་ཡང་བདེ། །འདོད་པ་ཁོང་དུ་བཅུག་ནས་དུང་དུང་ཤམ་ཤམ་བྱེད་པའི་ཆོས་པ་ནམ་ཡང་སྡུག །མཚན་མ་རང་སར་གྲོལ་ནས་ཉམས་མྱོང་རྒྱུན་ཆད་མེད་པའི་རྣལ་འབྱོར་ནམ་ཡང་བདེ། །ཐ་སྙད་ཚིག་ཕྱིར་འབྲངས་ནས་སེམས་ལ་ཐག་ཆོད་མེད་པའི་ཆོས་པ་ནམ་ཡང་སྡུག །འཇིག་རྟེན་བྱ་བ་བཏང་ནས་ཆེད་འཛིན་གཟའ་གཏད་བྲལ་བའི་རྣལ་འབྱོར་ནམ་ཡང་བདེ། །བྲེ་འཕུལ་སྡུག་སོག་བྱས་ནས་བུད་མེད་གཉེན་འདུན་སྐྱོང་བའི་ཆོས་པ་ནམ་ཡང་སྡུག །ཞེན་པ་ནང་ནས་ལོག་ནས་ཐམས་ཅད་སྒྱུ་མར་རྟོགས་པའི་རྣལ་འབྱོར་ནམ་ཡང་བདེ། །གཡེང་བའི་ལམ་དུ་ཞུགས་ནས་ལུས་ངག་བྲན་དུ་བཀོལ་བའི་ཆོས་པ་ནམ་ཡང་སྡུག །བརྩོན་འགྲུས་རྟ་ལ་ཞོན་ནས་ཐར་པའི་ས་ལམ་བགྲོད་པའི་རྣལ་འབྱོར་ནམ་ཡང་བདེ། །ལེ་ལོའི་སྒྲོག་ཏུ་ཚུད་ནས་འཁོར་བའི་གཏིང་རྡོ་བྱེད་པའི་ཆོས་པ་ནམ་ཡང་སྡུག །ཐོས་བསམ་སྒྲོ་འདོགས་ཆོད་ནས་ལྟད་མོ་སེམས་ལ་བལྟ་བའི་རྣལ་འབྱོར་ནམ་ཡང་བདེ། །ཁས་ལེན་ཆོས་ལ་བྱས་ནས་སྤྱོད་ལམ་སྡིག་ལ་བྱེད་པའི་ཆོས་པ་ནམ་ཡང་སྡུག །རེ་དོགས་ཐེ་ཚོམ་ཆོད་ནས་གཉུག་མ་རྒྱུན་ཆད་མེད་པའི་རྣལ་འབྱོར་ནམ་ཡང་བདེ། །སྣ་ཐག་མི་ལ་བྱིན་ནས་ངོ་བསྲུང་མཐུན་འཇུག་བྱེད་པའི་ཆོས་པ་ནམ་ཡང་སྡུག །ཇི་དགུ་རྒྱབ་ཏུ་བསྐྱུར་ནས་རྟག་ཏུ་ལྷ་ཆོས་བྱེད་པའི་རྣལ་འབྱོར་ནམ་ཡང་བདེ། །ཞེས་གསུངས་པས་གླན་སྒོམ་ལ་སོགས་པའི་བུ་སློབ་རྣམས་ཀྱིས་ཐུགས་སྐྱེད་ཐོན་པས། དགའ་མགུ་ཡི་རངས་ཏེ། མཉམ་གཞག་ཕྱག་རྒྱ་ཆེན་པོ་ལས་མ་གཡོས་པའི་ནུས་པས། རྗེས་ཐོབ་སྒྱུ་མ་ལྟ་བུའི་སྣང་བ་སྡིག་སྤོང་དགེ་བ་བསྒྲུབ་པ་ལ་བརྩོན་པར་གྱུར་ཏོ། །གླན་སྒོམ་རས་པ་དེ་ལ་རྗེ་བཙུན་ཡང་ཐུགས་ཤིན་ཏུ་མཉེས་ཤིང་། དྭགས་པོ་རིན་པོ་ཆེའི་ཡང་མཆེད་གྲོགས་ཡོན་བདག་སློབ་མ་རྣམས་ཀྱིས་ཐོག་མར་གྱུར་པ་ཡིན་ནོ། །ཉེ་བའི་སྲས་གླན་སྒོམ་རས་པའི་སྐོར་རོ།། །།


༈ ན་མོ་གུ་རུ། རྣལ་འབྱོར་གྱི་དབང་ཕྱུག་བཞད་པ་རྡོ་རྗེ་དེ་ཉིད་ཀྱིས་ཐུགས་ཀྱི་སྲས་མཆོག་དམ་པ་སྒམ་པོ་པ་དེ་ཉིད། བླ་མ་མར་པ་ལྷོ་བྲག་པ་དེ་ཉིད་ཀྱིས་རྗེ་བཙུན་རང་གི་མཚན་ལྟས་རྨི་ལམ་ཀ་བཞི་བརྡ་འགྲོལ་གྱི་མགུར་ལས་འགྲན་གྱི་དོ་མེད་དུ་ལུང་བསྟན་ཞིང་། ཡི་དམ་རྡོ་རྗེ་རྣལ་འབྱོར་མས་ཀྱང་། རྗེ་བཙུན་ལ་གྲུབ་ཐོབ་ཉེར་ལྔ་ལ་སོགས་པ་ཉི་ཟླ་སྐར་གསུམ་ལྟ་བུའི་བུ་སློབ་རྣམས་ཀྱི་ནང་ནས་ཉི་མའི་དཀྱིལ་འཁོར་ལྟར་མཆོག་ཏུ་ལུང་བསྟན་པ་དང་། རྫོགས་པའི་སངས་རྒྱས་ཀྱིས་ཀྱང་ཏིང་ངེ་འཛིན་རྒྱལ་པོ་ལ་སོགས་ཏེ། སྤྱིར་གྱིས་ཐེག་པ་ཆེན་པོའི་མདོ་དུ་མ་ནས་ལུང་བསྟན་ཞིང་། ཁྱད་པར་སྙིང་རྗེ་ཆེན་པོ་པདྨ་དཀར་པོ་ནས། ཀུན་དགའ་བོ་ང་འདས་ནས་མ་འོངས་པའི་དུས་ན་བྱང་ཕྱོགས་གྱི་རྒྱུད་དུ་དགེ་སློང་འཚོ་བྱེད་ཅེས་བྱ་བ་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ། སངས་རྒྱས་བརྒྱ་སྟོང་མང་པོ་ལ་བསྙེན་བཀུར་བ། དགེ་བའི་རྩ་བ་བསྐྱེད་པ། ལྷག་པའི་བསམ་པ་བསྐྱེད་པ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ། སྐྱེ་བོ་མང་པོ་ལ་ཕན་པ་དང་བདེ་བའི་ཕྱིར་ཞུགས་པ། མང་དུ་ཐོས་པ། བྱང་ཆུབ་སེམས་དཔའི་སྡེ་སྣོད་འཛིན་པ། ཐེག་པ་ཆེན་པོའི་བསྔགས་པ་བརྗོད་པ། ཐེག་པ་ཆེན་པོ་ཡང་དག་པར་རབ་ཏུ་སྟོན་པ་ཞིག་འབྱུང་བར་འགྱུར་རོ་ཞེས་ལུང་བསྟན་པ་ལྟར། སྙིགས་མ་ལྔ་བདོ་བའི་དུས་སུ་བྱང་ཕྱོགས་ཁ་བ་ཅན་འདིར་མཚན་དྭགས་པོ་ལྷ་རྗེ་ཞེས་སྲིད་པ་གསུམ་ན་གྲགས་ཤིང་། སྙན་པའི་བ་དན་གཡོ་བ། ས་བཅུའི་རྟོགས་པ་མངོན་དུ་མཛད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྗེ་བཙུན་རང་གིས་ཀྱང་འོད་གསལ་གྱི་ངང་ནས་གཟིགས་པ། ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་ཤིང་ཐུགས་ཀྱི་སྤྲུལ་པས་བསྐུལ་ནས་ཞབས་དྲུང་དུ་ཕེབས་ཏེ། སངས་རྒྱས་ཀྱི་བསྟན་པ་ཉིན་མོར་མཛད་ཅིང་། སེམས་ཅན་རྣམས་བླ་ན་མེད་པའི་བྱང་ཆུབ་ལ་འགོད་པར་མཛད་པའི་རྣམ་པར་ཐར་པ་རྒྱ་མཚོ་ལྟ་བུ་ལས་ཆུ་ཐིགས་ཙམ་ཞིག་བརྗོད་ན། བདག་ཉིད་ཆེན་པོ་དེ་སྐུ་འཁྲུངས་པའི་ཡུལ་ནི། བོད་ཡུལ་གཉལ་གྱི་སེ་བ་ལུང་གདུང་རུས་སྙི་བ། ཡབ་ལྷ་རྗེ་དབུ་གཙོ་དགའ་འབར་རྒྱལ་པོ། ཡུམ་ཡང་ལ་ཟ་བསམ་གཏན་སྒྲོན་མ་གཉིས་ལ་སྲས་གཉིས་བྱུང་བའི་གཅེན་པོ་རྗེ་ཉིད་ཀྱི་མཚན་སྟོན་པ་དར་མ་གྲགས་ཞེས་བྱ་བ། ཡབ་འཇིག་རྟེན་གྱི་འདུན་མ་ལ་མཁས་པའི་རྗེས་སུ་ཁྲིད་པས་འཇིག་རྟེན་གྱི་འདུན་གྲོས་ཀྱང་མཁས་པར་མཁྱེན་པ་དེ། དགུང་ལོ་བཅོ་ལྔ་ཙམ་ལོན་པའི་ཚེ་སྔགས་རྙིང་མ་ལ་སློབ་གཉེར་མཛད་ནས། རྩ་རྒྱུད་གསང་བ་སྙིང་པོ། ཧེ་རུ་ཀ་གལ་པོ། ཞི་ཁྲོའི་རྒྱུད། ཐུགས་རྗེ་ཆེན་པོ་དྲ་བ་འཛིན་པའི་རྒྱུད་ལ་སོགས་ཏེ། རྙིང་མའི་ཆོས་སྐོར་མང་དུ་མཁྱེན་ཅིང་། རང་གི་ཕའི་ཆོས་སྨན་ཡན་ལག་བརྒྱད་པ་ལ་མཁས་པའི་མཆོག་ཏུ་གྱུར་པ་ཡིན་ནོ། །དེ་ནས་དགུང་ལོ་ཉི་ཤུ་རྩ་གཉིས་བཞེས་པའི་ཚེ། ཡུལ་དེ་ན་དབང་ཆེ་བའི་རྗེ་དཔོན་ཞང་དར་མ་འོད་བྱ་བའི་སྲིང་མོ་མཚན་དང་ལྡན་པ་ཞིག་ཁབ་ཏུ་བཞེས་ཏེ་སྲས་མིང་སྲིང་གཉིས་ཀྱང་འཁྲུངས་པ་ལས། དུས་ནམ་ཞིག་གི་ཚེ། སྲས་པོ་དེ་འདས་ནས་རོ་བསྐྱལ་འོངས་པས་བུ་མོ་ཡང་འདས་འདུག །དེ་ནས་ཞག་འགའ་སོང་བ་དང་། བཙུན་མོ་དེ་ལོ་ནད་སྟན་འབྱར་གྱིས་ཟིན་ཏེ་སྨན་དཔྱད་རིམ་གྲོ་ཅི་བྱས་ཀྱང་མ་ཕན་པར་ཡུན་རིང་ན་སྟེ་འཆི་ལ་ཐུག་ཀྱང་འཆིར་མ་འདོད་པའི་སྔས་ན་རྗེ་དེ་ཉིད་རིན་པོ་ཆེ་གསེར་གྱི་གླེགས་བམ་ལ་གསུང་སྒྲོག་མཛད་ཅིང་བཞུགས་པའི་ཐུགས་དགོངས་ལ། ག་རེ་བུད་མེད་འདི་ལུས་ཟུངས་འདི་ལྟར་ཟད་ནས་ཀྱང་མི་འཆི་བ་འདི་གཅིག་ལ་ཆགས་པ་ཡིན་པ་འདྲ་དགོངས་ནས། ཇོ་མོ་ལ་འདུས་བྱས་འཁོར་བའི་མཚན་ཉིད་མ་གོ་བའི་སེམས་ཅན་ཚོ་འོ་རེ་བརྒྱལ། བདེ་བ་མེད་པའི་འཁོར་བར་སྡོད་རྩིས་བྱེད་པ་རྣམས་ཉོན་རེ་མོངས། ཉེ་འབྲེལ་རྨི་ལམ་ལྟ་བུ་ལ་གདུང་སེམས་བྱེད་པའི་འཁྲུལ་པའི་སེམས་ཅན་འདི་ཀུན་མཐོང་བས་ང་སྣང་བ་སྐྱོ་བར་འདུག །ཁྱོད་ལུས་ཟུངས་འདི་བཞིན་སོང་རུང་མི་འཆི་བ་འདི་གཅིག་ལ་ཆགས་པ་ཡིན་པ་འདྲ། ཁྱོད་ཕྱིའི་ཡུལ་ལ་ཆགས་ན་ངས་དགེ་འདུན་གྱི་སྡེ་བཙུགས་ལ་བཞག །ནང་གི་ནོར་ལ་ཆགས་ན་དགེ་འདུན་ལ་བསྙེན་བཀུར་དང་སྐྱེ་བོ་ལ་སྦྱིན་གཏོང་བྱས་དགེ་བ་ལ་སྦྱར་གྱིས། ལར་ཆགས་རྒྱུ་གང་ལའང་མེད། འོ་སྐོལ་གཉིས་ཀྱང་སྨོན་ལམ་གྱི་འབྲེལ་བས་ལན་གཅིག་འཛོམས་ཀྱང་། ལས་ངན་གྱི་དབང་གིས་ཁྱོད་ལ་ན་ཚ་འདི་ལྟ་བུ་བྱུང་བས་ང་སྦྱོང་ལ་ཁྱོད་རང་སྡུག་པ་ལས་མི་འདུག །ལར་ཁྱོད་སོས་རུང་ཤི་རུང་ང་ཆོས་གཤའ་མ་ཞིག་མི་བྱེད་པའི་ཐབས་མི་འདུག་གསུངས་པས། ཇོ་མོ་ན་རེ། ང་ད་ལྟ་རང་འཆི་བར་འདུག་སྟེ་ཡུལ་གཞིས་ཟས་ནོར་གང་ལའང་ཆགས་པ་མིན་ཏེ། ལྷ་རྗེ་ཁྱེད་རང་ལ་ཆགས་པ་ལགས། ཁྱེད་ལ་དག་བུད་མེད་ཀྱི་ཐབས་མི་འཆག་པ་ངའི་ཕུ་བོས་ཀྱང་སྐྱེལ་ཏེ། ལར་རང་འཁོར་བའི་ཁྱིམ་ཐབ་འདི་ལ་སྐྱིད་མི་གདའ་བས་ལྷ་རྗེ་ཁྱེད་རང་སྙིང་ནས་ཆོས་གཤའ་མ་ཞིག་མཛོད་ཅིག་ཟེར་བས། དེར་རྗེ་ཉིད་ཀྱིས་ཁྱོད་སོས་ནས་འདུག་ཀྱང་བཟའ་མི་མི་འབྲལ་རི། ཤི་རུང་ཆོས་ཁོ་ན་མིན་པ་བུད་མེད་གཞན་གྱི་ཡ་བྱེད་རེ་ངས་མནའ་ཞིག་བསྐྱལ་ལམ་གསུངས་པས། ཇོ་མོ་ན་རེ། ཁྱོད་ཀྱིས་གཞན་བསླུས་པ་དང་རྫུན་བྱས་པ་མེད་དེ། ད་ལན་ང་ཡིད་ཆེས་པར་འདུག་པས་མནའ་ཞིག་སྐྱེལ་བར་ཞུ་ཟེར་བ་དང་མནའ་སྐྱེལ་བར་མཛད་པས་དཔང་པོ་ཞིག་དགོས་ཟེར་ནས་ཨ་ཁུ་དཔལ་བསོད་དཔང་དུ་བཙུགས། རིན་པོ་ཆེ་གསེར་གྱི་གླེགས་བམ་དབུ་ཐོག་ཏུ་བཞག་ནས་དབུ་སྙུང་བཞེས་པས། ཇོ་མོ་ན་རེ། ལྷ་རྗེ་ཁྱོད་ཀྱིས་ཆོས་གཤའ་མ་ཞིག་བྱས་མ་བྱས་ང་ཤི་དུར་ཁུང་ནས་བལྟའོ་ཟེར། ཕྱག་ནས་འཇུས་ཞལ་རས་ལ་མིག་ཅེ་རེ་བལྟས། མཆི་མ་ཕྲུལ་བ་ཞིག་བཏོན་ནས་དབུགས་སོང་སྐད། དེ་ནས་རྗེ་ཉིད་ཀྱིས་ནོར་ཆ་གསུམ་དུ་བགོས་ཏེ་ཆ་གཅིག་ཇོ་མོའི་དགེ་རྩ་ལ་བཏང་། ཕུང་པོ་མེ་ལྷ་ལ་ཕུལ། རུས་པ་ལ་ཚ་ཚ་བཏབ་སྟེ་མཆོད་རྟེན་བཞེངས་ནས་ཇོ་མོའི་མཆོད་རྟེན་དུ་གྲགས་པ་དུས་ད་ལྟ་ཡང་གཉལ་ན་ཡོད་དོ། །ཆ་གཅིག་དགེ་རྒྱུན་ལ་བཙུགས། ཆ་གཅིག་རྗེ་རིན་པོ་ཆེ་རང་གིས་ཆོས་རྒྱགས་ལ་བཞག་ནས། ཇོ་མོའི་རྗེས་ཀྱི་བྱ་བ་རྣམས་ཚར་བས་ཐུགས་བདེ་བར་ད་ཆོས་ཤིག་བྱེད་དགོས་སྙམ་ཉི་མཐོངས་ལ་གཅིག་པུར་བཞུགས་ཡོད་པའི་ཚེ། ཨ་ཁུ་དཔལ་བསོད་ཀྱི་བསམ་པ་ལ་ངའི་ཚ་བོ་སྡུག་པ་དེ་ཆུང་མ་གཅེས་མ་དེས་བོར། ཁོ་ད་ལྟ་སེམས་སྐྱོ་བར་ཡོད་སྙམ་ཤ་ཆང་ཞིག་ཁྱེར་འོངས་ནས། ཁུ་ཚན་གཉིས་གླེང་མོ་ཞིབ་ཏུ་བྱས་པ་ལས། རྗེའི་ཞལ་ནས་ཨ་ཁུ་ང་ཆུང་མ་དེ་ཤི་བས་བློ་བདེ་ལགས་ཨང་གསུངས་པས། ཨ་ཁུ་ཚིག་པ་འཁྲུགས་ཏེ། དེ་འདྲའི་ཆུང་མ་ཁྱོད་ཀྱིས་གང་ནས་བཙལ་ཀྱང་མི་རྙེད། ཞང་དར་མ་འོད་ཀྱིས་ཐོས་ན་ཁ་ཆད་ཀྱང་འོང་ཟེར་ཐལ་བ་སྤར་གང་གཏོར་བྱུང་། དེར་རྗེ་ཉིད་ཀྱིས་ཨ་ཁུ་བརྗེད་པ་ལགས་སམ་ཇུག་ཐལ། ཁ་སང་མནའ་སྐྱེལ་བའི་དཔང་པོ་ལགས་མོད། ང་ཆོས་བྱེད་པར་བྱས་པ་མ་ལགས་སམ་གསུངས་པས། ཨ་ཁུ་ན་རེ། ཚ་བོ་བདེན་ང་རང་འདི་འདྲའི་རྒན་པོར་སོང་ཡང་ཆོས་མི་དྲན་པ་མཚང་ཆེ། ཚ་བོ་ཆོས་གྱིས་ཤིག་ངས་ཡུལ་གཞིས་ནོར་རྫས་མ་བརླག་པར་བྱའོ་ཟེར། དེ་ནས་རྗེ་རིན་པོ་ཆེས་ཉེ་འབྲེལ་རྣམས་ཀྱིས་མ་ཚོར་བར་འཕན་ཡུལ་གྱི་དགོན་པ་པོ་ཏོར། པོ་ཏོ་བ་རིན་ཆེན་གསལ་གྱི་དྲུང་དུ་མཇལ་ཏེ། བླ་མ་རིན་པོ་ཆེ་བདག་ཡུལ་གཉལ་གྱི་ས་ཕྱོགས་ནས་ཆོས་ལ་འོངས་པ་ལགས། ཆོས་སྒོར་འཇུག་པ་དང་། རེ་ཞིག་གི་ཆས་ཀྱང་སྐྱིར་གཏོང་བར་ཞུ་ཞུས་པས། པོ་ཏོ་བའི་ཞལ་ནས། ང་ལ་ཆས་སྐྱིར་གཏོང་རྒྱུ་མེད། ཁྱོད་རང་ལ་ཡོད་ན་ཁྱེར་ཤོག་ཆོས་སྒོར་བཅུག་གིས་གསུངས་པ་ལ། རྗེའི་ཐུགས་དགོངས་ལ་ང་རང་ལ་ཡོད་ན་དག་སྐྱིར་ཐོང་ཟེར་དོན་མེད། སྤྱིར་གསང་བ་སྙིང་པོའི་ནང་ནས་བླ་མ་ཐུགས་རྗེ་བཞི་དང་ལྡན་པ་ཞིག་གིས་སེམས་ཅན་གྱི་དོན་བྱེད་དེ། དེ་ཡང་རྟག་པ་རྒྱུན་གྱི་ཐུགས་རྗེ། རང་བྱུང་ཤུགས་ཀྱི་ཐུགས་རྗེ། བསྐུལ་ཞིང་གསོལ་བ་བཏབ་པའི་ཐུགས་རྗེ། གདུལ་བྱའི་རྐྱེན་དང་ཕྲད་པའི་ཐུགས་རྗེ་སྟེ། ཐུགས་རྗེ་དེ་རྣམས་དང་ལྡན་པས་སེམས་ཅན་གྱི་དོན་བྱེད་པར་གསུངས་ཏེ། བླ་མ་ཐུགས་རྗེ་ཆེ་རྒྱུ་རང་མི་འདུག་བསམ་སྔོན་ལས་ཀྱི་འབྲེལ་བ་མེད་པས་དེ་ཙམ་མོས་པར་མ་གྱུར་ཏེ། རེ་ཞིག་ཡུལ་དུ་ལོག་ནས་གསེར་སྲང་བཅུ་དྲུག་གིས་འགོ་བྱས་པའི་ཆོས་རྒྱགས་བསྣམས་ཏེ། འཕན་ཡུལ་རྒྱ་ལྕགས་རི་ཞེས་བྱ་བའི་དགོན་པར་བླ་མ་རྒྱ་མཆིལ་བའི་དྲུང་དུ་རབ་ཏུ་བྱུང་ནས་བསྙེན་རྫོགས་ཀྱི་དགེ་སློང་མཛད་དེ་མཚན་བསོད་ནམས་རིན་ཆེན་དུ་གསོལ་ལོ། །དེ་ནས་དགེ་བཤེས་ཤྭ་བ་གླིང་པ་དང་བྱ་འདུལ་བ་འཛིན་པ་གཉིས་ལས། མདོ་སྡེ་རྒྱན། མངོན་རྟོགས་རྒྱན། མངོན་པ་མཛོད་ལ་སོགས་པའི་ཆོས་མང་དུ་གསན། མང་ཡུལ་བ་བློ་ལྡན་ཤེས་རབ་ལ་དགྱེས་རྡོར་གསང་འདུས་ལ་སོགས་པའི་རྒྱུད་ཀྱི་བཤད་པ་དང་དབང་གདམས་ངག་མང་དུ་ཞུས། དགེ་བཤེས་སྙུག་རུམ་པ་དང་རྒྱ་ལྕགས་རི་པ་གཉིས་ལ་བཀའ་གདམས་ཀྱི་ཆོས་མཐའ་དག་གསན་ནས། ད་སྒྲུབ་པ་ཉམས་སུ་ལེན་དགོངས་རྒྱ་ལྕགས་རིར་བཞུགས་སོ། །དེ་ཡང་རྗེ་དེ་ཉིད་ཤེས་རབ་དང་སྙིང་རྗེ་ཤིན་ཏུ་ཆེ་བ། སེར་སྣ་དང་འཛིན་ཆགས་ཤིན་ཏུ་ཆུང་བ། དད་པ་དང་བརྩོན་འགྲུས་ཤིན་ཏུ་ཆེ་བ། ལེ་ལོ་དང་སྙོམ་ལས་ཤིན་ཏུ་ཆུང་བས། ཉིན་པར་ཀློག་པ་ཐོས་བསམ་གྱི་བྱ་བ་ལ་ནན་ཏན་ཆེ་བར་མཛད་ཅིང་། མཚན་མོ་སྤོང་བ་བསམ་གཏན་དང་བསྐོར་བ་ལ་སོགས་དགེ་བའི་བྱ་བ་ལ་གཡེལ་བ་མེད་པར་བཞུགས་པའི་སྐུ་ལ་ཕྱི་ནང་གི་སྲིན་བུ་མི་འབྱུང་བ་འདིས་ཞག་ལྔ་དྲུག་ཙམ་རེ་འཚོ་བ་མ་གསོལ་ཀྱང་བཀྲེས་པ་མི་མངའ་ཞིང་སྐུ་ལུས་བདེ་བའི་ཉམས་དང་ལྡན་པ་དང་། ཏིང་ངེ་འཛིན་གྱི་རྒྱུན་གཅིག་ལ་ཞག་མང་པོ་གནས་པ་དང་། ཆགས་སྡང་རགས་པ་ནུབ་ཅིང་། མནལ་ལམ་དུ་མདོ་གསེར་འོད་དམ་པ་ནས་བཤད་པའི་ས་བཅུ་ཐོབ་པའི་སྔ་ལྟས་རྣམས་ཇི་ལྟ་བ་བཞིན་བྱུང་ངོ་། །དེ་ནས་དུས་ནམ་ཞིག་གི་ཚེ་ཐུགས་ཉམས་ལ། རྣལ་འབྱོར་པ་སྔོ་སངས་སྐུ་བོང་ཆེ་བ། རས་འགའ་སྲུལ་པོ་ཕྲག་པ་ལ་བཀལ་བ། སྦ་འཁར་ཕྱག་ན་བསྣམས་པ་ཞིག་བྱུང་སྟེ། རྗེ་དེ་ཉིད་ཀྱི་དབུ་ལ་ཕྱག་བཞག་ལྗགས་མཆིལ་རེ་བཏབ་ཅིང་སོང་བས། རང་ལ་ཞི་གནས་ཀྱི་ཏིང་ངེ་འཛིན་བཟང་པོ་ཡོད་པའི་སྟེང་དུ་ལྷག་མཐོང་གི་ངེས་ཤེས་སྐྱེ་བ་སྙམ་བྱེད་པ་དང་། ཉམས་དགའ་ཡལ་བ་དང་། ཤེས་པ་ཧུར་བྱེད་པ་བྱུང་སྟེ། གྲལ་མཚེས་ཀྱི་དགེ་སློང་ཞིག་ཡོད་པ་དེ་ལ་ལྟས་དེ་རྣམས་བཤད་པས། དགེ་སློང་ན་རེ། ཁྱེད་ཆོས་འདུལ་བ་ལས་རབ་ཏུ་བྱུང་། ཚུལ་ཁྲིམས་རྣམ་དག་བསྲུང་བའི་དགེ་སློང་ལ་རྣལ་འབྱོར་པ་དང་བགྲོ་བ་ལ་སོགས་པ་བྱུང་ན་པད་དཀར་གྱི་ཆོ་འཕྲུལ་ཡིན་པས་བར་ཆད་བྱུང་ཉེན་ཡོད། མཁན་པོའི་དྲུང་དུ་མི་གཡོ་བ་དཀར་པོའི་ལུང་ཞུས། ཚོགས་སུ་དགེ་འདུན་ལ་གཏོར་མའི་བྱིན་རླབས་ཞུས། དེ་ལྟར་བྱས་ན་བར་ཆད་བཟློག་སྟེ་འོང་ཟེར། དེར་མཁན་པོའི་དྲུང་དུ་མི་གཡོ་བ་དཀར་པོའི་ལུང་ཞུས། དགེ་འདུན་རྣམས་ལ་གཏོར་མ་བརྒྱ་རྩ་ཞུས་ཏེ། བསྙེན་པ་བསྐྱལ་བས་སྔར་གྱི་རྣལ་འབྱོར་པ་དེ་འགྲིམ་འགྲུལ་ཇེ་མང་ལ་སོང་བྱུང་ངོ་། །དུས་དེ་ཙམ་ན་རྗེ་བཙུན་མི་ལ་རས་པ་དེ་ཉིད་བྲག་དམར་སྤོ་མཐོའི་སྐྱིད་ཕུག་ཉི་མ་རྫོང་ན་རས་ཆུང་རྡོ་རྗེ་གྲགས་པ། ཞི་བ་འོད། སེ་བན་རས་པ། འབྲི་སྒོམ་རས་པ། ངན་རྫོང་སྟོན་པ་ལ་སོགས་ཏེ་དང་པོར་ཆེ་བའི་ཐུགས་སྲས་རྣམས་དང་། བྲིན་པའི་མཛེས་སེ་དང་། ཁུ་བྱུག་ལ་སོགས་པའི་ཉ་མ་རྣམས་ཀྱིས་བསྐོར་ནས་བཞུགས་པའི་དུས་སུ། དྲང་དོན་དང་ངེས་དོན་གྱི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ། རས་པ་རྒན་པ་རྣམས་ཀྱིས་རྗེ་བཙུན་ལ་ཞུས་པ། ད་རྗེ་བཙུན་སྐུ་ཡང་བགྲེས་གདའ། གལ་ཏེ་ཞིང་ཁམས་གཞན་དུ་གཤེགས་པ་བྱུང་ན། བདག་ཅག་རས་པ་རྣམས་ཀྱི་གེགས་སེལ་དང་བོགས་འདོན་ཡོན་བདག་རྣམས་ཀྱི་བསོད་ནམས་གསོག་པའི་ཡུལ་སྐུ་ཚབ་གཅིག་དགོས་པར་གདའ་བས། རྗེ་བཙུན་རང་ཐུགས་གང་ཆེས་པ་ཞིག་ལ་གདམས་ངག་རྣམས་བུམ་པ་གང་བྱོར་གནང་ནས་མངའ་གསོལ་མཛད་པ་འཐད་ལགས། དེ་མིན་འུ་ཅག་གི་ཆོས་བརྒྱུད་འདི་ལ། སློབ་མ་ཚོགས་པ་སྐྱོང་འཕེར་བ་མི་འོང་བ་འདུག་ལགས་ཞུས་པས། རྗེ་བཙུན་ཅུང་མ་མཉེས་པའི་ཞལ་ནས། ང་ལ་ཕྲིན་ལས་རྒྱ་ཆེར་སྤེལ་ནུས་པའི་སློབ་མ་ཡོད་དེ། དེ་གང་ན་འདུག་དོ་ནུབ་ངས་ལྟ་བས་སང་སྔ་དྲོ་ཤོག་ཅིག་གསུང་། ནངས་པར་སྔ་དྲོ་སྔར་བས་སྔ་བར་བཞེངས་ནས་རས་པ་རྣམས་ལ་འདུན་མ་འོང་བས་འཚོགས་ཤིག་གསུང་། རས་པ་དང་ཉ་མ་ཀུན་འཚོགས་པ་ལས། རྗེ་བཙུན་གྱིས་ཞལ་ནས། ངའི་བསྟན་པ་འཛིན་པའི་སྐྱེས་བུ་གདམས་ངག་བུམ་པ་གང་བྱོ་ལེན་ཞིང་བསྟན་པ་ཕྱོགས་བཅུར་སྤེལ་ནུས་པ་ཆོས་འདུལ་བ་ལས་རབ་ཏུ་བྱུང་བའི་དགེ་སློང་ལྷ་རྗེའི་མིང་ཅན་ཞིག་མྱུར་དུ་འོང་བར་འདུག་སྟེ། མདང་ངའི་རྨི་ལམ་ན་བུ་དེས་ཤེལ་དཀར་གྱི་བུམ་པ་སྟོང་པ་ཞིག་ཁྱེར་ནས། ངའི་དངུལ་དཀར་གྱི་བུམ་པ་བདུད་རྩིས་གང་བ་དེ་ཁོའི་བུམ་པར་སིབ་ཀྱིས་བྱོ་བ་ཞིག་རྨི། ཕ་རྒས་ཁར་བུ་སྐྱེས། སངས་རྒྱས་ཀྱི་བསྟན་པ་ཉིན་མོ་ལྟར་བྱེད་ཅིང་། སེམས་ཅན་མཐའ་ཡས་པའི་དོན་བྱེད་ནུས་པར་འདུག་ཧ་ཧ་ཞེས་བཞད་ཅིང་མགུར་འདི་གསུངས་སོ། །རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །བཀའ་དྲིན་ཅན་ལ་གསོལ་བ་འདེབས། །ཤར་སེང་གེ་དཀར་མོའི་འོ་མ་དེ། །བཅུད་ཆེ་དང་ཆེ་བར་ཆ་མཆིས་ཏེ། །བཅུད་མ་མྱངས་གོང་ན་ཆེ་རྒྱུ་མེད། །མྱངས་ཀྱི་རྟིང་ལ་ཆེ་བ་དེ། །ལྷ་དབང་པོ་བརྒྱ་བྱིན་གྱིས་མྱངས་པ་ཡིན། །ལྷོ་རྒྱ་སྟག་ཁྲ་བོའི་མཆོངས་པ་དེ། །མཆོངས་པ་ཆེ་དང་ཆེ་བར་ཆ་མཆིས་ཏེ། །མཆོངས་པ་མ་འགྲན་གོང་ན་ཆེ་རྒྱུ་མེད། །འགྲན་གྱི་རྟིང་ལ་ཆེ་བ་དེ། །ཌོམྦྷི་ཧེ་རུ་ཀ་ཡིས་ཆིབས་པ་ཡིན། །ནུབ་གྱུར་མོ་ཉ་ཡི་མཁྲིས་པ་དེ། །མཁྲིས་ཁ་དང་ཁ་བར་ཆ་མཆིས་ཏེ། །མ་མྱངས་གོང་ན་ཁ་རྒྱུ་མེད། །མྱངས་ཀྱི་རྟིང་ལ་ཁ་བ་དེ། །ཀླུ་དགའ་བོ་འཇོག་པོས་མྱངས་པ་ཡིན། །བྱང་གཡུ་འབྲུག་སྔོན་མོ་སྟོབས་ཆེ་བ། །སྟོབས་ཆེ་དང་ཆེ་བར་ཆ་མཆིས་ཏེ། །སྟོབས་མ་འགྲན་གོང་ན་ཆེ་རྒྱུ་མེད། །འགྲན་གྱི་རྟིང་ལ་ཆེ་བ་དེ། །གྱད་ལྷ་དགའ་ཀླུ་དགས་འགྲན་པ་ཡིན། །ཤར་སེང་གེ་དཀར་མོའི་འོ་མ་དེ། །སྣོད་རིན་ཆེན་གསེར་སྐྱོགས་མ་ལགས་པ། །སྣོད་ངན་ཕལ་དུ་ཅང་མི་ལྡུགས། །སྣོད་ངན་ཕལ་དུ་བླུགས་པ་ན། །སྣོད་ཀྱང་ཆག་ལ་བཅུད་ཀྱང་འབོ། །རྗེ་ནཱ་རོ་མཻ་ཏྲིའི་གདམས་ངག་འདི། །ཟབ་དང་ཟབ་པར་ཆ་མཆིས་ཀྱང་། །མ་བསྒོམས་གོང་ན་ཟབ་རྒྱུ་མེད། །སྒོམ་གྱི་རྟིང་ལ་ཟབ་པ་དེ། །ཕ་ཇོ་མར་པས་བླངས་པ་ཡིན། །མི་ལ་རས་པས་བསྒོམས་པ་ཡིན། །མི་ལའི་སྒོམ་ཉམས་ཚིག་གསུམ་པོ། །གནད་དུ་འགྲོལ་བར་ཆ་མཆིས་ཀྱང་། །སྣོད་མིན་རྣམས་ལ་སྟེར་རྒྱུ་མིན། །སྣོད་ལྡན་བསླེབས་ན་སྟེར་བ་ཡིན། །བུ་སྟོན་པ་བྱུང་ན་སྟེར་བ་ཡིན། །ཞེས་པའི་མགུར་གསུངས་སོ། །དེའི་ཚེ་རྗེ་རིན་པོ་ཆེ་དེ་ཉིད་རེ་ཞིག་ཕྱི་བསྐོར་ལ་བྱོན་པས། དེའི་ལོ་ཡུལ་ཕྱོགས་དེར་མུ་གེ་ཆེན་པོ་ཞིག་བྱུང་བས། རྒྱ་སྒོའི་འོག་ན་སྤྲང་པོ་གསུམ་ཡིད་སྨོན་བྱེད་ཅིང་འདུག་པའི་གཅིག་ན་རེ། ད་ལོའི་སྐྱ་མུག་འདི་འདྲ་ལ། རྒྱ་ལྕགས་རི་ཞེས་བྱ་བའི་དགེ་འདུན་གྱི་སྡེ་བཟང་པོ་འདིར་དེ་རིང་ནངས་པར་ཀུན་ཚ་བ་ཆོས་སྟོན་བཟང་པོ་འདྲེན་པ་བྱུང་བ་བྱས། སྟོན་མོ་ལ་ཕྱོགས་རིས་མེད་པར་འོ་རང་ཀུན་ཚུད་པར་བྱས་ནས། རང་རེ་ཚོའི་སྐལ་བ་ཟོས་རྟིང་ཡང་། ཁམ་ཟན་ཐུ་བ་ལྕི་ཏིག་པ་བླངས་ནས། ལྕགས་རིའི་འཁྲིས་སུ་གང་དགའ་དགའ་ནས་སྒྲུགས་ཟ་བ་ཡིན་ན་དགའ་བ་ལ་ཟེར། གཅིག་ན་རེ། ང་ཁྱོད་ཀྱི་དེ་བས་ཀྱང་འདུན་ཐག་ཉེ་བ། ལོ་ཚོད་མ་ཚོས་སེ་བ་བྲེ་གང་ཙམ་བྱས། དེ་ལ་གཡེར་མ་བཏབ། དར་བའི་ཟན་མགོ་ཙམ་བྱས། སྐྱུ་འོར་སླེ་ཙམ་བྱས་ཟོས་པས་ཁོང་པ་ཚི་ལོག་གེ་སྡོད་ན་དགའ་ཟེར། རྒན་པ་དེ་ན་རེ། སྐྱེས་པ་ཁྱོ་ག་བྱ་བ་ལྟོགས་རུང་བཞད་གད་ཐེག་གེ། བྱ་ལྟོགས་རུང་ཁྱུང་རུ་དེང་ངེ་བྱ་བ་ཡིན། གྲོད་འདུན་གྱི་གཏམ་དེ་འདྲ་མ་གཏོང་། དགེ་སློང་ཞིང་དག་པ་ཞིག་ནུབ་ཀྱི་རི་ལ་བསྐོར་བ་ལ་འབྱོན་ཞིང་འདུག་པ། དེ་ཀུན་གྱི་གསན་ན་ངོ་ཡང་ཚ། ཅིས་ཀྱང་སྨོན་ནེ་གཏོང་ན་རྒྱ་མ་ཆུང་བྱ་བ་ཡིན་པས་འོད་གསལ་ལྷའི་གདུང་བརྒྱུད་དྲི་མ་མེད་པ། བོད་ཁ་བ་ཅན་དུ་སངས་རྒྱས་ཀྱི་བསྟན་པ་དར་བར་བྱེད་པའི་ཆོས་རྒྱལ། མངའ་བདག་ཙེ་ལྡེ་འདྲ་བ་ཡིན་ན་དགའ་མོད། ཚེ་འདིར་བོད་ལ་ཁ་ལོ་སྒྱུར་བས་ཆོག །དེ་མིན་ནུབ་ལ་ཕྱི་གངས་ཀྱི་ར་བ་བྱ་བ་ན་རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པ་ཞེས་བྱ་བ་ཟས་དཀའ་ཐུབ་དང་ཏིང་ངེ་འཛིན་གྱིས་འཚོ་བ། ན་བཟའ་རས་རྐྱང་དང་གཏུམ་མོའི་བདེ་དྲོད་ཀྱིས་འཚོ་བ་ཉིན་མཚན་མེད་པར་སྒོམ་འོད་གསལ་ཕྱག་རྒྱ་ཆེན་པོའི་ངང་ལ་བཞུགས་པ། གནས་འཕོ་སྐྱས་མཛད་པ་ན་ནམ་མཁའ་ལ་འཕུར་ནས་གཤེགས་པ་ཞིག་ཡོད་པར་འདུག །དེའི་དྲུང་དུ་རབ་ཚེ་འདི་བློས་བཏང་ནས་ཁོང་བཞིན་སྒྲུབ་པ་བྱེད་ན་དགའ། དེ་མིན་ཡང་ཞལ་རེ་ཙམ་མཐོང་ན་དགའ་སྟེ་ཟེར་མཆི་མ་ཁྲལ་ཁྲལ་འདུག་པ་ལས། དེར་རྗེ་བཙུན་གྱི་མཚན་ཐོས་པའི་མོད་ལ་རང་དབང་མེད་པའི་དད་པ་ཆེན་པོ་སྐྱེས་ནས། ནམ་ཕྱེད་བར་དུ་ཐུགས་བརྒྱལ་ནས་དྲན་པ་མ་རྙེད། དྲན་པ་རྙེད་པ་དང་སྤྱན་ཆབ་མང་པོ་བསིལ་ཞིང་བཞེངས་ནས་རྗེ་བཙུན་བཞུགས་པའི་ཕྱོགས་སུ་ཕྱག་མང་པོ་བཙལ་ཞིང་། རྗེ་བཙུན་རྗེ་བཙུན་ཐུགས་རྗེས་གཟིགས་ཞེས་གསོལ་བ་མང་དུ་བཏབ། དེ་ནས་བྱོན་ཏེ་དགེ་སྦྱོར་གྱི་གཙོ་བོ་ཡན་ལག་བདུན་པ་མཛད་པས། འཕྲོ་ཡང་ཡང་སྟོན་སྔར་དང་མི་འདྲ་བའི་ཉམས་དང་ཏིང་ངེ་འཛིན་བཟང་པོ་ཤར། བླ་མ་རྗེ་བཙུན་དེ་དང་མཇལ་ལམ་སྙམ་པའི་ངང་ནས་ནམ་ལངས་པ་དང་། སྤྲང་པོ་གསུམ་པོ་བོས་ནས་ཟན་དང་ཤ་མར་ལ་སོགས་པའི་ཚ་བ་བཟང་པོ་ཁོ་རང་གི་ཡིད་སྨོན་ལས་ལྷག་པས་ཚིམ་པར་མཛད་དེ། རྗེའི་ཞལ་ནས་ཁྱེད་ཟེར་བའི་བླ་མ་དེ་ལ་ང་མཇལ་བར་འདོད་པས་ཁྱེད་རྒྱུས་ཡོད་པ་དེས་ངའི་སྣ་གྱིས། ངའི་ཕུགས་ཀྱི་རྡིག་ལ་གསེར་སྲང་བཅུ་དྲུག་ཡོད་པས་ཕྱེད་ཁྱེད་ལ་སྟེར། དེ་ནས་ཁྱེད་རང་ཡང་ཆོས་བྱས་པས་ཆོག་གསུངས་པས་གཞོན་པ་གཉིས་ན་རེ། ངེད་ལ་རྒྱུས་མེད་ལགས་ཟེར། རྒན་པ་ན་རེ་ངས་བྱས་ཆོག་ཟེར་བས་དེའི་ནུབ་དཀོན་མཆོག་ལ་མཆོད་པ་ཕུལ་ཞིང་གསོལ་བ་བཏབ་པའི་མཚན་ལམ་ན་རག་དུང་རིང་པོ་ཞིག་བུས་པའི་སྐད་ཀྱིས་འཛམ་བུའི་གླིང་ཁྱབ་པས་དེང་སང་དབུས་གཙང་གཉིས་ན་དུང་འདི་བས་སྒྲ་ཆེ་བ་མེད་བྱས་པ་དང་། ཡང་ནམ་མཁའ་རྟེན་མེད་པ་ལ་རྔ་བོ་ཆེ་ཞིག་བཏགས་འདུག་པ་བརྡུངས་པས་སྒྲ་ཆེ་ཞིང་སྙན་པ་ཡང་དག་པ་བྱུང་བ་ལ་མི་དང་རི་དྭགས་དཔག་ཏུ་མེད་པ་ཉན་ཅིང་འདུག །མོན་མོ་འདྲ་བའི་བུད་མེད་གཅིག་ན་རེ། མི་འདི་ཚོ་ལ་རྔ་བརྡུངས། རི་དྭགས་འདི་ཚོ་ལ་འདི་བྱིན་ཟེར་ནས་འོ་མ་ཐོད་ཕོར་གང་བྱིན་བྱུང་། འདིས་རི་དྭགས་འདི་ཙམ་མི་ཁྱེད་བྱས་པས། ཁྱོད་རང་འཐུང་དང་རི་དྭགས་འདིར་མ་ཟད་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཁྱེད་དེ་འོང་། ང་ནི་ཉི་མ་ནུབ་ཕྱོགས་སུ་འགྲོ་ཟེར་སོང་བའི་མཚན་ལྟས་བྱུང་ངོ་། །ཕྱིས་རྗེ་ཉིད་ཀྱི་ཞལ་ནས་ད་ལྟ་སྣོད་དང་མི་ལྡན་ས་ལམ་རིམ་གྱིས་སྦྱོང་བ་རྣམས་རྔ་ལ་ཉན་པའི་མི་རྣམས་སུ་འདུག །བཀའ་གདམས་ཀྱི་བླ་མ་རྣམས་ཀྱང་དྲིན་ཆེ་བར་གདའ། རི་དྭགས་རྣམས་ངའི་རི་ཁྲོད་འཛིན་པའི་སྒོམ་ཆེན་རྣམས་སུ་འདུག་སྟེ། བླ་མ་མི་ལའི་གདམས་ངག་ཐབས་ལམ་དང་ཕྱག་རྒྱ་ཆེན་པོ་ཁོ་ནས་ཀྱང་སྔོན་གྱི་རྨི་ལམ་གྱི་ལྟས་དེའི་ཁར་སོང་གསུང་ངོ་། །དེ་ནས་ཁོ་དང་འགྲོགས་ནས་བྱོན་པས་རྗེ་དེ་ཉིད་དད་པ་དང་བརྩོན་འགྲུས་ཆེ་བས་ངའི་བླ་མ་དང་ནམ་མཇལ་ཟེར། ཞལ་རས་སྤྱན་ཆབ་དང་མི་འབྲལ། ཚ་ཆོས་དང་ཁར་མི་འགྲོ། མཉེལ་ཡང་མི་སོ་བར་བྱོན་པ་ལས་མྱང་སྟོད་རྩིས་གནས་གསར་དུ་ཕེབས་པས་སྤྲང་པོ་དེ་ན་བའི་ཚུལ་སྟོན་ཏེ། ད་འདི་ཡན་ལ་ང་ལ་ཡང་རྒྱུས་ཞིབ་པོ་མེད། དགོན་པ་ས་སྐྱ་བྱ་བ་ཡོད་ཟེར་ཁྱེད་རང་འདྲི་ཞིང་སོང་ཟེར་བས། དེར་གྲོགས་ཀྱིས་བོར་བས་དམུས་ལོང་ཐང་ལ་འཁྱམས་པའི་སྡུག་བསྔལ་མྱོང་། མཚན་ཐོག་ཐག་ཞལ་རས་ས་ལ་སྦྱར་ནས་བཤུམས་པས། སྤྲང་པོ་ན་རེ། བུ་ཚ་སླེབ་ཉེས་འདྲ་བ་དེ་འདྲ་མ་བྱེད་པར་ལམ་རྒྱུས་བསྟན་པ་བཞིན་སོང་ཟེར། སྤྲང་པོ་དེ་རྣམས་ཕྱིས་རྗེ་བཙུན་གྱི་སྤྲུལ་པར་ཡིད་ཆེས་སོ། །དེ་ནས་འདྲི་ཞིང་བྱོན་པས་གྲང་སོ་ཁྲ་བོ་ལར་ལ་སྟོད་པའི་ཚོང་པ་མང་པོ་དང་ཕྲད་པ་ལ་དྲིས་པས་གཉའ་ནང་པའི་ཚོང་དཔོན་ཟླ་བ་བཟང་པོ་ཟེར་བ་ཞིག་ན་རེ། རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པ་ཞེས་བྱ་བ་བོད་གངས་ཅན་གྱི་ཁྲོད་ན་སྒྲ་ཆེ་བའི་བླ་མ་གྲུབ་ཐོབ་དེ་ད་ལྟ་བྲིན་ཆུ་དབར་ན་བཞུགས་ཟེར་བས་དེར་རྗེ་བཙུན་དང་དངོས་སུ་མཇལ་བ་སྙམ་བྱེད་པ་བྱུང་སྟེ། དགའ་ཆེས་ཏེ་ཚོང་དཔོན་གྱི་མགུལ་ནས་འཁྱུད་དེ་སྤྱན་ཆབ་མང་དུ་བསིལ། དེ་ནས་ལམ་དྲིས་ཏེ་དིང་རིའི་ས་ཕྱོགས་སུ་ཕེབས་པ་དང་། ཐང་ཆེན་པོ་ཞིག་གི་དཀྱིལ་ན་ངལ་སྟེགས་ཤིག་འདུག་པ་དེར་མཉེལ་མཛད་པས་ཁ་སང་ནས་བཤོས་ཀྱང་མ་གསོལ། སྐུ་དུབ་པའི་སྟོབས་ཀྱིས་རླུང་ཁམས་དྲག་པོ་ཞིག་གཡོས་པས་ཐུགས་དྲན་མེད་དུ་སོང་། ངལ་སྟེགས་ཀྱི་ཁ་ནས་ལྷུང་། ནམ་ཕྱེད་ཚུན་དྲན་པ་མ་རྙེད། ཐུགས་དྲན་རྙེད་པ་དང་། སྤྱི་གཙུག་ནས་རྐང་མཐིལ་བར་ལ་མི་ན་བ་སྤུ་ཙམ་ཡང་མི་འདུག །ཞལ་སྐྱེམས་པ་ལ་ཆུ་སྟེར་མཁན་ཡང་མེད་པར་ཉིན་ཞག་གཉིས་ལུས་དེར་ཐུགས་དགོངས་ལ་ང་སྐྱེ་བ་འདིར་རྗེ་བཙུན་དང་མ་མཇལ་གྱི་རྟིང་ལ། ཕྱི་མ་རྗེ་བཙུན་གང་དུ་བཞུགས་པའི་ཞབས་དྲུང་དུ་སྐྱེས་ཏེ་ཐུགས་ཡིད་གཅིག་ཏུ་འདྲེས་པར་ཤོག་ཅེས་སྨོན་ལམ་དང་། འདི་ཕྱི་བར་དོ་གསུམ་དུ་རེ་ས་རྗེ་བཙུན་མིན་པ་མེད་ཅེས་སྤྱན་ཆབ་མང་པོ་བསིལ་ཞིང་གསོལ་བ་ཕུར་ཚུགས་སུ་བཏབ་བོ། །དེ་ནས་ཉིན་གཅིག་བྱ་ཡུལ་བའི་སྟོན་པ་བཀའ་གདམས་པ་ཞིག་བྱུང་སྟེ། ཁྱེད་གང་དུ་གཤེགས་པ་ཡིན་གསུངས་པས། ང་བྲིན་གྱི་ཕྱོགས་སུ་རྗེ་བཙུན་མི་ལའི་ཞལ་ལྟར་འགྲོ་བ་ཡིན་ཟེར་བས་འོ་ན་བདག་ཀྱང་དེ་ཕྱོགས་སུ་འགྲོ་བ་ཞིག་ལགས་ཏེ་གསུངས་པས། ཁོང་ན་རེ། ཁྱེད་བསྙུང་གཞི་ཞིག་གིས་ཐེབས་པ་མིན་ནམ་ཟེར་བས་བདག་ཁམས་ཤིག་ཀྱང་མ་བདེ། ཁ་ཡང་སྐོམ་པས་ཁྱེད་ཀྱིས་ཆུ་ཞིག་སློང་དང་གསུངས་པས། ཁོང་གིས་ཆུ་ཕོར་གང་ལ་ཞིབ་བཏབ་ནས་དྲངས་པས་སྐུ་ཁམས་བདེ་སང་སོང་སྟེ་ཁོང་དང་འགྲོགས་ནས་བྱོན་ནོ། །དེའི་ཚེ་རྗེ་བཙུན་སྤྲོ་བདེ་བཀྲ་ཤིས་སྒང་ན་ཆོས་གསུང་པའི་ཚེ་རེས་དགོངས་པ་ལ་བཞུགས། རེས་བཞད་མོ་མཛད་ཅིང་འདུག་པ་ལས་བྲིན་པའི་ཡོན་བདག་མོ་མཛེས་སེ་ཞེས་བྱ་བ་མཚན་ལྡན་མ་ཞིག་ཡོད་པ་དེས་རྗེ་བཙུན་ཆོས་གསུང་འཕྲོ་ལ་རེས་དགོངས་པ་ལ་བཞུགས། རེས་བཞད་མོ་མཛད་པ་དེ་སྐལ་ལྡན་གྱི་སློབ་མ་ལ་ཡོན་ཏན་སྐྱེས་པ་མཁྱེན་པ་ལགས་སམ། སྐལ་མེད་ཀྱི་སློབ་མ་ལ་ལོག་རྟོག་སྐྱེས་པ་མཁྱེན་པ་ལགས་ཞུས་པས། ངས་སྐལ་ལྡན་དང་སྐལ་མེད་ལ་སྐྱོན་ཡོན་སྐྱེས་པ་གང་ཡང་མ་མཐོང་གསུང་། འོ་ན་རྗེ་བཙུན་བཞད་པའི་རྒྱུ་མཚན་ཅི་ལགས་ཞུས་པས། ངའི་བུ་དབུས་པ་སྟོན་པ་དེ་དིང་རིའི་ས་ཕྱོགས་ཀྱི་ངལ་སྟེགས་ཤིག་གི་འགྲམ་ན་སླེབ་འདུག་སྟེ། ལུས་ཐམས་ཅད་ན་ཞིང་བླ་མ་རྗེ་བཙུན་མཁྱེན་ཟེར་དད་གུས་ཆེན་པོའི་ངང་ནས་མཆི་མ་མང་པོ་འདོན་ཞིང་འདུག །དེ་ལ་སྙིང་རྗེ་བ་ཞིག་བྱུང་ནས་ཏིང་ངེ་འཛིན་གྱི་བྱིན་རླབས་བྱས་དགའ་བ་ཞིག་ཀྱང་བྱུང་སྟེ་དགོད་པ་ཡིན་གསུང་། རྗེ་བཙུན་ཡང་སྤྱན་ཆབ་བསིལ་ཞིང་འདུག་པ་ལས་འོ་ན་རྗེ་བཙུན་གྱི་དྲུང་དུ་ནམ་ཕེབས་པ་གདའ་ཞུས་པས། སང་གནངས་ཚུན་ལ་སླེབ་མཆི་གསུང་། སྐྱེས་བུ་དེ་དང་བདག་ཅག་རྣམས་མཇལ་བའི་སྐལ་བ་མཆིས་སམ་ཞུས་པས་སྐལ་བ་ཡོད་དོ། །དེའི་གདན་ཐོག་མར་སུས་མནན་པ་དེ་ཏིང་ངེ་འཛིན་གྱིས་འཚོ་བར་འདུག །དེའི་མཇལ་སྣ་སུས་བྱས་པ་དེ་བདེ་ཆེན་ཐར་པའི་གནས་སུ་ངས་འདྲོངས་པར་འདུག་གསུང་། དེ་ནས་རྗེ་ཉིད་དང་བཀའ་གདམས་བྱ་ཡུལ་པས་ཚོང་འདུས་སྡིངས་མར་ཕེབས་ནས་ཡོན་བདག་མོ་ཞིག་ཐགས་འཐག་ཅིང་འདུག་པའི་ཐགས་འགོར་བཞུགས་ཏེ། ས་ཕྱོགས་འདི་ན་རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པ་ཞེས་བྱ་བ་བཞུགས་ཟེར་བ་གང་ན་བཞུགས་གསུངས་པས་ཡོན་བདག་མོ་ན་རེ། ཁྱེད་གང་ནས་བྱོན་ཟེར། བདག་ཉི་མ་དབུས་ཀྱི་རྒྱལ་ཁམས་ནས་རྗེ་བཙུན་ལ་གཏད་འོངས་པ་ཡིན་གསུངས་པས། འོ་ན་བདག་གིས་འཚོ་བ་དྲང་གིས་ནང་དུ་འབྱོན་པར་ཞུ་ཟེར་ནང་དུ་གདན་དྲངས་ནས་ཇ་བུར་ལ་སོགས་པའི་ཞབས་ཏོག་གྱ་ནོམ་པ་བྱས། དེར་ཡོན་བདག་མོ་ན་རེ། ཁྱེད་འབྱོན་པ་རྗེ་བཙུན་ཆེན་པོས་སྔ་མོ་ནས་མཁྱེན་ཏེ་མ་འོངས་ལུང་བསྟན་ཀྱང་གསུངས། ཁ་སང་ནས་དིང་རིར་སྐུ་མཉེལ་བ་ཡང་གཟིགས་ནས་ཏིང་ངེ་འཛིན་གྱིས་བྱིན་རླབས་ཀྱང་མཛད། བདག་གིས་མཇལ་སྣ་བྱེད་པར་ཞུ་ཟེར་བས་རྗེའི་ཐུགས་དགོངས་ལ་དེ་ཀ་ཡིན། ང་བླ་མས་བྱིན་གྱིས་བརླབས་པས་མ་ཤི་བ་དང་། ང་འོང་བ་མཁྱེན་ལུགས་ཀྱིས་ང་ལས་ཅན་གྱི་སློབ་མ་ཡིན་པར་འདུག་བསམ། ཐུགས་རྒྱལ་ཅུང་ཟད་སྐྱེས་པ་རྗེ་བཙུན་གྱིས་དགོངས་ནས། ང་རྒྱལ་གཅོག་པའི་ཕྱིར་ཟླ་བ་ཕྱེད་ཀྱི་བར་མཇལ་སྐབས་མ་གནང་བར། སེ་བན་སྟོན་པས་ཕྲུ་བ་དང་ཤིང་བསྐྱལ་ནས་བྲག་སྐྱིབས་ཤིག་ཏུ་བཞུགས། དེ་ནས་ཡོན་བདག་མོའི་བུ་མོས་མཇལ་སྣ་བྱས་ཏེ། རྗེ་བཙུན་གྱི་དྲུང་དུ་བྱོན་པས་རྗེ་བཙུན་གྱིས་རས་ཆུང་པ་དང་ཞི་བ་འོད་གཉིས་རྗེ་བཙུན་རང་གི་སྐུར་བྱིན་གྱིས་བརླབས་ནས་བཞུགས་འདུག་པ་ལ་འདི་ཡིན་ཟེར་ས་མ་རྙེད་པས། རས་ཆུང་པས་རྗེ་བཙུན་དབུས་མའོ་ཞེས་མཛུ་གུ་བཙུགས་ཚེ་རྗེ་རིན་པོ་ཆེས་ཀྱང་དབུས་མ་ལ་གསེར་སྲང་བཅུ་དྲུག་གི་མཎྜྻལ་དང་ཇའི་དུམ་གཅིག་ཡོད་པ་ཡང་ཕུལ་ནས་དབུས་ཕྱོགས་ནས་འོང་ལུགས་ལ་སོགས་པ་ཞིབ་པར་ཞུས་རྟིང་། རྗེ་བཙུན་རང་གི་རྣམ་ཐར་ཞིག་ཀྱང་གསུང་དུ་གསོལ་ཞུས་པས། རྗེ་བཙུན་ཆེན་པོ་རེ་ཞིག་སྤྱན་ཟིམ་མེ་བཞུགས་པའི་མཐར། མཎྜྻལ་གྱི་དབུས་ནས་གསེར་ཐིག་པོ་གཅིག་ནམ་མཁའ་ལ་བསྐྱུར་ནས་མར་པ་ལྷོ་བྲག་པ་མཆོད་ཅིག་གསུངས་པས། ནམ་མཁའ་ལས་སྒྲ་དང་འོད་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་བྱུང་ངོ་། །དེའི་ཚེ་རྗེ་བཙུན་ལ་ཆང་ཐོད་ཕོར་གང་གི་གསོལ་འཕྲོ་འདུག་པ་འདི་འཐུངས་གསུངས་གནང་བྱུང་བས་དགེ་སློང་གི་ཆ་ལུགས་ཡིན་པ་དང་། འཁོར་མང་དུ་འདུག་པས་ལེན་མ་ནུས་པ་ལ་རྗེ་བཙུན་གྱི་ཞལ་ནས་རྣམ་རྟོག་མ་མང་བར་འཐུངས་གསུངས་པ་དང་། རྟེན་འབྲེལ་འཆུགས་ཀྱིས་དོགས་ནས་ལྷག་མ་མ་ལུས་པར་གསོལ་བས་བརྒྱུད་པ་ཟིན་ཅིང་། གདམས་ངག་མ་ལུས་པའི་སྣོད་དང་ལྡན་པར་མཁྱེན་ནས་ཁྱེད་ཀྱི་མིང་ཅི་ཡིན་གསུང་། བསོད་ནམས་རིན་ཆེན་ཟེར་བ་ལགས་ཞུས་པས། བསོད་ནམས་ཚོགས་ཆེན་བསགས་ལས་བྱུང་། །སེམས་ཅན་ཀུན་གྱི་རིན་པོ་ཆེ། །ཞེས་ལན་གསུམ་གསུང་ངོ་། །དེའི་ཚེ་རྗེ་བཙུན་གྱི་ཐུགས་ལ་ངའི་བུ་འདིའི་མིང་ཐོས་པས་ཀྱང་འཁོར་བ་ལས་ཐར་བ་ཞིག་འོང་བར་འདུག་དགོངས་ཏེ་ཁར་མ་བཏོན་གསུང་། དེ་ནས་དབུས་པ་སྟོན་པ་ལ་རྗེ་བཙུན་གྱི་ཞལ་ནས། ང་ལ་དད་ནས་འདིར་འོངས་པ་ངོ་མཚར་ཆེ། ཁྱོད་ཀྱི་གསེར་དང་ཇ་ང་མི་འདོད་ངའི་རྣམ་ཐར་འདི་ལྟར་ཡིན་གསུང་། རས་ཆུང་པ་དང་ཞི་བ་འོད་ཀྱིས་རམ་བཏེག་སྟེ་སྣ་ལེན་གྱི་མགུར་འདི་གསུངས་སོ། །སྤྲོས་མེད་ཆོས་སྐུའི་ནམ་མཁའ་ལ། །འགག་མེད་ཐུགས་རྗེའི་སྤྲིན་བསྡུས་ཏེ། །ལུས་ཅན་སྐྱབས་གྱུར་འགྲོ་བའི་མགོན། །དྲིན་ཅན་མར་པའི་ཞབས་ལ་འདུད། །བུ་གཡས་ན་འདུག་པའི་རས་ཆུང་དང་། །གཡོན་ན་འདུག་པའི་ཞི་བ་འོད། །གཡས་རམ་ཐེག་ལ་གཡོན་རམ་སྐྱོར། །གླུ་འདི་ལ་ལྷ་རྗེས་གསན་པར་ཞུ། །དཔལ་དྲི་མ་མེད་པའི་ཞིང་ཁམས་སུ། །མི་ང་དང་ང་ཟེར་མང་ལགས་ཀྱང་། །ཡུལ་རྒྱ་གར་དབུས་ན་སྒྲ་ཆེ་ཞིང་། །ཉི་ཟླ་ལྟ་བུར་གསལ་བ་དེ། །ནཱ་རོ་མཻ་ཏྲི་རྣམ་གཉིས་ལགས། །ཕ་གྲུབ་ཐོབ་གཉིས་ཀྱི་ཐུགས་ཀྱི་སྲས། །དུས་གསུམ་སངས་རྒྱས་བཅུད་འདུས་པ། །སྒྲ་སྒྱུར་མར་པ་ལོ་ཙྪ་དེ། །དཀྱིལ་འཁོར་གཙོ་བོ་ཡིན་པའི་ཕྱིར། །སྐལ་ལྡན་ཡིད་དབང་འཕྲོག་བྱེད་པའི། །སྙན་པ་དཔའ་བོ་མཁའ་འགྲོས་བརྗོད། །དེ་ཐོས་ཁོ་བོས་མ་བཟོད་དེ། །འབད་རྩོལ་དྲག་པོས་སྤྱན་སྔར་ཕྱིན། །མཇལ་མ་ཐག་ཏུ་དགའ་བདེ་ཐོབ། །ཞབས་ཀྱི་པདྨོ་ལ་བཏུད་ནས། །ཚེ་འདིར་སངས་རྒྱས་ཐོབ་པ་ཡི། །གདམས་ངག་ཟབ་མོ་གནང་དགོས་ཞུས། །ཕ་སངས་རྒྱས་ཁོང་གི་ཞལ་ནས་ཀྱང་། །ཚེ་འདིར་འཁོར་བའི་རྒྱུན་གཅོད་པའི། །མཚོན་ངར་མ་ལྟ་བུའི་གདམས་ངག་ཅིག །ནཱ་རོའི་ཐུགས་རྗེས་ཡོད་དོ་གསུང་། །བདག་དབུལ་བས་ཟང་ཟིང་མ་མཆིས་ཏེ། །སྒོ་གསུམ་འབད་ནས་ཐུགས་དམ་བསྐང་། །དུས་གསུམ་མཁྱེན་པའི་ཐུགས་རྗེ་ཡིས། །བདག་གི་ལྷག་བསམ་མཁྱེན་པའི་ཕྱིར། །བརྩེ་བ་ཆེན་པོས་ཉེར་དགོངས་ནས། །བཀའ་བབས་བཞི་ཡི་གདམས་ངག་རྣམས། །འཕྲི་བསྣན་ལྷག་ཆད་ཡོད་རི་གསུང་། །དབུ་སྙུང་བཞེས་ཏེ་གནང་ནས་ཀྱང་། །ད་དུས་བསྟན་པའི་སྙིགས་མ་ལ། །ཚེ་ལ་ལོང་མེད་རྐྱེན་མང་བས། །ཁྱོད་ཤེས་བྱའི་གཤིས་ལ་མ་ཤོར་བར། །སྒྲུབ་པ་སྙིང་པོར་ལོངས་ཤིག་གསུང་། །ངས་བླ་མའི་བཀའ་དྲིན་བསབ་པའི་ཕྱིར། །འཆི་བས་འཇིགས་པའི་ལྕག་བཏབ་ནས། །བརྩོན་འགྲུས་དྲག་པོས་བསྒོམས་པའི་མཐུས། །ལྟས་ངན་རྣམ་རྟོག་གཡང་དུ་ཁུགས། །དུག་གསུམ་རང་མཚང་རིག་པའི་ཕྱིར། །སྐུ་གསུམ་ལྷུན་གྲུབ་ངོ་འཕྲོད་པས། །བརྒྱུད་པའི་བྱིན་རླབས་ཉམས་རྟོགས་རྣམས། །སྐལ་ལྡན་རྣམས་ལ་འཕོ་བའི་ཕྱིར། །ཟབ་དགུ་འདུས་པའི་གདམས་ངག་རྣམས། །སྟོན་པ་ཁྱོད་ལ་སྟེར་བས་ན། །ཉམས་སུ་ལོངས་ལ་བསྟན་པ་སྤེལ། །ལྷ་རྗེའི་ཐུགས་ལ་དེ་ཞོག་ལ། །མི་རིང་གློད་ལ་བཞུགས་པར་ཞུ། །ང་རྣལ་འབྱོར་གྱི་རྣམ་ཐར་དེ་བཞིན་ལགས། །གླེང་མོ་ཞིབ་རྒྱས་ཁད་ཀྱིས་བྱེད། །གསེར་དང་མི་རྒན་ལོ་མི་མཐུན། །ཇ་བསྐོལ་བའི་ཐབ་ཆས་བདག་ལ་མེད། །ཁྱེད་བཀའ་བརྒྱུད་ཀྱི་བསྟན་པ་འཛིན་འདོད་ན། །ང་སྤྱོད་ལྟོས་ལ་ང་བཞིན་སྒོམས། །གླུ་དེ་ལ་སྟོན་པའི་དྲིས་ལན་མཛོད། །ཅེས་གསུངས་ནས་དེ་ལ་སྟོན་པའི་ཤངས་ལེན་བྱེད་པ་ཡིན་གསུང་བ་ལ་རྗེ་ཉིད་ཀྱིས་ཇ་བསྐོལ་ནས་ཞུས་པས། མཉེས་མཉེས་མཛད་བཞེས་ཏེ། རས་ཆུང་པ་རྣམས་ལ་སྟོན་པའི་ཇ་ལན་འཇལ་བས་ཇ་ཐུས་ཤོག་གསུང་། ཐུས་བྱུང་བ་རྣམས་བསྐོལ་ནས་དེ་ལ་སྡོར་དགོས་གསུང་རྗེ་བཙུན་གྱིས་ཆབ་བསིལ་བས་རོ་མཆོག་བརྒྱ་དང་ལྡན་པ་བྱུང་ངོ་། །དེ་ནས་བྱ་ཡུལ་བ་དེ་རྗེ་བཙུན་ལ་བྱིན་རླབས་དང་ཆོས་འབྲེལ་ཞུ་ཟེར་བ་ལ། རྗེ་བཙུན་གྱི་ཞལ་ནས་བྱིན་རླབས་ཆགས་པའི་རྟེན་ཅི་ཡོད་གཅིག་ཕུལ་གསུངས་པས། བདག་ལ་འབུལ་རྒྱུ་ཅི་ཡང་མེད་ཟེར་བ་ལ། རྗེ་བཙུན་གྱི་ཞལ་ནས་ཁྱོད་ཀྱི་ལུས་ལ་གསེར་མང་པོ་སྦས་ནས་ཅི་ཡང་མེད་ཟེར་བ་ངོ་ཚ་བ་ཡིན། ལར་དད་པ་མེད་པའི་བྱིན་རླབས། ངེས་ཤེས་མེད་པའི་གདམས་ངག་གིས་ཅི་བྱེད། དེ་བས་ཁྱོད་བལ་པོར་ཚོང་དོན་དུ་གཉེར་བ་འདུག་པས་སོང་བར་ཆད་མེད་པར་བྱའོ་གསུང་། རྗེ་དེ་ཉིད་ཀྱི་ཐུགས་དགོངས་ལ་རྗེ་བཙུན་གྱི་དྲུང་དུ་གཡོ་སྒྱུ་མི་ཤོང་བར་འདུག་པས་རིག་པ་སྒྲིམ་དགོས་པར་འདུག་སྙམ་པ་དང་། སངས་རྒྱས་ཀྱི་འདུ་ཤེས་དང་མི་འབྲལ་བར་གྱུར་ཏོ། །དེ་ནས་རྗེ་བཙུན་གྱི་ཞལ་ནས་དབུས་པ་སྟོན་པ་ཁྱོད་ཀྱིས་སྔར་དབང་ཐོབ་བམ་མ་ཐོབ་གསུངས་པ་ལ། སྔར་བླ་མ་རྣམས་ལ་དབང་དང་གདམས་ངག་ཐོབ་ཚུལ་རྣམས་དང་། རང་གི་རྒྱུད་ལ་ཏིང་ངེ་འཛིན་ཡོད་ཚུལ་ཞུས་པས། རྗེ་བཙུན་གྱི་ཞལ་ནས་ཧ་ཧ། བྱེ་མ་བཙིར་བ་ལ་མར་ཁུ་མི་འོང་། ཉུངས་ཀར་ལ་མར་ཁུ་འོང་བ་ཡིན། ངའི་གཏུམ་མོ་ཨ་ཐུང་སྒོམས་དང་། ད་གཟོད་སེམས་ཀྱི་ངོ་བོ་མཐོང་འོང་གིས། དེ་བསྒོམ་པ་ལ་སྔར་གྱི་དབང་བསྐུར་རྣམས་ཀྱིས་གོ་མི་ཆོད་པ་མིན་ཏེ། རྟེན་འབྲེལ་གྱི་ཆེ་བ་ཡིན་པས། ང་རང་གི་ལུགས་ཀྱི་བྱིན་རླབས་བྱེད་དགོས་གསུང་། སྙན་བརྒྱུད་ཀྱི་ལུགས་སུ་སིནྡྷུ་རའི་དཀྱིལ་འཁོར་ལ་བརྟེན་ནས་ཕག་མོའི་བྱིན་རླབས་མཛད། དེ་ནས་གདམས་ངག་གནང་སྟེ་བསྒོམས་པས་ཉམས་བཟང་པོ་འཁྲུངས་ཏེ། སྔར་གྱི་བླ་མ་རྣམས་ཀྱི་གསུང་རྗེས་སུ་དྲན་པས་ལྟ་སྒོམ་སྤྱོད་པ་ལ་རྟོག་དཔྱོད་མང་དུ་ཤར་ནས། རྗེ་བཙུན་ལ་དོགས་པ་གཅོད་ཕྱིར་ལྟ་སྒོམ་སྤྱོད་པའི་གནད་རྣམས་ཞུས་པས་རྗེ་བཙུན་གྱིས་དོགས་པ་ཀུན་བསལ་བའི་མཐར་སྤྱིར་གསང་སྔགས་སྒོས་སྒྲུབ་བརྒྱུད་འདིའི་ཆེ་བ་བརྗོད་ནས་མགུར་འདི་གསུངས་སོ། །ལྟ་བ་ཡིན་པར་ངེས་ཀྱིས་རང་གི་སེམས་ལ་ལྟོས། །སེམས་ལས་གཞན་དུ་ལྟ་བ་བཙལ་བ་ན། །གྱད་ཀྱིས་ནོར་ཚོལ་འདྲའོ་ཨང་གེ་ལྷ་རྗེ་སྟོན་པ་བ། །སྒོམ་པ་ཡིན་པར་ངེས་ཀྱི་བྱིང་རྒོད་སྐྱོན་མ་བསལ། །སྒོམ་པ་བྱིང་རྒོད་སྐྱོན་ནི་བསལ་བ་ན། །ཉིན་པར་མར་མེ་འདེགས་པ་འདྲའོ་ཨང་གེ་ལྷ་རྗེ་སྟོན་པ་བ། །སྤྱོད་པ་ཡིན་པར་ངེས་སོ་བླང་དོར་རེས་མ་བྱེད། །སྤྱོད་པ་བླང་དོར་རེས་ནི་བྱེད་པ་ན། །སྦྲང་མ་རྒྱ་རུ་ཆུད་པ་འདྲའོ་ཨང་གེ་ལྷ་རྗེ་སྟོན་པ་བ། །དམ་ཚིག་ཡིན་པར་ངེས་ཀྱི་ལྟ་བའི་གདེངས་ལ་ཞོག །བསྲུང་མེད་དམ་ཚིག་གཞན་ནས་བཙལ་བ་ན། །ཆུ་མགོ་གྱེན་ལ་ལོག་པ་འདྲའོ་ཨང་གེ་ལྷ་རྗེ་སྟོན་པ་བ། །འབྲས་བུ་ཡིན་པར་ངེས་ཀྱི་སེམས་ལ་ངེས་ཤེས་བསྐྱེད། །ཐོག་མེད་འབྲས་བུ་གཞན་ནས་བཙལ་བ་ན། །སྦལ་པ་གནམ་དུ་མཆོང་བ་འདྲའོ་ཨང་གེ་ལྷ་རྗེ་སྟོན་པ་བ། །བླ་མ་ཡིན་པར་ངེས་ཀྱི་རང་གིས་སེམས་ལ་དྲིས། །སེམས་ལས་གཞན་པའི་བླ་མ་བཙལ་བ་ན། །དེ་ཡིས་རང་སེམས་སྤངས་པ་འདྲའོ་ཨང་གེ་ལྷ་རྗེ་སྟོན་པ་བ། །དེས་ན་སྣང་བ་ཐམས་ཅད་རང་གི་སེམས་སུ་འདུས་པར་གདའོ་ཨང་གེ་ལྷ་རྗེ་སྟོན་པ་བ། །ཞེས་གསུངས་པས། ཤིན་ཏུ་མད་སྙམ་སྙིང་རུས་བསྐྱེད་ནས་བསྒོམས་པ་ལས། ནུབ་དང་པོ་ཕུག་པའི་མདོར་གཅེར་བུར་བསྒོམས་པས་བདེ་དྲོད་རང་འབར་ལ་སོང་། ནམ་ལངས་ལངས་གཉིད་དུ་སོང་བས་ལུས་རྡོ་བ་ལྟར་སོང་འདུག །དེ་ནས་ཞག་བདུན་བསྒོམས་པས་བདེ་དྲོད་རང་འབར་ལ་སོང་སྟེ་རྒྱལ་བ་རིགས་ལྔའི་ཞལ་མཐོང་། བླ་མ་ལ་ཞུས་པས་མིག་བཙིར་ནས་བལྟས་པས་ཟླ་བ་གཉིས་སུ་མཐོང་བ་དང་འདྲ། འབྱུང་བ་ལྔའི་རླུང་ཟིན་པ་ཡིན། སྐྱོན་དང་ཡོན་ཏན་གང་ཡང་མིན་གསུང་། ཡོན་ཏན་མིན་གསུང་ཡང་བྲོད་པ་བསྐྱེད་ནས་བསྒོམས་པས་ཟླ་བ་གསུམ་སོང་བའི་ཐོ་རངས་ཁ་ཅིག་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་འཁོར་ལོ་བསྐོར་བ་ལྟར་འཁོར་ཞིང་འདུག་པས། སྟོང་སྐྱུགས་མང་པོ་བྱས་འགྱེལ་ནས་ཡུན་རིང་ཞིག་བརྒྱལ་བར་གྱུར། དེ་ནས་བླ་མ་ལ་ཞུས་པས་རོ་རྐྱང་གཉིས་ཀྱི་རླུང་དྷཱུ་ཏཱིར་འཇུག་པ་ཡིན། སྐྱོན་ཡོན་གང་ཡང་མིན་སྒོམས་གསུངས། ཡང་སྔ་དྲོ་ཞིག་སྣང་བ་ཐུགས་རྗེ་ཆེན་པོས་ཐེམ་བེར་ནེམ་བེར་དུ་འདུག་པ་ལ་ཟླ་བའི་དཀྱིལ་འཁོར་རེ་རེ་དབུ་ཐོག་ན་འདུག་པ་མཐོང་། བླ་མ་ལ་ཞུས་པས་སྤྱི་གཙུག་བདེ་ཆེན་གྱི་འཁོར་ལོར་ཐིག་ལེ་འཕེལ་བ་ཡིན། སྐྱོན་ཡོན་གང་ཡང་མིན་སྒོམས་གསུངས། ཡང་སྲོད་ཞིག་ལ་དམྱལ་བ་ཐིག་ནག་མཐོང་བས་རྐྱེན་བྱས་ནས་སྙིང་སྟོད་དུ་འཚངས་པས་སྙིང་རླུང་དྲག་པོ་བྱུང་། བླ་མ་ལ་ཞུས་པས་སྒོམ་ཐག་ཐུང་བས་རྩ་བཅིངས་པ་ཡིན་ཅུང་ཟད་རིང་དུ་གྱིས། གྱེན་རྒྱུའི་རླུང་ཟིན་པ་ཡིན་ཏེ་སྐྱོན་ཡོན་གང་ཡང་མིན་པས་སྒོམས་གསུངས། ཉིན་ཞིག་འདོད་ལྷ་རིགས་དྲུག་གི་ལྷ་རྣམས་གསལ་པོར་མཐོང་བས། གོང་མས་འོག་མ་ལ་བདུད་རྩིས་ཆར་འབེབས་ཤིང་འདུག །ལྷ་རྣམས་ངོམས་ཤིང་ཚིམས་ནས་འདུག་པ་ལ། བདག་གི་མ་སྐོམ་གྲིར་འཆི་ཞིང་འདུག་པ་ཞིག་མཐོང་། བླ་མ་ལ་ཞུས་པས། བདུད་རྩི་འབབ་པ་དེ་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོར་རོ་རྐྱང་གཉིས་ཀྱི་ཐིག་ལེ་འཕེལ་བ་ཡིན། མ་སྐོམ་པ་དེ་དྷཱུ་ཏཱིའི་ཁ་མ་ཕྱེད་པ་ཡིན་པས་འཁྲུལ་འཁོར་འདི་ཚོ་གྱིས་དང་གསུང་། འཁྲུལ་འཁོར་བཙན་ཐབས་ཀྱི་བརྡེག་འཚོག་གནང་ནས་ཟླ་བ་གཅིག་བྱས་པས་ལུས་འཕར་བ་དང་འདར་བ་དང་། སྤྲུག་འདོད་པ་རྒྱུན་ཆད་མེད་པ་དང་། རང་དབང་མེད་པར་ཁུས་འདེབས་འདོད་པ་བྱུང་། འདྲེ་ཡིན་ནམ་སྙམ་བླ་མ་ལ་ཞུས་པས། སྙིང་ག་ཆོས་ཀྱི་འཁོར་ལོ་ཐིག་ལེས་གང་བ་ཡིན། འཁྲུལ་འཁོར་འཕྲོ་མ་གཅོད་པར་འབད་ལ་སྒོམས། སྐྱོན་ཡོན་གང་ཡང་མིན་གསུངས། དེ་ནས་ཁ་ཟས་ཆེར་མི་དགོས་པ་བྱུང་། ཉིན་ཞིག་ཙ་ན་མདུན་གྱི་ནམ་མཁར་ཉི་ཟླ་གཉིས་གཟས་ཟིན་འདུག །གཟའ་དེ་རྟ་རྔ་ཕྲ་མོ་གཉིས་སུ་འདུག །བླ་མ་ལ་ཞུས་པས་དྷཱུ་ཏཱིར་རོ་རྐྱང་གི་རླུང་ཚུད་པ་ཡིན་ཏེ། སྐྱོན་ཡོན་གང་ཡང་མིན། ལར་ཕོ་རྒོད་རང་འདུག་ད་ནི་ད་ནི་བྱ་བ་ལན་གསུམ་གསུང་། དེ་ནས་དྲག་ཏུ་བསྒོམས་པས་ཟླ་བ་གཅིག་ན་དགྱེས་རྡོར་དམར་པོའི་དཀྱིལ་འཁོར་ཞིག་མཐོང་། བླ་མས་ད་ནི་ད་ནི་བྱ་བ་དེ་ཡི་དམ་གྱི་ལྷ་འདི་ཡིན་པར་འདུག་སྙམ་ནས་ཞུས་པས། སྙིང་ག་ཆོས་ཀྱི་འཁོར་ལོར་མ་ལས་ཐོབ་པའི་རཀྟ་བརྟན་པ་ཡིན། སྐྱོན་ཡོན་གང་ཡང་མིན། ཤུགས་ཕྱུང་ལ་སྒོམས་གསུངས། ཡང་འབད་དེ་བསྒོམས་པས་ཉིན་གཅིག་ཙ་ན་བདེ་མཆོག་ལཱུ་ཡི་པའི་ཀེང་རུས་ཀྱི་དཀྱིལ་འཁོར་གཅིག་མཐོང་། བླ་མ་ལ་ཞུས་པས་ལྟེ་བ་སྤྲུལ་པའི་འཁོར་ལོ་ཐིག་ལེས་གང་བ་ཡིན། སྐྱོན་ཡོན་གང་ཡང་མིན་སྒོམས་གསུངས། དེ་ནས་འབད་དེ་བསྒོམས་པས་ཞག་བཅུ་བཞི་སོང་ཙ་ན། མཚན་གང་བདག་གི་ལུས་འདི་ནམ་མཁའི་ཁམས་ཙམ་དུ་སོང་ནས་འདུག །སྤྱི་གཙུག་ནས་རྐང་མཐིལ་ཡན་ལ་འགྲོ་བ་རིགས་དྲུག་གི་སེམས་ཅན་རྣམས་འདུག་པ་ལ། ཕལ་ཆེར་འོ་མ་འབའ་ཞིག་འཐུང་གིན་འདུག །ལ་ལས་སྐར་མ་ལས་འོ་མ་བཞོས་ནས་འཐུང་གིན་འདུག །གང་ནས་བྱུང་ཆ་མེད་པའི་འུར་དིང་གི་སྒྲ་ཆེན་པོ་དུས་རྒྱུན་དུ་འོང་ཞིང་འདུག །ནམ་ལངས་ནས་སྒོམ་ཐག་བཀྲོལ་བས་མེད་པར་སོང་། བླ་མ་ལ་ཞུས་པས། ལུས་ཀྱི་རྩ་སྟོང་ཕྲག་བསམ་གྱིས་མི་ཁྱབ་པའི་ནང་དུ་ལས་རླུང་གིས་ཐིག་ལེ་ཁྲིད་པ་ཡིན་ཏེ། རླུང་དེ་ཡེ་ཤེས་ཀྱི་རླུང་དུ་བསྒྱུར་འཚལ་བར་གདའ་གསུངས་ནས་མཆོག་གི་གཏུམ་མོ་གནང་ནས་བསྒོམས་པས། ཉིན་གཅིག་ན་ལུང་པ་ཐམས་ཅད་དུད་པས་གང་ནས་འདུག །ཕྱི་དྲོར་སོང་ནས་མུན་ནག་ཏུ་སོང་འདུག །ལམ་མ་རྙེད་པར་ལོང་བ་འགྲོ་འགྲོ་བྱས་ནས་བླ་མའི་སྤྱན་སྔར་ཕྱིན་པས། བླ་མའི་ཞལ་ནས་ཅི་ཡང་མི་སྟོ་ངོ་རེ་སྡོད་ལ་སྒོམས་དང་གསུང་སྟེ། སྟེང་གི་གེགས་སེལ་དེ་གནང་བས་ནམ་ལངས་པ་བཞིན་སོང་། དེ་ནས་ཡང་ནུབ་གཅིག་རང་གི་ལུས་འདི་ཤ་ཁྲག་མེད་པར་ཀེང་རུས་རྩ་མང་པོས་སྦྲེལ་ནས་འདུག་པ་མཐོང་། བླ་མ་ལ་ཞུས་པས་རླུང་རྩུབ་ཐལ་བ་ཡིན། འཇམ་པར་གྱིས་གསུང་། དེ་ནས་སྲོད་ལ་ཡི་དམ་གྱི་སྒོམ་བཟླས་བྱས། ནམ་གུང་བླ་མའི་རྣལ་འབྱོར་བསྒོམས་ཤིང་གསོལ་བ་མང་དུ་བཏབ། ཐོ་རེངས་སྲོག་རྩོལ་གྱི་རླུང་བསྒོམས། སྐྱ་རེངས་ཤར་ཙམ་ན་གཉིད་ཐུན་ཕྲན་ཙམ་ཞིག་སོང་བ་ལས། སྔར་འདྲིས་ཀྱི་བག་ཆགས་མེད་པའི་རྨི་ལམ་དུ་ལྟས་ཉི་ཤུ་རྩ་བཞི་བྱུང་བས། དེར་མནལ་སད་པ་དང་རྨི་ལམ་འདི་རྣམས་དགེའམ་མི་དགེ་དགོངས་ཏེ་རྟོག་པ་ཅུང་ཞིག་སྐྱེས་པ་ལས། ཡང་ཐུགས་དགོངས་བཏང་བས་ཡང་བླ་མ་རྗེ་བཙུན་སངས་རྒྱས་མངོན་སུམ་པ་ཐམས་ཅད་མཁྱེན་པ་བཞུགས་པ་ལ་ཞུས་པས་ཆོག་སྙམ་ནས་ཚ་བ་ཡང་མ་བསྐོལ་བར་དེ་ཀ་ལ་བཞེངས་ནས་བྱོན་པས། རྗེ་བཙུན་ཆུ་དབར་གྱི་བྲག་རྩ་ན་རས་འགས་དབུ་ཕུར་གཟིམས་ནས་བཞུགས་འདུག་པ་ལ་ཕྱག་ཕུལ་ནས། རྗེ་བཙུན་ལགས་བདག་ལ་དོ་གལ་ཤིན་ཏུ་ཆེ་བ་ཞིག་མཆིས། མ་གཟིམས་པར་བཞེངས་པར་ཞུ་ཞུས་པས། རྗེ་བཙུན་གྱི་ཞལ་ནས། ཁྱོད་ལ་རྣམ་རྟོག་ཅིག་སྐྱེས་འདུག་པ་དེ་ད་ནང་ངའི་ཉམས་ལ་ཤར་བྱུང་། ད་མི་བདེ་བ་ཅི་ཡོད་པ་ཞུས་ཤིག་གསུངས་པས། བླ་མ་རིན་པོ་ཆེ་ལ་རྨི་ལམ་གྱི་མཚན་ལྟས་རྣམས་སྙན་དུ་གསོལ་ཏེ། དེ་རྣམས་དགེའམ་མི་དགེ་ཇི་ལྟར་ལགས་ཞེས་ཞུས་དོན་མགུར་དུ་ཕུལ་བ། རྗེ་བརཏལ་ཞུགས་སྤྱོད་པའི་རྣལ་འབྱོར་པ། །ངོ་མཚར་རས་ཀྱི་ན་བཟའ་ཅན། །ཡིད་བཞིན་ནོར་བུ་གཙུག་གི་རྒྱན། །ཀུན་གྱི་ཐོད་བཞིན་བཀུར་བའི་གནས། །མཚན་མི་ལ་ཞེས་བྱར་ཡོངས་སུ་གྲགས། །མཚན་དེ་ཡི་སྙན་པས་ཕྱོགས་རྣམས་ཁྱབ། །དེ་ཐོས་ཁོ་བོ་སྤྲོ་བ་སྐྱེས། །ཤར་སྐར་མ་སྨིན་དྲུག་འོག་ནས་སྙོགས། །ལུས་ཚ་གྲང་ཡིད་ལ་མ་བགྱིས་ཏེ། །རྟག་ཏུ་ངུ་ཡི་རྣམ་ཐར་བཞིན། །རྗེ་རས་པ་ཁྱེད་དང་ནམ་མཇལ་སྙམ། །ལམ་རིང་དཀའ་བ་སྣ་ཚོགས་སྤྱད། །གདུགས་ཕྱེད་དང་གཉིས་ཀྱིས་ཕྱིན་ས་རུ། །ལུས་སྲོག་ཡལ་བར་དེའུ་དོར་བྱས། །འོན་ཀྱང་མོས་གུས་དྲག་པོའི་མཐུས། །ཤར་ཕྱོགས་སྤོས་ལྡན་གྲོང་ཁྱེར་དུ། །ཆོས་འཕགས་དངོས་སུ་ཞལ་གཟིགས་ལྟར། །བཀྲ་ཤིས་སྒང་གི་གནས་མཆོག་ཏུ། །ཕ་རྗེ་བཙུན་རས་པ་ཁྱེད་དང་མཇལ། །ཁོ་བོའི་བསམ་པ་མཐར་ཕྱིན་སྙམ། །ཤིན་ཏུ་སྤྲོ་བས་བ་སྤུ་གཡོས། །ནོར་སྒྱུ་མའི་འབུལ་བ་མ་མཆིས་ཀྱང་། །གཞི་འཁོར་བའི་ཆོས་ལ་ཞེན་པ་ལོག །ལམ་སྐྱེ་ཤི་གཉིས་ལ་འཇིགས་ཤིང་སྐྲག །འཇིག་རྟེན་སྣང་བ་བློ་ཡིས་བཏང་། །སྒྲུབ་བློ་ཞིག་གཏིང་ནས་སྐྱེས་པ་དེ། །རྗེ་ཁྱེད་ཀྱི་ཐུགས་རྗེའི་ལྕགས་ཀྱུས་གཟུང་། །དེ་མི་བརྗེད་ཁོ་བོའི་སེམས་ལ་འཇོག །འབངས་ཞུ་དོན་མཆིས་སོ་གུ་རུ་རྗེ། །མདང་སྲོད་ལ་ཡི་དམ་བསྙེན་པ་བགྱིས། །ནམ་གུང་རྗེ་ལ་གསོལ་བ་བཏབ། །དེ་རྗེས་སྲོག་རྩོལ་རླུང་ལ་འབད། །དགུང་ད་ནང་སྐྱ་རེངས་ཐ་མ་ལ། །གཉིད་ཐུན་ཕྲན་ཙམ་ཞིག་ཐལ་བའི་ཚེ། །སྔར་འདྲིས་བག་ཆགས་མ་མཆིས་པའི། །ཡ་མཚན་རྨི་ལམ་འདི་རྣམས་བྱུང་། །གཡར་ཞྭ་དར་གྱི་ཆ་ག་ཅན། །མཚལ་དམར་འོབས་ཀྱི་བད་ཀྱིས་བརྒྱན། །དེ་ལ་རྒོད་ཀྱི་ལྡེམ་རུ་བཙུགས། །མི་ཁོ་བོའི་མགོ་ལ་གྱོན་པ་རྨིས། །སུམ་ལྷམ་སྔོ་ཡི་འགྱིང་བག་ཅན། །ར་གན་འབུར་མགོ་ཆོ་ལོ་བཏབ། །སྒྲོག་དངུལ་གྱི་ཨ་ལོང་ཆབ་མ་མཛེས། །ལྷམ་དེ་འདྲ་ཟུང་གཅིག་གྱོན་པ་རྨིས། །གུ་ལིང་དར་དཀར་རལ་གུ་ལ། །གོང་སྐོར་གསེང་ཐག་མདོ་ལོང་རིས། །མཚལ་གྱི་ཐིག་ཕྲན་འཛུམ་རིས་ཅན། །གོས་དེ་འདྲ་ལུས་ལ་གྱོན་པ་རྨིས། །མོན་ཟོན་རས་ཡུག་སྐེ་རགས་ལ། །མེ་ཏོག་སྣ་ཚོགས་བཀྲ་བས་བརྒྱན། །མུ་ཏིག་དར་གྱི་ཆུན་འཕྱང་སྤྲས། །དེ་འཁོར་གསུམ་རྐེད་ལ་བཅིངས་པ་རྨིས། །ཆུ་རློན་རེའུ་དཀར་ཕྱིང་བ་ལ། །བཟོ་དང་དྲས་སུ་མ་བྱས་ལ། །གོང་མཚན་དངུལ་གྱི་ཕོ་ལོང་བཏབ། །དེ་ཡ་མཚན་སྟེང་ནས་གྱོན་པ་རྨིས། །ཨ་མྲ་ཙནྡན་དབྱུག་པ་ལ། །རིན་ཆེན་སྣ་བདུན་ཕྲ་བཀང་སྟེ། །འཆང་གཟུང་གསེར་གྱི་དྲ་བ་ཅན། །དེ་ལག་པ་གཡས་སུ་གཟུང་བ་རྨིས། །མཚན་ལྡན་རྡོ་རྗེ་ཀ་པཱ་ལ། །གསེར་མདོག་བདུད་རྩིའི་བཅུད་ཀྱིས་བཀང་། །ཁོ་བོའི་ཁ་ཕོར་བྱ་སྙམ་ནས། །དེ་ལག་པ་གཡོན་དུ་ཁྱེར་བ་རྨིས། །སུམ་གལ་ཁྲ་བོ་དོར་ཅིག་གི། །ནང་དུ་འབྲས་དཀར་སཱ་ལུ་བླུགས། །ཁོ་བོའི་ཆོས་རྒྱགས་བྱ་སྙམ་ནས། །ཕྲག་པ་གཡས་ལ་བཀལ་བ་རྨིས། །རི་དྭགས་ཁྲི་སྙན་པགས་པ་ལས། །མགོ་དང་སྡེར་བཞི་མ་ཉམས་པ། །འདི་ལ་ཁོ་བོའི་སྟན་བྱ་སྙམ། །ཕྲག་པ་གཡོན་དུ་བཀལ་བ་རྨིས། །དེ་རྗེས་གཡས་སུ་ཕར་བལྟས་པས། །གསེར་གྱི་སྤང་པོ་ངོས་བཟང་ལ། །བེའུ་ལུག་མང་པོ་བཟས་ལ་བཀྲམ། །ཁོ་བོས་ཕྱུགས་རྫི་བྱ་སྙམ་རྨིས། །ཕྱི་རྗེས་གཡོན་དུ་ཚུར་བལྟས་པས། །གཡུའི་ནེའུ་ཐང་གསིང་མ་ལ། །མེ་ཏོག་སྣ་ཚོགས་ཚོན་ཚོགས་བཀྲ། །བུད་མེད་མང་པོས་ཕྱག་བྱས་རྨིས། །དབུས་མེ་ཏོག་སེར་པོའི་གླིང་ཁམས་ན། །ཤིན་ཏུ་འདབ་རྒྱས་གསེར་མདོག་ཅན། །པདྨ་སྤུངས་པའི་གདན་སྟེང་དུ། །སེམས་དཔའི་སྐྱིལ་ཀྲུང་བཅས་པ་རྨིས། །མདུན་དུ་ཆུ་མིག་བརྡོལ་བ་རྨིས། །རྒྱབ་ཏུ་འོད་ཅིག་འཁྱིལ་བ་རྨིས། །ལུས་ལ་མེ་དཔུང་འབར་བ་རྨིས། །སྙིང་ལ་ཉི་ཟླ་ཤར་བ་རྨིས། །ཡ་མཚན་རྨི་ལམ་དེ་རྣམས་བྱུང་། །ལྟས་དགེའམ་མི་དགེ་འཆད་མ་ཤེས། །རྗེ་དུས་གསུམ་མཁྱེན་པའི་རྣལ་འབྱོར་པ། །འདི་དོན་མ་འཚལ་གསུང་བར་ཞུ། །ཞེས་ཞུ་དོན་རྨི་ལམ་གྱི་ལྟས་དེ་རྣམས་སྙན་དུ་གསོལ་བ་ལས། རྗེ་བཙུན་གྱི་ཞལ་ནས། བུ་ལྷ་རྗེ་སྟོན་པ་ཐུགས་མི་བདེ་མི་འཚལ་བས་ཤེས་པ་ལྷོད་ཀྱིས་གློད་ལ་ཞོག་མཛོད། རྣམ་རྟོག་གི་དྲ་བར་བདག་འཛིན་གྱི་ནང་ཚངས་མ་གཞུག །ཐེ་ཚོམ་གྱི་མདུད་པ་རང་སར་ཁྲོལ། གཉིས་འཛིན་གྱི་ཐག་པ་ཕྲ་སར་ཆོད། བག་ཆགས་ཀྱི་རྡུལ་སྟན་སྲབ་སར་བརྟོལ། སེམས་འདུ་འཕྲོ་མ་མང་མ་བཅོས་སོ་མའི་ངང་ལ་ཞོག །ང་སྒྱུ་ལུས་འབྱོངས་པའི་རྣལ་འབྱོར་པ་ཡིན་པས། རྨི་ལམ་འཆད་པ་ཡང་ཤེས། རྨི་ལམ་བསྒྱུར་བ་ཡང་ཤེས། རྨི་ལམ་གྱི་དེ་ཁོ་ན་ཉིད་ཀྱིས་རྒྱས་འདེབས་པའི་གདེངས་ཡོད་ཅིང་ལར་ངས་རྨི་ལམ་གྱི་དེ་ཁོ་ན་ཉིད་ཁོང་དུ་ཆུད་པ་ཡིན་པས་བུ་ཁྱེད་ཀྱིས་སྨྲས་པའི་མཚན་ལྟས་དེ་རྣམས་དུས་ད་རེས་ཕ་རྒན་ང་ཡིས་ཚིག་ཞིབ་ཚགས་གོ་ངེས་སུ་བརྡ་དོན་ངོ་སྤྲད་ཀྱིས་ཐུགས་མ་ཡེངས་པར་གཏོད་ལ་སྙན་ལྷན་ནེ་གསོན་ཅིག་གསུང་། རྗེ་བཙུན་གྱིས་རྨི་ལམ་ཞུ་སེལ་གྱི་དྲིས་ལན་མགུར་དུ་བཞེས་པ། གླུ་དྲིས་ལན་ཐལ་ལོ་ལྷ་རྗེ་བ། །སྙན་ལྷན་ནེ་གསོན་ལ་ཐུགས་གཏད་འཚལ། །བུ་ཟངས་དཀར་གྱི་ལུགས་ཀྱི་བདེ་མཆོག་གསན། །དབུ་རུ་སྟོད་དུ་བཀའ་གདམས་ཉན། །གནས་པ་བཟང་པོའི་ཏིང་འཛིན་མངའ། །དེ་ཀུན་ངོ་མཚར་ཆེ་སྙམ་པས། །རྨི་ལམ་བག་ཆགས་ཉིང་འཁྲུལ་ལ། །ལྟས་ཆེད་དུ་གཟུང་སྟེ་ཡིད་གཏོད་པ། །བུ་གསན་རྒྱ་ཆུང་ངམ་བརྫུ་བ་ལགས། །མདོ་རྒྱུད་བསྟན་བཅོས་མ་གཟིགས་སམ། །ངེས་དོན་ཕ་རོལ་ཕྱིན་པ་ནས། །རྨི་ལམ་ཡང་དག་མ་ཡིན་ཏེ། །གསོག་དང་གསོབ་དང་ཡ་མ་བརླ། །སྙིང་པོ་མེད་ཅེས་ཐུབ་པས་གསུངས། །དེ་བཞིན་སྒྱུ་མའི་དཔེ་བརྒྱད་ལས། །གོང་དང་མཚུངས་ཏེ་རྒྱས་པར་གསུངས། །དེ་དོན་ཐུགས་སུ་མ་བྱོན་ནམ། །འོན་ཀྱང་ད་རེས་མཚན་ལྟས་དེ། །མ་འོངས་ལུང་བསྟན་ངོ་མཚར་ཆེ། །ང་རྨི་ལམ་འབྱོངས་པའི་རྣལ་འབྱོར་པ། །སྒྱུ་མའི་ངོ་སྤྲོད་འཆད་པ་ཤེས། །མགོ་ལ་ཞྭ་དཀར་བྱོན་པ་དེ། །ལྟ་བས་ཡས་མར་འབུབས་པའི་བརྡ། །རྒྱ་མོའི་དར་ཆག་བཏབ་པ་དེ། །ཆོས་ཉིད་ཟབ་ཅིང་ཕྲ་བར་བསྟན། །སྤུ་སྡུག་འོབས་ཀྱི་ཁ་དོག་དེ། །གྲུབ་མཐའ་མ་འདྲེས་སོ་སོར་གསལ། །རྒོད་ཀྱི་བྱ་ཕོད་ལྡེམ་རུ་དེ། །ལྟ་བའི་ཡང་རྩེ་ཕྱག་རྒྱ་ཆེ། །སྐྱེ་མེད་ངོ་བོ་མཐོང་བའི་བརྡ། །སུམ་ལྷམ་ཟུང་གཅིག་གྱོན་པ་དེ། །ཐེག་པ་མས་ཡར་འཛེག་པའི་བརྡ། །སྔོ་ཞིང་འབུར་གྱིས་བརྒྱན་པ་དེ། །འབྲས་བུ་སྐུ་བཞི་ཐོབ་པའི་རྟགས། །ཚོགས་གཉིས་བསགས་པའི་བརྡ་རུ་སྟོན། །སྒྲོག་དངུལ་གྱི་ཨ་ལོང་གསལ་བ་དེ། །སྤྱོད་པའི་གོལ་ས་སྤངས་པའི་ཕྱིར། །བག་མེད་རང་དགར་མི་བྱ་བར། །རྒྱལ་སྲས་གཞོན་ནུའི་ཚུལ་བཞིན་དུ། །བག་ཡོད་མཛེས་པར་སྤྱོད་པའི་བརྡ། །དར་དཀར་རལ་གུ་གྱོན་པ་དེ། །རང་རྒྱུད་སྐྱོན་གྱིས་མ་གོས་བརྡ། །གོང་སྐོར་གསེར་ཐག་བཙོ་མ་དེ། །མི་འགྱུར་བསམ་པ་བཟང་བའི་བརྡ། །མཚལ་གྱི་ཐིག་ཕྲན་འཛུམ་སྐོར་དེ། །བརྩེ་བས་འགྲོ་དོན་བྱེད་པའི་བརྡ། །མོན་ཟོང་རས་ཡུག་སྐ་རགས་ཀྱིས། །འཁོར་གསུམ་རྐེད་ལ་བཅིངས་པ་དེ། །རྒྱུད་སྡོམ་པ་གསུམ་དང་ལྡན་པའི་བརྡ། །མེ་ཏོག་དཀར་པོའི་རྒྱན་མཛེས་ཤིང་། །མུ་ཏིག་དར་གྱིས་སྤྲས་པ་དེ། །བསླབ་པ་གསུམ་གྱིས་རབ་བརྒྱན་ཕྱིར། །གདུལ་བྱ་དང་བ་འདྲེན་པའི་བརྡ། །ཨ་མྲ་ཙནྡན་དབྱུག་པ་དེ། །རང་འདོད་བླ་མ་རྙེད་པའི་བརྡ། །རིན་ཆེན་སྣ་བདུན་ཕྲ་བཀོད་དེ། །དེ་ནི་རྗེ་ཡི་ཡོན་ཏན་ལགས། །འཆང་བཟུང་གསེར་གྱི་དྲ་བ་དེ། །སྙན་བརྒྱུད་གནད་ཀྱི་གདམས་ངག་གིས། །སྐལ་ལྡན་རྗེས་སུ་འཛིན་པའི་བརྡ། །ལག་པ་གཡས་སུ་ཐོགས་པ་དེ། །བདེ་ནས་བདེ་བར་ལམ་བགྲོད་དེ། །སངས་རྒྱས་ཞིང་དུ་གཤེགས་པའི་བརྡ། །མཚན་ལྡན་རྡོ་རྗེ་ཀ་པཱ་ལ། །ངོ་བོ་སྟོང་པ་མཚོན་པའི་བརྡ། །བདུད་རྩིའི་བཅུད་ཀྱིས་གང་བ་དེ། །ཉམས་མྱོང་བདེ་བ་མཚོན་པའི་བརྡ། །གསེར་མདོག་འོད་དང་ལྡན་པ་དེ། །རྣམ་པ་འོད་གསལ་མཚོན་པའི་བརྡ། །རང་གི་ཁ་ཕོར་བྱ་སྙམ་པ། །དེ་གསུམ་གཅིག་ཏུ་མཚོན་པའི་བརྡ། །ལག་པ་གཡོན་དུ་ཁྱེར་བ་དེ། །ཉམས་མྱོང་འབྲལ་བ་མེད་པའི་བརྡ། །སུམ་གལ་ཁྲ་བོ་མཛེས་པ་དེ། །ཅིར་སྣང་ལམ་དུ་སློང་བའི་བརྡ། །དོར་བསྡེབས་ཕྲག་ལ་བཀལ་བ་དེ། །ཟུང་འཇུག་ཐབས་དང་ཤེས་རབ་ཀྱིས། །ཐེག་ཆེན་ལམ་དུ་བགྲོད་པའི་བརྡ། །ནང་གི་འབྲས་དཀར་སཱ་ལུ་དེ། །རང་གི་ཆོས་རྒྱགས་བྱ་སྙམ་པ། །སྐུ་ཚེ་བར་ཆད་མི་འབྱུང་ཞིང་། །ཏིང་འཛིན་ཟས་ཀྱིས་འཚོ་བའི་བརྡ། །ཕྲག་གཡོན་ཁྲི་སྙན་པགས་པ་དེ། །དྲན་པ་ཡེངས་མེད་མཚོན་པའི་བརྡ། །མགོ་དང་སྡེར་བཞི་མ་ཉམས་པ། །བྱང་ཆུབ་སེམས་ཀྱི་རྒྱུན་གོམས་ཤིང་། །ཚད་མེད་བཞི་ལ་སྦྱངས་པའི་ཕྱིར། །འགྲོ་དྲུག་སྡུག་བསྔལ་སེལ་བའི་བརྡ། །རང་གི་སྟན་བྱ་སྙམ་པ་དེ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི། །རྟོགས་པ་རྒྱུད་ལ་སྐྱེ་བའི་བརྡ། །དེ་རྗེས་གཡས་སུ་ཕར་བལྟས་པས། །གསེར་གྱི་སྤང་པོ་ངོས་བཟང་དེ། །ཕྱི་ནང་ཡོན་ཏན་རྒྱས་པའི་བརྡ། །བེའུ་ལུག་ཟས་ལ་བཀྲམ་པ་དེ། །ཆོས་དང་ཟང་ཟིང་སྐྱབས་གནས་ཀྱིས། །འགྲོ་བའི་རེ་འདོད་སྐོང་བའི་བརྡ། །རང་གིས་ཕྱུགས་རྫི་བྱ་སྙམ་པ། །སྡུག་བསྔལ་མགོན་མེད་གྱུར་པ་རྣམས། །ཐུགས་རྗེས་མི་འབྲལ་སྐྱོང་བའི་བརྡ། །ཕྱི་རྗེས་གཡོན་དུ་ཚུར་བལྟས་པས། །གཡུ་ཡི་ནེའུ་ཐང་གསིང་མ་དེ། །ཟག་མེད་ཏིང་འཛིན་རྒྱུན་གོམས་པས། །དགའ་བདེའི་ཡེ་ཤེས་མཐོང་བའི་བརྡ། །མེ་ཏོག་སྣ་ཚོགས་བརྒྱན་པ་དེ། །དྲོད་རྟགས་ཕྱོགས་མེད་རིམ་གྱིས་འཆར། །ཉམས་མྱོང་སྣ་ཚོགས་སྐྱེས་པའི་བརྡ། །བུད་མེད་མང་པོས་ཕྱག་འཚལ་བ། །རྩ་དང་ཐིག་ལེ་ལ་གནས་པའི། །ཌཱ་ཀི་དབང་དུ་འདུས་པའི་བརྡ། །དབུས་མེ་ཏོག་སེར་པོའི་གླིང་ཁམས་དེ། །ཏིང་འཛིན་རྟོགས་པ་དང་ལྡན་ཞིང་། །ཚུལ་ཁྲིམས་གཙང་མས་རབ་བརྒྱན་པའི། །མཁའ་ལ་སྤྲིན་བཞིན་དགེ་འདུན་རྣམས། །ཁྱེད་ཀྱི་འཁོར་དུ་འདུ་བའི་བརྡ། །ཤིན་ཏུ་འདབ་རྒྱས་གསེར་མདོག་ཅན། །པདྨ་སྤུངས་པའི་གདན་དེ་ཡང་། །ཤེས་པས་སྲིད་ལ་མི་གནས་ཕྱིར། །པདྨ་འདམ་གྱིས་མ་གོས་ལྟར། །འཁོར་བའི་སྐྱོན་གྱིས་མ་གོས་བརྡ། །སེམས་དཔའི་སྐྱིལ་ཀྲུང་བཅས་པ་ཡང་། །སྙིང་རྗེས་ཞི་ལ་མི་གནས་ཕྱིར། །བྱང་ཆུབ་སེམས་དཔའ་གཞོན་ནུ་ལྟར། །འགྲོ་དྲུག་སེམས་ཅན་མར་གྱུར་ལ། །སྤྲུལ་སྐུས་འགྲོ་དོན་བྱོན་པའི་བརྡ། །མདུན་དུ་ཆུ་མིག་བརྡོལ་བ་དེ། །ཆོས་ཀྱི་ཆབ་སྲིད་དར་བའི་བརྡ། །རྒྱབ་ཏུ་འོད་ཅིག་འཁྱིལ་བ་དེ། །བོད་ཁམས་དཀར་པོར་གཏོང་བའི་བརྡ། །ལུས་ལ་མེ་དཔུང་འབར་བ་དེ། །བདེ་དྲོད་གཏུམ་མོའི་ཡེ་ཤེས་ཀྱིས། །རྣམ་རྟོག་ཆབ་རོམ་འཇུ་བའི་བརྡ། །སྙིང་ལ་ཉི་ཟླ་ཤར་བ་དེ། །འགྲོ་འོང་མེད་པའི་འོད་གསལ་གྱི། །ངང་ལ་རྟག་ཏུ་གནས་པའི་བརྡ། །བུ་རྨི་ལམ་མི་ངན་རྨི་ལམ་བཟང་། །དུས་ཕྱི་མར་འབྱུང་བར་ལུང་བསྟན་པའི། །ལྟས་དགེ་བར་བཤད་པ་ཆོས་ཀྱི་བརྡ། །ལར་རྨི་ལམ་མངོན་སུམ་གང་ལ་ཡང་། །མཚན་མར་བཟུང་ན་བར་ཆད་ཡིན། །སྒྱུ་མར་ཤེས་ན་ལམ་དུ་འགྱུར། །རྨི་ལམ་མི་ཤེས་འཆད་མི་ཤེས། །བཟང་རྨིས་ངན་ལྟས་སྡིག་པར་བཤད། །རྨི་ལམ་སྦྱངས་པ་མངོན་གྱུར་ནས། །ངན་རྨིས་བཟང་ལྟས་དགེ་བར་བཤད། །ལར་སྐྱོན་དང་ཡོན་ཏན་གང་ལ་ཡང་། །མཆོག་ཏུ་མ་འཛིན་རིགས་ཀྱི་བུ། །ཁྱོད་དགེ་སློང་གི་ཐུགས་ལ་དེ་ལྟར་ཞོག །གསུངས་ནས། འོ་བུ་ལྷ་རྗེ་སྟོན་པ་ད་རེས་ཁྱོད་ལ་བྱུང་བའི་ལྟས་དེ་རྣམས་མ་འོངས་པའི་ལུང་སྟོན་པ་ཆོས་རྒྱུད་ལ་སྐྱེ་བའི་རྟགས་ཡིན་ཏེ། ཕ་རྒན་ང་ཡིས་འཆད་ཤེས་པས་ཚིག་ཞིབ་ཚགས་སུ་བཀྲོལ་ཏེ་བརྡ་དོན་ངོ་སྤྲད་པ་དེ་རྣམས་མ་བརྗེད་པར་གྱིས་ལ། དུས་ཕྱིན་ཆད་བདེན་རྫུན་གཏན་ལ་ཕོབ་ཅིག །བདེན་པར་གྱུར་ཙ་ན་ང་ལ་ཡང་མོས་གུས་ཁྱད་པར་ད་ལྟ་འདྲ་བ་མ་ཡིན་པ་ཞིག་དེ་དུས་སྐྱེ་བ་ཡིན། བུ་ཁྱོད་ལ་ཡང་སེམས་ཀྱི་ངོ་བོ་མ་བཅོས་པར་མཐོང་བའི་རྟོགས་པ་ཁྱད་པར་ཅན་ཞིག་དེའི་དུས་སུ་འཆར་བ་ཡིན་ཏེ། ཚེ་འདི་རང་ལ་སྐྱེ་ཤི་གཉིས་ལས་གྲོལ་ཏེ་མཆི། ལར་བུ་ཁྱོད་སྒོམ་ཆེན་གཤའ་མ་ཞིག་བྱེད་ན་རྨི་ལམ་གྱི་མཚན་ལྟས་ལ་མངོན་ཞེན་མ་ཆེ་ཞིག་བདུད་འཇུག་པ་ཡིན་ནོ། །བླ་མའི་གསུང་དང་རང་གི་ཞེ་བཅད་མ་གཏོགས་པ་གཞན་གྱི་གཏམ་གྱི་རྗེས་སུ་མ་འབྲང་སེམས་སོ་མི་འཛིན་པའི་རྒྱུ་ཡིན། གཡས་གཡོན་གྱི་གྲོགས་ཀྱི་སྐྱོན་ལ་མ་ལྟ། ངན་རྟོག་མ་མང་། བཅོས་བཅོས་མ་བྱེད། གཞན་རྒྱུད་ཀྱི་བསམ་པ་མི་ཤེས་པར་ལྟུང་བ་ཕོག་པའི་རྒྱུ་ཡིན། ལར་འོ་སྐོལ་ད་ལྟ་སྐྱེ་ཤིའི་བར་དོ་འདི་ལ་འཁྲུལ་པའི་སྣང་བ་འདི་རྨི་ལམ་རྨི་བདོ་བ་ཡིན། ཉིན་མོ་གང་བྱས་པའི་བག་ཆགས་དེ་ནུབ་མོ་གཉིད་དུ་སོང་ཙ་ན་རྣམ་ཤེས་ཡིད་ཀྱི་འཁྲུལ་པ་ལ་འབྱུང་བ་སྟེ། རྨི་ལམ་བར་དོ་སྒྱུ་མ་ཉིང་འཁྲུལ་བྱ་བ་ཡིན། བག་ཆགས་གོམས་པ་མཐར་ཕྱིན་པ་ལས་ལས་དགེ་སྡིག་གི་རྗེས་སུ་འབྲང་སྟེ་སྲིད་པ་བར་དོར་བདེ་སྡུག་གི་ཚོར་བ་ཉམས་སུ་མྱོང་བ་སྟེ། དེ་དག་པར་བྱེད་པ་ལ་ད་ལྟ་རྨི་ལམ་དང་སྒྱུ་ལུས་སྦྱོང་བའི་རྩལ་མཐར་ཕྱིན་ནས་བར་དོ་ལོངས་སྤྱོད་རྫོགས་པའི་སྐུར་འཁྱེར་འཚལ་བས་ཤུགས་ཕྱུང་ལ་སྒོམ་མཛོད་གསུང་བ་ལ། རྗེ་ཉིད་ཀྱིས་བར་དོ་དེ་རྣམས་ལ་གདམས་ངག་ཉམས་སུ་བླང་བདེ་བ་ཞིག་ཐུགས་རྗེས་འཛིན་པར་ཞུ་ཞུས་པས། རྗེ་བཙུན་གྱིས་མགུར་འདི་གསུངས་སོ། །རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྒོས་བཀའ་དྲིན་ཅན་ལ་སྐྱབས་སུ་མཆི། །བུ་ཁྱོད་ཀྱི་གསོལ་བ་བཏབ་པའི་ངོར། །ད་བར་དོ་འདི་ལ་དབྱངས་ཤིག་ལེན། །སྤྱིར་ཁམས་གསུམ་འཁོར་བའི་སེམས་ཅན་དང་། །མྱ་ངན་འདས་པའི་སངས་རྒྱས་གཉིས། །དངོས་པོའི་གཤིས་ལ་གནས་ལུགས་གཅིག །ལྟ་བའི་བར་དོ་དེ་ལ་མཛོད། །སྣ་ཚོགས་ཤར་བའི་དཀར་དམར་དང་། །བརྗོད་དུ་མེད་པའི་སེམས་ཉིད་གཉིས། །དབྱེར་མེད་གཉུག་མའི་ངང་དུ་གཅིག །སྒོམ་པའི་བར་དོ་དེ་ལ་མཛོད། །སྣ་ཚོགས་སྣང་བའི་འཁྲུལ་སྣང་དང་། །རང་སེམས་སྐྱེ་བ་མེད་པ་གཉིས། །གཉིས་མེད་ལྷན་ཅིག་སྐྱེས་པར་གཅིག །སྤྱོད་པའི་བར་དོ་དེ་ལ་མཛོད། །མདང་སུམ་བག་ཆགས་རྨི་ལམ་དང་། །སད་ནས་རྫུན་དུ་ཤེས་པ་གཉིས། །སྒྱུ་མ་ལྟ་བུའི་ངང་དུ་གཅིག །རྨི་ལམ་གྱི་བར་དོ་དེ་ལ་མཛོད། །མ་དག་ཕུང་པོ་རྣམ་ལྔ་དང་། །དག་པ་རྒྱལ་བ་རིགས་ལྔ་གཉིས། །མི་རྟོག་རྫོགས་རིམ་ངང་དུ་གཅིག །ལམ་བསྐྱེད་རྫོགས་ཀྱི་བར་དོ་དེ་ལ་མཛོད། །ཐབས་ལས་བྱུང་བའི་ཕ་རྒྱུད་དང་། །ཤེས་རབ་ལས་བྱུང་མ་རྒྱུད་གཉིས། །དབང་གསུམ་ལྷན་ཅིག་སྐྱེས་པར་གཅིག །གནད་ཀྱི་བར་དོ་དེ་ལ་མཛོད། །རང་དོན་ཆོས་སྐུ་འགྱུར་མེད་དང་། །གཞན་དོན་གཟུགས་སྐུ་འགག་མེད་གཉིས། །དབྱེར་མེད་གཉུག་མའི་ངང་དུ་གཅིག །སྐུ་གསུམ་གྱི་བར་དོ་དེ་ལ་མཛོད། །མ་དག་སྒྱུ་ལུས་ཀྱི་མངལ་སྒོ་དང་། །དག་པ་ལྷ་ཡི་རྣམ་པ་གཉིས། །བར་དོ་འོད་གསལ་གྱི་ངང་དུ་གཅིག །འབྲས་བུའི་བར་དོ་དེ་ལ་མཛོད། །ཅེས་གསུངས་ཏེ། ཡང་རྗེ་བཙུན་གྱི་ཞལ་ནས་དབུས་པ་སྟོན་པ་དང་། རྡོ་རྗེ་གྲགས་པ་དང་། ཞི་བ་འོད་གསུམ་ལ་ཁྱེད་རྣམས་དོ་ནུབ་རྨི་ལམ་སྒུགས་ཤིག་ནངས་པར་ཕ་རྒན་ངས་རྨི་ལམ་བརྟག་གིས་གསུང་། དེར་སོ་སོར་རྨི་ལམ་བསྒུགས་ཏེ་ནངས་པར་ཞི་བ་འོད་ཐོག་མར་འོངས་ནས་རྗེ་བཙུན་ལ་མདང་བདག་ལ་རྨི་ལམ་བཟང་བར་བྱུང་། ཤར་ཕྱོགས་ནས་ཉི་མ་དྲོན་པོ་གཅིག་ཤར་ན་བདག་གི་སྙིང་གི་དཀྱིལ་དུ་ཐིམ་པ་རྨི་ཟེར། རས་ཆུང་པ་ན་རེ། བདག་ལ་ལུང་པ་ཆེན་པོ་གསུམ་དུ་ཕྱིན་ནས་སྐད་ཆེན་པོ་བཏོན་པ་རྨི་ཟེར། རྗེ་ཉིད་ཀྱིས་བཤུམ་བཞིན་དུ་བདག་ནི་རྨི་ལམ་ཤིན་ཏུ་ངན་ཞུས་པས་རྗེ་བཙུན་གྱི་ཞལ་ནས། རྨི་ལམ་བཟང་ངན་མི་ཤེས་སྨྲོས་ཤིག་གསུང་། བདག་གིས་སེམས་ཅན་རིགས་མི་གཅིག་པ་མང་པོའི་སྲོག་བཅད་ནས་དེ་རྣམས་ཀྱིས་དབུགས་འགམ་ཞིང་འདུག་པ་རྨི་ལགས། བདག་ལས་ངན་སྡིག་པོ་ཆེར་གདའ་ཞུས་པས་བུ་སྟོན་པ་ངུ་མི་དགོས། ལག་པ་ཐོང་ཞིག་གསུངས་ནས་རྗེ་བཙུན་གྱི་ཕྱག་ནས་བཟུང་སྟེ་བུ་ཁྱོད་ཀྱིས་རེ་ས་ནས་མ་བསླུས་སོ། །སེམས་ཅན་ཐམས་ཅད་འཁོར་བ་ལས་སྒྲོལ་བ་ཞིག་ཁྱོད་ལ་རེ་ཡང་རེ་སྟེ་འོང་ཡང་འོང་བར་གདའ། ཕ་རྒས་ཁར་བུ་སྐྱེས། སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་བྱས་པ་ཡིན་ནོ་གསུང་། ཞི་བ་འོད་ཀྱི་རྨི་ལམ་དེ་འབྲིང་པོ་ཡིན། ཁྱོད་ཀྱི་སེམས་བསྐྱེད་རྒྱ་ཆུང་བས་འགྲོ་ཕན་རྒྱ་ཆེན་པོ་མ་བྱུང་ཡང་ཁྱོད་རང་དག་པའི་ཞིང་དུ་གཤེགས་པར་གདའ་གསུང་། རས་ཆུང་པ་ཁྱོད་རོ་གྱོང་བའི་སྟབས་ཀྱིས་ངའི་བཀའ་ལན་གསུམ་བཅག་པས་ལུང་པ་གསུམ་དུ་སྐྱེ་བ་བརྒྱུད་ནས་དགེ་བཤེས་རྒྱང་དུ་གྲགས་པ་གསུམ་དུ་འགྱུར་བར་གདའ་གསུང་། དེ་ནས་རྗེ་གཉལ་བ་ལྷ་རྗེས་སླར་ཡང་བརྩོན་པ་དྲག་པོས་ཟླ་བ་གཅིག་བསྒོམས་པས། དང་པོ་སྨན་བླ་མཆེད་བདུན་གྱི་ཞལ་མཐོང་། ཉིན་རེ་ལ་རླུང་གི་འགྲོ་འོང་རེ་རེས་ཆོག་པར་བྱུང་། རླུང་བཏང་ཙ་ན་ཡལ་སོང་། ཕྱི་དྲོ་རླུང་བཟུང་ཙ་ན་ལོངས་སྐུའི་ཞིང་ཁམས་རབ་འབྱམས་རྣམས་མཐོང་བས་དེ་ལ་སེམས་ཡེངས་པས་རླུང་བཏང་ཙ་ན་ནམ་སྲོད་དུ་སོང་འདུག །བླ་མའི་ཏིང་ངེ་འཛིན་ལ་གནོད་སྙམ་དེ་ནུབ་མ་ཞུས་པར་ཐོ་རེངས་ཀྱི་ཐུན་ལ་རླུང་བཟུང་ཙ་ན་སངས་རྒྱས་སྟོང་རྩ་གཅིག་གི་གཙོ་བོ་ཤཱཀྱ་ཐུབ་པས་བྱས་པ་མཐོང་། ནམ་ལངས་ནས་བླ་མའི་དྲུང་དུ་ཕྱིན་ཏེ་ཕྱག་བྱས་པས་དེ་ཀུན་ཞུ་མི་དགོས་པར་རྗེ་བཙུན་གྱི་ཞལ་ནས་ད་ནི་ཡི་དམ་ལྷའི་ཞལ་མཐོང་སྟེ་ལོངས་སྐུ་སྤྲུལ་སྐུ་གཉིས་དངོས་སུ་མཐོང་། ཆོས་སྐུ་ད་གཟོད་མཐོང་བར་འདུག་གིས། ལར་ཕ་རྒས་ཁར་བུ་ཁྱོད་དྲུང་དུ་སྡོད་པ་ཞིག་འདོད་པ་ཡིན་ཏེ། སྨོན་ལམ་གྱི་འབྲེལ་བས་བུ་ཁྱོད་དབུས་སུ་འགྲོ་དགོས་པར་འདུག་པས་དེར་སོང་ལ་སྒོམས་ཤིག །སྔར་གྱི་འཕྲང་དེ་ཚོ་ངས་བསལ་བ་ཡིན། ད་མངོན་པར་ཤེས་པའི་འཕྲང་ཡོད། མངོན་ཤེས་ཤར་ཙ་ན་ལྷའི་བུའི་བདུད་འཇུག་པ་ཡིན་པས་ཤིན་ཏུ་གསང་བ་གལ་ཆེ། སྤྱིར་ཡང་གསང་སྔགས་གསང་བས་འགྲུབ་པས་གསོང་ལ་སྒྲུབས། ལར་དབང་པོ་རྣོན་པོ་རྒྱུའི་སྟོབས་ཅན་ལ་བདུད་ཀྱིས་མི་ཚུགས་པ་ཡིན་ཏེ། ཁྱོད་ཀྱང་དབང་པོ་རྣོན་པོར་འདུག་པས་བདུད་ཀྱིས་མི་ཚུགས་ཤིང་སེམས་ཅན་ལ་ཕན་པར་འདུག་པས་ཚོགས་པ་སྐྱོངས་ཤིག་གསུང་། ཚོགས་པ་སྐྱོང་བའི་དུས་ནམ་ལགས་ཞུས་པས་སེམས་ཀྱི་ངོ་བོ་མཐོང་ནས་བརྟན་པ་དང་སྐྱོང་བ་ཡིན་ཏེ། ཇི་ཞིག་ལྟར་ལ་ད་ལྟ་དང་མི་འདྲ་བའི་སེམས་ཀྱི་ངོ་བོ་ལྷག་གིས་མཐོང་བའི་རྟོགས་པ་ཞིག་རྒྱུད་ལ་སྐྱེ། དེའི་དུས་སུ་ཕ་རྒན་ང་ལ་ཡང་སངས་རྒྱས་དངོས་སུ་མཐོང་བའི་ངེས་ཤེས་བརྟན་པོ་སྐྱེ་བ་ཡིན་པས་དེ་དུས་ཚོགས་པ་སྐྱོང་། རླུང་ལག་སོར་ལ་ཚུད་ན་རླུང་གི་འཕྲང་ལས་ཐར་བ་ཡིན་པས་ཚུད་དམ་ལྟོས་གསུང་། དེ་ནས་རྡོ་ལེབ་སྟེང་དུ་ཐལ་བ་སྤུངས་ནས་སོར་མོ་གཏད་ཅིང་རླུང་བཅུན་པས་ནམ་ཕྱེད་ཙམ་ན་ཐལ་བ་བུན་བུན་འདུག །ནངས་པར་བླ་མའི་སྤྱན་སྔར་དེ་ཙུག་འདུག་ཞུས་པས་རྩ་རླུང་ལ་དབང་ཐོབ་པ་ནི་མ་ཡིན་ཏེ། རླུང་ལས་སུ་རུང་བ་བྱ་བ་ཡིན། སྤྲུལ་པ་དང་བསྒྱུར་བ་ལ་སོགས་པའི་རྫུ་འཕྲུལ་དང་མཆོག་ཐུན་མོང་གཉིས་ཀ་ཐོབ་པར་འགྱུར་རོ། །ད་ང་དང་འགྲོགས་མི་དགོས་པས་སོངས་ཤིག །འདི་ནས་ཤར་གྱི་ཕྱོགས་ན་སྒམ་པོ་གདར་གྱི་རི་བོ་བྱ་བ་རྒྱལ་པོ་གདན་ལ་བཞུགས་པ་ལྟ་བུ་རྩེ་མོ་རིན་པོ་ཆེའི་པྲོག་ཞུ་འདྲ་བ་ཡོད་པ་ངའི་ཞྭ་འདི་ལྟ་བུ་ཤིང་སྤང་གསེར་གྱི་མཎྜྻལ་བཀོད་པ་ལྟ་བུ། མདུན་རི་རིན་པོ་ཆེ་སྤུངས་པ་འདྲ་བ། རི་བདུན་བློན་པོ་ཕྱག་འཚལ་བ་འདྲ་བ་ཡོད་པ། དེའི་མགུལ་ན་ཁྱོད་ཀྱི་གདུལ་བྱ་ཡོད་པས་དེར་སོང་ལ་འགྲོ་དོན་གྱིས་ཤིག་ཅེས་མགུར་འདི་གསུངས་སོ། །བུ་སྟོན་པ་དབུས་སུ་བཞུད་མི་བཞུད། །སྟོན་པ་དབུས་སུ་བཞུད་པ་ན། །རེས་འགའ་ཟས་ཀྱི་སྣང་བ་འཆར། །ཟས་ཀྱི་སྣང་བ་ཤར་ཙ་ན། །ཟས་སུ་ཟག་མེད་ཏིང་འཛིན་ཟོ། །ཞིམ་མངར་ཀུན་སྒྱུ་མར་ཤེས་པར་མཛོད། །ཅིར་སྣང་ཆོས་སྐུར་ཉམས་སུ་ལོངས། །རེས་འགའ་གོས་ཀྱི་སྣང་བ་འཆར། །གོས་ཀྱི་སྣང་བ་ཤར་ཙ་ན། །གོས་སུ་གཏུམ་མོའི་བདེ་དྲོད་གྱོན། །འཇམ་ལེགས་ཀུན་སྒྱུ་མར་ཤེས་པར་མཛོད། །ཅིར་སྣང་ཆོས་སྐུར་ཉམས་སུ་ལོངས། །རེས་འགའ་ཡུལ་གྱི་སྣང་བ་འཆར། །ཡུལ་གྱི་སྣང་བ་ཤར་ཙ་ན། །ཡུལ་དུ་ཆོས་ཉིད་གཏན་ཡུལ་ཟུངས། །ཕ་ཡུལ་ཀུན་སྒྱུ་མར་ཤེས་པར་མཛོད། །ཅིར་སྣང་ཆོས་སྐུར་ཉམས་སུ་ལོངས། །རེས་འགའ་ནོར་གྱི་སྣང་བ་འཆར། །ནོར་གྱི་སྣང་བ་ཤར་ཙ་ན། །ནོར་དུ་འཕགས་པའི་ནོར་བདུན་ཟུངས། །ནོར་རྫས་ཀུན་སྒྱུ་མར་ཤེས་པར་མཛོད། །ཅིར་སྣང་ཆོས་སྐུར་ཉམས་སུ་ལོངས། །རེས་འགའ་གྲོགས་ཀྱི་སྣང་བ་འཆར། །གྲོགས་ཀྱི་སྣང་བ་ཤར་ཙ་ན། །གྲོགས་སུ་རང་བྱུང་ཡེ་ཤེས་བསྟེན། །ལར་གྲོགས་ཀུན་སྒྱུ་མར་ཤེས་པར་མཛོད། །ཅིར་སྣང་ཆོས་སྐུར་ཉམས་སུ་ལོངས། །རེས་འགའ་བླ་མའི་སྣང་བ་འཆར། །བླ་མའི་སྣང་བ་ཤར་ཙ་ན། །འབྲལ་མེད་སྤྱི་བོར་གསོལ་བ་ཐོབ། །བརྗེད་མེད་སྙིང་གི་དཀྱིལ་དུ་སྒོམས། །བླ་མ་ཡང་སྒྱུ་མ་རྨི་ལམ་བཞིན། །ལར་ཐམས་ཅད་སྒྱུ་མར་ཤེས་པར་མཛོད། །ཤར་སྒམ་པོ་གདར་གྱི་རི་བོ་དེ། །རྒྱལ་པོ་གདན་ལ་བཞུགས་པ་འདྲ། །རྒྱབ་རི་དར་དཀར་ཕྱར་བ་འདྲ། །མདུན་རི་རིན་ཆེན་སྤུངས་པ་འདྲ། །རྩེ་མོ་རིན་ཆེན་པྲོག་ཞུ་འདྲ། །རི་བདུན་བློན་པོ་འདུད་པ་འདྲ། །ཤིང་སྤང་གསེར་གྱི་མཎྜྻལ་འདྲ། །རི་དེ་ཡི་མགུལ་ན་གདུལ་བྱ་ཡོད། །ཁྱེད་དེ་རུ་སོངས་ལ་འགྲོ་དོན་གྱིས། །བུ་ཁྱོད་ཀྱིས་འགྲོ་དོན་གྲུབ་སྟེ་མཆི། །གསུངས་ནས་ཁྱོད་ཀྱི་མིང་ཡང་དགེ་སློང་རྡོ་རྗེ་འཛིན་པ་འཛམ་གླིང་གྲགས་པ་ཞེས་བྱ་བ་ཡིན་ནོ་གསུང་། དེ་ནས་དབང་དང་བྱིན་རླབས་ཀྱི་བཀའ་བྱིན། ཆོས་ཐམས་ཅད་རྫོགས་པར་གནང་ནས་ཨ་རུ་ར་གསེར་མདོག་གཅིག་ལ་ལྗགས་ཀྱི་མཆིལ་མ་བཏབ་པ་ཞིག་དང་། མེ་ལྕགས་ཤིག་སྐྱེས་སུ་གནང་ནས་ད་ཡུལ་དུ་སོངས་ལ་སྒོམས་ཤིག་གསུང་། དེ་ནས་རྗེ་ཉིད་ལུང་བསྟན་ལྟར་དབུས་སུ་གཤེགས་པ་ལ་རྗེ་བཙུན་གྱིས་ཀྱང་ཕྱམ་པོ་ཆེའི་བར་དུ་སྐྱེལ་མ་མཛད་དེ། རྡོ་ཟམ་ཞིག་གི་ཚུར་ལོགས་སུ་བཞུགས་ནས་དབུས་པ་སྟོན་པ་རྟེན་འབྲེལ་ཞིག་གི་གནད་ཀྱིས་ཁོ་བོ་ཆུ་འདིའི་ཕ་རོལ་དུ་མི་འགྲོ། འོ་སྐོལ་ཕ་སྤད་ཀྱི་ཕྲིན་སྒོས་འདིར་བྱེད་པས་ཁྱོད་ཁུར་པོ་ཕོབ་ལ་སྡོད་ཅིག་གསུང་སྟེ། དབུས་པ་སྟོན་པ་ཁྱོད་ཕ་ཚན་གྱི་ཁེང་དྲེགས་སྤོངས། གཉེན་འདུན་གྱི་ཐག་པ་ཆོད། ཚེ་འདིའི་གདོས་ཐག་མེད་པར་རིའི་བུ་གྱིས། ཆོས་ཐམས་ཅད་གཅིག་ཏུ་དྲིལ་ལ་ཉམས་སུ་ལོངས། ཕ་རྒན་ང་ལ་ཡང་གསོལ་བ་ཐོབ། གཞན་ཡང་དུག་གསུམ་རྒྱས་པའི་མི་དང་འགྲོགས་སུ་མི་རུང་སྟེ། དེའི་གྲིབ་མ་འཕོག་པ་ཡིན། དེ་ཡང་གང་ཡིན་ན་སྣང་བ་དགྲར་ལངས་པའི་གང་ཟག་ཆོས་དང་གང་ཟག་ཐམས་ཅད་ལ་ངན་སྨྲས་ཕྱིར་འཐོག་པའི་གང་ཟག་ཡོད། དེའི་ཁོང་ནས་ཞེ་སྡང་མེ་བཞིན་འབར་ནས་ཡོད་པ་ཡིན། དཔེར་ན་སྦྲུལ་ལ་གཤོག་པ་ནི་མེད། རྐང་ལག་ནི་མེད། སྦྲུལ་ལས་ཉམ་ཆུང་བ་མེད་པ་ལ། ཁོ་མཐོང་བ་དང་མི་རྣམས་དྲེད་ཅིང་སྔངས་པ་ཞིག་འོང་བ་དེ་ནང་ན་ཞེ་སྡང་ཆེན་པོ་ཡོད་པའི་རྟགས་ཡིན། ནང་ན་ཞེ་སྡང་ཆེན་པོ་ཡོད་པས་ཕྱི་རོལ་ཐམས་ཅད་དགྲར་ལངས་ནས་འོང་བ་ཡིན། ཡང་གང་ཟག་ཁ་ཅིག་རྡོ་བུག་པ་ཅན་དང་། ཤིང་ཉ་ག་ཅན་ཡན་ཆད་ཚགས་བྱེད་པ་ཡོད། རྒས་ན་རྒས་རྒྱགས། ཤི་ན་དུར་ཟན་དགོས། ནོར་མེད་ན་ཆོས་མི་འོང་། ཚོགས་གསོག་པ་ལ་ཡང་ནོར་དགོས་ཟེར་བུན་སྐྱེད་ལ་སོགས་པ་ལོག་འཚོ་འབའ་ཞིག་བྱེད་པ་ཡོད། དེའི་ནང་ན་འདོད་ཆགས་ཆུ་བཞིན་ཁོལ་ནས་ཡོད་པ་ཡིན། ཡང་གང་ཟག་ཁ་ཅིག་ད་ལྟ་ཡང་དག་པའི་དོན་སྒོམ་པའི་དུས་མ་ཡིན། སྙིང་རྗེ་མ་བསྒོམས་པས་ཉན་ཐོས་སུ་གོལ། ཐབས་ཁྱད་དུ་བསད་པས་ཆད་ལྟ་བ་ཡིན་ཟེར་བ་ཡོང་། དེའི་ནང་ན་གཏི་མུག་མུན་ལྟར་འཐིབས་ནས་ཡོད་པ་ཡིན། དེ་འདྲ་བའི་མི་དང་གཏམ་བྱེད་དུ་མི་ཉན། གཏམ་བྱས་ན་དང་པོར་ཁྱོད་ཀྱི་སྟོན་པ་སུ་ཡིན་ཆོས་གང་ཡིན་ཟེར། དེ་ལ་བརྟེན་ནས་ཁོ་ཞེ་སྡང་ལངས། ཐོས་ནས་བློ་ཆུང་དེ་ཡིས་འདི་ནི་སྤོང་བྱེད་དོ། །སྤངས་ནས་སྐྱབས་མེད་གྱུར་བ་དེ་ནི་མནར་མེད་འགྲོ། བྱ་བ་དེ་འབྱུང་བས་བདག་ལ་བརྟེན་ནས་གཞན་རྒྱུད་ལ་སྡིག་པ་གསོག་པས་དུག་གསུམ་རྒྱས་པའི་མི་དང་འགྲོགས་སུ་མི་རུང་། ཉན་ཐོས་ནང་དུ་ཞག་བདུན་གནས། བྱ་བའི་དོན་ཡང་དེ་ཡིན། སྤྱིར་ཡང་རི་དྭགས་རྨས་མའམ། བྱ་བཞིན་བག་ཟོན་ཆེ་བར་བྱ། ཞི་བ་དུལ་བ་རྩེ་རེག་ཆུང་བར་བྱ། བཟོད་སྲན་ཆེ་བར་བྱ། ཐམས་ཅད་དང་མཐུན་པར་བྱ། གཙང་སྦྲ་ཤིན་ཏུ་ཆེ་བར་བྱ། རྟོག་པ་ཤིན་ཏུ་ཆུང་བར་བྱ། ཁ་ཇ་ཆང་དང་ཆོས་སྤྱོད་ལ་མ་ཡེངས་པར་རི་མཚམས་དང་སྨྲ་བཅད་དང་། འདག་སྦྱར་གསུམ་གྱིས་དུས་འདའ་བར་བྱ། རང་སེམས་སངས་རྒྱས་སུ་རྟོགས་ཀྱང་བླ་མ་རྡོ་རྗེ་སློབ་དཔོན་མི་སྤང་། བསགས་སྦྱང་རང་སར་དག་ཀྱང་ཚོགས་ཆུང་ངུ་ནས་གསོག །ལས་འབྲས་མཁའ་ལྟར་རྟོགས་ཀྱང་སྡིག་པ་ཆུང་ངུ་ལ་འཛེམ། མཉམ་གཞག་རྗེས་ཐོབ་མེད་ཀྱང་ཐུན་བཞིའི་རྣལ་འབྱོར་རྒྱུན་མི་འཆད་པར་ཉམས་སུ་བླང་། བདག་གཞན་མཉམ་ཉིད་དུ་གོ་ཡང་ཆོས་དང་གང་ཟག་ལ་སྐུར་པ་མི་གདབ་གསུངས་ནས། བུ་ཁྱོད་ཡོས་བུའི་ལོ་རྟའི་ཟླ་བའི་ཚེས་བཅུ་བཞི་ཚུན་ལ་ངའི་སར་སླེབ་པར་གྱིས་ཤིག་གསུངས་ནས་མགུར་འདི་གསུངས་སོ། །བུ་སྤྲོས་བྲལ་སེམས་ལ་ཤར་དུས་སུ། །ཐ་སྙད་ཚིག་ཕྱིར་མ་འབྲང་ཞིག །ཆོས་བརྒྱད་སྒྲོག་ཏུ་ཚུད་ཉེན་ཡོད། །བུ་ང་རྒྱལ་མེད་པའི་ངང་ལ་ཞོག །དེ་གོའམ་དབུས་པ་སྟོན་པ་བ། །བུ་རང་གྲོལ་ནང་ནས་ཤར་དུས་སུ། །ཚད་མའི་སྦྱོར་བ་མ་འགོད་ཅིག །དོན་མེད་འབད་རྩོལ་བྱས་ཉེན་ཡོད། །བུ་རྣམ་རྟོག་མེད་པའི་ངང་ལ་ཞོག །དེ་གོའམ་དབུས་པ་སྟོན་པ་བ། །བུ་རང་སེམས་སྟོང་ཉིད་རྟོགས་ཙ་ན། །གཅིག་དང་དུ་མར་མ་འབྱེད་ཅིག །ཆད་པའི་སྟོང་པར་འགྲོ་ཉེན་ཡོད། །བུ་སྤྲོས་པ་མེད་པའི་ངང་ལ་ཞོག །དེ་གོའམ་དབུས་པ་སྟོན་པ་བ། །བུ་ཕྱག་རྒྱ་ཆེན་པོ་སྒོམ་དུས་སུ། །ལུས་ངག་དགེ་སྦྱོར་མ་བརྩོན་ཅིག །མི་རྟོག་ཡེ་ཤེས་ཡལ་ཉེན་ཡོད། །བུ་མ་བཅོས་ལྷུག་པའི་ངང་དུ་ཞོག །དེ་གོའམ་དབུས་པ་སྟོན་པ་བ། །བུ་རྟགས་དང་ལུང་བསྟན་བྱུང་ཙ་ན། །དགའ་རློམ་ཆེད་དུ་མ་འཛིན་ཅིག །བདུད་ཀྱི་ལུང་བསྟན་བྱུང་ཉེན་ཡོད། །བུ་ཆེད་འཛིན་མེད་པའི་ངང་དུ་ཞོག །དེ་གོའམ་དབུས་པ་སྟོན་པ་བ། །བུ་རང་སེམས་གཏན་ལ་འབེབས་དུས་སུ། །མངོན་ཞེན་འདོད་པ་མ་སྐྱེ་ཞིག །དགའ་རློམ་བདུད་ཀྱིས་ཁྱེར་ཉེན་ཡོད། །བུ་རེ་བ་མེད་པའི་ངང་དུ་ཞོག །དེ་གོའམ་དབུས་པ་སྟོན་པ་བ། །ཞེས་གསུངས་ནས་རྗེ་བཙུན་གྱི་ཞབས་རྗེའི་དབུ་ཐོག་ཏུ་བཞག་སྟེ། དབུས་པ་སྟོན་པ་ཁྱོད་ལ་དབང་བཞི་གདན་ཐོག་གཅིག་ཏུ་བསྐུར་བ་ཡིན་པས་དགའ་བར་གྱིས་ཤིག །དེ་ཡང་ལྷ་དབང་ལུས་ལ་བསྐུར་ནས་ལུས་ལྷའི་དཀྱིལ་འཁོར་དུ་བྱིན་གྱིས་རློབ། སྔགས་དབང་ངག་ལ་བསྐུར་ནས་ངག་སྔགས་སུ་བྱིན་གྱིས་རློབ། ཆོས་དབང་སེམས་ལ་བསྐུར་ནས་སེམས་སྐྱེ་མེད་ཆོས་སྐུར་ངོ་སྤྲོད། བླ་མའི་ཞབས་སྤྱི་བོར་བཞག་ནས་དོན་ཐོགས་པ་མེད་པ་རྡོ་རྗེ་སློབ་དཔོན་དུ་མངའ་གསོལ་བ་ཡིན་ནོ། །གསུང་ཏིང་ངེ་འཛིན་གྱི་དབང་བསྐུར་མཛད་དེ་ད་ངའི་གདམས་ངག་ཟབ་མོ་རང་ཞིག་ཡོད་དེ་སྟེར་བ་ཕངས་པ་འདུག་པས་སོང་གསུང་། རྗེ་བཙུན་གྱིས་དེར་བཞུགས། རྗེ་ལྷ་རྗེ་ཆུ་ཐོན་ནས་ཕ་ཚད་དུ་བཏང་ནས་སླར་ཡང་ཐོས་པ་ཙམ་ནས་བོས་ཏེ་ཞབས་དྲུང་དུ་སླེབ་པ་དང་། གདམས་ངག་ཕངས་རུང་ཁྱོད་ལ་མི་སྟེར་ན་སུ་ལ་སྟེར་བས་སྟོན་པ་ཡིན་ནོ་གསུངས་པས། རྗེ་ལྷ་རྗེ་ཐུགས་སྤྲོ་བཞིན་འོ་ན་མཎྜྻལ་ཞིག་དགོས་ལགས་སམ་ཞུས་པས། མཎྜྻལ་མི་དགོས་ཁྱོད་ཀྱིས་ཆུད་མ་གསན་ཞིག་མན་ངག་འདི་ཡིན་གསུང་། ན་བཟའ་བཟློག་ནས་ཚང་ར་རྨེན་པའི་དྲ་བར་སོང་བ་དེ་བསྟན་ཏེ། མན་ངག་ལ་སྒོམ་པ་ལས་ཟབ་པ་མེད། ངས་ཀྱང་འཕོངས་འདི་བཞིན་སོང་སོང་བསྒོམས་པས་ཡོན་ཏན་རྒྱུད་ལ་སྐྱེས་པ་ཡིན། ཁྱོད་ཀྱང་སྙིང་རུས་བསྐྱེད་ལ་སྒོམས་ཤིག་གསུངས་པས་རྗེ་ལྷ་རྗེ་དེ་ཉིད་ཀྱི་ཐུགས་ལ་འཇགས་པར་བྱུང་སྟེ། བླ་མའི་ལུང་བསྟན་ལྟར་ཤར་ཕྱོགས་ལ་བྱོན་ནས། དྭགས་ལྷ་སྒམ་པོར་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེར་མཛད་པའི་ལོ་རྒྱུས་རྣམས་སྒམ་པོ་པ་རང་གི་རྣམ་ཐར་རྒྱས་པ་ན་གསལ་ལོ། །དེ་ནས་རྗེ་བཙུན་ཆུ་དབར་དུ་ཕེབས་ཏེ། གྲྭ་པ་བུ་སློབ་རྣམས་བསགས་ནས་ལྷ་རྗེ་སྟོན་པ་དེས་སེམས་ཅན་མང་པོ་ལ་ཕན་ཐོགས་པར་འདུག་སྟེ། མདང་ངའི་རྨི་ལམ་ན་ངའི་ས་ནས་བྱ་རྒོད་པོ་ཞིག་དབུས་ཕྱོགས་སུ་འཕུར་སོང་བ་དེ་རི་ཆེན་པོ་ཞིག་གི་རྩེ་ལ་བབས་པ་ལས། ཕྱོགས་ཕྱོགས་ནས་ངང་པའི་འཁོར་མང་པོ་འདུས་ཏེ། དར་ཅིག་ནས་སོ་སོར་གྱེས་སོང་བའི་ངང་པ་རེ་རེ་ལའང་འཁོར་ལྔ་བརྒྱ་ཙམ་རེ་འདུས་ནས་ལུང་པ་ཐམས་ཅད་ངང་པས་གང་བ་རྨི། ཁོ་བོ་རྣལ་འབྱོར་པ་ཡིན་པ་ལ་རྗེས་སུ་རབ་ཏུ་བྱུང་བ་མང་པོ་ཡང་འོང་བར་འདུག་པས་ཁོ་བོས་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་བྱས་པ་ཡིན་ནོ་གསུང་དགྱེས་དགྱེས་རང་མཛད་དོ། །རྗེ་བཙུན་ཆེན་པོའི་ཐུགས་ཀྱི་སྲས་མཆོག་དམ་པ་སྒམ་པོ་པའི་སྐོར་རོ།། །།


༈ ན་མོ་གུ་རུ། རྗེ་བཙུན་མི་ལ་རས་པ་དེ་ཉིད་འོམ་ཆུང་དཔལ་གྱི་ནགས་འདབས་ན་བཞུགས་དུས། སྔར་རྒོལ་དུ་བྱུང་བའི་སྟོན་པ་དར་བློའི་གྲོགས་ལོ་སྟོན་དགེ་འདུན་ཞེས་བྱ་བ་དེ་རས་ཆུང་པ་དང་སེ་བན་རས་པ་བརྒྱུད་ནས་བྱུང་སྟེ། ཕྱག་མང་པོ་འབུལ་ཞིང་རྗེ་བཙུན་རིན་པོ་ཆེ་ལགས་བདག་མཇལ་དུས་ན་མོས་པའི་ཁར་བདག་རང་གི་གྲོགས་པོའི་འཆི་ཚུལ་མཐོང་ནས་ཀྱང་ངེད་རང་གི་ཆོས་ཀྱི་སྤང་བྱ་ལ་སྣོན་ནམ་འབྲི་མི་ཤེས་པར་འདུག་པས་མོས་སུ་རང་སོང་ནས། དྲུང་དུ་ཉམས་ལེན་གྱི་ཆོས་ཞུ་རུ་འོངས་པ་ལགས་པས་གནང་བར་ཞུ་ཞུས་པས། རྗེ་བཙུན་གྱི་ཞལ་ནས། ཁྱེད་དུ་མ་ཟད་འཆི་བ་མ་དྲན་པའི་ཆོས་བྱེད་བློ་ཀུན་སྤང་བྱ་ལ་སྣོན། བསྒྲུབ་བྱ་ལས་ཕྲི་བ་མང་བར་འདུག་གསུངས་ནས་མགུར་འདི་གསུངས་སོ། །སྤྱིར་རྒྱལ་བ་མི་ཡི་དབང་པོ་དེས། །ཆོས་རྣམས་ཆོས་བརྒྱད་འཇོམས་ཕྱིར་གསུངས། །ད་ལྟའི་མཁས་པར་རློམ་པ་རྣམས། །ཆོས་བརྒྱད་ཆེ་རུ་མ་སོང་ངམ། །རྒྱལ་བས་ཚུལ་ཁྲིམས་བསྲུང་བ་དེ། །འཇིག་རྟེན་བྱ་བ་སྤང་ཕྱིར་གསུངས། །ད་ལྟའི་ཁྲིམས་བསྲུངས་བཙུན་པ་རྣམས། །བྱ་བཞག་མང་དུ་མ་སོང་ངམ། །སྔོན་དུས་དྲང་སྲོང་ཆ་ལུགས་དེ། །ཉེ་དུའི་འབྲེལ་ཐག་བཅད་ཕྱིར་གསུངས། །ད་ལྟའི་དྲང་སྲོང་ཆ་ལུགས་རྣམས། །ངོ་བསྲུང་ཆེ་རུ་མ་སོང་ངམ། །མདོར་ན་འཆི་བ་མ་དྲན་པའི། །དམ་ཆོས་ཅི་བྱེད་གྱི་ནར་གདའ། །ཞེས་གསུངས་པས། ལོ་སྟོན་ན་རེ། སྔར་དེ་རང་བྱུང་འདུག་པས་འགྱོད་པ་ལགས། ད་འཆི་བ་དྲན་པས་ཉམས་ལེན་གྱི་ཆོས་གནང་བར་ཞུ་ཞུས་པས། རྗེ་བཙུན་གྱིས་ཁོས་ད་དུང་སྒོམ་པ་ཁོ་ན་ཉམས་སུ་ལེན་ནུས་སམ་མི་ནུས་ཉམས་སད་པའི་ཕྱིར་ཚེ་འདིའི་འདོད་པ་མེད་ན་ལམ་རིང་བ་ཙམ་མ་གཏོགས་མཚན་ཉིད་ཀྱིས་ཀྱང་སངས་རྒྱ་བས་དེ་ཀ་བྱས་ཀྱང་རུང་གསུངས་ནས་མགུར་འདི་གསུངས་སོ། །ཕ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཨེ་མ་གསོན་དང་སྟོན་ཆེན་རྣམས། །རྩ་བ་སོ་ཐར་ཚུལ་ཁྲིམས་དེ། །བསྟན་པའི་ཁང་ཆེན་ཀ་བ་ལགས། །ཡོ་མེད་དྲང་པོར་སྲོངས་ཤིག་ཨང་། །འཆད་ཉན་གཉིས་ཀྱི་ལུང་རིགས་དེ། །བསྟན་པ་ནོར་བུའི་བྱི་དོར་ལགས། །ལོག་རྟོག་གཡའ་དང་ཕྲོལ་ཅིག་ཨང་། །བསླབ་པ་གསུམ་གྱི་སྡོམ་པ་དེ། །སངས་རྒྱས་བསྟན་པའི་གཉེན་གཅིག་ལགས། །གཉེན་དེ་དགྲ་རུ་མ་ལང་ཨང་། །ལུང་རིགས་བགྲོ་གླེང་ཐེག་ཆེན་དེ། །ཕྱིར་རྒོལ་བླུན་པོའི་ཀླད་འགེམས་ཡིན། །མི་ནག་སྣང་བ་བསྒྱུར་ཅིག་ཨང་། །ཞེས་གསུངས་པས་ལོ་སྟོན་ན་རེ། ད་བདག་ཁ་བཤད་པས་ཉམས་ལེན་བགྱིད་པས་སྙིང་པོའི་ཆོས་ཤིག་གནང་བར་ཞུ་ཞེས་ཞུ་བ་ནན་གྱིས་ཕུལ་བས། རྗེ་བཙུན་གྱིས་ཀྱང་གདུལ་བྱ་འདུལ་བའི་དུས་ལ་བབ་པར་མཁྱེན་ནས། ད་རྗེས་སུ་འཛིན་དགོས་དགོངས་ནས་རེ་ཞིག་ཞལ་རོག་བཞུགས་པ་ལས། སྟོན་པས་རས་ཆུང་པ་དང་སེ་བན་རས་པ་སོགས་ཆོས་ཉན་ཀུན་ཞུ་ངོར་སྦྲན་ཏེ་ནན་གྱིས་ཞུར་བྱུང་བ་ལས། རྗེ་བཙུན་མཉེས་ཏེ། འོ་ན་རས་པ་གཉིས་སོགས་ཆོས་ཉན་ཀུན་ཀྱང་ངོ་ཆེན་བཟང་ཞིང་། སྟོན་པ་ཡང་སྒོམ་ནུས་རིགས་སུ་འདུག་པས། ཞུ་བ་པོ་བཟང་པོ་ཡིན་ཕྱིར་གདམས་ངག་ཅིས་ཀྱང་སྟེར་བས་སྒོམ་ནུས་པ་གྱིས་ཤིག །ཆོས་ཤེས་ནས་ཉམས་སུ་མ་བླངས་ན་འདི་འདྲ་ཞིག་འོང་བ་ཡིན་ཞེས་མགུར་འདི་གསུངས་སོ། །རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཁྱེད་སྟོན་སྒོམ་གཉིས་ཀྱིས་ཞུ་སྣ་མཛད། །ཕྱི་ཡུལ་ལུང་གསུམ་གྱི་ཆེ་དགུ་ཡིས། །ཚིག་ལ་སྦྱངས་པའི་སྟོན་པ་འདི། །གདམས་ངག་ལམ་དུ་འཇུག་པར་ཞུས། །ཞུ་ཆེན་དང་ཞུ་མཁན་གཉིས་ཀ་བཟང་། །ང་རྣལ་འབྱོར་མི་ལ་རས་པ་འདི། །སངས་རྒྱས་མར་པའི་གཅེས་ཕྲུག་ལགས། །ང་ཚིག་གཡམ་རྒྱུགས་དང་ཐོས་ལོ་མ་ཡིན་ཞིང་། །རང་འདོད་དང་ཟུར་ཟ་མ་ཡིན་པ། །དོན་ཞེ་ནས་སྙིང་ལ་འབབ་པའི་ཚིག །གོ་བ་སླ་ཞིང་དོན་ལ་བཟང་། །རིགས་པས་བརྟགས་ན་འཐད་དུ་འགྲོ། །ང་མི་རྒན་གྱིས་བཤད་ཀྱིས་ལེགས་པར་ཉོན། །ཆོས་རྒྱུད་ལ་བསྲེས་ནས་མ་བསྒོམས་ན། །མཁའ་ལ་རྒྱུ་བའི་ཡི་དྭགས་ཕལ། །རྒྱུད་སྡེའི་མཁྱེན་རྒྱ་ཁོ་ཡིས་ཤེས། །འགལ་འབྲེལ་གྱི་རིགས་པ་ཁོ་རང་མཁས། །སྒྲ་ཚད་དང་ཐ་སྙད་ཁོ་རང་དག །མངོན་ཤེས་དང་རྫུ་འཕྲུལ་ཁོ་ལ་ཡོད། །འབྱོར་པ་དང་ལོངས་སྤྱོད་ཁོ་རང་བཟང་། །བློ་གྲོས་རིག་པ་ཁོ་རྣོ་སྟེ། །ཆོས་རང་གིས་ཉམས་སུ་མ་བླངས་ཤིང་། །རྒྱུ་འབྲས་ཕྲ་ལ་མ་འཛེམས་པས། །ཆེ་རློམས་ཀྱི་འཇིག་རྟེན་བློས་མ་ཐོངས། །རང་འདོད་ཀྱི་རྣམ་རྟོག་མ་ཟད་པས། །སྟོང་ཉིད་སྙིང་རྗེ་མི་སྐྱེ་ཞིང་། །འཁོར་བའི་ཆུ་ལ་བརྒལ་དུས་མེད། །སྡུག་བསྔལ་མྱུ་གུ་སྐམ་དུས་མེད། །ཤེས་བྱ་མཁས་དང་མངོན་ཤེས་མྱུལ། །འགལ་འབྲེལ་བསྡེབས་པའི་རྣམ་རྟོག་དེ། །རང་རྒྱུད་སྲེག་པའི་མེ་ཤིང་ཡིན། །སླར་ནི་རང་སྐྱོན་རང་ལ་སྡིག །དེ་བས་དམ་ཆོས་ཉམས་ལེན་འཚལ། །ཤི་སོས་སྨན་གྱི་བདུད་རྩི་དེ། །ནད་པ་རང་གིས་མ་མྱོང་ན། །བདུད་རྩི་ཡོད་པས་ཅི་ལ་ཕན། །ནད་ལས་མྱུར་དུ་ཐར་འདོད་ན། །ཤི་སོས་སྨན་དེ་བཟའ་ཡང་འཚལ། །འཆི་མེད་ལྷ་ཡི་བདུད་རྩི་དེ། །ལྷ་མིན་རྣམས་ལ་མང་ཡོད་ཀྱང་། །རང་གིས་སྤྱད་པར་མ་ནུས་པར། །ལྷ་མིན་ཕལ་ཆེར་དུས་མིན་འཆི། །འཆི་མེད་བདུད་རྩིས་ཅི་ལ་ཕན། །དུས་མིན་འཆི་ལས་ཐར་འདོད་ན། །བདུད་རྩི་རང་གིས་འཐུང་ཡང་འཚལ། །རོ་བརྒྱ་ལྡན་པའི་ཟས་མཆོག་དེ། །གཤིན་རྗེའི་མཛོད་ན་མང་ཡོད་ཀྱང་། །རང་གིས་ཟ་བར་མ་ནུས་པས། །གཤིན་རྗེ་ཕལ་ཆེར་བཀྲེས་ནས་འཆི། །ཁ་ཟས་མཆོག་དེ་ཅི་ལ་ཕན། །བཀྲེས་པའི་ནད་ལས་ཐར་འདོད་ན། །ཟས་མཆོག་རང་གིས་བཟའ་ཡང་འཚལ། །ཞེས་གསུངས་པས་ལོ་སྟོན་མགུ་ནས་རྗེ་བཙུན་གྱི་གསུང་རེ་རེས་ཀྱང་། ངེས་ཤེས་སྐྱེ་ནུས་ཤིང་བཤད་པ་ཡང་དེ་ཀ་ཟབ་པར་གདའ་བས། ད་དུང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་འགག་ཅིག་གནང་བར་ཞུ་དང་ཞེས་ཞུས་པས་ཡང་མགུར་འདི་གསུངས་སོ། །ཚིག་རང་མཁས་པ་མི་ཤེས་ཤིང་། །བཤད་རའི་མཁན་པོ་ཡིན་ཡང་མིན། །མིན་ཡང་ད་རེས་ཞུ་མཁན་བཟང་། །དོན་ཕར་ཕྱིན་དྲུག་ལ་ཆོས་ཀུན་འདུས། །སྦྱིན་པ་རྒྱལ་པོའི་ཆོས་ལུགས་ཡིན། །བདོག་པ་ཅི་ཡོད་སྦྱིན་པས་ན། །མངོན་མཐོ་ལྷ་ཡི་རྒྱལ་སྲིད་ཐོབ། །ཆོས་མཛད་རྣམས་ཀྱི་གཡེང་བའི་རྒྱུ། །ཚུལ་ཁྲིམས་ཐར་པའི་སྤྱི་སྐས་ཡིན། །སངས་རྒྱས་བསྟན་པར་ཞུགས་པ་ཡིས། །སྐྱེ་བན་ཀུན་ལ་མེད་ཐབས་མེད། །བསྟན་པ་ཟུངས་ཤིག་འདིར་བཞུགས་རྣམས། །བཟོད་པ་དྲང་སྲོང་ཁྱད་ཆོས་ཡིན། །ཤཱཀྱ་ཐུབ་པའི་རྗེས་འབྲངས་ནས། །ཀུན་གྱིས་གྱོན་པར་དཀའ་བའི་གོས། །བཟོད་པའི་གཡང་ལུག་ལེགས་པར་གྱོན། །བརྩོན་འགྲུས་ཐར་པའི་ཉེ་ལམ་ཡིན། །དམ་ཆོས་སྤྱི་ལ་དགོས་པའི་ལམ། །དེ་དང་བྲལ་ན་རེ་ཐག་ཆད། །བརྩོན་འགྲུས་རྟ་ལ་ཞོན་ན་ཡོང་། །ཆོས་བཞི་པོ་འདི་དག་བསོད་ནམས་ཚོགས། །རྣ་བཏགས་ཀུན་ལ་མེད་ཐབས་མེད། །ད་ནི་ཡེ་ཤེས་ཕྱོགས་ཀྱི་ཆོས། །བསམ་གཏན་ཚོགས་གཉིས་སོ་མཚམས་ཡིན། །སོ་མཚམས་དག་ཏུ་སྡོད་དགོས་པས། །གཡེང་བ་བྱུང་ན་བསྲུང་བའི་ཐབས། །ཚོགས་གཉིས་ཀུན་ལ་སྦྱར་ཡང་འཚལ། །ཤེས་རབ་ངེས་པའི་དོན་གྱི་ཆོས། །སངས་རྒྱས་ཀུན་གྱི་མཛོད་གཅིག་པུ། །སྤྱད་པས་མི་ཟད་ལོངས་སྤྱོད་གཏེར། །འཇིག་རྟེན་སེམས་ཅན་མ་ལུས་ལ། །གྱ་ནོམ་འབུལ་བ་འདོར་བའི་ནོར། །མི་ཁོམ་མཐའ་དག་སྤངས་ནས་ནི། །དལ་བའི་མཆོག་དེ་སྦྱིན་པར་བྱེད། །ཡེ་ཤེས་ཚོགས་ཏེ་རིན་ཆེན་ཡིན། །རིམ་གྱིས་ཁྱད་པར་འཕགས་སུ་སོང་། །དེ་ནི་སྟོན་པའི་ཞུས་ལན་ཡིན། །ཐུགས་དགྱེས་པར་དགོངས་ལ་ཉམས་ལེན་འཚལ། །ཞེས་གསུངས་པས་བུ་སློབ་ཀུན་ལ་བོགས་ཆེ་བར་བྱུང་ངོ་། །དེ་ནས་རས་ཆུང་པ་དང་སེ་བན་རས་པ་ལ་རྗེ་བཙུན་གྱི་ཞལ་ནས། སྟོན་པ་ལ་དབང་བསྐུར་བྱེད་པས་མཆོད་པ་ཤོམས་ཤིག་གསུངས་པ་ལྟར་བཤམས་ཏེ། དབང་དང་གདམས་ངག་གནང་ནས་སྒོམ་དུ་བཅུག་པས་ཉམས་སྣ་ཚོགས་ཤར་བ་དང་། བུ་སློབ་མང་དུས་ཤིག་ལ་རྗེ་བཙུན་གྱི་དྲུང་དུ་འོངས་ནས། བདག་ལ་སྣང་བ་སྣ་ཚོགས་ཤར་བས་ཇི་ཙམ་མཉམ་པར་བཞག་རུང་མི་སྡོད་པར་འཕྲོ་ཞིང་གདའ་བས་འདི་སྐྱོན་ཡིན་ན་སེལ་ཐབས། ཡོན་ཏན་ཡིན་ན་བོགས་འདོན་དང་བཞག་ཐབས་ཤིག་གནང་བར་ཞུ་ཟེར་བས། བསྒོམས་འདུག་དགོངས་ནས་སྟོན་པ་སྣ་ཚོགས་སུ་སྣང་ཞིང་འཕྲོ་རུང་། གཅིག་ལས་མེད་པས་སྐྱོན་དང་ཡོན་ཏན་གང་དུ་འདུག་ལྟ་བར་ཉམས་ལེན་ལ་འབད་པ་ཐོན་ཞིག་གསུངས་ནས་མགུར་འདི་གསུངས་སོ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །ལོ་སྟོན་ལ་སོགས་འདིར་ཚོགས་ཉོན། །སྣང་བ་ཅི་ཡིན་གོ་ལགས་སམ། །སྣང་བ་ཅི་ཡིན་མ་གོ་ན། །སྣང་བ་ཅིར་ཡང་སྣང་བ་ཡིན། །དེ་མ་རྟོགས་པ་ལ་འཁོར་བ་སྟེ། །རྟོགས་པ་རྣམས་ལ་ཆོས་སྐུར་སྣང་། །སྣང་བ་ཆོས་སྐུར་ཤར་ཙ་ན། །ལྟ་བ་གཞན་ནས་བཙལ་དགོས་མེད། །བློ་ཡི་བཞག་ཐབས་གོ་ལགས་སམ། །བློ་ཡི་བཞག་ཐབས་མ་གོ་ན། །སེམས་ཉིད་འཕྱོ་རུ་མ་བཅུག་པར། །རང་སེམས་བཅས་བཅོས་མ་བྱེད་ཅིག །རང་ལུགས་བུ་ཆུང་ལྟ་བུར་ཞོག །རླབས་མེད་རྒྱ་མཚོ་ལྟ་བུར་ཞོག །གསལ་བ་མར་མེ་ལྟ་བུར་ཞོག །སྙེམས་མེད་མི་རོ་ལྟ་བུར་ཞོག །གཡོ་མེད་རི་བོ་ལྟ་བུར་ཞོག །སེམས་ཉིད་སྒྲོ་བཏགས་མེད་པ་ཡིན། །ཉམས་ཀྱི་འཆར་ལུགས་གོ་ལགས་སམ། །ཉམས་ཀྱི་འཆར་ལུགས་མ་གོ་ན། །ཁྲི་གདུགས་རྩལ་གྱིས་མུན་པ་སངས། །རྣམ་རྟོག་གཞན་དུ་སྤངས་པ་མེད། །གཞི་མེད་རྨི་ལམ་ལྟ་བུར་འཆར། །འཛིན་མེད་ཆུ་ཟླ་ལྟ་བུར་འཆར། །དངོས་མེད་འཇའ་ཚོན་ལྟ་བུར་འཆར། །ཕྱོགས་མེད་ནམ་མཁའ་ལྟ་བུར་འཆར། །ཉམས་ཀྱི་བཅོས་ཐབས་གོ་ལགས་སམ། །ཉམས་ཀྱི་བཅོས་ཐབས་མ་གོ་ན། །སྐྱི་སེར་ཆེ་ཡང་བར་སྣང་ངང་། །རྦ་རླབས་ཆེ་ཡང་རྒྱ་མཚོའི་ངང་། །ལྷོ་སྤྲིན་མཐུག་ཀྱང་ནམ་མཁའི་ངང་། །ཤེས་པ་འཕྲོ་ཡང་སྐྱེ་མེད་ངང་། །རིག་པ་སྲང་དུ་འཇུག་པ་ལ། །རྣམ་ཤེས་རླུང་ཞོན་གདམས་ངག་ཐོང་། །རྣམ་རྟོག་རྐུན་བུ་བྱུང་བ་ལ། །རྐུན་མ་ངོས་འཛིན་གདམས་ངག་ཐོང་། །ཤེས་པ་ཡུལ་ཕྱིར་ཤོར་བ་ལ། །བྱ་རོག་གཟིངས་ཕུར་གདམས་ངག་ཐོང་། །སྤྱོད་པའི་སྤྱད་ཐབས་གོ་ལགས་སམ། །སྤྱོད་པའི་སྤྱད་ཐབས་མ་གོ་ན། །སེང་ཆེན་འགྱིང་བ་བཞིན་དུ་སྤྱད། །འདམ་སྐྱེས་པདྨ་བཞིན་དུ་སྤྱད། །གླང་ཆེན་སྨྱོན་པ་བཞིན་དུ་སྤྱད། །ཤེལ་གོང་ཕྱིས་པ་བཞིན་དུ་སྤྱད། །འབྲས་བུའི་འཆར་ལུགས་གོ་ལགས་སམ། །འབྲས་བུའི་འཆར་ལུགས་མ་གོ་ན། །མི་རྟོག་པ་ལས་ཆོས་སྐུ་འབྱུང་། །བདེ་བ་ཉིད་ལས་ལོངས་སྐུ་འབྱུང་། །གསལ་བ་ལས་ནི་སྤྲུལ་སྐུ་འབྱུང་། །གཉུག་མས་ངོ་བོ་ཉིད་ཀྱི་སྐུ། །མི་ང་ལ་མཁས་པའི་སྐུ་བཞི་ཡོད། །ཆོས་ཀྱི་དབྱིངས་སུ་གཡོ་བ་མེད། །ལྟ་བ་སྒོམ་པ་ཉམས་མྱོང་གསུམ། །བཅོས་ཐབས་སྤྱོད་པ་འབྲས་བུ་དྲུག །རྣལ་འབྱོར་ཉམས་ལ་ཤར་ནས་བླངས། །ཁྱེད་ཀྱང་དེ་ལྟར་ཉམས་སུ་ལོངས། །ཞེས་གསུངས་པས། ལོ་སྟོན་གྱིས་ཀྱང་བླ་མའི་བཀའ་བཞིན་སྙིང་རུས་བསྐྱེད་ནས་བསྒོམས་པས། ཉམས་རྟོགས་ཁྱད་པར་ཅན་སྐྱེས་པ་ལ་ངོ་སྤྲོད་འདི་མགུར་དུ་གསུངས་སོ། །ཕ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྐྱེ་འགག་མེད་པའི་སེམས་ཉིད་འོད་གསལ་འདི། །རྣམ་ཤེས་རླུང་ལ་ཞོན་པས་ཕྱོགས་རྣམས་ཀུན་ཏུ་ཁྱབ། །རྩོལ་བ་དམིགས་སུ་མེད་པས་དགོས་རྒྱུ་རང་ལ་ཚང་། །ཁ་དོག་དབྱིབས་དང་བྲལ་བས་དབང་པོའི་ཡུལ་ལས་འདས། །ཚིག་དང་ཡི་གེ་མེད་པས་བརྗོད་པའི་ཡུལ་ལས་འདས། །ཐ་སྙད་སྒྲོ་འདོགས་བྲལ་བས་བློ་ཡི་ཡུལ་ལས་འདས། །གདམས་ངག་ཟབ་མོའི་ཉམས་ལེན་གྱིས། །ལུས་ལ་བདེ་དྲོད་སྐྱེས་པས་ན། །ངེས་ཤེས་ཟབ་མོ་ནང་ནས་སྐྱེས། །སྣང་བ་ཕྱི་ཡི་སྒྲོ་འདོགས་ཆོད། །ཐབས་ལ་མ་བརྟེན་དོན་མི་འགྲུབ། །སྙན་བརྒྱུད་གདམས་ངག་ངོ་མཚར་ཆེ། །ཐབས་ལམ་ཟབ་མོ་བསྒོམས་པ་དེ། །རྣལ་འབྱོར་ང་ཡི་རྟོགས་ཚད་ཡིན། །དེ་ལྟར་ཉམས་སུ་བླངས་པ་ལེགས། །ཞེས་པ་དང་། གཞན་ཡང་སྟོན་པ་བ་སེམས་འདི་རྟེན་གང་ལ་ཡང་མ་བཅའ། སྒོ་གར་ཡང་མ་འགག །ཕྱོགས་གར་ཡང་མ་ལྷུང་། ཕུག་གར་ཡང་མ་གཏད་དང་། དཔེ་གང་གིས་ཀྱང་མཚོན་དུ་མེད། བརྗོད་པ་གང་གི་ཡང་ཐོག་ཏུ་མི་ཁེལ། མིང་གང་བཏགས་ཀྱང་ཆོག་པའི་དོན་ཅིག་རྟོགས་འོང་གི་གསུངས་པ་ལྟར་ལོ་སྟོན་གྱིས་ཀྱང་རི་ལ་གཡེལ་མེད་དུ་བསྒོམས་པས་རྟོགས་པ་ངོ་འཕྲོད་དེ། ཐོས་པས་ཕྱི་ཡི་སྒྲོ་འདོགས་ཆོད། བསྒོམས་པས་ནང་གི་སྒྲོ་འདོགས་ཆོད་པ་སྟོན་སྒོམ་གངས་ཀྱི་སེང་གེ་འདྲ་བ་ཉེ་བའི་སྲས་གཅིག་བྱུང་བ་ཡིན་ནོ། །ལོ་སྟོན་དགེ་འདུན་གྱི་སྐོར་རོ།། །།


༈ ན་མོ་གུ་རུ། རྗེ་བཙུན་མི་ལ་རས་པ་དེ་ཉིད་བྲིན་གྱི་བྲག་དམར་སྤོ་མཐོ་ན་བཞུགས་པའི་ཚེ། བྲིན་པའི་སྟོན་པ་རུས་འབྲེ་ཡིན་པ་སྔར་རྗེ་བཙུན་གྱི་སྙན་པ་ཐོས་ལ་ཞལ་མ་མཐོང་བ་ཞིག་ཡོད་པ་དེ་དད་པས་རྗེ་བཙུན་གྱི་ཞལ་བལྟར་བྱུང་བས། གཟིམ་ཕུག་ན་གཡོ་ཆས་འཁོལ་དུ་ཉན་པ་ཙམ་ཞིག་མ་གཏོགས་གཞན་ཅི་ཡང་མི་འདུག་པ་དང་། ཁོའི་ཡིད་ལ་དཔེ་ཆ་ལྷ་རྟེན་སོགས་ཆོས་པའི་ཡོ་བྱད་དག་ལྟ་ཅི་སྨོས་ཏེ། འཕྲལ་གྱི་ཡོ་བྱད་དགའ་མོ་ཞིག་ཀྱང་མི་འདུག །འདི་འཆི་དུས་ཅི་འདྲ་འོང་ན་སྙམ་པའི་རྟོག་པ་ཤར་བ་རྗེ་བཙུན་གྱིས་མཁྱེན་ཏེ། སྟོན་པ་དེ་ལྟ་བུའི་བསམ་མནོ་གཏོང་མི་དགོས། ང་ལ་དཔེ་ཆ་ལྷ་རྟེན་གྱི་མཆོག་འདི་རྣམས་ཡོད་པས་འཆི་ཁར་མི་འགྱོད་བྲོད་པ་ཡིན་གསུངས་ནས་མགུར་འདི་གསུངས་སོ། །ཕ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ང་རང་ལུས་རྒྱལ་བའི་དཀྱིལ་འཁོར་ན། །ལྷ་དུས་གསུམ་བདེ་གཤེགས་སྙིང་པོ་བཞུགས། །འདོད་ཡོན་ཞེན་མེད་དུ་བྱིན་གྱིས་རླབས། །ཉིན་དང་མཚན་དུ་མཆོད་པ་འཕུལ། །ཕྱི་ཡི་མཆོད་རྫས་མེད་པས་འཚེངས། །ཁམས་གསུམ་རང་འཁྲུངས་ཀྱི་གཞལ་ཡས་ན། །འགྲོ་དྲུག་བདེ་གཤེགས་སྙིང་པོ་ཅན། །ཡེ་ཤེས་ཆེན་པོར་ངོ་འཕྲོད་པས། །གང་དུ་འདུག་ཀྱང་གཞལ་ཡས་ཁང་། །སུ་དང་འགྲོགས་ཀྱང་ཡི་དམ་ལྷ། །ང་ཇི་ལྟར་བྱས་ཀྱང་ཆོས་ཀྱི་དབྱིངས། །ཕྱི་ཡི་རྟེན་མཆོད་མེད་པས་འཚེངས། །ཕྱི་སྣང་བ་དཀར་དམར་གྱི་ཤོག་བུ་ལ། །ཡེ་ཤེས་ཆེན་པོའི་སྣག་ཚ་སྦྱར། །དབང་པོ་ལྔ་ཡི་ཡི་གེ་བྲིས། །ཅིར་སྣང་ཆོས་ཀྱི་སྐུ་རུ་གོ། །ཡིག་ནག་དཔེ་ཆ་མེད་པས་འཚེངས། །སྤྱིར་ཁམས་གསུམ་འཁོར་བའི་སེམས་ཅན་ལ། །དེ་ཉིད་ཡོད་དེ་རྟོགས་ཚད་མེད། །གདམས་ངག་ཟབ་མོས་མཚམས་སྦྱར་བས། །སྐུ་གསུམ་འབྲལ་མེད་ཏིང་འཛིན་བཟང་། །ནམ་ཕུགས་འཆི་ཚེ་ང་རེ་བྲོད། །ཅེས་གསུངས་པས། ཁོའི་ཡིད་ལ་མངོན་ཤེས་ཡོད་ཟེར་བ་དེ་བདེན་པར་འདུག་པས། གཞན་རྣམས་ཀྱང་བདེན་ངེས་སྙམ་མི་ཕྱེད་པའི་དད་པ་སྐྱེས་ནས། བླ་མ་ལགས་བདག་ཀྱང་རྗེས་སུ་འཛིན་པར་ཞུ་ཟེར་ཞུ་བ་སྙིང་ནས་འཕུལ་དུ་བྱུང་བས། རྗེ་བཙུན་གྱིས་ལས་ཅན་གྱི་སློབ་མར་དགོངས་ཏེ། དབང་དང་གདམས་ངག་གནང་ནས་སྒོམ་དུ་བཅུག་པས། བདེ་ཉམས་བཟང་པོ་ཤར་ཏེ། རྗེ་བཙུན་གྱི་དྲུང་དུ་བུ་སློབ་མང་པོ་ཚོགས་པའི་དུས་ཤིག་བདག་རང་ལ་སྔར་ནང་ནས་བདེ་བ་མ་ཤར་བས་ནོར་རྫས་ལ་ཞེན་ཆགས་ཆེ་བར་གདའ། རྗེ་བཙུན་ཅི་ཡང་མི་འཛིན་པ་དེ་བདེ་བ་ནང་ནས་ཤར་བར་གདའ། ད་བདག་ཀྱང་རྗེ་བཙུན་བཞིན་རི་ཁྲོད་འགྲིམས་པར་ཞུ་སྐྱིད་ཅིག་རང་གདའ་ཟེར་བས་རྗེ་བཙུན་མཉེས་ཏེ། རི་ཁྲོད་འགྲིམས་ན་དུས་རྟག་ཏུ་སྐྱིད་ཅིང་། ཕྱི་མའི་ལམ་མཁན་བཟང་པོ་འདི་འདྲ་འོང་བ་ཡིན་གསུངས་ནས་སྐྱིད་པ་ངོ་མཚར་བརྒྱད་ཀྱི་མགུར་འདི་གསུངས་སོ། །རྗེ་ཡིད་བཞིན་ནོར་བུ་སྤྲུལ་པའི་སྐུ། །འཁོར་ལོས་སྒྱུར་རྒྱལ་རིན་པོ་ཆེ། །མ་རིག་མུན་སེལ་སྒྲོན་མེའི་མཆོག །སྒྲ་སྒྱུར་མར་པའི་ཞབས་ལ་འདུད། །བྲག་དམར་སྤོ་མཐོ་ནམ་མཁའ་རྫོང་། །མཁའ་འགྲོ་སྡེ་བཞི་འདུ་བའི་གནས། །མི་རྒན་སྤྲོ་བ་སྐྱེད་པའི་སར། །དགའ་སྤྲོའི་ཉམས་ཀྱི་གླུ་ཞིག་ལེན། །བློ་གྲོས་ཤེས་ལྡན་སྒོམ་སྲན་ཅན། །འདིར་བཞུགས་བུ་སློབ་གསན་པར་ཞུ། །གནས་ཕྱོགས་རིས་མེད་པའི་རི་ཁྲོད་འདི། །ཉམས་ཏིང་འཛིན་སྐྱོང་བའི་ལམ་མཁན་ཡིན། །ལམ་དེ་དང་ལྡན་པའི་མི་ཡོད་དམ། །རང་ལུས་དགོན་པར་ཤེས་པའི་མི་རེ་སྐྱིད། །སེམས་ཉིད་མཁའ་ལྟར་དག་པ་འདི་ཨེ་མ་ཧོ། །འགྱུར་མེད་ཀྱི་དད་པ་བརྟན་པོ་འདི། །འཁོར་བ་སྤོང་བའི་ལམ་མཁན་ཡིན། །ལམ་དེ་དང་ལྡན་པའི་མི་ཡོད་དམ། །འཁོར་འདས་རང་སར་གྲོལ་བའི་མི་རེ་སྐྱིད། །སྐུ་བཞི་སེམས་ལ་རྫོགས་པ་འདི་ཨེ་མ་ཧོ། །ཚོགས་དྲུག་གི་སྣང་བ་ཐུག་ཕྲད་འདི། །རྐྱེན་ངན་ལམ་དུ་སློང་བའི་ལམ་མཁན་ཡིན། །ལམ་དེ་དང་ལྡན་པའི་མི་ཡོད་དམ། །འདོད་སྲེད་ཟད་སར་སྐྱོལ་བའི་མི་རེ་སྐྱིད། །གཟུང་འཛིན་འབྲེལ་ཐག་ཆོས་པ་འདི་ཨེ་མ་ཧོ། །བརྒྱུད་ལྡན་གྱི་བླ་མ་དམ་པ་འདི། །མ་རིག་མུན་པ་སེལ་བའི་ལམ་མཁན་ཡིན། །ལམ་དེ་དང་ལྡན་པའི་མི་ཡོད་དམ། །བླ་མ་སངས་རྒྱས་བསྟེན་པའི་མི་རེ་སྐྱིད། །སེམས་ཉིད་རང་ངོ་ཤེས་པ་འདི་ཨེ་མ་ཧོ། །གྲང་དྲོ་མེད་པའི་རས་གོས་འདི། །གངས་ཁྲོད་འགྲིམས་པའི་ལམ་མཁན་ཡིན། །ལམ་དེ་དང་ལྡན་པའི་མི་ཡོད་དམ། །ཚ་གྲང་འཇིགས་པ་བྲལ་བའི་མི་རེ་སྐྱིད། །གངས་ལ་གཅེར་ཉལ་བྱེད་པ་འདི་ཨེ་མ་ཧོ། །བསྲེ་འཕོ་མཚམས་སྦྱོར་གྱི་གདམས་ངག་འདི། །བར་དོའི་འཇིགས་པ་འཇོམས་པའི་ལམ་མཁན་ཡིན། །ལམ་དེ་དང་ལྡན་པའི་མི་ཡོད་དམ། །ཚེ་འདི་ཕྱི་མེད་པའི་མི་རེ་སྐྱིད། །ཆོས་ཉིད་དབྱིངས་སུ་སླེབ་པ་འདི་ཨེ་མ་ཧོ། །སྙན་བརྒྱུད་ཀྱི་ཐབས་ལམ་ཟབ་མོ་འདི། །སེམས་དྭངས་སྙིགས་འབྱེད་པའི་ལམ་མཁན་ཡིན། །ལམ་དེ་དང་ལྡན་པའི་མི་ཡོད་དམ། །ལུས་སེམས་བདེ་བ་རྒྱས་པའི་མི་རེ་སྐྱིད། །སྲོག་རྩོལ་དབུ་མར་ཚུད་པ་འདི་ཨེ་མ་ཧོ། །སྟོང་ཉིད་སྙིང་རྗེ་འབྱོངས་པའི་རྣལ་འབྱོར་པ། །ཐ་སྙད་སྤྲོས་པ་གཅོད་པའི་ལམ་མཁན་ཡིན། །ལམ་དེ་དང་ལྡན་པའི་མི་ཡོད་དམ། །རྟོགས་ལྡན་འཁོར་གྱིས་བསྐོར་བའི་མི་རེ་སྐྱིད། །འཁོར་དུ་སྤྲུལ་སྐུ་འདུས་པ་འདི་ཨེ་མ་ཧོ། །མི་རྒན་སྤྲོ་བ་སྐྱེས་པ་ཡིས། །ཉམས་ཀྱི་དབྱངས་ཆུང་སྐྱིད་པ་བརྒྱད། །ཁྱེད་འདིར་ཚོགས་ཀྱི་ཐུགས་དམ་གསལ་གདབ་ཕྱིར། །རྣལ་འབྱོར་སྤྲོ་ནས་བླངས་པ་ཡིན། །དེ་མ་བརྗེད་ཐུགས་ཀྱི་དཀྱིལ་དུ་ཞོག །ཅེས་གསུངས་པས་འབྲེ་སྟོན་ལ་སོགས་པའི་འཁོར་རྣམས་དགའ་མགུ་ཡི་རང་བ་ལས། འབྲེ་སྟོན་ན་རེ། དེ་ཀུན་ཤིན་ཏུ་ངོ་མཚར་ཆེ་བར་གདའ། ད་བདག་རང་ལ་ལྟ་སྒོམ་སྤྱོད་འབྲས་ཀྱི་ཉམས་ལེན་གོལ་ས་ཆོད་པ་གོ་སླ་ལ་ཁྱེར་བདེ་བ་ཞིག་ཞུ་ཟེར་བས། འོ་ན་འདི་ལྟར་ཉམས་སུ་ལོངས་ཤིག་གསུངས་ནས་མགུར་འདི་གསུངས་སོ། །ཕ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཁྱོད་ལྟ་བ་གཏན་ལ་འབེབས་པ་ན། །ཐོས་པས་ཤེས་རྒྱུད་མ་གོལ་ཞིང་། །གནས་ལུགས་རིག་པ་མ་རྟོགས་པར། །སྟོང་ལྟ་ཚིག་ཏུ་མི་སྨྲ་འཚལ། །ཇི་ལྟར་སྣང་བཞིན་གྲག་པ་བཞིན། །ཕན་གནོད་འབྲས་བུ་འབྱུང་བཞིན་དུ། །རྒྱུ་འབྲས་ཁྱད་དུ་མི་བསད་འཚལ། །ཐེག་པའི་ཁྱད་པར་མ་རྟོགས་པའི། །རང་སེམས་མིང་ལ་ཞེན་པ་ཡིས། །ལྟ་བ་ང་ཡིར་བཟུང་ནས་ནི། །གཞན་ལ་སྐུར་པ་མི་བཏབ་འཚལ། །སྒོམ་པ་ཉམས་སུ་ལེན་པ་ན། རང་བཞིན་མངོན་དུ་མ་བྱས་ཤིང་། །སྒྲོ་འདོགས་ནང་ནས་མ་ཆོད་བར། །འོད་གསལ་སེམས་ལ་མ་ཤར་ན། །ཉམས་ཀྱི་རྩི་ཡིས་མ་ཟིན་པར། །སྟོང་པའི་རྫོང་ལ་མི་ཞེན་འཚལ། །ཤེས་བྱ་སྣང་སྟོང་ཟུང་འཇུག་ལ། །འདོད་པ་རང་ཡལ་མི་གཏོང་འཚལ། །སྟོང་བཞིན་སྟོང་པར་འཛིན་པ་ཡིས། །མཚན་མ་ཉིད་འབྲུར་མི་གཏོང་འཚལ། །ཟག་བཅས་བདེ་བའི་རྦ་ཀློང་དུ། །རྣམ་རྟོག་རགས་པ་ནུབ་པ་ཡི། །བདེ་བའི་རོ་མྱང་མི་བགྱིད་འཚལ། །རྟོག་མེད་ཞི་གནས་བརྟེན་པ་ལ། །དམ་པ་ཉིད་དུ་མི་བཟུང་འཚལ། །སྤྱོད་པ་རོ་སྙོམས་བྱེད་པ་ན། །ཉམས་མྱོང་ཁོང་ནས་མ་ཤར་ཞིང་། །སྣང་བ་བྱིན་གྱིས་མ་རླབས་པར། །ཡུལ་ལྔ་བདེ་བར་མ་ཤར་ན། །སྤྲོས་པའི་རྟོག་པ་མ་ཟད་པར། །ལོག་པའི་བརཏལ་ཞུགས་མི་བྱ་ཞིང་། །སྦྱོར་སྒྲོལ་ལམ་དུ་མི་ཁྱེར་འཚལ། །འབྲས་བུ་མངོན་དུ་བྱེད་པ་ན། །རང་སེམས་ངོ་བོ་མ་མཐོང་བར། །གཞན་ནས་སངས་རྒྱས་ཚོལ་བ་ཡི། །རེ་དོགས་མཐའ་རུ་མི་གཏོང་འཚལ། །གཟུགས་སྐུ་གདུལ་བྱའི་སྣང་བ་ལ། །སངས་རྒྱས་ངོ་བོར་མི་ཞེན་འཚལ། །རྣམ་རྟོག་ཆོས་སྐུར་ཐིམ་པ་ལ། །ཡོད་པ་བཀག་པར་མི་བཟུང་འཚལ། །ཡོན་ཏན་ཕྲིན་ལས་ཞིང་ཁམས་དང་། །ཡེ་ཤེས་དག་པའི་རང་སྣང་ལ། །ཕྱི་རོལ་དངོས་པོར་མི་བཟུང་འཚལ། །ཞེས་གསུངས་པས། འབྲེ་སྟོན་ལ་ངེས་ཤེས་བརྟན་པོ་སྐྱེས་ནས། རི་ཁྲོད་དུ་སྒོམ་ཡུན་བསྲིངས་པས་ཐུགས་ལ་ཉམས་དྲོད་རྟགས་ཀྱི་ཡོན་ཏན་ཁྱད་པར་ཅན་འཁྲུངས་པ་འབྲེ་སྟོན་བཀྲ་ཤིས་འབར་ཞེས་བྱ་བ་ཉེ་བའི་སྲས་སྟོན་སྒོམ་རྣམས་ཀྱི་ཡ་གྱལ་དུ་གྱུར་པ་ཞིག་བྱུང་ངོ་། །འབྲེ་སྟོན་གྱི་སྐོར་རོ།། །།


༈ ན་མོ་གུ་རུ། རྗེ་བཙུན་མི་ལ་རས་པ་ཞེས་བྱ་བ་དེ་ཉིད་ལ་ཆད་ལྟ་བ་ཡིན་ཟེར་ཤིན་ཏུ་སྡང་བའི་སྡེ་དགོན་ཞིག་ཡོད་པ་དེར། བུ་སློབ་རྣམས་ཀྱིས་ཞུ་བ་ཅི་ཕུལ་རུང་མ་གསན་པར་ཚོགས་ཁང་གི་སྒོར་བྱོན་པས། ཁོང་རྣམ་པས་མཐོང་སྟེ་ཀུན་འདུས་ནས། རྗེ་བཙུན་ལ་བརྡེག་འཚོག་མང་པོ་བྱས་པའི་མཐར་ནང་དུ་ཁྲིད་ནས་ཀ་བ་ལ་བཀྱིགས་བཞག་པས། ཕྱིར་ཐོན་འདུག་པ་ལ། ཡང་བརྡེག་འཚོག་མང་དུ་བྱས་བཏང་བས། གཙང་ཁང་ནང་ན་སླེབ་འདུག་པ་ལ་བརྡེག་འཚོག་ཅི་བྱས་རུང་གཡོ་འགུལ་མེད་པར་ཁ་རོག་པར་བསྡད་འདུག་པ་ཕྱིར་ཕུད་པས་བསྒུལ་བར་མ་ནུས་པར། དགེ་འདུན་ཇེ་མང་ལ་བཏང་ནས་ཕུད་པས་ཀྱང་གཡོ་མ་ནུས་པ་ལ་ཀུན་ལོག་སྐུ་ལ་ཐག་པ་བཏགས། ལ་ལས་མདུན་ནས་འཐེན། ལ་ལས་རྒྱབ་ནས་ཕུལ་ཀྱང་ཕ་བོང་ལྟར་གཡོ་འགུལ་མ་ནུས་པའི་ངང་ལ་ཁོང་རྣམས་ནམ་སུན་གྱི་བར་བཞུགས་པས། ཁོང་རྣམས་ཧ་ལས་ནས་ལ་ལ་ན་རེ། ད་འགྲོ་རོགས་གྱིས་ཟེར། ལ་ལ་ན་རེ། ཁྱོད་ནང་དུ་བཞག་ན་ཕྱིར་འོང་། ཕྱིར་ཕུད་ན་ནང་དུ་ཡོང་། འབུད་མི་ཐུབ་པ་འདི་ཅི་ཡིན་ཟེར་བ་ལ། རྗེ་བཙུན་གྱིས་ང་ཆད་ལྟ་བ་ཡིན་པས་བསད་རུང་ཆད། བརྡུང་རུང་ཆད། ནང་དུ་བཟུང་རུང་ཆད། ཕྱིར་ཕུད་རུང་ཆད། འཁོར་འདས་གཉིས་ཀྱི་འཛིན་པ་ཆད་པས་ལན་པ་ཡིན་གསུངས་པས། དེ་རྣམས་ཀྱི་ནང་ནས་དྲག་པ་རྣམས་ན་རེ། ཁྱེད་གྲུབ་པ་ཐོབ་པའི་རྣལ་འབྱོར་པར་འདུག་པ་ལ་སྔར་རྒོལ་བ་ཞུས་པ་མཐོལ་ལོ་བཤགས། ད་འབྱོན་པར་ཞུ་ཟེར་བས། རྗེ་བཙུན་གྱི་ཞལ་ནས། ངས་དག་གྲུབ་པའམ་དེ་མ་ཐོབ་སྟེ། ལར་རང་གྲུབ་ཐོབ་གང་ན་ཡོད་དང་ཅི་མཛད་མི་ཤེས་པས། ཁྱེད་རང་རྣམས་གཞན་ལ་ལོག་ལྟ་དང་རང་རྩིས་ཆེན་པོ་དེ་མ་བྱེད། མི་དགེ་བཅུ་ལས་ལོག་ལྟ་ཐུ་བྱ་བ་ཡིན་ཞིང་། རང་མཐོང་དེ་བདག་འཛིན་ཡིན་པས་འཁོར་བར་ལྟུང་བའི་རྒྱུ་རང་ཡིན་གསུངས་པས། ཁོང་རྣམས་ན་རེ། ཁྱེད་གྲུབ་ཐོབ་ཡིན་པ་གཞིར་བཞག་འདུག །ད་ལན་དེ་སྐད་འོང་བ་དང་བྱེད་པའི་རྒྱུ་མཚན་ཅི་ཡིན་ཟེར་བ་ལ་མགུར་འདི་གསུངས་སོ། །ཤེལ་གོང་བར་དོའི་སེམས་བཞིན་དུ། །ཀུན་ལ་སྒྲིབ་མེད་ཐོགས་རྡུགས་བྲལ། །བཟུང་བས་མ་ཐུབ་བཏང་མི་ཐོངས། །སྐར་མདའ་ལྟ་བུའི་སྤྱོས་འགྲོས་འདི། །མ་དད་སྣང་བ་བསྒྱུར་ཕྱིར་དུ། །མི་ལ་རས་པས་བྱས་པ་ཡིན། །ད་ཡང་སྤྱོད་པ་མི་བྱེད་དོ། །ད་ལན་ལོག་རྟོག་སེལ་བར་ངེས། །ཞེས་གསུངས་པས། ཁ་ཅིག་ན་རེ། དེ་ངོ་མཚར་ཆེ། ད་སྤྱོད་པ་མི་བྱེད་པ་ཅི་ཡིན་ཟེར་བས། སྤྱོད་པ་བྱེད་པའི་སྐབས་གསུམ་ཡོད་གསུངས་ནས་མགུར་འདི་གསུངས་སོ། །མ་དད་སྣང་བ་བསྒྱུར་བ་དང་། །ཉམས་མྱོང་གོང་དུ་བོགས་འདོན་དང་། །འབྲས་བུ་ངོ་སྤྲོད་བྱེད་པ་གསུམ། །སྤྱོད་པ་བྱེད་པའི་དུས་ཡིན་ཏེ། །གཞན་དུ་དེ་ལྟ་མ་ཡིན་ཞེས། །བླ་མ་རྗེ་ཡི་ཞལ་ནས་གསུང་། །ཞེས་གསུངས་པས། ཡང་ཁ་ཅིག་ན་རེ། གནད་འགག་དེ་འདྲ་བ་ཤེས་ལུགས་ཀྱིས་གཉེན་བཟང་པོས་རྒྱགས་བསྐྱལ་སློབ་གཉེར་དགའ་རབ་བྱས་པ་འདྲ་ཟེར་བས། རྗེ་བཙུན་གྱི་ཞལ་ནས་ངས་སློབ་གཉེར་བྱས་ཀྱང་ཆེར་མ་བྱས། བྱས་རུང་བརྗེད་ནས་ཐལ་ཏེ་བརྗེད་ཀྱང་རུང་གསུངས་ནས་མགུར་འདི་གསུངས་སོ། །མཉམ་པ་ཉིད་དུ་རྟོགས་ཙ་ན། །ཉེ་དུ་འབྲེལ་བ་བརྗེད་དེ་ཐལ། །ཞེན་ཆགས་ཅན་དེ་བརྗེད་ཀྱང་རུང་། །བློ་འདས་ཡེ་ཤེས་རྟོགས་ཙ་ན། །གཟུང་འཛིན་དངོས་པོ་བརྗེད་དེ་ཐལ། །བདེ་སྡུག་ཅན་དེ་བརྗེད་ཀྱང་རུང་། །དྲན་མེད་ཚོར་མེད་རྟོགས་ཙ་ན། །ཉམས་སུ་མྱོང་བ་བརྗེད་དེ་ཐལ། །འཕེལ་གྲིབ་ཅན་དེ་བརྗེད་ཀྱང་རུང་། །སྐུ་གསུམ་རང་ཆས་རྟོགས་ཙ་ན། །ལྷ་ཡི་བསྐྱེད་རིམ་བརྗེད་དེ་ཐལ། །བསམ་ངོའི་ཆོས་དེ་བརྗེད་ཀྱང་རུང་། །རང་གནས་འབྲས་བུ་རྟོགས་ཙ་ན། །རྩོལ་སྒྲུབ་འབྲས་བུ་བརྗེད་དེ་ཐལ། །ཀུན་རྫོབ་ཆོས་དེ་བརྗེད་ཀྱང་རུང་། །སྙན་བརྒྱུད་གདམས་ངག་བསྒོམས་པ་ཡིས། །ཐ་སྙད་བཤད་པ་བརྗེད་དེ་ཐལ། །ང་རྒྱལ་ཆོས་དེ་བརྗེད་ཀྱང་རུང་། །སྣང་སྲིད་དཔེ་ཆར་རྟོགས་ཙ་ན། །ཡིག་ནག་དཔེ་ཆ་བརྗེད་དེ་ཐལ། །ཁུར་ཚའི་ཆོས་དེ་བརྗེད་ཀྱང་རུང་། །ཞེས་གསུངས་པས་ཡང་ཁ་ཅིག་ན་རེ། སངས་རྒྱས་མ་ཐོབ་ཀྱི་བར་དུ་ཐེ་ཚོམ་དང་གོལ་ས་ཡོང་བས་བསླབས་པའི་ཆོས་བརྗེད་ན་མི་རུང་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །འཁྲུལ་པ་སེམས་སུ་ངོ་ཤེས་ནས། །གཞི་མེད་གདེངས་ཤིག་རྙེད་ཙ་ན། །འབད་རྩོལ་ནམ་ཡང་འབྱུང་མི་སྲིད། །དོན་འགྱུར་བ་མེད་པ་དང་རེ་སྤྲོ། །གནས་ལུགས་དོན་ཅིག་རྟོགས་ཙ་ན། །ཆོས་ལ་བླང་དོར་འབྱུང་མི་སྲིད། །མ་རིག་སངས་པ་ཉམས་རེ་དགའ། །འགག་མེད་དོན་ཅིག་རྟོགས་ཙ་ན། །སེམས་ལ་རེ་དོགས་འབྱུང་མི་སྲིད། །འཁྲུལ་པ་ཞིག་པ་བློ་རེ་བདེ། །ཁམས་གསུམ་མ་རིག་པ་ཡིས་འཁོར། །གྲུབ་ཐོབ་བླ་མའི་མན་ངག་གིས། །འདོད་ཡོན་ཞེན་མེད་རྒྱན་དུ་ཆེ། །མཁས་པའི་ཐ་སྙད་མ་བསླབས་ཏེ། །གྲུབ་མཐའ་ཐམས་ཅད་བློ་ཡི་ཆོས། །ཉོན་མོངས་བཟློག་ལ་ཕན་རྒྱུ་ཆུང་། །ང་རྒྱལ་སྐྱུངས་དང་སྟོན་ཆེན་ཀུན། །ཤེས་བྱའི་བབས་དང་འཁྲུལ་པ་གཉིས། །རྟོགས་པའི་དུས་ན་ངོ་བོ་གཅིག །འཁོར་བ་མ་སྤང་དད་ལྡན་རྣམས། །སྣང་བ་མ་བཅོས་རང་སར་ཞོག །མཐར་ཡང་ནམ་མཁའ་རྒྱ་ཡིས་ཐོབ། །སངས་རྒྱས་དག་གི་བླ་དྭགས་ལགས། །ཞེས་གསུངས་པས། །དགེ་འདུན་ཀུན་དད་ནས་ལོག་ལྟའི་སྡིག་པ་མི་བསོགས་ཅིང་ཀུན་ལ་དག་སྣང་ཆེ་བར་གྱུར་ཏོ། །དགེ་འདུན་དེ་རྣམས་ཀྱི་ནང་ནས་རིགས་སད་པའི་དགེ་འདུན་ལི་སྐོར་ཕྱ་རུ་བ་ཞེས་བྱ་བ་ཞིག་ཕྱག་ཕྱིར་འབྲངས་པ་ལ། དབང་དང་གདམས་ངག་གནང་ནས་སྒོམ་དུ་བཅུག་པས། ཉམས་བཟང་པོ་ཤར་ནས་བླ་མ་རྗེ་བཙུན་གྱི་ཐུགས་རྗེ་དང་ནུས་པ་འདི་ལ་ཀུན་སྤྱོད་སྤྱི་དང་མཐུན་པ་ཙམ་མཛད་ན། འཁོར་དབུས་གཙང་གི་དགེ་བཤེས་ཀྱང་འདི་བས་མང་བ་འདུ་ཞིང་སྐུ་བསོད་དང་སྙན་གྲགས་ཀྱིས་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་ཆེ་བར་འོང་བ་འདུག་སྟེ་སྙམ། རྗེ་བཙུན་གྱི་དྲུང་དུ་ཕྱིན་ནས་རང་གིས་བསམ་པ་ལྟར་ཞུས་པས་ང་ལ་བླ་མའི་བཀའ་སྒྲུབ་པ་མིན་པ་གང་གིས་ཀྱང་དགོས་པ་མེད་པས་འཇིག་རྟེན་གྱི་བློ་ངོའི་དགོས་པ་ཅན་རྣམས་གང་དགའ་བགྱིས་གསུངས་ནས་མགུར་འདི་གསུངས་སོ། །སྒྲ་སྒྱུར་མར་པའི་ཞབས་ལ་འདུད། །སྣང་གྲགས་བྲག་ཅར་རྟོགས་པ་ཡིས། །བརཏལ་ཞུགས་སྤྱོད་པ་མ་འགག་པར། །མཛེས་པའི་ཚུལ་འཆོས་བོར་ནས་བཏང་། །ཁེ་གྲགས་ཇི་ལྟར་དགྱེས་དགྱེས་མཛོད། །ཟས་ནོར་སྒྱུ་མར་ཡིད་ཆེས་པས། །ཐོབ་པའི་ཟས་ནོར་བཀྱེ་ནས་བཏང་། །མ་ཐོབ་པ་ལ་འདུན་པ་མེད། །བསོད་ནམས་ཇི་ལྟར་དགྱེས་དགྱེས་མཛོད། །འཁོར་གཡོག་སྤྲུལ་པ་ལྟར་ཤེས་པས། །ཕྱོགས་ནས་བྱོན་པའི་མཁས་བཙུན་ལ། །སེམས་འཛིན་ངོ་སྲུང་ངས་མ་གྲུབ། །གྲྭ་པ་ཇི་ལྟར་དགྱེས་དགྱེས་མཛོད། །མཉམ་པ་ཉིད་ཀྱི་རང་བཞིན་ལ། །ཆགས་སྡང་སྡུག་བསྔལ་རྒྱུར་རྟོགས་ནས། །གདུང་སེམས་ཐག་པ་བཅད་ནས་བཏང་། །ཉེ་དུ་ཇི་ལྟར་དགྱེས་དགྱེས་མཛོད། །ཆོས་ཉིད་སྤྲོས་དང་བྲལ་བ་ལ། །འཛིན་ཆགས་སྤྲོས་པ་རང་སྡུག་ཡིན། །གཟུང་འཛིན་ལྕགས་སྒྲོག་བཀྲོལ་ནས་བཏང་། །སྲེད་པ་ཇི་ལྟར་བཀྲོལ་ནས་བཏང་། །སྲེད་པ་ཇི་ལྟར་དགྱེས་དགྱེས་མཛོད། །སེམས་ཉིད་རང་བཞིན་འོད་གསལ་ལ། །རྣམ་རྟོག་དྲི་མ་མ་མཐོང་བས། །རྟོག་དཔྱོད་བྱེད་པ་བོར་ནས་བཏང་། །ཐ་སྙད་ཇི་ལྟར་དགྱེས་དགྱེས་མཛོད། །ཅེས་གསུངས་པས་རྗེ་བཙུན་ལ་དག་དེ་ཀས་ཆོག་པ་གདའ་སྟེ་བཀའ་བརྒྱུད་ཀྱི་བསྟན་པ་དང་། སེམས་ཅན་དམན་པ་རྣམས་ལ་ཕན་ཐོགས་ཆེ་བར་འདུག་སྙམ་ཞུས་པ་ལགས་ཞུས་པས། ངས་དང་པོ་ནས་དམ་བཅའ་དྲག་པོའི་ཞེ་མནའ་སྐྱེལ་ཡོད་པ་ལྟར། སྔར་ཡང་དེ་ཀ་བྱས། ད་དུང་འདི་ཀ་བྱེད། བསྟན་པ་དང་སེམས་ཅན་ལ་ཡང་དེ་ཀས་ཕན་ཐོགས་རྒྱ་ཆེན་འོང་ངེས་གསུངས་པ་ལ། དབུ་སྙུང་ཅི་འདྲ་བཞེས་ཞུས་པས་ངའི་མནའ་འདི་ལྟར་ཡིན་པས་ཁྱེད་རྗེས་འཇུག་རྣམས་ཀྱང་དེ་ལྟར་གྱིས་ཤིག་གསུངས་ནས་མགུར་འདི་གསུངས་སོ། །ང་འཁོར་བ་འདི་ལ་འཇིགས་དྲགས་ནས། །སྒྲ་སྒྱུར་མར་པའི་བཀའ་དྲིན་གྱིས། །དམ་ཆོས་རོ་མཆོག་མ་མྱངས་པར། །ཕྱི་རོལ་ཡུལ་ལ་སེམས་འཇུག་རི། །སྒྲ་སྒྱུར་གསུང་བཞིན་མ་གྲུབ་པར། །ཡུལ་དུ་ལྟོ་ཕྱིར་བདག་འགྲོ་རི། །ཐབས་ལམ་ཀློང་དུ་མ་ཆུད་པར། །བརཏལ་ཞུགས་སྤྱོད་པ་ཕྱིར་སྟོན་རི། །ནཱ་རོའི་གདམས་ངག་རྗེས་གནང་གིས། །བཀའ་བརྒྱུད་བསྟན་པ་མི་འཛིན་རི། །ཐོག་མར་སྨོན་འཇུག་སེམས་བསྐྱེད་བཞིན། །རང་དོན་དམ་ཆོས་བདག་བྱེད་རི། །མར་པའི་གསང་སྤྱོད་ལྷུན་གྲུབ་འདི། །བོད་དུ་དར་བར་མི་བྱེད་རི། །བླ་མ་གང་ལ་མཉེས་པ་དེ། །ད་ལྟ་འབད་ནས་མི་སྒྲུབ་རི། །ཞེས་གསུངས་པས་ལི་སྐོར་ཕྱ་རུ་བ་ཡང་རྗེ་བཙུན་གྱི་ཐུགས་རྗེས་སྣང་བ་འགྱུར་ཏེ། རྗེ་བཙུན་གྱིས་ཐུགས་དམ་བཞིན་བདག་གིས་ཀྱང་གྲུབ་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ཅིང་ཡིད་ཀྱི་དམ་བཅའ་དྲག་པོ་བྱས་ནས་རི་ཁྲོད་དུ་གཡེལ་མེད་དུ་བསྒོམས་པས་ཐུགས་རྒྱུད་ལ་ས་ལམ་གྱི་ཡོན་ཏན་ངོ་མཚར་ཅན་འཁྲུངས་ཏེ། སྟོན་སྒོམ་ཉེ་བའི་སྲས་ལི་སྐོར་ཕྱ་རུ་བ་དེ་བྱུང་བ་ཡིན་ནོ། །ལི་སྐོར་ཕྱ་རུ་བའི་སྐོར་ཏེ་སྐལ་ལྡན་གྱི་གདུལ་བྱ་ཐུགས་སྲས་བུ་ཆེན་རྣམས་རྗེས་སུ་བཟུང་བའི་སྐོར་རོ།། །།


༈ ན་མོ་གུ་རུ། རྗེ་བཙུན་མི་ལ་རས་པ་དེ་ཉིད་ཁུ་བྱུག་དབེན་པ་རྫོང་ན་བཞུགས་དུས་རས་ཆུང་པས་སྒོ་གསུམ་གྱི་ཉམས་ལེན་ཞིག་གསུང་དུ་གསོལ་ཞུས་པས་རྗེ་བཙུན་གྱིས་མགུར་འདི་གསུངས་སོ། །སྐུ་ཡི་མི་རྟོག་དམ་ཚིག་བསྲུངས། །གསུང་གི་སྤྱོད་པ་མ་ཧེ་སྐྱོངས། །ཐུགས་ཀྱི་མཚན་ཉིད་སྐྱེ་མེད་ལྟོས། །ཞེས་གསུངས་པས་རས་ཆུང་པས། བདག་ཅག་མི་ཤེས་གཏི་མུག་པས། །སྐུ་ཡི་དམ་ཚིག་ཇི་ལྟར་བསྲུང་། །གསུང་གི་སྤྱོད་པ་ཇི་ལྟར་སྐྱོང་། །ཐུགས་ཀྱི་མཚན་ཉིད་ཇི་ལྟར་ལྟ། །ཞེས་ཞུས་པས། རྗེ་བཙུན་གྱིས། སྐུ་ཡི་མི་རྟོག་དམ་ཚིག་གསུམ། །བསླབ་གསུམ་སྡོམ་པ་ཉམས་མེད་སྲུངས། །གསུང་གི་དམ་ཚིག་མ་བཅོས་སྐྱོངས། །ཐུགས་ཀྱི་མཚན་ཉིད་རྣམ་གྲོལ་ལྟོས། །ཞེས་གསུངས་པ་ལ། རས་ཆུང་པས་དགོངས་འགྲེལ་བགྱིས་པ། ཆོས་སྐུ་ལྷན་ཅིག་སྐྱེས་སྦྱོར་ལ། །ལོངས་སྐུ་རྟོག་པ་རང་སར་གྲོལ། །སྤྲུལ་སྐུ་འགྲོ་དོན་དཔག་མེད་བྱེད། །གཞི་ནི་ངེས་འབྱུང་སོ་ཐར་ལ། །ལམ་ནི་བྱང་སེམས་བསླབ་བྱའི་དོན། །འབྲས་བུ་གསང་སྔགས་དམ་ཚིག་བསྲུང་། །ཆོས་བརྒྱད་ཚེ་འདིའི་བློ་བཟློག་ལ། །འདོད་པས་གསོག་འཇོག་སྤང་བྱས་ཏེ། །གཡོ་སྒྱུ་ལོག་འཚོ་སྤངས་ཏེ་བསྲུང་། །ལུས་ནི་སྨྱོན་པ་རྟོག་མེད་ལ། །ངག་ནི་ལྐུགས་པ་མི་སྨྲ་ཞིང་། །སེམས་ནི་བུ་ཆུང་ཞེན་མེད་སྤྱོད། །ཅེས་ཞུས་པས་རྗེ་བཙུན་གྱི་ཞལ་ནས། དེ་ལ་གནད་མ་ཤེས་ན་འདི་ལྟར་འགྱུར་ཞེས་མགུར་འདི་གསུངས་སོ། །ང་ཐར་བྱས་པས་ཐར་མི་ནུས། །མ་གྲོལ་དར་མདུད་གློད་ཅིང་དམ། །མ་རྟོགས་དམུས་ལོང་ཐང་ལ་འཁྱམ། །སོ་ཐར་མེད་ན་ངེས་འབྱུང་མེད། །བྱང་སེམས་མེད་ན་གཞན་དོན་མེད། །གསང་སྔགས་མེད་ན་ངོ་སྤྲོད་མེད། །ཆོས་བརྒྱད་ཚེ་འདིའི་གཡབ་མོ་ཡིན། །འདོད་པ་དགེ་འཇོམས་སེར་བ་ཡིན། །གཡོ་སྒྱུ་འཁོར་བའི་བཙོན་ར་ཡིན། །རྟོག་པ་བྱུང་ན་གཟུང་འཛིན་ཡིན། །སྨྲས་པས་ཐ་སྙད་རྗེས་མི་ཆོད། །ཆགས་ན་འཁོར་བར་འཆིང་བའི་རྒྱུ། །བརྒྱུད་པ་མེད་ན་བཀའ་ཆད་ཡིན། །དམ་ཚིག་མེད་ན་གཤིན་རྗེ་ཡིན། །མི་མཐུན་དགྲ་ཟུན་སྤེལ་མ་ཡིན། །གཞི་རྩ་བྱུང་ན་སྤང་བླང་ཡིན། །སྐྱེ་བ་བྱུང་ན་དངོས་འཛིན་ཡིན། །རྟོགས་པ་མེད་ན་ཡིད་སྨོན་ཡིན། །དོན་སྟོན་མི་ནུས་དོན་མེད་ཡིན། །ཞེས་གསུངས་སོ། །ལན་གཅིག་རྗེ་བཙུན་དབུ་གཏུམས་ནས་བཞུགས་འདུག་པས། རས་ཆུང་ཞིག་གིས་རྗེ་བཙུན་གཟིམས་པ་ཅི་ལགས་ཞུས་པས་མགུར་འདི་གསུངས་སོ། །ང་ཡི་མགོ་བོ་གཏུམས་པས་རྒྱང་མིག་མཐོང་། །འཇིག་རྟེན་མིག་གསལ་ཅེ་རེ་ལོང་། །ང་གཅེར་ཉལ་བྱས་པས་ཆོས་སྤྱོད་ཟིན། །འཇིག་རྟེན་ཆོས་བརྒྱད་གཡེང་བའི་རྒྱུ། །བྱ་བ་མ་ལུས་སེམས་ལ་རྫོགས། །ཉམས་རྒྱུན་ཆད་མེད་པ་ངོ་མཚར་ཆེ། །བྱ་བ་བྱས་པའི་རྣལ་འབྱོར་ང་། །གང་ལྟར་བྱས་ཀྱང་བདེ་བའི་དབྱིངས། །ཞེས་གསུངས་སོ། །ཡང་རྗེ་བཙུན་རྩིག་པ་རྐང་མཐིལ་རྫོང་ན་བཞུགས་དུས། རས་ཆུང་པས་རྣལ་འབྱོར་པའི་ཉམས་རྟོགས་དང་ནུས་པ་ཐོན་ན་མ་གསང་ཡང་རུང་ལགས་སམ་ཞུས་པས་མགུར་འདི་གསུངས་སོ། །གང་ལ་གནས་པའི་སེང་གེ་དང་། །ནགས་ལ་གནས་པའི་རྒྱ་སྟག་དང་། །མཚོ་ལ་གནས་པའི་ཉ་མོ་གསུམ། །འདི་གསུམ་སྦས་ན་ངོ་མཚར་ཆེ། །འདི་གསུམ་སྦས་ན་དགྲ་ཡང་ཉུང་། །འདི་གསུམ་ཕྱི་ཡི་དཔེ་གསུམ་ལགས། །ནང་གི་དོན་ལ་སྦྱར་ཙ་ན། །རྣལ་འབྱོར་པ་ཡི་ལུས་དང་གཅིག །གསང་སྔགས་ཐབས་ཀྱི་ལམ་དང་གཉིས། །ཉམས་སུ་མྱོང་བའི་འབྲས་བུ་གསུམ། །འདི་གསུམ་སྦས་ན་ངོ་མཚར་ཆེ། །འདི་གསུམ་སྦས་ན་དགྲ་ཉུང་སྟེ། །འདི་གསུམ་སྦེད་པ་ཉུང་བར་གདའ། །དེ་ཕྱིར་བོད་ན་གྲུབ་ཐོབ་ཉུང་། །ཞེས་གསུངས་སོ། །ཡང་རྗེ་བཙུན་ལ་གཤེན་སྒོམ་རས་པས་དོགས་པ་མང་དུ་བྱུང་བ་རྣམས་ཞུས་པས། ཞིབ་རྒྱས་སུ་བཀྲོལ་བའི་མཐར་དོན་བསྡུ་ལ་མགུར་འདི་གསུངས་སོ། །དུ་མ་རོ་གཅིག་མ་རྟོགས་ན། །འོད་གསལ་བསྒོམས་པ་རྟག་ལྟ་ལགས། །བདེ་ཆེན་ཟུང་འཇུག་མ་རྟོགས་ན། །སྟོང་ཉིད་བསྒོམས་པ་ཆད་ལྟ་ལགས། །ཅིར་སྣང་སྒོམ་དུ་མ་ཤེས་ན། །མི་རྟོག་བསྒོམས་པ་རྣམ་རྟོག་ལགས། །ཐ་མལ་ཐུག་ཕྲད་མ་རྟོགས་ན། །གཉིས་མེད་བསྒོམས་པ་བཅོས་མ་ལགས། །ངང་སེམས་སྐྱེ་མེད་མ་རྟོགས་ན། །མི་དམིགས་བསྒོམས་པ་རྩོལ་སྒྲུབ་ལགས། །ཞེན་པ་རང་ལོག་མ་བྱུང་ན། །སྤྱོད་མེད་སྤྱོད་པ་བླང་དོར་ལགས། །དགག་སྒྲུབ་མེད་པར་མ་ཤེས་ན། །དགེ་བ་སྤྱད་པས་མི་དགེར་འགྱུར། །སྐྱེ་ཤི་མེད་པར་མ་ཤེས་ན། །རྩོལ་སྒྲུབ་བྱས་པས་འཁོར་བའི་རྒྱུ། །ཞེས་གསུངས་པས་སྒྲོ་འདོགས་མ་ལུས་པ་ཆོད་དོ། །ཡང་རྗེ་བཙུན་མི་ལ་རས་པ་དེ་ཉིད་ཚེ་རིང་མའི་མགུལ་ཆུ་བོ་བཟང་གི་འགྲམ་ཤེལ་ཕུག་ཆུ་ཤིང་རྫོང་ན་བཞུགས་དུས་ཆར་མ་བབས་པས་བྲིན་གྱི་ཡོན་བདག་འགའ་ཞིག་ཆུའི་རྩ་བ་ལ་འཐབ་མོ་བྱུང་བས་རྗེ་བཙུན་གྱི་དྲུང་དུ་འདུམས་ཞུ་རུ་བྱུང་བ་ལ། རྗེ་བཙུན་གྱི་ཞལ་ནས། ངས་འཇིག་རྟེན་གྱི་བྱ་བ་མི་ཤེས་ཏེ་ཆར་ཕབ་ནས་ཁྱེད་ཚོ་འཐབ་མོ་མི་དགོས་པ་བྱའོ་གསུངས་པས། རས་ཆུང་པས་འདུམས་མཛད་པར་གསོལ་བ་བཏབ་པ་ལ། རང་རེ་རྣལ་འབྱོར་པ་འཁོན་བར་དུ་འཇུག་དོན་མེད་གསུངས་ནས་མགུར་འདི་གསུངས་སོ། །ཡོན་ཏན་ཕུན་ཚོགས་དཔལ་གྱི་རི། །དགོས་འདོད་ཐམས་ཅད་འབྱུང་བའི་གནས། །སྒྲ་སྒྱུར་ལོ་ཙྪ་ཆེན་པོ་ཡི། །ཞབས་ལ་སྒོ་གསུམ་གུས་པས་བསྟོད། །སྤྱི་པ་དང་བར་པ་གྲོས་འདེབས་གསུམ། །ཕྱོགས་རིས་ཟུག་རྔུ་སྐྱེ་བའི་རྒྱུ། །ཕྱོགས་མེད་རང་ས་འཛིན་འདོད་ན། །གཉེར་མེད་ལྐུགས་པ་མཁྱེན་ལགས་སམ། །ཕ་ཡུལ་དང་ནོར་རྫས་གཉེན་འབྲེལ་གསུམ། །ཁམས་གསུམ་འཁོར་བར་འཆིང་བའི་རྒྱུ། །སྡུག་བསྔལ་ཆུ་བོ་སྒྲོལ་འདོད་ན། །འཁྲི་བ་བཙན་ཆོད་མཁྱེན་ལགས་སམ། །རང་འདོད་དང་གཡོ་སྒྱུ་ཟོལ་ཟོག་གསུམ། །ངན་སོང་གསུམ་དུ་ལྟུང་བའི་རྒྱུ། །མཐོ་རིས་ཐར་ལམ་མཐོང་འདོད་ན། །རང་སེམས་དྲང་པོ་མཁྱེན་ལགས་སམ། །བཤད་པ་དང་བཤེས་གཉེན་བགྲོ་གླེང་གསུམ། །ང་རྒྱལ་ཕྲག་དོག་སྐྱེ་བའི་རྒྱུ། །དམ་ཆོས་ཉམས་སུ་ལེན་འདོད་ན། །དམན་ས་འཛིན་པ་མཁྱེན་ལགས་སམ། །ཐབ་ཀ་དང་ལས་ཀ་ངོ་བསྲུང་གསུམ། །རྣལ་འབྱོར་བསམ་གཏན་བཤིག་པའི་རྒྱུ། །གཉུག་མའི་ཡེ་ཤེས་སྐྱོང་འདོད་ན། །ཁྲེལ་མེད་གདོད་ཆུང་མཁྱེན་ལགས་སམ། །དཔོན་དང་གཡོག་དང་སློབ་རིགས་གསུམ། །གཡེང་བ་སེམས་ཁྲལ་སྐྱེ་བའི་རྒྱུ། །གཅིག་པུར་ཉམས་སུ་ལེན་འདོད་ན། །དཔོན་མེད་གཡོག་མེད་མཁྱེན་ལགས་སམ། །མཐུ་དང་ནུས་པ་ཐོ་ཅོ་གསུམ། །རྣལ་འབྱོར་རང་སྲོག་སྐྱེལ་བའི་རྒྱུ། །དམ་ཆོས་མཐའ་རུ་འདོན་འདོད་ན། །འཇོལ་མོའི་རྣམ་ཐར་མཁྱེན་ལགས་སམ། །ཆོས་འགལ་ཉེས་པ་རྒྱུ་བདུན་ལ། །གཉེན་པོ་རིམ་པ་བདུན་གྱི་དབྱངས། །ཉམས་ལ་ཤར་ནས་བླངས་པ་ཡིན། །དགེ་བས་བྱང་ཆུབ་ཐོབ་པར་ཤོག །ཅེས་གསུངས་ཤིང་དཀོན་མཆོག་ལ་གསོལ་བ་བཏབ་པས་ཆར་ཆེན་པོ་བབས་ཏེ་རྩོད་པ་ཐམས་ཅད་རང་ཞི་ལ་སོང་ངོ་། དེ་ནས་གྲྭ་པ་བུ་སློབ་རྣམས་ཀྱི་ཕྱག་ཆེན་དང་ཆོས་དྲུག་གི་གནད་ཆེ་བ་རྣམས་ཐུགས་རྗེས་འཛིན་པར་ཞུ་ཞུས་པས། ཉམས་ལེན་ཚུལ་བཞིན་བྱེད་ན་གནད་འདི་རྣམས་ཤིན་ཏུ་གཅེས་པས་ཡིད་ལ་ཟུངས་ཤིག་གསུངས་ནས་མགུར་འདི་གསུངས་སོ། །ཕ་མྱ་ངན་འདས་པའི་ཚུལ་བསྟན་ཀྱང་། །དག་པ་ལོངས་སྐུའི་ཞིང་ཁམས་ནས། །ཁམས་གསུམ་འགྲོ་བའི་དོན་མཛད་པའི། །སྒྲ་སྒྱུར་མར་པའི་ཞབས་ལ་འདུད། །བུ་བདེ་བ་སྐྱོང་དང་ཞི་བ་འོད། །ངན་རྫོང་སྟོན་པ་ལ་སོགས་པའི། །ཕ་ངས་གཅེས་པར་བསྐྱངས་པའི་བུ། །འདིར་བཞུགས་སྐལ་ལྡན་བུ་སློབ་རྣམས། །ཉམས་ལེན་གནད་དུ་དྲིལ་བའི་དོན། །གཅེས་པ་བཅུ་ཡི་གླུ་འདི་ཉོན། །འཇའ་ཚོན་ལྟ་བུའི་ལྷ་སྐུ་ལ། །ཟུང་འཇུག་རང་བཞིན་སྟོང་པ་གཅེས། །འདྲེ་གདོན་སེམས་ཀྱི་ཆོ་འཕྲུལ་ལ། །མེད་སྣང་སྒྱུ་མར་ཤེས་པ་གཅེས། །དྲིན་ཆེན་བླ་མ་རྗེ་བཙུན་ལ། །རྒྱུན་ཆད་མེད་པའི་མོས་གུས་གཅེས། །ལས་ཟིན་དུས་མེད་པའི་བྱ་བ་ལ། །བརྡོས་ཐག་ཆོད་པའི་བློ་རྒོད་གཅེས། །རྩ་རླུང་བདེ་དྲོད་འཁོར་ལོ་ལ། །མ་ཡེངས་འབད་རྩོལ་བྱེད་པ་གཅེས། །རྨི་ལམ་སྒྱུ་ལུས་བསྲེ་བ་ལ། །མཚམས་སྦྱོར་འདུན་པ་དྲག་པོ་གཅེས། །ངོ་བོ་འོད་གསལ་རྗེན་པ་ལ། །ཐ་སྙད་བྲལ་བའི་ཉམས་ལེན་གཅེས། །སྣ་ཚོགས་སྣང་བ་སྟོང་ཉིད་ལ། །གཞི་རྩ་ཆོད་པའི་གདམས་ངག་གཅེས། །མ་རྟོགས་སེམས་ཅན་ཐམས་ཅད་ལ། །བྱམས་དང་སྙིང་རྗེའི་རྒྱུན་ཐག་གཅེས། །རང་སེམས་སྐྱེ་མེད་ཆོས་སྐུ་ལ། །རེ་དོགས་བྲལ་བའི་ཡིད་ཆེས་གཅེས། །དོན་དེ་ཀུན་གཅེས་སོ་ཕ་ཡི་བུ། །དེ་ཉམས་སུ་ལོངས་ཤིག་བུ་སློབ་རྣམས། །ཞེས་གསུངས་པས་བུ་སློབ་རྣམས་ལ་ཐུགས་སྐྱེད་ཆེ་བར་བྱུང་བ་ཡིན་ནོ། །དེ་ནས་རྗེ་བཙུན་ལ་རས་ཆུང་པས་དགའ་བཞིའི་ཡེ་ཤེས་ཀྱི་ངོ་སྤྲོད་ཞུས་པས། རྒྱས་པར་གནང་བའི་མཐར་མགུར་འདི་གསུངས་སོ། །ནགས་ཚལ་དབེན་པའི་ས་ཕྱོགས་སུ། །སྤྱོད་ལམ་རྣམ་བཞི་ཆ་སྙོམས་འཚལ། །ནང་གི་འབྱུང་བཞི་རོ་སྙོམས་འཚལ། །དགའ་བཞིའི་ཡེ་ཤེས་ཐུགས་ལ་འཆར། །ཞེས་གསུངས་སོ། །ཡང་རྗེ་བཙུན་མི་ལ་རས་པ་དེ་ཉིད་བྲིན་གྱི་ཕུ་ཡག་ཟ་ཞེས་བྱ་བར་ལྡོམ་བུ་ལ་བྱོན་པས། ཡོན་བདག་རྣམས་ན་རེ། ལ་ཟེ་དགོན་པ་ཞེས་བྱ་བ་ན་ཕུག་པ་སྐྱིད་པོ་རང་ཞིག་ཡོད། དེར་བཞུགས་ན་ངེད་ཀྱིས་ཞབས་ཏོག་བྱེད་པ་ཡིན་ཏེ། ཡང་འདྲེ་མོས་ཀ་ཕུང་ལ་གཏོང་ངམ་ཟེར་བྱུང་བས། ཕུག་པ་དང་འདྲེ་ཇི་འདྲ་ཡོད་གསུངས་པས། ཕུག་པ་སྐྱིད་པོ་ཡོད་དེ། དེར་བཞུགས་ཚད་འདྲེ་མོ་ཞིག་གིས་ཟོས་རང་ཟོས། ད་ཁྱེད་ཀྱིས་ཐུལ་ན་འདུལ་གྲོགས་མཛོད་ཅེས་ཞུས་པས། རྗེ་བཙུན་གྱིས་དེར་བྱོན་ནས་བཞུགས་པས། ནམ་སྲོད་ལ་བུད་མེད་གཅིག་འོངས་ནས་ངའི་ཁྱིམ་ན་སུ་ཡོད་ཟེར་སྡིགས་མོ་བྱེད་དུ་བྱུང་བ་ལ། བྱམས་སྙིང་རྗེ་བསྒོམས་པས་གཡོན་ཅན་སྨེ་བ་ཅན་ཞིག་འདུག་ཟེར་སོང་བ་ལས། དམག་མང་པོ་བོས་བྱུང་སྟེ་རི་བསྙིལ་བ་དང་། ཐོག་འབེབས་པ་ལ་སོགས་ཏེ་ཆོ་འཕྲུལ་སྣ་ཚོགས་སྟོན་དུ་བྱུང་བ་ལ། རྗེ་བཙུན་ཏིང་ངེ་འཛིན་གྱི་ངང་ལ་བཞུགས་ནས་གླགས་མ་རྙེད་པ་དང་། འདྲེ་དམག་རྣམས་ན་རེ། ངེད་རྣམས་ལ་གནས་མལ་དགོས་པར་འདུག །ཁྱེད་དོན་ཅི་ལ་བྱོན་རུང་ད་ཁྱོད་རང་གི་ཡུལ་དུ་བྱོན། མི་འགྲོ་ན་ངེད་དམག་མང་པོ་བོས་ནས་ཁྱོད་ཀྱི་ཤ་ཁྲག་ལ་སུས་ཐོབ་བྱའོ་ཟེར་བྱུང་བས། རྗེ་བཙུན་གྱིས་སྙིང་རྗེ་ཆེན་པོའི་ངང་ནས་མགུར་འདི་གསུངས་སོ། །ཁྱོད་ཡི་དྭགས་དམག་ཚོགས་ལེགས་པར་ཉོན། །འདྲེ་མོ་ཞེ་གནག་གདུག་རྩུབ་ཅན། །འབྱུང་པོ་ཡི་དྭགས་ཐམས་ཅད་ལ། །རང་གི་ལས་བྱས་རང་ལ་སྨིན། །གདུག་སེམས་སྐྱེས་ཤིང་སྡུག་བསྔལ་ཆེ། །བསམ་ངན་སྐྱེ་ཞིང་བསོད་ནམས་འཛད། །ཟ་འདོད་ལངས་ཤིང་ཟ་རྒྱུ་དཀོན། །ལྟོགས་སྣང་ཆེས་པས་རང་སྐལ་ཆད། །འགྲོ་འདུག་མང་བས་གནས་མལ་ཤོར། །བྱེད་རྒྱུ་མང་བས་ཚར་དུས་མེད། །ལས་ངན་བསགས་ཤིང་དོན་མི་འགྲུབ། །ཁ་ཕོ་ཆེ་བས་དགྲ་མི་ཐུབ། །ཁྱོད་ཡིད་ངན་འདྲེ་མོའི་ཆོ་འཕྲུལ་ལ། །ང་རྣལ་འབྱོར་ཤིན་ཏུ་དགོད་སྙིང་འདོད། །ཆོ་འཕྲུལ་རྫུན་གྱི་ར་རི་ལ། །ང་རྣལ་འབྱོར་ཤིན་ཏུ་རྒྱུ་མཚན་ཞིབ། །ཁྱོད་གནས་མལ་འདོད་ན་སྟབས་སུ་སྡོད། །གསུང་གླེང་ཡོད་པ་མུས་ཀྱིས་བྱེད། །གནས་འདིར་སྒོམ་ཆེན་མང་པོ་བོར། །ང་དེ་ཡི་རྩ་ར་བྱེད་དུ་འོངས། །གནས་འདིའི་བདག་ཁྱེད་ཚོ་ཡིན་པ་ན། །ངས་མ་རྙེད་པ་དེ་རྙེད་པ་ཡིན། །འདྲེ་འདིར་ཚོགས་གཅིག་ཀྱང་མ་འགྲོ་བར། །གཞན་འདྲེ་སྲིན་ཡོད་ཚད་བོས་ལ་ཤོག །ཅེས་གསུངས་པས། འདྲེའི་གཙོ་མོ་དེ་ན་རེ། ཁྱེད་སྟོང་ཉིད་སྙིང་རྗེའི་གོ་ཆ་གྱོན་པ་ཞིག་ལ་ངེད་ཀྱིས་གླགས་མི་རྙེད་པར་འདུག་ཟེར། ཀུན་གྱིས་ཕྱག་བཙལ་སྲོག་སྙིང་ཕུལ། དམ་ལ་བཏགས། ལས་རྒྱུ་འབྲས་ཀྱི་ཆོས་བཤད་ནས་ཡོན་བདག་རྣམས་ཀྱི་སར་བྱོན་པས། འདྲེ་ཐུལ་ལགས་སམ་ཞུས་པ་ལ། བདུད་ཐུལ་གསུངས་ནས་མགུར་འདི་གསུངས་སོ། །བྲིན་གྱི་ལ་ཟེ་དགོན་པ་རུ། །སྒྱུ་མ་ལུས་ཀྱི་སྐྱིལ་ཀྲུང་བཅས། །གཉིས་སུ་མེད་པར་མཉམ་པར་བཞག །སྐྱེ་བ་མེད་པའི་དམིགས་པ་ལ། །ཡེངས་པ་མེད་པར་བློ་བཞག་ནས། །བདུད་མོའི་གནོད་སེམས་བྱང་ཆུབ་སྒྱུར། །མ་རུངས་སེམས་བྲལ་སློབ་མར་བྱས། །ད་ནི་སུ་འགྲོ་ཉམ་ང་མེད། །གང་སྡོད་ཐུགས་དམ་ཡར་ལ་འཕེལ། །གནས་ནི་བཀྲ་ཤིས་ལྷ་མོ་ཕུག །གནས་པོ་དགེ་བསྙེན་བླ་མ་སྐྱབས། །ངེད་རང་ཚོ་དང་གྲོགས་མཆེད་ཡིན། །དེ་བཞིན་དགོངས་ལ་སུ་འགྲོ་སོང་། །ཚེ་རིང་ནད་མེད་དངོས་གྲུབ་ཐོབ། །ཅེས་གསུངས་པས་ཡོན་བདག་ཀུན་དགའ་ཞིང་དད་པར་གྱུར་ཏེ། བསྙེན་བཀུར་ཕུལ་ནས་རྗེ་བཙུན་གྱིས་ཞག་ཤས་དེར་བཞུགས་པ་ལས། རྫི་བོ་ཞིག་དད་པ་ཐོབ་ནས་བདག་གི་སེམས་ལ་ཕན་པའི་ཆོས་ཤིག་གནང་བར་ཞུ་ཞུས་པས། ཆོས་བཤད་རུང་ཉམས་སུ་ལེན་མཁན་འདི་ཉུང་བར་འདུག་གསུངས་ནས་མགུར་འདི་གསུངས་སོ། །འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལ། །སྐྱོ་བ་སྐྱེ་བའི་ཆོས་བཤད་ཀྱང་། །ཞེན་པ་ལོག་པའི་མི་རེ་ཉུང་། །ཚེ་ཡོངས་སུ་ཟད་པའི་ལྷག་མ་ལ། །བསྡད་ལོང་མེད་དོ་བྱས་ལགས་ཀྱང་། །འཆི་བ་དྲན་པའི་མི་རེ་ཉུང་། །དལ་འབྱོར་མི་ལུས་ཐོབ་དུས་སུ། །གཏན་ཁྲིམས་བསྲུང་བ་དཀོན་ལགས་ཀྱང་། །བསྙེན་གནས་ཉིན་རེ་ཙམ་བསྲུང་བའི་མི་རེ་ཉུང་། །མཐོ་རིས་ཐར་པའི་ཕན་ཡོན་དང་། །འཁོར་བའི་ཉེས་དམིགས་བཤད་ལགས་ཀྱང་། །ཆོས་སྒོར་ཞུགས་པའི་མི་རེ་ཉུང་། །སྙན་བརྒྱུད་ཀྱི་གདམས་ངག་ཟབ་མོ་ལ། །ཕངས་སེམས་མེད་པར་བསྟན་ལགས་ཀྱང་། །ཉམས་སུ་ལེན་པའི་མི་རེ་ཉུང་། །དམ་ཆོས་ཕྱག་རྒྱ་ཆེན་པོ་ལ། །ཁྲིད་དང་ངོ་སྤྲོད་བྱས་ལགས་ཀྱང་། །སེམས་ངོ་ཤེས་པའི་མི་རེ་ཉུང་། །བླ་མའི་ཐུགས་དགོངས་རི་ཁྲོད་ལ། །རྟག་པར་སྤྲོ་བ་བསྐྱེད་ལགས་ཀྱང་། །སྒྲུབ་པ་བྱེད་པའི་མི་རེ་ཉུང་། །ནཱ་རོའི་ཐབས་ལམ་ཟབ་མོ་ལ། །སྦ་སྲི་མེད་པར་བསྟན་ལགས་ཀྱང་། །གྲོད་རྟགས་ཐོན་པའི་མི་རེ་ཉུང་། །ཁྱོད་དལ་འབྱོར་མི་ལུས་འདི་ཉིད་ལ། །དོན་ཡོད་བྱེད་ན་ང་ཕྱིར་འདོང་། །ཞེས་གསུངས་པས། ཁོ་མི་ཕྱེད་པའི་དད་པ་ཐོབ་ནས། རྗེ་བཙུན་གྱི་ཕྱག་ཕྱིར་འབྲངས་པ་ལ་དབང་དང་གདམས་ངག་གནང་ནས་བསྒོམས་པས་རྟོགས་ལྡན་བཟང་པོ་ཞིག་བྱུང་ངོ་། །ཡང་རྗེ་བཙུན་མི་ལ་རས་པ་དེ་ཉིད་ཀྱིས་སེམས་ཅན་གྱི་དོན་དུ་ལྡོམ་བུ་ལ་བྱོན་པའི་ཚེ། ཡུལ་སྡེ་ཆེན་པོ་ཞིག་གི་དབུས་ན་སྐྱེས་པ་རྣམས་ཤོ་དང་། རྒྱལ་བློན་དང་། མདའ་རྡོ་ལ་སོགས་པའི་རྩེད་སྣ་མང་པོ་བྱེད་པ་དང་། བུད་མེད་རྣམས་བལ་ལས་སྣ་ཚོགས་བྱེད་ཅིང་འདུག་པའི་དབུས་སུ་བྱོན་ནས་འཚོ་བ་དགོས་གསུངས་པས། བུ་མོ་གཞོན་ནུ་མ་ཞིག་ན་རེ་བླ་མ་ཁྱེད་ལ་ཡུལ་ཁང་ཞིང་ས་ཕ་མ་སྤུན་ཟླ་ཉེ་འབྲེལ་སོགས་མེད་པ་ལགས་སམ་ཟེར་བ་ལ། དེ་རྣམས་མི་ཞན་ལྷག་པ་ཞིག་ཡོད་གསུངས་པས། མོ་ན་རེ་ཡོད་ན་ཆོས་རྒྱགས་གཉེན་གྱིས་སྐྱེལ་བ་ཡིན། ཡོད་ཚུལ་རྣམས་གསུངས་དང་ཟེར་བ་ལ། མགུར་འདི་གསུངས་སོ། །ཡུལ་ནི་ཀུན་བཟང་བདེ་ཆེན་ཡིན། །ཞིང་ནི་འདུན་པ་བཟང་པོ་ཡིན། །ཁང་པ་སྙིང་རྗེ་ཆེན་པོ་ཡིན། །ཕ་ཚན་བདེ་གཤེགས་རིགས་བཟང་ཡིན། །ཕ་སྤུན་ཕྱོགས་བཅུའི་ཆོས་མཛད་ཡིན། །ཡབ་མེས་ཏིལླི་ནཱ་རོ་ཡིན། །ཕ་ནི་ཐབས་ཀྱི་རྒྱལ་པོ་ཡིན། །མ་ནི་ཤེས་རབ་བཟང་མོ་ཡིན། །ཕུ་བོ་དམ་ཚིག་གཙང་མ་ཡིན། །ནུ་བོ་བརྩོན་འགྲུས་དྲག་པོ་ཡིན། །སྲིང་མོ་དད་པ་ལྷམ་མེ་ཡིན། །ང་རང་རང་བྱུང་ཐོལ་སྐྱེས་ཡིན། །རང་ནི་གནས་ལུགས་བསྒོམས་པ་ཡིན། །འབྱུང་བ་ཡོན་ཏན་འབྱུང་བ་ཡིན། །ཐོལ་གྱིས་ལྷ་དང་མཇལ་བ་ཡིན། །སྐྱེས་པ་ཆོས་སྐུར་སྐྱེས་པ་ཡིན། །ཞེས་གསུངས་པས། རྩེད་མོ་བ་ཀུན་འདུས་བྱུང་ཚེ། བུ་མོ་ན་རེ་བླ་མ་དེ་རྣམས་ངོ་མཚར་ཆེ། ཁྱེད་ཐུགས་བྲེལ་ཆུང་བར་གདའ་བས་ངེད་ཀྱི་ལྷ་རྟེན་གྱི་ཞབས་ཏོག་དང་། འདི་ཕྱིའི་རྐྱེན་བཟློག་མཆོད་གནས་ལ་བཞུགས་པར་ཞུ། བྱིན་རླབས་ཀྱང་ཆེ་ཆེ་འདྲ་བར་གདའ་ཟེར། གཞོན་པ་གཞན་རྣམས་ན་རེ་རྣལ་འབྱོར་པ་ངེད་ཚོའི་རྩེད་མོ་དང་། བུད་མེད་རྣམས་ཀྱི་ལས་འདི་རྣམས་སྐྱིད་པའི་རྟགས་ཡིན། ལྷའི་ལོངས་སྤྱོད་འདྲ་བ་འདུག་གམ། ཁྱེད་གྲེ་བ་བདེ་མོ་རང་ཞིག་འདུག་པས་ངེད་ཀྱི་འདི་ཚོ་དང་འདྲ་བའི་གླུ་ཞིག་ལོང་དང་ཟེར་བ་ལ། དྲི་བ་ཀུན་གྱི་ལན་ཁྱེད་ཕོ་མོ་རྣམས་ཀྱི་བྱ་ལས་འདི་རྣམས་ལྷའི་ལོངས་སྤྱོད་མི་འདྲ་འདི་འདྲ་བར་འདུག་གསུངས་ནས་མགུར་འདི་གསུངས་སོ།། ཁྱོད་མི་ནག་ནང་གི་ལྷ་རྟེན་འདི། །ལས་རྣམ་སྨིན་གསོག་པའི་རྩ་བ་འདྲ། །སེར་སྣས་བཅིངས་པའི་མར་མེ་འདི། །མི་དཔོན་མདུན་གྱི་ཕོ་མེ་འདྲ། །རེའུ་ལུག་མང་པོའི་བདག་པོ་དེ། །ཤ་ཟ་སོ་ལ་ཆས་པ་འདྲ། །བུ་ཕྲུག་མང་པོའི་ཕ་མ་དེ། །ཁྲེལ་མེད་ལག་གི་ཤ་བཙོན་འདྲ། །ཁང་རྒན་གོག་པོའི་ཕྱགས་བདར་དེ། །གྱང་ར་སྟོང་པའི་དྲི་ཟ་འདྲ། །སྤྱད་པ་མང་པོའི་བདག་པོ་དེ། །ལྟ་ལོག་དཀོར་བདག་སྲུང་མ་འདྲ། །ཤོ་དང་གོར་མོ་མདའ་ལ་སོགས། །ལྷ་མིན་འཁྲུག་པ་རྩོད་པ་འདྲ། །མིག་མངས་འགྲིག་དང་རྒྱལ་བློན་སོགས། །རྒྱལ་རིགས་ངན་པའི་འཁྲུག་གཞི་འདྲ། །ཆབ་དང་ཆོ་ལོ་གཞི་འདིང་འདི། །འབྱུང་པོ་གཏོར་མ་རྩོད་པ་འདྲ། །སོ་ནམ་བྲལ་མོའི་བཀལ་ཐགས་འདི། །རྩྭ་ཤིང་མགོ་ཡི་བ་ཐག་འདྲ། །གླུ་གར་རོལ་མོ་རྩེད་སྣ་འདི། །བདུད་ཀྱི་ཕོ་ཉའི་མགོ་གཡོགས་འདྲ། །དེ་ལ་ལྟད་མོ་བལྟ་བ་རྣམས། །རི་དྭགས་སྨིག་རྒྱུ་སྙོག་པ་འདྲ། །དེ་ལ་ཁ་རྟོགས་འཇལ་བ་རྣམས། །ལག་མགོ་མེ་ལ་སྤྲུག་པ་འདྲ། །དེ་ལ་འདོད་པས་གཡེང་བ་རྣམས། །དྲི་ཟ་ལྟོ་རྫིས་ཐེབས་པ་འདྲ། །ཞེས་གསུངས་པས་ཀུན་དད་པ་སྐྱེས་ནས་ཕྱག་དང་བསྙེན་བཀུར་མང་དུ་བགྱིས། ཁྱད་པར་བུ་མོ་དེས་ནང་དུ་གདན་དྲངས་ནས་ཞབས་ཏོག་ཕུན་སུམ་ཚོགས་པ་ཕུལ་ནས་ཆོས་ཞུས་བསྒོམས་པས་འཆི་ཁར་ལམ་སྣ་ཟིན་པར་གྱུར་ཏོ། །ཡང་རྗེ་བཙུན་མི་ལ་རས་པ་དེ་ཉིད་ཀྱིས་རོ་སྙོམས་ཀྱི་ལྡོམ་བུ་ལ་བྱོན་པའི་ཚེ། ཡུལ་ཆེན་པོ་ཞིག་གི་དབུས་ན་མི་མང་པོ་མཁར་ལས་བྱེད་ཅིང་འདུག་པའི་སར་གཟིམས་བཞུགས་པས། ཡོན་བདག་མོ་ཞིག་ན་རེ་རྣལ་འབྱོར་པ་ཁྱོད་དལ་བར་སྡོད་པ་བས། ངེད་ཀྱིས་ཟ་མ་འདྲེན། སྒྱེ་འདིའི་ལྷན་པ་གྱིས་ཟེར་ཆས་རྣམས་བཞག་སོང་། དར་ཅིག་ནས་ལེན་དུ་བྱུང་བས། མོ་ན་རེ་རྣལ་འབྱོར་པ་མི་ཁྱུ་ནས་བུད་ཟེར་བ་དེ་བདེན་པར་འདུག །དལ་མི་དལ་འདི་བྱས་ལྷན་པ་ཞིག་ཀྱང་བརྡེག་མི་ནུས་པ་མ་བཟང་ཟེར་སོང་། དེ་ནས་ཁོང་ཚོའི་ཟ་མ་ཟ་སར་བྱོན་ནས་འཚོ་བ་དགོས་གསུངས་པས། ཡོན་བདག་མོ་དེ་ན་རེ། ལུས་དལ་དུས་ལས་གྲོགས་མི་བྱེད་པའི་ཁ་དལ་བའི་ཟ་གྲོགས་མི་དགོས་ཟེར་བས། ཁྱེད་ཀྱི་འདི་བས་ཀྱང་བྱ་བ་ཆེ་བ་ཞིག་གིས་བྲེལ་ནས་མ་ཁོམ་པ་ཡིན་གསུངས་པས། ཡོན་བདག་རྣམས་ན་རེ་ཁྱེད་བྱ་བ་ཅི་འདྲ་ཞིག་གིས་གཡེངས་ཟེར་བའི་ལན་དུ། དལ་བས་དལ་བ་སྒྲུབ་ཐབས་འདི་རྣམས་ཀྱི་བྲེལ་ཞེས་མགུར་འདི་གསུངས་སོ།། རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྒོས་བཀའ་དྲིན་ཅན་གྱིས་བསྐྱབ་ཏུ་གསོལ། །མི་ཁྱོད་ཀྱིས་བལྟས་པས་དལ་དལ་འདྲ། །ང་རང་གིས་བལྟས་པས་བྲེལ་བྲེལ་འདྲ། །ང་སྐྱེ་མེད་མཐའ་བྲལ་གྱི་ཐང་ཁ་རུ། །བསམ་གཏན་མཁར་དཔེ་བརྩིགས་བརྩིགས་ནས། །ས་མཁར་བརྩིགས་པ་དེ་ངེད་མ་ཁོམ། །ཆོས་ཉིད་སྟོང་པའི་བྱང་ཐང་དུ། །ཉོན་མོངས་ཐ་རྒོད་འདུལ་འདུལ་ནས། །ཕ་ཞིང་རྨོད་པ་དེ་ངེད་མ་ཁོམ། །བརྗོད་བྲལ་གཉིས་མེད་སོ་མཚམས་སུ། །དགྲ་ངར་འཛིན་འགོང་པོ་འདུལ་འདུལ་ནས། །དགྲ་སྡང་བ་འདུལ་བ་དེ་ངེད་མ་ཁོམ། །སེམས་ཉིད་གཉིས་མེད་གཞལ་ཡས་སུ། །ཉམས་ལེན་བག་མར་འགུགས་འགུགས་ནས། །ཁྱིམ་སོ་འཛིན་པ་དེ་ངེད་མ་ཁོམ། །རང་ལུས་རྒྱལ་བའི་དཀྱིལ་འཁོར་དུ། །བུ་རིག་པའི་ཁྱེའུ་ཆུང་གསོ་གསོ་ནས། །བུ་སྣབས་ཞལ་གསོ་བ་དེ་ངེད་མ་ཁོམ། །བྱང་ཁོག་ཀུན་དགའ་ར་བ་རུ། །ཐོས་བསམ་དཀོར་ནོར་གསོག་གསོག་ནས། །ནོར་རྫས་གསོག་པར་ངེད་མ་ཁོམ། །ཆོས་སྐུ་འགྱུར་མེད་རི་བོ་ལ། །རང་རིག་རྟ་རྒོད་བསྐྱངས་བསྐྱངས་ནས། །གནག་ལུག་སྐྱོང་བར་ངེད་མ་ཁོམ། །ཤ་རུས་གཉིས་ཀྱི་འཇིམ་པ་ལ། །ལྷུན་གྲུབ་མཆོད་རྟེན་བརྩིགས་བརྩིགས་ནས། །ཚ་ཚ་འདེབས་པ་ངེད་མ་ཁོམ། །ཟུར་གསུམ་སྙིང་གི་དབུ་རྩེ་རུ། །འོད་གསལ་ཞུན་མར་འདེགས་འདེགས་ནས། །ལྷ་ཞུགས་འབུལ་བར་ངེད་མ་ཁོམ། །བདེ་སྟོང་དབྱེར་མེད་མཆོད་ཁང་དུ། །མཉམ་གཞག་སེམས་ཀྱི་ཐང་སྐུ་ལ། །འགྱུར་མེད་ཚོགས་མཆོད་འབུལ་འབུལ་ནས། །མཆོད་པ་འབུལ་བར་ངེད་མ་ཁོམ། །སེམས་ཉིད་རྣམ་དག་རྒྱ་ཤོག་ལ། །ཞེན་མེད་ཡི་གེ་འདེབས་འདེབས་ནས། །ཟིན་བྲིས་འབྲི་བར་ངེད་མ་ཁོམ། །སྟོང་པ་ཉིད་ཀྱི་ཐོད་ཕོར་དུ། །དུག་གསུམ་དུག་ལྔ་འགྲུབ་འགྲུབ་ནས། །གཏད་སེར་སྒྲུབ་པར་ངེད་མ་ཁོམ། །གདུང་སེམས་གཉིས་ཀྱི་སོ་མཚམས་སུ། །གཉེན་འགྲོ་དྲུག་སེམས་ཅན་བསྐྱངས་བསྐྱངས་ནས། །ཉེ་འབྲེལ་སྐྱོང་བར་ངེད་མ་ཁོམ། །ཕ་བླ་མ་རྣམས་ཀྱི་སྤྱན་སྔ་རུ། །གདམས་ངག་རྒྱུད་ལ་བཀལ་བཀལ་ནས། །ཐ་མལ་སྤྱོད་འགྲོས་ངེད་མ་ཁོམ། །གནས་རི་ཁྲོད་དབེན་པའི་ས་ཕྱོགས་སུ། །སྙིང་པོ་བྱང་ཆུབ་བསྒྲུབས་བསྒྲུབས་ནས། །གཏི་མུག་གཉིད་དུ་ལོང་མ་ཁོམ། །ཁ་ཟུར་གསུམ་དུང་གི་སྒོ་མོ་ནས། །གདམས་ངག་དབྱངས་སུ་བླངས་བླངས་ནས། །ལོང་གཏམ་ལབ་པར་ངེད་མ་ཁོམ། །ཞེས་གསུངས་པས། ཁོང་རྣམས་སྣང་བ་འགྱུར་ཏེ། རྗེ་བཙུན་མི་ལ་རས་པ་ལགས་སམ་ཟེར་བ་ལ་ལས་མ་ནུས་དེ་ཡིན་གསུངས་པས། འོ་ན་སྐལ་བ་བཟང་ཟེར་ཀུན་གྱིས་ཕྱག་དང་བསྐོར་བ་མང་དུ་བྱས་བསྙེན་བཀུར་ཕུན་སུམ་ཚོགས་པ་བསྒྲུབས་པའི་སར་ཡོན་བདག་མོ་དེས་བཤགས་པ་ཕུལ་ལོ། །དེ་རྣམས་ཀྱི་ནང་ནས་གཞོན་པ་ཁ་ཅིག་ན་རེ། བདག་རྣམས་ཀྱང་བླ་མའི་དྲུང་དུ་ཆོས་ལ་འོང་བས་དགོན་པ་གང་ཡིན། འཚོ་བ་སུས་སྦྱོར་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །ཕ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཕྱོགས་རིས་མེད་པའི་རི་ཁྲོད་དེ། །རྣལ་འབྱོར་ང་ཡི་དགོན་པ་ལགས། །རྒྱལ་ཁམས་ཡོན་བདག་ཕོ་མོ་ལ། །རྣལ་འབྱོར་ངའི་འཚོ་བ་རེ། །མི་མེད་རི་ཁྲོད་དགོན་པ་རུ། །རྣལ་འབྱོར་སྡོད་དུ་འགྲོའམ་སྙམ། །བླ་མས་གསུངས་པའི་གདམས་ངག་འདི། །ཁུར་ན་བྱ་སྒྲོ་བས་ཀྱང་ཡང་། །སྦེད་ན་རིན་ཆེན་གསེར་བས་བདེ། །འཇིགས་ས་གཤོག་ན་མཁར་བས་བཙན། །ང་རྣལ་འབྱོར་མི་ཡི་སེང་གེ་ཡིན། །དགུན་གསུམ་ནགས་ཀྱི་གསེབ་ན་བདེ། །དབྱར་གསུམ་གངས་ཀྱི་ལྟོངས་ན་བདེ། །དཔྱིད་གསུམ་གཡའ་སྤང་མཚམས་ན་བདེ། །སྟོན་གསུམ་རོ་སྙོམས་ལྡོམ་བུ་བདེ། །སེམས་ལ་བླ་མའི་གདམས་ངག་བདེ། །ཁ་ནས་ཉམས་དབྱངས་ལེན་པ་བདེ། །ལུས་ལ་བལ་པོའི་ཤིང་རས་བདེ། །བདེ་བདེ་འདྲ་ནས་བགྱིས་པ་ལགས། །སྐྱིད་སྐྱིད་འདྲ་ན་ཀུན་ཀྱང་མཛོད། །ཅེས་གསུངས་པས་གཅིག་ཕྱག་ཕྱིར་འབྲངས་པ་ལ་རྟོགས་ལྡན་བཟང་པོ་ཞིག་བྱུང་ཞིང་། གཞན་རྣམས་ཀྱིས་དགེ་བའི་དམ་བཅའ་རེ་རེ་བྱས་སོ། །ཡང་རྗེ་བཙུན་ཆེན་པོ་དེ་ཉིད་རོ་སྙོམས་ཀྱི་ལྡོམ་བུ་ལ་བྱོན་ཏེ། མདོ་སྔགས་ཀྱི་ཆོས་པ་ཕོ་མོ་དང་། སྐྱེ་བོ་ཕལ་མོ་ཆེ་འདུས་པའི་ཆང་ས་ཞིག་ཏུ་ཕེབས་ཏེ་འཚོ་བ་དགོས་གསུངས་པས། གྲལ་མགོ་ན་ཡོད་པའི་ཆོས་པ་རྣམས་ཀྱིས་ཁྱད་གསོད་དང་གད་མོའི་གནས་སུ་བྱས། གཙོ་བོ་དེ་ན་རེ། རྣལ་འབྱོར་པ་ཁྱོད་གང་ནས་ཡིན། གང་དུ་འགྲོ་ཟེར་བས། ང་འཇིག་རྟེན་གྱི་མི་ཁྱུ་མ་ཤོགས་པར་ཚེ་མི་མེད་ཀྱི་རི་ལ་འབྱིང་མཁན་ཞིག་ཡིན་གསུངས་པས། འོ་ན་མི་ལ་རས་པ་ནི་མིན་ནམ་ཟེར་བས། ཡིན་དག་ཡིན་དེ་ཆོས་བརྒྱད་དུམ་རེ་མི་ཤེས་པས་ཆོས་པའི་ཁྱུར་མི་ཚུད་པར་འདུག་གསུངས་པས། དེ་བདེན་ཁྱེད་མི་ལ་རས་པ་ཡིན་ངེས་ན་ཁོང་མགྲིན་པའི་རྩ་ཁ་བྱེ་བས་ཆོས་གང་ལ་ཡང་ཐོག་བརྡུགས་མེད་པར་གསུང་བ་ཞིག་ཡོད་པར་འདུག །ངེད་འདིར་ཚོགས་ཀུན་ལ་བློ་སྐྱེད་འོང་བའི་མགུར་ཅིག་གསུངས་དང་ཟེར་བའི་ལན་དུ་འཁོར་བ་རྒྱ་མཚོ་མ་འདི་མགུར་དུ་གསུངས་སོ། །བླ་མ་མཉམ་མེད་རྟག་ཏུ་སྤྱི་བོར་བཞུགས་ཤིག །འཁོར་བ་འདི་རྒྱ་མཚོ་ཆེན་པོ་ཞིག་ལགས་སམ། །ཇི་ཙམ་བཅུས་ཀྱང་མི་ཟད་གདའ་བ། །དཀོན་མཆོག་གསུམ་པོ་འདི་རི་རྒྱལ་ལྷུན་པོ་ཞིག་ལགས་སམ། །དེ་སུས་ཀྱང་ཁུར་བ་མི་གདའ་ལགས་པ། །དམ་ཚིག་འདི་ལ་ཁའི་བྱ་སྒྲོ་ཞིག་ལགས་སམ། །དེ་སུས་ཀྱང་སྲུང་བ་མི་གདའ་ལགས་པ། །དམ་ཆོས་འདུལ་བ་འདི་ལམ་ཁའི་མཛེ་རོ་ལགས་སམ། །དེ་ལ་སུ་ཡང་འཇུ་བ་མི་གདའ་ལགས་པ། །སྟན་འབོལ་གྲུམ་གྱི་སྟེང་ན་ཚེར་མ་ཡོད་དམ། །སྟོན་ཆེན་ཚོ་སྟན་ཐོག་ཏུ་མི་ཚུགས་གདའ་བ། །འདུལ་ཁྲིམས་འདི་འབད་པ་དོན་མེད་ཅིག་ལགས་སམ། །རབ་བྱུང་བཙུན་པ་ཚོ་འདུལ་ཁྲིམས་མི་བསྲུང་གདའ་བ། །གནས་རི་ཁྲོད་ན་ཧོར་བན་གྱི་ཇག་པ་ཡོད་དམ། །སྒོམ་ཆེན་ཚོ་གྲོང་ཡུལ་འགྲིམས་ཤིང་གདའ་བ། །བར་དོའི་གནས་ན་སྐྱེ་སྒོ་ཞེན་ནམ། །ཉ་མ་ཚོ་ཕྱི་བདར་རེམ་ཞིང་གདའ་བ། །ཚེ་ཕྱི་མའི་ཡུལ་ན་སྣམ་རིན་ཆེའམ། །ཨ་ནེ་བཙུན་མ་ཚོ་སྣམ་ཐགས་རེམ་ཞིང་གདའ་བ། །འཁོར་བ་འདི་སྟོངས་ཀྱིས་དོགས་པ་ལགས་སམ། །སྐྱ་བཙུན་མེད་ཕྲུ་སློག་རེམ་ཞིང་གདའ་བ། །ཚེ་ཕྱི་མའི་ཡུལ་ན་བཟའ་བཏུང་ཡོད་དམ། །ཡོན་བདག་ཕོ་མོ་ཚོ་སྦྱིན་པ་མི་གཏོང་གདའ་བ། །ཡ་གི་དགའ་ལྡན་གྱི་ལྷ་ཡུལ་ན་སྡུག་བསྔལ་ཡོད་དམ། །དེ་རུ་འགྲོ་མི་ཚོ་ཉུང་བ་རེ་གདའ་བ། །མ་གི་དམྱལ་བའི་ཡུལ་ན་བདེ་སྐྱིད་ལྡན་ནམ། །ཁ་དྲག་པ་ཚོ་སུས་ཐོབ་བྱེད་ཅིང་གདའ་བ། །སྡུག་བསྔལ་དང་ངན་སོང་འདི་སྡིག་པའི་འབྲས་བུ་ལགས་སོ། །སྡིག་སྤོང་དགེ་བའི་ལས་ལ་འབད་པ་རང་མཛོད་དང་། །འཆི་ཁར་མི་འགྱོད་ཅིང་བློ་བདེ་ཐོབ་ནས་འོང་ངོ་། །ཞེས་གསུངས་པས་རྗེ་བཙུན་མི་ལ་རས་པ་ཡིན་པར་འདུག་ཟེར་ཀུན་དད་ཅིང་གུས་པར་གྱུར་ཏེ། བསྙེན་བཀུར་དང་ཞབས་ཏོག་ཡང་དག་བསྒྲུབས་ནས་ཆོས་གནང་སྟེ་བསྒོམས་པས་འཆི་ཁར་ལམ་སྣ་ཟིན་པ་འགའ་བྱུང་ངོ་། །དེ་རྣམས་སོ་སོར་ཕྱེ་ན་སྐོར་ཚོ་འགའ་ཡོད་དོ། །ཐུགས་སྲས་དང་ཉ་མ་རྣམས་ལ་སྔ་ཕྱི་ངེས་མེད་དུ་གསུངས་པ། བུ་སློབ་དང་ཉ་མའི་ཞུས་ལན་གྱི་སྐོར་རོ།། །།


༈ ན་མོ་གུ་རུ། རྗེ་བཙུན་མི་ལ་རས་པ་དེ་ཉིད་ཆུ་དབར་སྤྲུལ་སྐུའི་ཕོ་བྲང་ན་བཞུགས་པ་ལས། མཉམ་མེད་སྒམ་པོ་པ་དེ་ཉིད་གདམས་ངག་གི་སྒྲོ་འདོགས་རྣམས་ཆོད་ནས་ཤར་ཕྱོགས་ལ་འབྱོན་ཁར་ཆར་ཆེན་པོ་ཉིན་མཚན་མེད་པར་བབས་པས། བུ་སློབ་འགའ་ཐུགས་དུབ་པའི་རྣམ་པར་གྱུར་པའི་མཐར་ནམ་མཁའ་དྭངས་ཏེ་ཉི་མ་དྲོན་པོ་ཤར་བའི་ཚེ། དཔོན་སློབ་བརྒྱད་ཀྱིས་རི་བོན་པོ་རིའི་རྩེ་ལ་སྐུ་ཁམས་བསང་དུ་བྱོན་ཏེ། ཀུན་ལ་ཐུགས་བདེ་བའི་ཉམས་ཤར་བ་ལས། ཆ་མེད་པའི་རས་པ་རྣམས་ཀྱིས་ཚེ་རིང་མའི་གངས་མཐོང་ནས། གངས་ཕ་གི་ཅི་ལགས་ཞུས་པའི་ལན་དུ། རྗེ་བཙུན་གྱིས་གངས་མཐོན་མཐིང་རྒྱལ་མོའི་ཆེ་བརྗོད་འདི་མགུར་དུ་གསུངས་སོ། །རི་མཐོན་མཐིང་ལྷ་སྨན་རྒྱལ་མོའི་མགུལ། །བྲག་བོན་པོ་རི་ཡི་རྩེ་མོ་ན། །རང་བྱ་བ་བཏང་བའི་མི་བརྒྱད་ཚོགས། །ཁྱེད་སྐྱིད་དུ་ཚོར་རམ་བུ་སློབ་རྣམས། །ཕ་ང་ནི་ཉམས་དགའ་ཤེས་པ་བདེ། །རྗེ་འབངས་བདེ་སྐྱིད་འཛོམ་དུས་འདིར། །ང་མི་རྒན་སྐྱིད་རྟགས་དབྱངས་ཤིག་ལེན། །ང་མི་རྒན་གླུ་རྒན་ལེན་པ་དེ། །བཀྲ་རྒན་བཅུ་གསུམ་ཤིས་པའི་རྟགས། །བུ་བདེ་བ་སྐྱོང་དང་ཞི་བ་འོད། །ཚུར་ཤོག་ཕ་ངའི་རམ་བུ་ཐེག །དེ་རྗེས་རས་པ་གླུ་ལ་ཉོན། །གདན་གང་བཞུགས་པའི་རས་པ་རྣམས། །གངས་འདི་ཁྱེད་ཀྱིས་ཤེས་མ་ཤེས། །གངས་འདི་ཁྱེད་ཀྱིས་མ་ཤེས་ན། །ལྷ་སྨན་བཀྲ་ཤིས་ཚེ་རིང་ཡིན། །སྐེད་པ་ཡན་ཆད་རྩེ་མོ་མཐོ། །ཟུར་གསུམ་དུང་གི་བཤོས་བཟང་འདྲ། །མགུར་ཆུ་དངུལ་གྱི་དྲ་བ་ལ། །ཉི་འོད་འཆར་བ་གཞན་པས་སྔ། །ཅོད་པན་ཤེལ་གྱི་ཟུར་ཕུད་ལ། །རྒྱན་དུ་སྤྲིན་དཀར་ལྡིང་བ་ཡིན། །རྐེད་པ་མན་ཆད་རྨང་གཞི་ལ། །ན་བུན་སྐྱི་བུན་རྒྱུན་དུ་འཐིབས། །ཆར་མི་དྲག་དལ་བུ་རྟག་ཏུ་འབབ། །འཇའ་འོད་མཆོད་སྤྲིན་རྟག་ཏུ་འཆར། །དེ་ཕྱུགས་ཀྱི་རྨ་གཡང་འཛོམ་པའི་རྟགས། །རི་དྭགས་མང་པོ་རྒྱུན་དུ་འཁོར། །མེ་ཏོག་སྤང་རྒྱན་ཚོན་ཚོགས་བཀྲ། །སྨན་ནུས་པ་ཅན་རྣམས་དེ་ལ་སྐྱེ། །དེ་ལྷ་སྨན་གངས་ཀྱི་ཆེ་བརྗོད་ཡིན། །མི་ང་ཡི་སྒྲུབ་གནས་ཆེ་ཤོས་ཡིན། །ཁྱེད་དྲི་བ་མཁན་གྱི་རས་པ་རྣམས། །དབྱངས་དེ་ལྟར་སྙན་དུ་འཇོག་པར་ཞུ། །ཞེས་གསུངས་པས་རས་པ་རྣམས་སྤྲོ་བཞིན་གངས་ཡ་ཀིའི་ལྷ་དེ་དབང་དང་སྟོབས་ཆེ་ཆུང་ཆོས་ལ་དཀར་གནག་ཇི་ལྟ་བུ་ཞིག་ལགས་ཞུས་པས་དེའི་ལན་དུ་མགུར་འདི་གསུངས་སོ། །ལྷ་བཟང་པོ་ཚེ་རིང་སྤུན་ལྔ་དེ། །བསྟན་མ་བཅུ་གཉིས་ཀྱི་གཙོ་མོ་ཡིན། །འཇིག་རྟེན་མིག་བསྒྱུར་མཁའ་འགྲོ་སྟེ། །བལ་བོད་གཉིས་ཀྱི་སྐད་བསྒྱུར་མ། །ཆུ་དབར་བྲིན་གྱི་ཡུལ་བདག་མོ། །ལྷ་རུ་མཆོད་ན་མགོན་སྐྱབས་བྱེད། །སྤྱིར་ཆོས་མཛད་ཡོངས་ཀྱི་སྟོང་གྲོགས་ཡིན། །སྒོས་རྣལ་འབྱོར་ང་ཡི་བཀའ་སྲུང་ཡིན། །ཁྱེད་བུ་སློབ་རྣམས་ལ་འགོ་སྟེ་མཆི། །མི་ང་དང་ལྷ་གཉིས་འབྲེལ་ཟབ་པས། །སྤྱིར་བོད་ཁམས་དཀར་པོའི་ལམ་ལ་བཀོད། །སྒོས་སྒྲུབ་བརྒྱུད་འདི་ལ་དངོས་གྲུབ་ཤར། །ཞེས་གསུངས་པས། རས་པ་རྣམས་ཀྱིས་དེ་ངོ་མཚར་ཆེ་ལགས། ལྷ་དེ་རྗེ་བཙུན་གྱི་སློབ་འབངས་སུ་གྱུར་ལས་ཆེ། གྱུར་ན་ཆོས་ཇི་ལྟ་བུ་ཞིག་གནང་། ལྷས་ཞབས་ཏོག་ཇི་འདྲ་བ་གྱིས་ཞུས་པའི་ལན་དུ་མགུར་འདི་གསུངས་སོ། །གངས་དེ་ཡི་མགུལ་ན་ཆོས་བཤད་པ། །མི་ལ་རས་པ་མི་ཟེར་རམ། །འཁོར་སྨན་དང་ཡུལ་ལྷའི་གྲྭ་པ་ལ། །ལས་དཀར་གནག་རྣམ་པར་འབྱེད་པའི་ཆོས། །དྲང་དོན་མདོ་སྡེའི་རྒྱུ་འབྲས་བཤད། །ཞེ་སྡང་གདུག་པ་བྱོལ་སོང་རིགས། །རིགས་བཞིའི་ཀླུ་ཡང་དམ་ཆོས་ཉན། །གཉན་ཆེན་སྤུན་ལྔས་ཆོས་སྟོན་འདྲེན། །བཙན་རོལ་པ་མཆེད་ལྔས་ཡོན་བདག་བྱེད། །སྨན་བཙུན་མང་པོས་བསྐོར་བ་བྱེད། །ལྷ་འདྲེ་ཡོངས་ཀྱིས་འཚོ་བ་སྦྱོར། །ཡུལ་ཕྱོགས་དཀར་པོའི་ཆོས་ལ་བཀོད། །བདག་ནུས་པ་ཆེ་བ་མ་ལགས་ཏེ། །བྱམས་དང་སྙིང་རྗེ་བསྒོམས་ནས་ཀྱང་། །ངག་ཞི་བས་བཀྲོལ་ཏེ་ཆོས་བཤད་པས། །གཟུགས་མེད་ལྷ་འདྲེ་ཐབས་ཀྱིས་བཏུལ། །ང་སྔར་བྱས་ལས་ལ་མི་འགྱོད་པས། །ད་ནི་རྒས་ནས་ཅི་ལ་འགྱོད། །ཤི་ན་མི་འཇིགས་བྲོད་པ་སྐྱེས། །འདིར་བཞུགས་བྱ་བཏང་རས་པ་རྣམས། །འཆི་བྲོད་སྒོམས་ལ་སྙིང་རུས་མཛོད། །ཅེས་གསུངས་པས། ཡང་རས་པ་རྣམས་ཀྱིས་མི་དང་མི་མ་ཡིན་རྣམས་ཆོས་བྱེད་པའི་ནུས་པ་གང་བཟང་། འགྲོ་དོན་གང་ཆེ་ཞུས་པས། རྗེ་བཙུན་གྱི་ཞལ་ནས་མི་མ་ཡིན་པས་མི་ཆོས་ཀྱི་རང་གཞན་གང་གིས་དོན་བྱེད་རུང་སྟོབས་ཆེ་སྟེ། ཚེ་རིང་མ་འདི་མི་ཅི་རིགས་གཅིག་པས་ངའི་བསྟན་པ་འཛིན་པ་ལ་ལྷག་པར་འོང་བ་འདུག །ང་ཡང་མི་ཁྱུ་ནས་བུད་དེ་ཆོས་བརྒྱད་བློས་བཏང་ནས་བསྒོམས་པས། ལྷ་རྣམས་ཀྱི་ཡང་རྗེ་བོར་གྱུར་པ་ཡིན། ཁྱེད་རྣམས་ཀྱང་ཆོས་བརྒྱད་བློས་ཐོང་ལ་གཡེལ་མེད་དུ་སྒོམས་ཤིག་ཅེས་མགུར་འདི་གསུངས་སོ། །རྗེ་བླ་མའི་བྱིན་རླབས་ཀློང་ནས་བྱུང་། །ཉེ་དུ་གཟུང་འཛིན་འབྲེལ་ཐག་ཆོད། །ཕྱོགས་མེད་རྒྱལ་ཁམས་བསྐོར་བསྐོར་བས། །བཀའ་དྲིན་ཅན་དང་ལས་ཀྱིས་མཇལ། །འཇིག་རྟེན་བྱ་བ་བཏང་ནས་ཀྱང་། །བཀའ་བཞིན་མཉམ་གཞག་བསྒོམས་པའི་མཐུས། །རྗེས་ཐོབ་རྐྱེན་ངན་ལམ་དུ་སློངས། །ངས་དམན་ས་བཟུང་ནས་གཅིག་པུར་བསྒོམས། །ཉམས་ལེན་ཤི་རྒས་གཉིས་ལ་གཏུགས། །ཉམས་མྱོང་བྲོད་པ་ནང་ནས་སྐྱེས། །བདག་རྣལ་འབྱོར་བསོད་ནམས་མི་འདོད་པས། །འཇིག་རྟེན་བདེ་སྐྱིད་རྒྱབ་ཏུ་བསྐྱུར། །ངན་སོང་སྡུག་བསྔལ་སེམས་ལ་བཞག །ཡོན་བདག་ངོ་སྲུང་མ་བྱས་པར། །རི་ཁྲོད་འགྲིམས་ཤིང་ཉམས་སུ་བླངས། །བཀའ་དྲིན་ཅན་གྱི་བྱིན་རླབས་ཀྱིས། །འབངས་རླུང་གིས་ཁྱེར་བ་དགུང་དང་མཉམ། །མཐའ་རུ་བསྡད་པས་དབུས་སུ་ཚུད། །འབངས་སུ་བབས་པས་རྗེ་རུ་སླེབ། །དམན་ས་བཟུང་བས་རྒྱལ་ས་ཟིན། །མི་ལས་བུད་པས་ལྷ་དང་མཇལ། །སྡུག་བསྔལ་སྤྱད་པས་བདེ་བ་ཐོབ། །སྙིང་རུས་བྱས་པས་སྙིང་རྗེ་སྐྱེས། །གཅིག་པུར་བསྡད་པས་འཁོར་སློབ་མང་། །སྙན་བརྒྱུད་བསྒོམས་པས་ཆོས་བརྒྱུད་དར། །སྒྲ་སྒྱུར་མར་པ་བཀའ་དྲིན་ཅན། །སྤྱི་བོའི་གཙུག་ཏུ་རྒྱུན་དུ་བཞུགས། །ང་ནི་རྒས་ཀྱང་སྟག་རྒས་ཡིན། །འཆི་བས་མི་འཇིགས་བྲོད་དབྱངས་ཡིན། །འདིར་བཞུགས་བུ་སློབ་རས་པ་རྣམས། །མི་ཚེ་ཡེངས་ལ་མ་སྐྱེལ་བར། །སྙིང་རུས་མཛོད་ལ་སྒོམ་ལ་འབུངས། །ཞེས་གསུངས་ནས། རྗེ་བཙུན་དཔོན་སློབ་ཞག་ཤས་དེར་བཞུགས་པ་ལས། ཚེས་བཅུའི་མཆོད་པ་ཞིག་ཡོད་པ་དེ་ཐོན་པ་དང་། རས་པ་ལ་ལ་རི་ཁྲོད་ལ་འགྲོ། ལ་ལ་རྒྱལ་ཁམས་ལ་རོ་སྙོམས་ལྡོམ་བུ་ལ་འགྲོ། ལ་ལ་རྗེ་བཙུན་གྱི་དྲུང་དུ་སྡོད་ཟེར་བའི་ཞུ་བ་རས་ཆུང་པ་བརྒྱུད་ནས་བྱུང་བ་ལ། རས་ཆུང་པས་ཀྱང་ཚེས་བཅུའི་ཚོགས་གྲལ་དུ་རྗེ་བཙུན་ལ་རས་པ་རྣམས་ཀྱིས་ཞུ་བ་ཕུལ་ནས། འདི་རྣམས་ལ་ཞལ་གདམས་ཤིག་གནང་བར་ཞུ་ཞུས་པས། རྗེ་བཙུན་གྱིས་ཀྱང་མཉམ་མེད་སྒམ་པོ་པ་དང་རས་ཆུང་པ་ལ་སོགས་པའི་བུ་སློབ་རྣམས་ལ་ཞལ་གདམས་ཨང་དྲུག་འདི་མགུར་དུ་གསུངས་སོ། །བུ་གསན་རྒྱ་ཅན་གྱི་སྟོན་པ་དང་། །སྙིང་རུས་ཅན་གྱི་རས་ཆུང་པ། །ཁྱེད་སྟོན་སྒོམ་གཉིས་ཀྱིས་དབུ་མཛད་པའི། །འདིར་བཞུགས་གདན་གང་རས་པ་ཡིས། །ངག་ཆེད་དུ་བསྐྱོར་ནས་ཞུ་ཕུལ་བ། །དོན་དེ་ལ་ཁོ་བོ་འདི་སྐད་ལོ། །མི་རྒན་ཟེར་ཉན་ན་མཛངས་པ་ཡིན། །བྱ་གཤོག་འགྲོས་ལྟ་ན་དུས་ཚོད་མཁས། །ནོར་ཆོག་ཤེས་ཡོད་ན་ཕྱུག་པོ་ཡིན། །དཔའ་རང་ཚོད་ཟིན་ན་རང་སྲོག་བརྟན། །དེ་ཡན་ཆད་སྙན་ངག་དཔེ་ཡི་གླུ། །ད་དགོས་དོན་མདོ་ལ་ཐུག་ཙ་ན། །ཚེས་བཅུའི་མཆོད་པ་ཕན་ཆད་ལ། །ཁྱེད་ལ་ལ་རྒྱལ་ཁམས་བལྟའོ་སྐད། །ལ་ལ་དབེན་པ་སྙེག་གོ་སྐད། །ལ་ལ་ང་ཕྱིར་འབྲང་ངོ་སྐད། །ལར་སྒོམ་ཆེན་ཁེ་གྲགས་འདེབས་པ་དེ། །བདུད་ཀྱིས་མྱུར་དུ་ཁྱེར་འདོད་ཡིན། །བུ་ཕ་ཡིས་བསྐྱངས་ན་མཛངས་པ་ཡིན། །མི་ཁ་ལ་ཉན་ན་རྒྱལ་པོ་ཡིན། །མི་ང་ལ་གདམས་ངག་ཡོད་པ་དེ། །རྣར་ཉན་ཐོས་ལོ་མ་ཡིན་པའི། །མ་བརྗེད་སྙིང་གི་དཀྱིལ་དུ་ཞོག །ཐིག་ལེ་ཚད་དུ་འབྱོངས་པ་ཡིས། །ཕོ་ཉས་རིག་པའི་རྩལ་སྦྱོང་ཡང་། །མཚན་ལྡན་གྱི་རིག་མ་མ་གཏོགས་པ། །ལས་ཀྱི་ཕྱག་རྒྱ་མ་བསྟེན་ཨང་། །ཤལ་མ་རི་ལ་འཛེག་ཉེན་གདའ། །བསྙེན་སྒྲུབ་ཚད་དུ་བསྐྱལ་ནས་ཀྱང་། །སྙིང་རྗེ་ཆེན་པོས་ཀུན་བསླངས་ནས། །ཡི་དམ་གསལ་བའི་ཏིང་འཛིན་གྱིས། །བསྟན་པའི་སྤྱི་དོན་མ་ལགས་པའི། །མཐུ་དང་ངན་སྔགས་མ་སྒྲུབས་ཨང་། །ལས་ཀྱི་སྲིན་པོར་སྐྱེ་ཉེན་གདའ། །རླུང་སེམས་དབང་དུ་འདུས་ནས་ཀྱང་། །བཀོད་པ་ལུས་ཀྱི་རྫུ་འཕྲུལ་གྱིས། །གཅན་གཟན་སྤྲུལ་སྒྱུར་གཟུགས་བསྟན་ནས། །ལྟ་སྟངས་རོལ་པ་མི་ནུས་པར། །དུར་ཁྲོད་བམ་རོ་མ་ལེན་ཨང་། །ཤ་ཟ་མཁའ་འགྲོ་འཁྲུག་ཉེན་གདའ། །སུམ་ལྡན་ལ་སོགས་བླ་མ་དང་། །རྡོ་རྗེ་སྤུན་གྲོགས་མ་གཏོགས་པ། །ལྟ་སྤྱོད་གྲུབ་མཐའ་མི་མཐུན་པའི། །ཆོས་མཛད་དགོངས་པ་སུ་མཐོ་ཡང་། །སྒོམ་ཉམས་རྟོགས་པ་མ་བཤད་ཨང་། །སྒྲུབ་བརྒྱུད་བྱིན་རླབས་ཡལ་ཉེན་གདའ། །དམ་ཚིག་སྣོད་ལ་མ་བརྟགས་ཤིང་། །མཁའ་འགྲོའི་མཚན་རྟགས་མ་བྱུང་བར། །ཟང་ཟིང་ནོར་གྱི་ངོར་བལྟས་ནས། །ཆོས་ཞུ་རུ་ཅོག་གི་སློབ་མ་ལ། །སྙན་བརྒྱུད་གདམས་ངག་མ་སྟོན་ཨང་། །ཉམས་པའི་གྲིབ་ཀྱིས་ཕོག་ཉེན་གདའ། །རི་ཁྲོད་དབེན་པ་མ་ལགས་པའི། །མི་ནག་གྲོང་གི་ཉེ་འཁོར་དུ། །དད་ལོག་སྣང་བསྒྱུར་མི་ནུས་པའི། །ཟབ་མོ་ཚོགས་ཀྱི་འཁོར་ལོ་དང་། །བརཏལ་ཞུགས་སྤྱོད་པ་མ་བྱེད་ཨང་། །སྐྱེ་བོའི་ཡ་ག་ཕོག་ཉེན་གདའ། །ཨང་དྲུག་ཉམས་ལེན་གླུ་ཆུང་འདི། །སྤྱིར་ཆོས་མཛད་ཡོངས་ཀྱི་སྤྱི་ནོར་ཡིན། །སྒོས་བུ་སློབ་རྣམས་ཀྱི་སེམས་ལ་ཞོག །ཅེས་གསུངས་པས། ཐུགས་སྲས་རྣམས་ཀྱི་ཐུགས་ལ་འཇགས་པར་གྱུར་པ་ལས། ཡང་རས་པ་རྣམས་ཀྱི་ནང་ནས་གཞོན་པ་ཕྱག་ཕྱིར་སྡོད་ཟེར་བ་རྣམས་ཀྱིས་ད་སྙིགས་དུས་སུ་སོང་གདའ་བས། བདག་བློ་དམན་རྣམས་ཀྱི་བློ་དང་འཚམས་པའི་ཞལ་གདམས་ཤིག་ཀྱང་གནང་བར་ཞུ་ཞུས་པའི་ལན་དུ་མགུར་འདི་གསུངས་སོ། །ཁྱེད་ད་དུང་གསོན་དང་བུ་སློབ་རྣམས། །ཐུབ་པའི་བསྟན་པ་སྙིགས་དུས་འདིར། །སྙིང་རུས་རྡོ་ལ་ཡི་གེ་བྲིས། །ཞི་གནས་ལྟེངས་པོའི་གཉིད་བྱུང་ན། །སྒོ་གསུམ་རིག་པ་གསོས་འདེབས་གྱིས། །ཡེ་ཤེས་མེ་སྟག་ཆུང་རིང་ལ། །དྲན་པའི་མེ་གསོས་ཡང་ཡང་སྣོན། །འཁོར་བའི་བཙོན་དོང་སྒྲོལ་འདོད་ན། །ཡེངས་པ་མེད་པར་འབད་ལ་སྒོམས། །མྱ་ངན་འདས་ལ་མངོན་དགའ་ན། །འཁོར་བའི་བྱ་བ་ཐམས་ཅད་ཐོང་། །སྙིང་ནས་ཆོས་ཤིག་བྱེད་བསམས་ན། །ང་ཟེར་ཉོན་ལ་ང་ཕྱིར་ཤོག །སྒྲུབ་པ་མཐའ་རུ་འདོན་འདོད་ན། །རྒྱུ་འབྲས་ནམ་འཆི་ཆ་མེད་སོམས། །སྒྲུབ་པ་ཡུན་དུ་བྱས་པ་ན། །དུས་གསུམ་སངས་རྒྱས་གཏིང་ནས་མཉེས། །ཆོས་ལ་ངོ་ལྐོག་མ་བྱས་ན། །དྲིན་ཅན་བླ་མའི་བཀའ་དྲིན་འཁོར། །ཚིག་དང་དོན་དུ་མ་འཛོལ་ན། །མི་ང་ཡང་སྤྲོ་བ་སྐྱེ་བའི་ཕྱིར། །འདི་བས་ཕྱི་མ་ངེས་པར་བདེ། །ཞེས་གསུངས་པས། ཀུན་དགའ་མགུ་ཡི་རངས་ཏེ། ཚེ་འདི་བློས་བཏང་བའི་ཉམས་ལེན་ལ་བརྩོན་པར་གྱུར་ཏོ། །བོན་པོ་རིའི་སྐོར་རོ།། །།


༈ ན་མོ་གུ་རུ། རྗེ་བཙུན་མི་ལ་རས་པ་དེ་ཉིད་གཉའ་ནང་གྲོད་ཕུག་ན་བཞུགས་དུས། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་མངོན་སུམ་དུ་ཞལ་བསྟན་ཏེ་མཁའ་འགྲོ་སྙན་བརྒྱུད་ཀྱི་གདམས་ངག་ཆིག་བརྒྱུད་དུ་གནས་པའི་བཀའ་རྒྱ་བཀྲོལ་ནས་སྣོད་ལྡན་འགའ་ཟུང་ལ་བསྟན་པས་ཆོག་པའི་ལུང་བསྟན་བྱུང་སྟེ། རས་ཆུང་པ་དང་ངན་རྫོང་སྟོན་པ་ལ་སོགས་པའི་ཐུགས་དང་འདྲ་བའི་བུ་སློབ་འགའ་ལ་སྙན་བརྒྱུད་ཀྱི་དབང་གནང་བའི་བུམ་དབང་བསྐུར་དུས། མི་རྒན་རྒས་འདུག་པས་བུམ་པ་ཁྱོད་རང་སོང་ལ་སློབ་མ་རྣམས་ལ་དབང་བསྐུར་ཅིག་གསུངས་པས། བུམ་པ་ནམ་མཁར་འཕགས་ནས་སློབ་མ་རྣམས་ལ་རིམ་པར་དབང་བསྐུར་བའི་ཚེ། ནམ་མཁའ་ལས་རོལ་མོའི་སྒྲ་སྣ་ཚོགས་གྲགས་པ་དང་། སྔར་ཚོར་མ་མྱོང་བའི་དྲི་བཟང་འཐུལ་བ་དང་། ལྷའི་མེ་ཏོག་གི་ཆར་སྣ་ཚོགས་འབབ་པ་ལ་སོགས་པའི་ལྟས་བཟང་པོ་བྱུང་ཞིང་། དེ་དུས་ཀྱི་སློབ་མ་ཀུན་གྱིས་དབང་གི་ཡེ་ཤེས་མངོན་དུ་བྱས་སོ། །དེ་ལ་བུ་སློབ་རྣམས་ཀྱིས་ངོ་མཚར་དུ་བྱས་པས། རྗེ་བཙུན་གྱིས་མགུར་འདི་གསུངས་སོ། །སྙན་བརྒྱུད་དྲི་མེད་དཀྱིལ་འཁོར་དུ། །ཞེན་པ་མེད་པའི་མཆོད་པ་བཤམས། །སངས་རྒྱས་ཡེ་ཤེས་ངོ་སྤྲོད་པའི། །རིན་ཆེན་བུམ་ཆུའི་དབང་བསྐུར་ཚེ། །དཀྱིལ་འཁོར་ལྷ་ཡི་མཆོད་པ་དང་། །སྣ་ཚོགས་རོལ་མོ་སྒྲོག་བཞིན་དུ། །བུམ་པ་རང་གིས་དབང་བསྐུར་ལ། །ཡེ་ཤེས་ངོ་མཚར་སྐྱེས་པ་བཟང་། །བཀའ་བརྒྱུད་བླ་མའི་ཐུགས་རྗེ་ཡིན། །ཞེས་གསུངས་ཤིང་དེ་རེ་ཞིག་གསང་བར་སློབ་མ་ཀུན་ལ་བཀའ་རྒྱས་བཏབ་བོ། །ཡང་རས་ཆུང་པས་རྡོ་རྗེ་རྣལ་འབྱོར་མའི་བྲིས་སྐུ་ཞིག་བཞེངས་པ་ལ་རབ་གནས་མཛད་པའི་ཚེ། མི་ལ་རྒན་པོས་ཆོ་ག་རྒྱས་པ་མི་ཤེས་པས་དམ་ཚིག་པའི་ལྷ་ལ་ཡེ་ཤེས་པ་རྣམས་བརྟན་པར་བཞུགས་ལ་དགའ་སྟོན་དུ་མེ་ཏོག་ལོངས་ཤིག་གསུངས་ནས་མེ་ཏོག་གཏོར་བའི་ཚེ། བྲིས་སྐུ་གཡོ་འགུལ་མང་པོ་མཛད་པའི་བར་ལ། ནམ་མཁའ་ནས་འཇའ་འོད་ཀྱི་སྐུ་གསུང་ཐུགས་ཀྱི་རྟེན་མང་པོ་ཐིམ་ཞིང་ལྷའི་མེ་ཏོག་བཟང་པོའི་ཆར་བབས་པ་དེ། དབུ་ལ་ཐོད་བཞིན་དུ་བླངས་ཤིང་སྐུ་ལ་ཁྱབ་སྙམ་དུ་ཆགས་པ་ལ་ཀུན་གྱིས་ཡ་མཚན་དུ་བྱས་པས་རྗེ་བཙུན་གྱིས་མགུར་འདི་གསུངས་སོ། །གཟུགས་སྐུ་དམ་ཚིག་སེམས་དཔའ་ལ། །ཆོས་སྐུ་ཡེ་ཤེས་སེམས་དཔའི་ཚོགས། །འོད་ཀྱི་སྐུ་གསུང་ཐུགས་བྱོན་པས། །བསྟིམས་ནས་ངོ་སྤྲོད་རབ་གནས་ཚེ། །མི་ལ་རྒན་ནས་མ་ལོངས་ཀྱང་། །ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་ཀྱིས། །རྒྱལ་བ་ཆོས་སྐུའི་ཞིང་ཁམས་ནས། །གཟུགས་སྐུའི་མེ་ཏོག་སྤྱན་དྲངས་ཏེ། །ཡི་དམ་ལྷ་ལ་མངོན་སུམ་ཐིམ། །རབ་ཏུ་གནས་པར་ཞལ་བཞེས་ཕྱིར། །ཡ་མཚན་མེ་ཏོག་བླངས་པ་དེ། །དབུ་དང་སྐུ་ལ་མཛེས་པར་བརྒྱན། །སླར་ཡང་ཡི་དམ་རང་ལ་ཐིམ། །དེ་ལ་ངོ་མཚར་སྐྱེས་པ་དེ། །ཀུན་ལ་སྐལ་བ་ཡོད་པའི་རྟགས། །ཞེས་གསུངས་པས་རས་ཆུང་པ་ལ་སོགས་པའི་བུ་སློབ་ཀུན་གྱིས་རྗེ་བཙུན་དང་རྡོ་རྗེ་རྣལ་འབྱོར་མ་དབྱེར་མེད་དུ་མཐོང་བ་ལགས་སོ། །དབང་བསྐུར་དང་རབ་གནས་ཀྱི་སྐོར་རོ།། །།


༈ ན་མོ་གུ་རུ། རྗེ་བཙུན་མི་ལ་རས་པ་དེ་ཉིད་ལ་དང་པོ་ནས་མཆོག་ཏུ་དད་པའི་ཡོན་བདག་གཤེན་རྡོར་མོ་དང་ལེགས་སེ་ཞེས་བྱ་བའི་བཟའ་མི་གཉིས་ཡོད་པ་དེས་རྩར་མར་སྤྱན་དྲངས་པས། རྗེ་བཙུན་དང་མཇལ་མ་ཐག་གཤེན་རྡོར་མོས་ཕྱག་ནས་འཇུས་ཏེ། ད་བདག་རྒས་འཁོགས་ནས་འཆི་ལ་ཐུག་པས་འཇིགས་ཏེ། རྗེ་བཙུན་གྱི་དྲུང་དུ་ཆོས་བྱེད་པ་མ་བྱུང་བས་འགྱོད་ཟེར་མང་དུ་ངུ་ཞིང་འདུག་པས། རྗེ་བཙུན་གྱི་ཞལ་ནས་ཡོན་བདག་སྐྱེ་རྒ་ན་འཆིའི་སྡུག་བསྔལ་འདི་ཆོས་མཛད་དམ་པ་རྣམས་མ་གཏོགས་སེམས་ཅན་ཀུན་ལ་འོང་། དེ་ལ་འཇིགས་ན་འཆི་ཁར་ཆོས་བྱས་ན་འཐད་གསུངས་ནས་མགུར་འདི་གསུངས་སོ། །འོ་སྐོལ་འགྲོ་བ་འཇིག་རྟེན་པ། །སྐྱེ་རྒ་ན་འཆིའི་ཆུ་བོ་བཞི། །གཅིག་ཏུ་མ་ཟད་ཀུན་ལ་ཡོད། །འཁོར་བའི་རྒྱ་མཚོར་ཡང་ཡང་འཁོར། །མི་ཤེས་སྡུག་བསྔལ་རྦ་ལ་གཡེངས། །བདེ་བ་སྐད་ཅིག་མི་གདའ་ན། །སྡུག་གིས་དོགས་ནས་སྡུག་བསྔལ་བསྒྲུབ། །སྐྱིད་དུ་རེ་ཞིང་སྡིག་པ་བྱེད། །སྡུག་བསྔལ་འདི་ལས་ཐར་འདོད་ན། །ངན་སྤྱོད་སྡིག་པ་སྤངས་ན་ལེགས། །འཆི་ཁར་ལྷ་ཆོས་བྱས་ན་འཐད། །ཅེས་གསུངས་པས་ཁོ་ན་རེ། བདག་སྐྱེ་བའི་དུག་བསྔལ་མི་དྲན་པ་གདའ་བས་གསུང་བར་ཞུ་དང་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །འོ་ན་ཡོན་བདག་དད་པ་ཅན། །སྐྱེ་བའི་སྡུག་བསྔལ་བཤད་ཙ་ན། །ཀུན་གཞི་བར་དོར་འཁྱམས་པོ་དེ། །ཆགས་སྡང་གཉིས་ཀྱི་མངལ་དུ་ཞུགས། །མ་ཡི་མངལ་དུ་ཞུགས་ཙ་ན། །ཉ་མོ་དོལ་ལ་འཐུམས་པ་འདྲ། །ཁྲག་ཆུ་སེར་ནང་དུ་ཉལ་ཙ་ན། །མི་གཙང་བ་ལ་སྔས་གདན་བྱས། །ལས་ངན་དབང་གིས་ལུས་ངན་གྲུབ། །གནས་ངན་ནང་དུ་སྡུག་བསྔལ་སྤྱོད། །ཚེ་སྔོན་དྲན་ཡང་སྐད་མ་ཐོན། །ཚ་གྲང་སྣ་ཚོགས་ཉམས་སུ་མྱོང་། །ཟླ་དགུ་ངོ་བཅུ་དམྱལ་བར་ལུས། །མ་ལས་སྐྱེས་པའི་དུས་སུ་ཡང་། །ལུས་འཇུར་མིག་མཁྲང་ལས་དྲངས་པ་འདྲ། །མ་ཡི་མངལ་སྒོར་ཐོན་ཙ་ན། །ཚེར་མའི་དོང་དུ་བསྐྱུར་བ་འདྲ། །མ་ཡི་པང་དུ་བླངས་ཙ་ན། །བྱེའུ་ཆུང་ཁྲ་ཡི་ཁྱེར་བ་འདྲ། །མི་གཙང་ཕྲུ་མ་ཕྱིས་ཙ་ན། །གསོན་པོར་ལྤགས་པ་བཤུས་པ་འདྲ། །ལྟེ་བའི་ཐག་པ་བཅད་ཙ་ན། །ཁོང་པའི་སྲོག་རྩ་བཅད་པ་འདྲ། །ཚང་བུ་མལ་དུ་བཅུག་ཙ་ན། །བཀྱིགས་ནས་བཙོན་དོང་བོར་བ་འདྲ། །ལར་སྐྱེ་མེད་དོན་གཅིག་མ་རྟོགས་ན། །སྐྱེ་བའི་སྡུག་བསྔལ་བསམ་ལས་འདས། །འཆི་ཀར་དགོས་པའི་ལྷ་ཆོས་ལ། །ཕྱིར་བཤོལ་བྱས་པས་སྐལ་པ་ཆད། །འབུངས་ནས་ལྷ་ཆོས་བྱས་པ་འཐད། །ཅེས་གསུངས་པས་ཡང་ཁོ་ན་རེ། རྒས་པའི་སྡུག་བསྔལ་ཞིག་ཀྱང་གསུང་བར་ཞུ་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །འོ་ན་ཡོན་བདག་གཞུག་བཟང་པོ། །རྒས་པའི་སྡུག་བསྔལ་བཤད་ཙ་ན། །རང་ལུས་འབྱུང་བཞི་རྒུད་པ་ཡི། །རྒས་པའི་སྡུག་བསྔལ་ཡི་རེ་མུག །དྲང་པོར་སྐྱེས་པའི་ལུས་པོ་རྒུར། །བརྟན་པོར་བཞག་ཀྱང་གོམ་པ་འཁྱོར། །ནག་པོར་སྐྱེས་པའི་སྐྲ་ལོ་དཀར། །དབང་པོའི་དྭངས་མ་མིག་ཀྱང་འགྲིབས། །ཡན་ལག་གཙོ་བོ་མགོ་བོ་འཁོར། །སྒྲ་རྣམས་ཉན་བྱེད་རྣ་བ་འོན། །མཁུར་ཚོས་ཁྲག་གི་རྒྱ་མཚོ་སྐམས། །བྱད་ཀྱི་རྒྱང་ཤིང་སྣ་ཡང་ཞོམ། །རུས་པའི་དྭངས་མ་དུང་སོ་བུད། །སྨྲ་བའི་རྒྱལ་པོ་ལྕེ་ཡང་ལྡིབ། །ཤིག་སྲོའི་བུ་ལོན་བསད་བཞིན་མང་། །ཟས་དང་གཉེན་འདུན་བསྡུས་ཀྱང་བྲོས། །སྡུག་བསྔལ་ཡི་ཆད་སྤངས་ཤིང་འཁོར། །བདེན་པར་སྨྲས་ཀྱང་ཉན་མཁན་མེད། །གཅེས་པར་གསོས་པའི་བུ་ཚ་སྡང་། །བསོགས་ཚད་བྱིན་ལ་དྲིན་གཟོ་མེད། །ཤི་འཕྱིས་ཟེར་ཞིང་དམོད་མོ་མང་། །ལར་རྒས་མེད་དོན་ཞིག་མ་རྟོགས་ན། །རྒས་པའི་སྡུག་བསྔལ་བསམ་ལས་འདས། །རྒས་ནས་ལྷ་ཆོས་མི་དྲན་པ། །སྔོན་གྱི་ལས་ཀྱི་རྣམ་སྨིན་ཡིན། །ད་ལྟ་ཁ་དབུགས་ཡོད་རིང་ལ། །དམ་པའི་ལྷ་ཆོས་བྱས་ན་ལེགས། །ཞེས་གསུངས་པས། །ཁོ་ན་རེ་དེ་རྣམས་ཇི་བཞིན་བདག་གི་ཐོག་ཏུ་བབ་གདའ། ད་ན་བའི་སྡུག་བསྔལ་ཞིག་གསུང་དང་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །འོ་ན་ཡོན་བདག་སྐྱོ་ཤས་ཅན། །ན་བའི་སྡུག་བསྔལ་བཤད་ཙ་ན། །ལུས་གློ་བུར་ཉིད་ལ་ནད་ཀྱིས་བཏབ། །ཟུག་གཟེར་ཡིད་ལ་མེད་པར་ལངས། །རླུང་མཁྲིས་བད་ཀན་བདུད་དུ་བབས། །ཁྲག་དང་ཆུ་སེར་ཁོལ་ཞིང་ན། །ནད་དང་གཟེར་གྱིས་དབང་པོ་བསྡུས། །མལ་བདེ་མོར་ཉལ་ཀྱང་འགྲེ་ལྡོག་མང་། །སྔོན་སེར་སྣ་བྱས་པའི་ལས་དབང་གིས། །ཟས་བཟང་པོ་བྱིན་ཡང་ཁ་ནས་ལྡོག །གནས་བསིལ་བར་བསྡད་ཀྱང་མེ་བས་ཚ། །གོས་དྲོ་བར་གཡོགས་ཀྱང་ཆུ་བས་གྲང་། །གཉེན་བཤེས་རྣམས་ཀྱི་མཐའ་བསྐོར་ཡང་། །ན་བའི་སྡུག་བསྔལ་བགོ་ཐབས་མེད། །མོ་བོན་སྨན་པ་ཐབས་མཁས་ཀྱང་། །སྔོན་ལས་ངན་ན་ཚ་སེལ་བར་དཀའ། །ལར་ན་མེད་དོན་ཞིག་མ་རྟོགས་ན། །ན་བའི་སྡུག་བསྔལ་བསམ་ལས་འདས། །ན་ཚ་ནམ་ཕོག་མི་ཤེས་པས། །སྡུག་དོགས་ལྷ་ཆོས་བྱས་ན་འཐད། །ཅེས་གསུངས་པས། ཡང་ཁོ་ན་རེ་བདག་འཆི་ཁར་ལྷ་ཆོས་ཤིག་ཨེ་འོང་ལྟ་བས་འཆི་བའི་སྡུག་བསྔལ་ཞིག་གསུང་བར་ཞུ་དང་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །འོ་ན་ཡོན་བདག་ངེས་འབྱུང་ཅན། །འཆི་བའི་སྡུག་བསྔལ་སྐྱི་རེ་བུན། །ལན་གཅིག་འཆི་བ་བྱུང་བའི་ཚེ། །གཤིན་རྗེའི་ཕོ་ཉས་ཟིན་པ་ན། །ཕྱུག་པོའི་ནོར་གྱིས་བླུ་ས་མེད། །དཔའ་བོས་རལ་ཁ་སྤྲད་ས་མེད། །མཛངས་མས་བསླུ་བྲིད་བྱ་ས་མེད། །མཁས་པས་ལོ་རྒྱུས་བཀྲོལ་ས་མེད། །ཕོངས་པས་ཞུ་བ་བྱ་ས་མེད། །ངན་པས་སྨྱོན་གདོལ་བྱ་ས་མེད། །སྔར་མས་ཝ་བྲོས་བྱ་ས་མེད། །ཡན་ལག་རྩ་རྣམས་མཐའ་ནས་བསྡུས། །ཕན་ཚུན་རི་བོས་མནན་པ་འདྲ། །དབང་པོའི་ཡུལ་རྣམས་ཐམས་ཅད་བསྡུས། །ཕན་དུ་རེ་བའི་སྨན་པས་བོར། །སྐྱོབ་ཏུ་རེ་བའི་མོ་བོན་བྲོས། །རྟེན་སྒྲུབ་བྱས་པའི་ལྷ་སྲུང་ཡར། །བརྡ་དང་གཏམ་ལ་ལན་མི་ཐེབས། །དབུགས་ཕྱི་ནང་འགྱུ་བ་མ་ཆད་ནའང་། །ལུས་ལ་ཤི་ཤའི་དྲི་མ་ཆགས། །དྲོད་མེ་སྟག་ཙམ་དེ་མཐའ་ནས་སྡུད། །ལ་ལ་གཟའ་དང་སྐར་མ་བརྩི། །ལ་ལ་སྡུག་བསྔལ་འོ་དོད་འབོད། །ལ་ལ་ཟས་དང་ནོར་ལ་སྒོམ། །རང་གིས་བསོགས་པ་གཞན་གྱིས་སྤྱོད། །སེམས་བརྩེ་བ་མང་ཡང་གཅིག་པུར་འགྲོ། །གྲོགས་བཟང་པོ་ཡོད་ཀྱང་སྐྱུག་བྲོ་ལྟ། །གཅེས་པའི་ལུས་པོ་སུམ་བལྟབ་བྱས། །ཕུང་པོ་རྒྱང་དུ་བསྐྱུར་ནས་བྲོས། །མེར་བསྲེགས་ཆུར་བཅུག་དོང་དུ་བསྐྱུར། །མེད་པ་ཟིན་ཚེ་ཁོ་ཐག་ཆོད། །དེ་བཟོད་པར་འདུག་གམ་དད་པ་ཅན། །དབུགས་འགྱུ་བ་ཆད་པའི་ནངས་པར་དེ། །འཛམ་གླིང་ནོར་གྱིས་གང་ན་ཡང་། །བདག་ལ་ཕན་པ་མི་འདུག་པས། །སེར་སྣ་ཅན་ཚོ་ཅི་སེམས་ན། །བྱམས་པའི་གཉེན་གྱིས་མཐའ་བསྐོར་ཡང་། །ཕན་པ་སྐད་ཅིག་སྒྲུབ་ཐབས་མེད། །ཐམས་ཅད་འབྲལ་བར་མཐོང་ཙ་ན། །བརྩེ་གདུང་ཅན་ཚོ་ཅི་བྱེད་ཨང་། །དེ་འདྲའི་དུས་ཤིག་བྱུང་ཙ་ན། །དམ་པའི་ལྷ་ཆོས་མ་ལགས་པ། །གང་གིས་ཕན་པ་ཡོད་པ་མིན། །འཆི་དུས་མི་འགྱོད་ཙམ་རེ་དགོས། །འཆི་ཁར་མི་འཚེར་ཙམ་རེ་མཛོད། །ཅེས་གསུངས་པས། གཤེན་རྡོར་མོ་ཆོས་སྒོར་ཞུགས་པ་ལ་ཁྲིད་བཏབ་ནས་བསྒོམས་པས་འཆི་ཁར་ལམ་སྣ་ཟིན་པར་གྱུར་ཏོ། །དེའི་ཚེ་ལེགས་སེ་འབུམ་གྱིས་རྗེ་བཙུན་ཡབ་སྲས་རྟག་ཏུ་མི་བཞུགས་རུང་། ཞག་ཤས་ཅིས་ཀྱང་བཞུགས་དགོས་ཟེར་ནན་གྱིས་ཞུ་བ་ཕུལ་ནས། ཞག་བདུན་བཞུགས་པའི་བར་ལ་གཉའ་ནང་ན་མི་མང་ཚོགས་ཚ་ཚ་འདེབས་པ་ཞིག་ཡོད་པ་དེ་བྱུང་བས། ལེགས་སེ་ན་རེ། རྗེ་བཙུན་ཡབ་སྲས་ཀྱང་ལྟད་མོ་ལ་འབྱོན་ནམ་ཟེར། ངེད་མི་འགྲོ་གསུངས་པས། འོ་ན་དེ་རིང་དགེ་རྩར་གདའ་བས། རང་རེའི་མཆོད་ཁང་དུ་མཆོད་པ་འབུལ་བ་དང་། ཚ་ཚ་འགའ་འདེབས་གྲོགས་མཛོད། སེམས་ཅན་གྱི་དོན་ལགས་པས། བདག་གི་བུ་ཆུང་དང་རེའུ་ལུག་ལའང་གཟིགས་གྲོགས་མཛོད། ཁྱིམ་དང་སྣོད་སྤྱད་རྣམས་ལའང་གད་རེ་མཛད་གྲོགས་མཛོད་ཅིག་ཟེར་མོ་རྒྱན་གོས་བཟང་པོར་ཞུགས་ནས་སོང་། རྗེ་བཙུན་ཡབ་སྲས་ཐུགས་དམ་ལ་འབྱམས་ནས་མོའི་ལས་ཅི་ཡང་མ་གྲུབ་པར་རེའུ་ལུག་གིས་ཞིང་ཟོས། བུ་ཆུང་ངུ་བའི་སྒང་ལ་མོ་སླེབ་བྱུང་སྟེ། ཅི་ཡང་མ་མཛད་པར་འདུག་པས། མོ་ན་རེ་གཞན་རྣམས་མི་མཛད་རུང་། ཆོས་པར་ཐུགས་རྗེ་ཆེན་པོ་དགོས་པས་བུ་དང་རེའུ་ལུག་མི་སྡུག་ཙམ་དང་། དགེ་ལས་རྣམས་མཛད་པས་སྐྱོན་དོགས་མེད་ལགས་ཟེར་བའི་ལན་དུ་རྗེ་བཙུན་གྱིས་མགུར་འདི་གསུངས་སོ།། ང་གནས་བདེ་ཆེན་གྱི་སྤང་ཁ་ཡངས་པ་ལ། །གཞི་འགྱུར་མེད་ཀྱི་རེའུ་ལུག་བསྐྱངས་བསྐྱངས་ནས། །ཁྲག་ཆགས་རེའུ་ལུག་སྐྱོང་བའི་ལོང་མ་བྱུང་། །ཁྲག་ཆགས་རེའུ་ལུག་ལེགས་སེ་འབུམ་གྱིས་སྐྱོངས། །ང་བྱམས་དང་སྙིང་རྗེའི་ཨ་མ་ཡིས། །རིག་པའི་ཁྱེའུ་ཆུང་བསྐྱངས་བསྐྱངས་ནས། །སྣབས་བཤལ་བུ་ཚ་སྐྱོང་བའི་ལོང་མ་བྱུང་། །སྣབས་བཤལ་བུ་ཚ་ལེགས་སེ་འབུམ་གྱིས་སྐྱོངས། །ང་སྒོམ་མི་འགྱུར་གྱི་རི་བོ་བརྟན་པ་ལ། །དྲན་པ་ཡེངས་མེད་ཀྱི་ཚ་ཚ་བཏབ་བཏབ་ནས། །འཇིམ་པའི་ཚ་ཚ་འདེབས་པའི་ལོང་མ་བྱུང་། །འབི་འབིའི་ཚ་ཚ་ལེགས་སེ་འབུམ་གྱིས་མཛོད། །ང་བྱང་ཁོག་སྟོད་ཀྱི་མཆོད་ཁང་དུ། །སྒོམ་འོད་གསལ་གྱི་མར་མེ་འབུལ་འབུལ་ནས། །རས་དཀར་སྡོང་བུ་འཛུགས་པའི་ལོང་མ་བྱུང་། །རས་དཀར་སྡོང་བུ་ལེགས་སེ་འབུམ་གྱིས་ཚུགས། །སྒྱུ་མ་ལུས་ཀྱི་ཁང་སྲུལ་ལ། །བག་ཆགས་ཕྱགས་དར་བྱེད་བྱེད་ནས། །ཁང་པའི་ཕྱགས་དར་ངས་མ་བྱུང་། །ཁང་པའི་ཕྱགས་དར་ལེགས་སེ་འབུམ་གྱིས་མཛོད། །ང་སྣ་ཚོགས་སྲིད་པའི་ཡོ་བྱད་ལ། །སྒྱུ་མའི་རྩལ་སྦྱང་བྱེད་བྱེད་ནས། །ཕོར་སྡེར་འཁྲུད་པའི་ལོང་མ་བྱུང་། །སྤྱད་པའི་བཀྲུ་བཤལ་ལེགས་སེ་འབུམ་གྱིས་མཛོད། །ཅེས་གསུངས་པས། མོ་ན་རེ། །རྗེ་བཙུན་ལགས་ངེད་འཇིག་རྟེན་པའི་དགེ་བ་ཡང་ཁྱད་དུ་མི་གསོད་པར་ཞུ། བདག་གིས་བླ་མཆོད་གཞན་ཡང་བསྟེན་མྱོང་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །བླ་མཆོད་སྙིང་རྗེ་མེད་པ་དེ། །ཐེའུ་རང་ལྷ་རུ་མཆོད་པ་འདྲ། །བདག་གཞན་གཉིས་ཕུང་ཡ་རེ་ཆ། །སེམས་བསྐྱེད་མེད་པའི་ཆོས་སྤྱོད་དེ། །བླུན་པོ་མགོ་བསྐོར་དྲ་བ་འདྲ། །འདོད་པ་འབར་བ་ཡ་རེ་ཆ། །ཕྱོགས་རེས་ཅན་གྱི་སྦྱིན་པ་དེ། །ཁ་ལན་སྟོན་མོའི་རེ་མོས་འདྲ། །རེ་འཁང་མང་བ་ཡ་རེ་ཆ། །ཞིང་ས་མེད་པའི་འབུལ་བ་དེ། །ཁྲམ་པས་ནོར་བཅོལ་གཏད་པ་འདྲ། །འཁྲུལ་གཞི་འགྱུར་བ་ཡ་རེ་ཆ། །སྙིང་རྗེ་མེད་པའི་སྦྱིན་གཏོང་དེ། །ཀ་བ་འབྲེང་བས་བྲབས་པ་འདྲ། །རང་ལ་འཁྲིལ་བ་ཡ་རེ་ཆ། །རང་རྒྱུད་མ་ཐུལ་ལྟ་བ་དེ། །འུད་གོག་རྦད་གཏམ་བྱེད་པ་འདྲ། །རྒྱུ་འབྲས་ཁྱད་གསོད་ཡ་རེ་ཆ། །གནད་དུ་མ་སོང་སྒོམ་པ་དེ། །རྫུན་མས་ཟོར་ཁང་འབུབས་པ་འདྲ། །ཡོད་ལོ་བྱེད་པ་ཡ་རེ་ཆ། །རྟེན་འབྲེལ་མ་ཤར་སྤྱོད་པ་དེ། །སྨྱོན་པས་ཚ་ཆུ་འཐུངས་པ་འདྲ། །འདོད་སྲེད་འཕེལ་བ་ཡ་རེ་ཆ། །ཆོས་བརྒྱད་སྒྲིགས་པའི་དམ་ཚིག་དེ། །མི་གཙང་དར་དུ་གཏུམས་པ་འདྲ། །ནང་ནས་རུལ་བ་ཡ་རེ་ཆ། །རང་འདོད་མ་སྤངས་འབྲས་བུ་དེ། །རྫབ་ལ་མི་གཟུགས་བཟོས་པ་འདྲ། །རྐྱེན་གྱིས་འཇིག་པ་ཡ་རེ་ཆ། །ཞེས་གསུངས་པས། མོ་འགྱོད་པ་སྐྱེས་ཏེ། རྒྱན་གྱི་གསེབ་ནས་གཡུ་དྲག་པ་ཞིག་ཕྱག་རྟེན་དུ་ཕུལ་ནས་ཁྲིད་ཞུར་བྱུང་བ་ལ། རྗེ་བཙུན་གྱིས་ལེགས་སེ་འབུམ་ལ་རྡོ་རྗེ་ཚིག་རྐང་མ་འདི་མགུར་དུ་གསུངས་སོ། །ཉོན་དང་ཕྱུག་མོ་ལེགས་སེ་འབུམ། །རྣམ་རིག་བཀྲ་བའི་རིག་པ་ཅན། །ཁྱོད་རང་གི་ལུས་ལ་ཚུར་ལྟོས་ལ། །སྐྱིད་འདོད་མེད་པའི་སྒོམ་ཞིག་གྱིས། །རང་གི་ངག་ལ་ཚུར་ལྟོས་ལ། །སྨྲ་བརྗོད་མེད་པའི་སྒོམ་ཞིག་གྱིས། །རང་གི་སེམས་ལ་ཚུར་ལྟོས་ལ། །རྣམ་རྟོག་མེད་པའི་སྒོམ་ཞིག་གྱིས། །ལུས་ངག་ཡིད་གསུམ་མ་ཡེངས་པར། །སྒོམ་རྒྱུ་མེད་པའི་སྒོམ་ཞིག་གྱིས། །ཞེས་གསུངས་ནས། མོས་བསྒོམས་པས་ཉམས་སྐྱེས་ཏེ་བླ་མ་ལ་ཡན་ལག་བདུན་པ་འདི་ཕུལ་ལོ།། རྗེ་ངོ་མཚར་རས་ཀྱི་ན་བཟའ་ཅན། །གཏད་པ་མེད་པའི་ཁེངས་སེམས་ཅན། །ཡ་ང་མེད་པའི་ཞེ་དོགས་ཅན། །ཆགས་པ་མེད་པའི་བློ་གདེངས་ཅན། །བརཏལ་ཞུགས་རས་པའི་ཞབས་ལ་འདུད། །རས་ཆེན་ཁྱེད་ལ་མཆོད་པར་འབུལ། །བརཏལ་ཞུགས་རས་ལ་སྡིག་པ་བཤགས། །བླ་མ་ཁྱེད་ལ་རྗེས་ཡི་རང་། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །མྱ་ངན་མི་འདའ་བཞུགས་སུ་གསོལ། །དགེ་བ་འགྲོ་ཀུན་དོན་དུ་བསྔོ། །རང་གི་ལུས་ལ་ཚུར་བལྟས་ནས། །སྐྱིད་འདོད་མེད་པའི་སྒོམ་བྱས་ཀྱང་། །ད་དུང་སྐྱིད་འདོད་འོང་ཞིང་གདའ། །རང་གིས་ངག་ལ་ཚུར་བལྟས་ནས། །སྨྲ་འདོད་མེད་པའི་སྒོམ་བྱས་ཀྱང་། །ད་དུང་སྨྲ་འདོད་འོང་ཞིང་གདའ། །རང་གིས་སེམས་ལ་ཚུར་བལྟས་ནས། །རྣམ་རྟོག་མེད་པའི་སྒོམ་བྱས་ཀྱང་། །ད་དུང་རྣམ་རྟོག་འོང་ཞིང་གདའ། །ལུས་ངག་ཡིད་གསུམ་མ་ཡེངས་པའི། །སྒོམ་རྒྱུ་མེད་པའི་སྒོམ་བྱས་ཀྱང་། །ད་དུང་སྒོམ་རྒྱུ་འོང་ཞིང་གདའ། །གདམས་ངག་གེགས་སེལ་བོགས་འདོན་ཞུ། །ཞེས་ཞུས་པའི་ལན་དུ་རྗེ་བཙུན་གྱིས་གེགས་སེལ་བོགས་འདོན་གྱི་མགུར་འདི་གསུངས་སོ། །ཉོན་དང་གསོན་དང་ལེགས་སེ་འབུམ། །ཁྱོད་ལུས་ལ་སྐྱེད་འདོད་འདུག་པ་ན། །འདུས་པའི་གཉེན་དང་གསོན་འབྲལ་གྱིས། །བསགས་པའི་ནོར་རྣམས་སྦྱིན་པར་ཐོང་། །ཆགས་ཞེན་མེད་པའི་ངང་ལ་སྡོད། །ངག་ལ་སྨྲ་འདོད་འདུག་པ་ན། །འཇིག་རྟེན་ཆོས་བརྒྱད་རྒྱབ་ཏུ་བོར། །ང་རྒྱལ་རང་མཐོང་རླུང་ལ་བསྐུར། །ང་རྒྱལ་མེད་པའི་ངང་ལ་སྡོད། །སེམས་ལ་རྣམ་རྟོག་འདུག་པ་ན། །རང་སེམས་དྲན་པའི་ལྕགས་ཀྱུས་ཟུངས། །འཁོར་འདས་གཉིས་སུ་མི་འཛིན་པར། །མཉམ་པ་ཉིད་ཀྱི་ངང་ལ་སྡོད། །གང་ཤར་རྗེས་མེད་ངང་དུ་སྐྱོངས། །ད་དུང་སྒོམ་རྒྱུ་འདུག་པ་ན། །སེམས་ཅན་རྣམས་ལ་སྙིང་རྗེ་སྒོམས། །རང་ལུས་ཐུགས་རྗེ་ཆེན་པོར་སྒོམས། །སྤྱི་བོར་རྩ་བའི་བླ་མ་སྒོམས། །སྟོང་པ་ཉིད་ལ་སྒོམ་ཡུན་སྲིངས། །རྗེས་ལ་བསྔོ་བའི་རྒྱ་ཡིས་ཐོབ། །དེ་གོ་བར་གྱིས་ལ་ལྷ་ཆོས་མཛོད། །ཅེས་གསུངས་པས། མོས་ཀྱང་རྗེ་བཙུན་གྱི་བཀའ་བཞིན་ཉམས་སུ་བླངས་པས་ལམ་སྣ་ཟིན་པའི་རྣལ་འབྱོར་མར་གྱུར་ཏོ། །གཤེན་རྡོར་མོ་དང་ལེགས་སེ་འབུམ་གྱི་སྐོར་རོ།། །།


༈ ན་མོ་གུ་རུ། རྗེ་བཙུན་མི་ལ་རས་པ་དེ་ཉིད་གཉའ་ནང་གྲོད་ཕུག་ན་བཞུགས་དུས། ཐུགས་སྲས་རས་ཆུང་པ་དེ་ཉིད་ལ་འཇིག་རྟེན་ཆོས་བརྒྱད་ཀྱི་སྣང་བ་ཅུང་ཟད་འདུག་པ་ལ། སྤོངས་གསུངས་པའི་ཞལ་ཏ་ཡང་ཡང་གནང་བས་རས་ཆུང་པའི་ཐུགས་ལ། ངས་ཕ་ཡུལ་ནི་སྤངས་ཆོས་བརྒྱད་ཀྱི་སྐྱོན་གྱིས་མ་གོས་ལས་ཆེ་སྙམ་རྗེ་བཙུན་ལ་ཕ་ཡུལ་སྤངས་པས་ཆོས་ཕྱེད་འགྲུབ་ཟེར་བ་དེ་བདེན་ལགས་སམ་ཞུས་པས་རྗེ་བཙུན་གྱི་ཞལ་ནས་ཆོས་སྤྱི་སྐད་ལ་དེ་སྐད་ཟེར་ཏེ། དེས་ཅུང་མི་ཕན་གསུངས་ནས་མགུར་འདི་གསུངས་སོ།། རིགས་ཀྱི་བདག་པོའི་ངོ་བོ་ནི། །སྤྱི་གཙུག་བདེ་ཆེན་ཕོ་བྲང་ན། །སྐྱོན་གྱིས་མ་གོས་བླ་མ་དེ། །ཡོན་ཏན་ཚོགས་ཀྱིས་རབ་བརྒྱན་ཏེ། །བལྟ་བས་མི་ངོམས་རྗེ་ལ་བསྟོད། །ཕ་ཡུལ་སྤངས་པའི་མི་ཡུལ་ཀྱང་། །དེ་སྲུང་ལུགས་དང་ཚུལ་བཞིན་དགོས། །གྲགས་དང་སྙན་པ་ཆེ་ན་དགའ། །བར་དེར་ཡང་འཇིག་རྟེན་ཆོས་ཀྱིས་སླེབ། །ཟས་བཀུར་སྟི་སྤངས་པའི་ཁམ་ཟན་ཀྱང་། །ཆེ་ལ་གསོག་ལུགས་དང་ཚུལ་བཞིན་དགོས། །དེ་ཡང་ཞིམ་ལ་འགྲངས་ན་དགའ། །བར་དེར་ཡང་འཇིག་རྟེན་ཆོས་ཀྱིས་སླེབ། །གོས་རེའུ་ཕྲུག་སྤངས་པའི་ལྕམ་བེར་ཀྱང་། །ཚེམ་དྲུབ་ལུགས་དང་ཚུལ་བཞིན་དགོས། །དེ་ཡང་གྲོ་འཇམ་ཡང་ན་དགའ། །བར་དེར་ཡང་འཇིག་རྟེན་ཆོས་ཀྱིས་སླེབ། །མཁར་ཁྱིམ་སྤངས་པའི་ས་ཕུག་ཀྱང་། །ཐིགས་ཚགས་ལུགས་དང་ཚུལ་བཞིན་དགོས། །དེ་ཡང་བཙན་ལ་རུབ་ན་དགའ། །བར་དེར་ཡང་འཇིག་རྟེན་ཆོས་ཀྱིས་སླེབ། །ཞིང་ཆེན་སྤངས་པའི་ཞིང་ཆུང་ཡང་། །སོ་ནམ་ལུགས་དང་ཚུལ་བཞིན་དགོས། །ལོ་ཉུང་བཟང་ལ་མང་ན་དགའ། །བར་དེར་ཡང་འཇིག་རྟེན་ཆོས་ཀྱིས་སླེབ། །འཁོར་བའི་ཆོས་ཉིད་གཞི་བྲལ་ཏེ། །བརྟགས་ན་ངོས་བཟུང་མེད་པ་ལ། །རྟོགས་ན་མྱ་ངན་འདས་པ་ཡིན། །ཐམས་ཅད་སྟོང་པའི་ཆོས་ཉིད་ལ། །རྣལ་འབྱོར་རྟག་པར་མ་འཛིན་ཅིག །ཅེས་གསུངས་པས། །གསང་སྔགས་ཐབས་ཀྱི་ལམ་ལ་བསྟེན་པ་ལགས་པས། འདོད་ཡོན་བག་ཙམ་རེ་བསྟེན་པས་ཁྱབ་ལགས་སམ་ཞུས་པས། རྗེ་བཙུན་གྱི་ཞལ་ནས་འདོད་ཡོན་སྒྲུབ་པའི་གྲོགས་སུ་འགྲོ་ན་བསྟེན་པས་རུང་སྟེ། སྒྲུབ་པ་འདོད་ཡོན་གྱི་གྲོགས་སུ་འགྱུར་ན་མི་རུང་། ངས་ལྷོ་བྲག་མར་པའི་དྲུང་ནས་འོང་དུས་ཆོས་བརྒྱད་སྤོངས། འདོད་ཡོན་ངན་ངོན་ཙམ་ལ་བརྟེན་ནས་སྒྲུབ་པ་གྱིས་ཤིག་གསུང་བ་ལྟར་བསྒྲུབས་པས་ཡོན་ཏན་ཅུང་ཟད་རྒྱུད་ལ་སྐྱེས་པ་ཡིན། ཁྱོད་ཀྱང་ཆོས་བརྒྱད་སྤོངས་ལ་སྒྲུབ་པ་ལོང་ཡོད་དུ་མ་བཞག་པར་སྒྲུབས་ཤིག་གསུངས་ནས་མགུར་འདི་གསུངས་སོ། །རྗེ་བླ་མའི་རྣམ་ཐར་སེམས་ལ་གཅགས། །གསུང་ཞལ་ཏ་བདུད་རྩི་བརྗེད་དུས་མེད། །ཆོས་ལོང་ཡོད་ལ་བཞག་ན་སྐལ་བ་ཆད། །ཆོས་རང་རྒྱུད་ལ་བསྲེ་ན་འབུངས་ལ་སྒོམས། །ཚེ་འདི་ལ་ཆགས་ན་ཕྱི་མ་སྡུག །འཕྲལ་སྐྱིད་ལ་དགའ་ན་བར་ཆོད་ཆེ། །ཆོས་ལོང་ཡོད་ལ་བཞག་ན་གླེན་པ་ཡིན། །རང་འཆི་བས་འཇིགས་ན་འབུངས་ལ་སྒོམས། །ལས་སྡིག་པ་སྤྱད་ན་ངན་འགྲོར་ལྟུང་། །སེམས་གཡོ་ཟོག་འདུག་ན་རང་ཉིད་བརླག །རང་བསམ་ངན་སྐྱེ་ན་བསོད་ནམས་འཛད། །ལས་རྣམ་སྨིན་སྦྱོང་ན་འབུངས་ལ་སྒོམས། །གོས་བཟང་པོ་གྱོན་འདོད་སྣང་བ་འཁྲུལ། །ཟས་ཞིམ་པོ་ཟ་འདོད་སྡིག་སྤྱོད་རེམ། །གཏམ་སྙན་པོ་འདོད་ན་ལྷ་ཁང་བརྡུགས། །བློ་ཆོས་བརྒྱད་སྤོངས་ལ་འབུངས་ལ་སྒོམས། །ཕྱུག་པོ་འོང་འདོད་དགྲ་དང་ཕྲད། །འཁོར་མང་པོས་བསྐོར་འདོད་བློ་འགྱོད་ཆེ། །ཚོགས་དངོས་པོ་གསོག་འདོད་ལོག་ལྟ་མང་། །བློ་ཆོས་དང་བསྟུན་ནས་འབུངས་ལ་སྒོམས། །སྒོམ་ནུས་ན་སེམས་ལ་རྟོགས་པ་འཆར། །མ་ནུས་ཁ་བཤད་ཁྲམ་པའི་གཤགས། །ཡུན་རིང་པོ་སྒོམ་ལོང་མ་མཆིས་པས། །ཡེངས་མེད་སྒོམ་ལ་བརྩོན་པར་གྱིས། །བློ་ཆོས་དང་འདྲེ་ན་གར་ཡང་བདེ། །རང་གཅིག་པུར་བསྡད་པ་ཅིས་ཀྱང་དྲག །སྒོམ་གསལ་སྟོང་གི་བསམ་གཏན་རིན་པོ་ཆེ། །བུ་རས་ཆུང་གི་སེམས་ལ་གནས་པར་ཤོག །ཅེས་གསུངས་པས་ཆོས་བརྒྱད་ཁ་བྲི་བ་ཙམ་མ་གཏོགས་མཚང་ཐོན་པ་མ་བྱུང་བས་འདི་ལ་ངེས་འབྱུང་གི་བསྐུལ་འདེབས་ཤིག་དགོས་པར་འདུག་དགོངས་པ་ལས། གཉའ་ནང་ཚོང་འདུས་སུ་དམར་ཁྱེ་བའི་ཚོང་པ་མང་དུ་བྱུང་བའི་ཚེ། རས་ཆུང་པ་དང་དཔོན་སློབ་གཉིས་པོས་བསོད་སྙོམས་ལ་བྱོན་པས། ཤའི་རྩིག་པ་བརྩིགས། མགོའི་ཕུང་པོ་སྤུངས། པགས་པ་གཅལ་དུ་བཀྲམ། ཁྲག་གི་མཚོ་བསྐྱིལ་ཏེ། སེམས་ཅན་གསོད་རྒྱུ་མང་པོ་བསྟར་ལ་བརྒྱུས་པའི་དབུས་ན་མོན་པ་རྒན་པོ་ལག་པ་ཞ་བ་ཞིག་གིས་ཀྱང་ལུག་ནག་པོ་ཆེན་པོ་ཞིག་ལ་ཁོང་ལག་བཏང་བས་རྨ་བཟོས་ཙམ་ལ་རྒྱུ་མ་ནར་ར་ར་ལུག་ཤོར་ཏེ། འཇིགས་ནས་སྐད་ཆེན་པོ་འདོན་ཞིང་འདར་ཁྲིལ་ལི་བའི་ངང་ལ་རྗེ་བཙུན་ཡབ་སྲས་ལ་སྐྱབས་ཚོལ་དུ་བྱུང་ནས་ལུག་ཚེའི་དུས་བྱེད་པའི་བར་ལ། རྗེ་བཙུན་གྱིས་སྤྱན་ཆབ་མང་པོ་བསིལ་ཞིང་ལུག་ལ་འཕོ་བ་མཛད་ནས་རྣམ་ཤེས་བྱང་ཆུབ་ལམ་ལ་བཀོད་དེ་སྙིང་རྗེ་ཆེན་པོ་མི་བཟོད་པའི་ངང་ནས་མགུར་འདི་གསུངས་སོ། །ཨེ་མ་འཁོར་བའི་སེམས་ཅན་རྣམས། །ཐར་པའི་ལམ་ལ་ཡར་ལྟོས་དང་། །ཨ་ཙ་མ་སྡིག་ཅན་སྙིང་རེ་རྗེ། །ལས་རེ་རྨོངས་མི་ལུས་ཀྱི་ཡོང་བ་ལ། །ཞེ་རེ་ཕངས་སེམས་ཅན་གྱི་གསོད་ལུགས་ལ། །གྱོད་རེ་ཆེ་རང་མགོའི་སྐོར་ལུགས་ལ། །ཅུག་རེ་དྲག་ཕ་མའི་འཆི་ལུགས་ལ། །ཇི་ལྟར་བྱེད་སྡིག་ཤའི་བརྩིགས་ལུགས་ལ། །ཅི་རེ་བྱེད་ཁྲག་གིས་མང་ལུགས་ལ། །ཇི་ཙམ་ལྟོགས་ཤ་ཡི་ཟ་ལུགས་ལ། །གང་ནས་བསམས་སྣང་བའི་འཁྲུལ་ལུགས་ལ། །སྡིག་རེ་ཆེ་སྙིང་རྗེ་མེད་ལུགས་ལ། །ཇི་ཙམ་སྒྲིབས་རྨོངས་པའི་གཏི་མུག་ལ། །ཅི་རེ་བྱེད་སྡིག་པའི་སོ་ནམ་ལ། །སུ་ཡིས་སྤྱོད་འདོད་པས་གདུང་ལུགས་ལ། །གང་གིས་བྱས་ཡུལ་ལུགས་ཀྱི་ངན་པ་ལ། །ཅུག་རེ་དྲག་སྐྱོ་བའི་སྐྱེ་ལུགས་ལ། །ཅི་རང་བྱེད་སྡིག་ཅན་གྱི་བྲེལ་ལུགས་ལ། །ཕྱི་མ་སྐད་ཅིག་མི་དྲན་པའི། །མི་འདི་འདྲ་མཐོང་ན་ང་རེ་འཇིགས། །སྡིག་སྤྱོད་རྣམས་དྲན་ཞིང་སྣང་བ་འཁྲུགས། །རས་ཆུང་པ་ལྷ་ཆོས་ཤིག་ཨེ་དྲན་ཨང་། །དྲན་ན་སྐྱོ་ཤས་ཀྱི་སྙིང་རླུང་ལྡང་། །སྒོམ་ན་རི་ཁྲོད་ཀྱི་གནས་སུ་གཤེགས། །བསམ་ན་བླ་མའི་བཀའ་དྲིན་སོམས། །འབྲོས་ན་སྡིག་སྤྱོད་རྩ་ནས་བྲོས། །གཏོང་ན་འཇིག་རྟེན་གྱི་བྱ་བ་ཐོངས། །འཛིན་ན་སྒྲུབ་པའི་དམ་བཅའ་ཟུངས། །ཤེས་ན་མི་ཚེ་ཆོས་ལ་སྐྱོལ། །ཞེས་གསུངས་པས་རས་ཆུང་པ་ཡང་སྐྱོ་ཤས་དང་ངེས་འབྱུང་དྲག་པོ་གཏིང་ནས་སྐྱེས་ཏེ་སྤྱན་ཆབ་མང་པོ་བསིལ་ཞིང་། བླ་མ་ལགས་ད་བདག་ཀྱང་བླ་མའི་བཀའ་བཞིན་ཆོས་བརྒྱད་སྡིག་ཟས་ཀྱི་འཚོ་བ་སྤངས་ནས་སྒོམ་པ་ལགས་པས་འོ་སྐོལ་དཔོན་སློབ་དབེན་པའི་རི་གང་འདྲ་ཞིག་ལ་སྒོམ་དུ་འབྱོན་ཞུས་པའི་ལན་དུ་རྗེ་བཙུན་གྱིས་མགུར་འདི་གསུངས་སོ། །ཨེ་མ་འཁོར་བའི་སེམས་ཅན་རྣམས། །ལས་ངན་གྱིས་བསྒྲིབས་པས་མུན་པ་ནག །རྣམ་རྟོག་གི་རྐུན་མ་མང་ལ་རྒོད། །བསམ་གཏན་གྱི་ནོར་བུ་འཆོལ་ལས་ཆེ། །ཡེངས་མེད་ཀྱི་མེལ་ཚེ་བྱེད་རེ་རན། །མི་སྡིག་ཅན་ལ་འཆི་བ་འོང་སྙམ་མེད། །ངེད་རང་རས་ཆུང་གཉིས་ལ་ཕྱི་གངས་ལ་གཤེགས། །འཁོར་བའི་རྒྱུན་ནི་ལམ་འཕྲང་རིང་། །དུག་ལྔའི་ཇག་པ་འཚུབ་ལ་རྒོད། །བུ་རིག་པའི་ཁྱེའུ་ཆུང་འཛིན་ལས་ཆེ། །ཡེ་ཤེས་ཀྱི་སྐྱེལ་མ་ཚོལ་རེ་རན། །མི་སྡིག་ཅན་ལ་འཆི་བ་འོང་སྙམ་མེད། །རང་རེ་རས་ཆུང་གཉིས་ལ་ཕྱི་གངས་ལ་གཤེགས། །སྐྱོན་གྱི་རི་བོ་དཔང་རེ་མཐོ། །ཉོན་མོངས་ཀྱི་རྔོན་པ་ཁྱི་རེ་ཚ། །ཏིང་འཛིན་གྱི་རི་དྭགས་གསོད་ལས་ཆེ། །ཡང་དག་གི་མཐའ་ལ་འབྲོས་རེ་རན། །མི་སྡིག་ཅན་ལ་འཆི་བ་འོང་སྙམ་མེད། །རང་རེ་རས་ཆུང་གཉིས་ལ་ཕྱི་གངས་ལ་གཤེགས། །སྒྱུ་མ་ལུས་ཀྱི་ཁང་སྲུལ་ལ། །ཞག་དང་ཟ་མའི་ཆར་པ་བབས། །ལོ་དང་ཟླ་བའི་ཐིགས་པས་བརྡུངས། །སྒྱུ་མའི་ཁང་སྲུལ་འཇིག་ལས་ཆེ། །འཆི་བྲོད་ཀྱི་ཐིགས་ཚགས་བྱེད་རེ་རན། །མི་སྡིག་ཅན་ལ་འཆི་བ་འོང་སྙམ་མེད། །རང་རེ་རས་ཆུང་གཉིས་ལ་ཕྱི་གངས་ལ་གཤེགས། །འཁོར་བའི་རྒྱ་མཚོ་གཏིང་རེ་ཟབ། །རིག་པའི་ཁྱེའུ་ཆུང་རྐྱལ་རེ་རན། །འཁྲུལ་པའི་རྦ་ལ་གཡེངས་ལས་ཆེ། །གཉིས་མེད་ཀྱི་གླིང་དུ་འབྲོས་རེ་རན། །མི་སྡིག་ཅན་ལ་འཆི་བ་འོང་སྙམ་མེད། །རང་རེ་རས་ཆུང་གཉིས་ལ་ཕྱི་གངས་ལ་གཤེགས། །འཁྲིག་ཆགས་ཀྱི་ནེའུ་ཐང་ཡངས་ལ་ཆེ། །ཁྱིམ་ཐབ་ཀྱི་འདམ་རྫབ་གཏིང་རེ་ཟབ། །ངེས་འབྱུང་གི་གླང་པོ་བྱིང་ལས་ཆེ། །ཐར་པའི་སྐམ་ས་སྙེག་རེ་རན། །མི་སྡིག་ཅན་ལ་འཆི་བ་འོང་སྙམ་མེད། །རང་རེ་རས་ཆུང་གཉིས་ལ་ཕྱི་གངས་ལ་གཤེགས། །ཐེག་དམན་གྱི་ལྟ་སྒོམ་གཡང་ས་ཆེ། །བློ་དམན་གྱི་བྱིས་པ་བྱ་བྱེད་མང་། །རིགས་དྲུག་གི་གཡང་ལ་ལྷུང་ལས་ཆེ། །མི་སྡིག་ཅན་ལ་འཆི་བ་འོང་སྙམ་མེད། །རང་རེ་རས་ཆུང་གཉིས་ལ་ཕྱི་གངས་ལ་གཤེགས། །ཞེས་གསུངས་ནས་དཔོན་སློབ་གཉིས་བྱོན་པས་ཚོང་འདུས་ཀྱི་གཞི་བྱེས་ཀྱི་མི་ཕལ་ཆེར་རང་དབང་མེད་པར་དད་པ་སྐྱེས་ནས། རྗེ་བཙུན་ཡབ་སྲས་ལ་བསྙེན་བཀུར་དང་འཚོ་བའི་ཡོ་བྱད་མང་པོ་ཕུལ་རུང་སྡིག་ཟས་དང་འཇིག་རྟེན་ཆོས་བརྒྱད་དུ་འདུག་གསུངས་ནས་མ་བཞེས་པར་ལ་ཕྱི་གངས་ལ་བྱོན་ནོ། །འཆི་བྲོད་ཐིགས་ཚགས་མའི་སྐོར་རོ།། །།


༈ ན་མོ་གུ་རུ། རྗེ་བཙུན་མི་ལ་ཡབ་སྲས་གཉིས་ལ་ཕྱིའི་བདུད་འདུལ་ཕུག་མོ་ཆེ་ན་བཞུགས་དུས་མི་མ་ཡིན་གྱི་ཆོ་འཕྲུལ་དྲག་པོ་བྱུང་བས། རས་ཆུང་པ་སྐུ་རྒྱབ་ཀྱི་བྲག་ཕུག་གཅིག་ཏུ་ཏིང་ངེ་འཛིན་གྱི་ངང་ལ་སྦས་པའི་ཚུལ་དུ་བཞུགས་པས། ལྷ་འདྲེ་རྣམས་ཀྱིས་རྗེ་བཙུན་ལ་འཇིགས་པའི་གཟུགས་སྣ་ཚོགས་སྟོན་ཅིང་མཚོན་ཆ་སྣ་ཚོགས་ཀྱི་ཆར་འབེབས་པ་དང་། ཁྱོད་ཀྱི་ཤ་ཁྲག་དེ་ངེད་རྣམས་ཀྱིས་སུས་ཐོབ་ལ་ཁྱེར་རོ་ཟེར་མི་སྙན་པ་སྣ་ཚོགས་བརྗོད་དུ་བྱུང་བའི་ཚེ་མགུར་འདི་གསུངས་སོ། །རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །ཉོན་མོངས་གདུག་རྩུབ་ཞི་བར་བྱིན་གྱིས་རློབས། །འོ་ན་ཡི་དྭགས་སྙིང་རེ་རྗེ། །འདྲེ་མོའི་དམག་ཚོགས་ལས་རེ་རྨོངས། །ཁྱེད་བསམ་ངན་གདུག་སེམས་གོམས་པས་ན། །སེམས་ཅན་ཡོངས་ལ་འཚེ་བར་འདོད། །ཤ་དང་ཁྲག་ལ་ཟ་འདོད་པས། །གསོད་གཅོད་དབུགས་ལེན་ཤིན་ཏུ་བྲོད། །ལུས་ངན་ཡི་དྭགས་ནང་དུ་སྐྱེས། །ལས་ངན་སྤྱད་ཅིང་དམྱལ་བར་སྐྱེ། །ཐར་པའི་ས་བོན་མི་དྲན་པས། །ཐར་ཐབས་མེད་པས་སྙིང་རེ་རྗེ། །ང་སྟོང་ཉིད་རྡོ་རྗེའི་གདན་ལ་བཞུགས། །རྫུ་འཕྲུལ་ལུས་ཀྱི་བཀོད་པ་ལ། །ཁྱེད་ཁྱེར་རྒྱུ་རྙེད་ན་དགའ་བ་ཡིན། །བྱང་ཆུབ་སེམས་ཀྱི་སྙིང་རྗེ་ལ། །འདྲེ་མང་པོ་ཚོགས་ན་དེ་བས་དགའ། །ཞེས་གསུངས་ནས། རྗེ་བཙུན་གྱིས་ཟད་པར་ཆུའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས། དར་ཅིག་ནས་ལྷ་འདྲེའི་དམག་སྔར་བས་ཀྱང་མང་བ་ཆས་བྱུང་སྟེ། དེ་རྣམས་ཀྱི་ནང་ནས་བུད་མེད་འཇིགས་སུ་རུང་བ་ཞིག་ན་རེ། ཁོ་ག་རེ་ཟེར་བས། གཅིག་གིས་སྔ་སོར་ཆུ་འདིའི་ཐད་ན་འདུག་ཟེར་རྡེའུ་ཞིག་བསྐྱུར་སོང་བས། རྗེ་བཙུན་གྱིས་ང་འདི་ན་ཡོད་ཅེས་སྐུ་དངོས་བསྟན་པས་ཀུན་འཇིགས་ནས་བྲོས་སོང་། ཡང་སླར་ལོག་ནས་ཆོ་འཕྲུལ་སྣ་ཚོགས་བསྟན་ཀྱང་གླགས་མ་རྙེད་པ་དང་། ལྷ་འདྲེ་རྣམས་ན་རེ་ད་རང་རེ་རྣམས་འདུམས་གྱིས་ཟེར་བས། རྗེ་བཙུན་གྱིས་ཐུགས་རྗེ་ཆེན་པོའི་ངང་ནས་མགུར་འདི་གསུངས་སོ། །ཁྱོད་ལེགས་པར་ཉོན་དང་མི་མ་ཡིན། །ཁྱེད་ལས་ངན་འདྲེ་ཡི་དམག་དཔུང་དེ། །ལས་ངན་སྡིག་པ་རང་ལ་སྡིག །ང་སྣང་སྲིད་ཆོས་སྐུར་ཤར་བ་ལ། །འདྲེ་ཡི་དམག་དཔུང་རྒྱན་དུ་ཆེ། །ད་ལེགས་པར་ཉོན་ཅིག་ལྷ་འདྲེ་རྣམས། །ཁྱོད་དཀོན་མཆོག་གསུམ་ལ་སྐྱབས་ཚོལ་ན། །གནས་བཟང་པོ་འཆུག་མེད་རྙེད་པ་ཡིན། །ཤ་ཁྲག་ཟས་སུ་མི་ཟ་ན། །མཐོ་རིས་ཐར་པ་ཐོབ་པ་ཡིན། །འགྲོ་ལ་འཚེ་བ་སྤངས་པ་ན། །བྱང་ཆུབ་ལམ་སྣ་མྱུར་དུ་ཟིན། །མི་དགེ་སྡིག་པ་སྤོང་ནུས་ན། །སངས་རྒྱས་བསྟན་ལ་ཞུགས་པ་ཡིན། །དགེ་བ་བཅུ་པོ་སྒྲུབ་ནུས་ན། །བླ་མའི་གདམས་ངག་གོ་བ་ཡིན། །སྒོ་གསུམ་འཁྲུག་པ་ཞི་ནུས་ན། །རིག་འཛིན་གྲལ་ལ་ཚུད་པ་ཡིན། །དམ་བཅའ་སྡོམ་པ་ལེན་ནུས་ན། །འོ་སྐོལ་འདུན་མ་འཆམ་པ་ཡིན། །སྡོམ་པ་དམ་ཚིག་སྲུང་ནུས་ན། །ངས་ཀྱང་རྗེས་སུ་འཛིན་པ་ཡིན། །ཞེས་གསུངས་པས་ལྷ་འདྲེ་རྣམས་དད་ནས་སྔར་ཐོ་འཚམས་པ་མཐོལ་ལོ་བཤགས་སོ། །ད་བཀའི་འབངས་བགྱིད་པས་ཆོས་གནང་བར་ཞུ་ཟེར་བ་ལ། རྗེ་བཙུན་གྱིས་ཀྱང་ཁོང་རྣམས་ལ་སྐྱབས་འགྲོ་སེམས་བསྐྱེད་ཀྱི་ལུང་དང་ལས་རྒྱུ་འབྲས་ཀྱི་ཆོས་བཤད་པས་ཀུན་གྱིས་སྲོག་སྙིང་དང་དམ་བཅའ་རེ་ཕུལ་ནས་སོང་ངོ་། །དེ་ནས་རྗེ་བཙུན་གྱིས་རས་ཆུང་པ་ལ་མདང་ཁྱོད་ལ་ཇི་ལྟ་བུ་ཞིག་བྱུང་གསུངས་པས། བདག་ལ་འོད་གསལ་གྱི་ངང་ནས་ལྟད་མོ་ཆེན་པོ་རང་བྱུང་། མདང་རྗེ་བཙུན་གྱི་གཟིམ་མལ་དུ་གཅིག་གིས་རྡེའུ་ཞིག་བསྐྱུར་སོང་བ་སྐུ་ལ་མ་ཕོག་ལགས་སམ་ཞུས་པས། མདང་ང་ཉམས་དགའ་ལ་ལུས་ཆུར་བསྒྱུར་བ་ཡིན་ཏེ། རྡེའུ་ཕོག་པ་ཡིན་ནམ་སྟོད་འདི་ན་མི་བདེ་བའི་ཉམས་ཤིག་འདུག་ལྟོས་དང་གསུང་། ཡང་རྗེ་བཙུན་སྐུ་ལུས་ཆུར་བསྒྱུར་བས་རས་ཆུང་པས་རྡེའུ་གསལ་བས་རྗེ་བཙུན་སྐུ་ཁམས་བདེ་བར་གྱུར་ཏོ། །དེ་ནས་བུ་སློབ་གཞན་ཡང་མང་པོ་ཕེབས་བྱུང་བ་དང་། རྗེ་བཙུན་ལ་ཕྱིའི་མདུན་གྱི་རི་མཐོན་པོ་ཞིག་ཡོད་པ་དེར་སྐྱོ་སངས་ལ་འགྲོ་གསུངས་པས། འཁོར་རྣམས་ཀྱིས་ད་སྐུ་ན་བགྲེས་པས་མི་ཐར་བས་མི་ཕེབས་པར་ཞུ་ཞུས་པས། ལས་སླ་འདི་ལྟར་བྱས་པས་ཆོག་གསུངས་ནས་མགུར་འདི་གསུངས་སོ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །ང་མི་ལ་རི་རྩེར་འགྲོ་འདོད་པས། །མི་ལ་རས་པ་རྒས་པ་དང་། །འབྱུང་བཞི་རྒུད་ནས་འགྲོ་མ་ནུས། །བེམ་པོའི་རི་ཁྱོད་ལྗར་གྱིས་ཉོལ། །ཞེས་གསུངས་མ་ཐག་རི་མགོ་གུག་བྱུང་བའི་རྩེར་རྗེ་བཙུན་གྱིས་ཞབས་བཞག་པ་དང་ཡང་གྱེན་དུ་ལངས་སོང་། དེར་རི་རྩེ་ན་འཇའ་འོད་འཁྲིགས་པའི་དབུས་སུ་རེ་ཞིག་བཞུགས་ནས། སླར་ཡང་འཕུར་ནས་ཕེབས་ཏེ་ང་ལ་རི་རྩེར་ཆང་འདྲེན་མཁན་ཡང་བྱུང་གསུངས་པས། བདག་ཅག་རྣམས་ཀྱང་དེར་སླེབ་པའི་ཐབས་ཞུ། ཆང་ཇི་ལྟར་བྱུང་ཞུས་པས། རི་རྩེར་འགྲོ་ན་གདམས་ངག་འདི་ལྟར་སྒོམ་དགོས་ཞེས་མགུར་འདི་གསུངས་སོ། །རི་ལས་ལྟ་འདོད་བུ་སློབ་རྣམས། །འཛིན་ན་རང་སེམས་འོད་གསལ་ཟུངས། །གཅུན་ན་རེ་མིག་ལྟར་གྱིས་ཆུན། །འཆིང་ན་རྒྱ་མདུད་ལྟར་གྱིས་ཆིངས། །འཛིན་ན་ལྕགས་ཀྱུ་ལྟར་གྱིས་ཟུངས། །དེ་ལྟར་བསྒོམས་ན་ཐར་པ་ཡི། །རི་རྩེར་བསླེབས་ནས་ལྟད་མོ་ལྟ། །ཉམས་མྱོང་ཆང་ལ་འཐུང་བ་ཡིན། །སྐལ་ལྡན་ཕོ་མོ་ནང་དུ་ཤོག །ལྟས་དང་སྟོན་མོས་ཚིམ་པར་བྱེད། །སྐལ་མེད་རྣམས་ནི་ཕྱིར་ལ་ཁྱེད། །ཆང་རང་འཐུང་དག་མི་ནུས་ཏེ། །སིངས་པོ་འཐུང་ཡང་མི་ནུས་སམ། །བྱང་ཆུབ་སྒྲུབ་དག་མི་ནུས་ཏེ། །མཐོ་རིས་སྒྲུབ་ཀྱང་མི་ནུས་སམ། །ཞེས་གསུངས་པས། རས་ཆུང་པ་ན་རེ་བྱང་ཆུབ་ཀྱང་སྒྲུབ་ནུས་ལགས། ཆང་ཡང་འཐུང་བས་གནང་བར་ཞུ་ཟེར་བའི་ལན་དུ། འོ་ན་དྲིན་མཆོག་མར་པའི་ལུགས་ཀྱིས་ཆང་འདི་ལྟར་འཐུངས་ཞེས་མགུར་འདི་གསུངས་སོ། །སྙིང་པོའི་དོན་ལ་མངའ་བརྙེས་ཤིང་། །གཉུག་མའི་དོན་ལ་རྒྱུན་ཆད་མེད། །སྒྲ་སྒྱུར་མར་པའི་ཞབས་ལ་འདུད། །ཕ་ཁོང་གི་མཚན་ཉིད་འདི་འདྲ་སྟེ། །ནམ་མཁའ་བཞིན་དུ་གསལ་ལ་དག །ཉི་ཟླ་བཞིན་དུ་ཀུན་ལ་ཁྱབ། །འདམ་བུའི་ཚལ་བཞིན་མཐོ་དམན་མེད། །སངས་རྒྱས་རྒྱལ་པོ་ལྷོ་བྲག་པ། །འབྲལ་མེད་གཙུག་གི་རྒྱན་དུ་བཞུགས། །རིགས་དྲུག་གཙོ་བོ་མི་རྣམས་ཀྱང་། །དཔྱིད་དང་སྟོན་གྱི་དུས་རྟག་ཏུ། །སྙིང་པོ་མེད་པའི་སོ་ནམ་ལ། །སེར་མོ་ཆང་གི་ཡོ་ལང་བྱེད། །འོ་སྐོལ་ཆང་ཞིག་བཙོས་ནས་འཐུང་། །ཆང་གི་འཚོད་ལུགས་བཤད་ཙ་ན། །སྐུ་གསུང་ཐུགས་ཀྱི་སྒྱེད་བུ་བཙུགས། །སྟོང་པ་ཉིད་ཀྱི་ཟངས་ནང་དུ། །དཀར་མོ་དད་པའི་ནས་ཤིག་བླུགས། །དྲན་པ་སྙིང་རྗེའི་ཆུ་ཞིག་བླུགས། །ཡེ་ཤེས་ཆེན་པོའི་མེ་ཞིག་སྦར། །མཐའ་དབུས་མེད་པར་ཆན་དུ་བཙོས། །མཉམ་པ་ཉིད་ཀྱི་ཐང་དཀྱིལ་དུ། །བདེ་བ་ཆེན་པོའི་ཕྱར་བར་བདལ། །གདམས་ངག་དམ་པའི་ཕབས་ཤིག་བཏབ། །ཚད་མེད་བཞི་ཡི་མལ་དུ་ཉལ། །དུ་མ་རོ་གཅིག་གླུམ་དུ་ལངས། །འདུ་བྱེད་རྫ་མའི་ནང་དུ་བླུགས། །ཐབས་ཤེས་གཉིས་སུ་མེད་པར་བསིངས། །ཡེ་ཤེས་ལྔ་ཡི་ཆང་དུ་ངར། །འདོད་དགུ་འབྱུང་བའི་ཐེམ་ཁུང་ནས། །ཟག་མེད་བདུད་རྩིའི་ཆང་བཙགས་པས། །རྒྱུ་ལ་རྣམ་དག་ཧེ་རུ་ཀ །རྐྱེན་ལ་ཆོས་དབྱིངས་ཧེ་རུ་ཀ །མདོག་ལ་པདྨ་ཧེ་རུ་ཀ །རོ་ལ་རྡོ་རྗེ་ཧེ་རུ་ཀ །དྲི་ལ་སྣ་ཚོགས་ཧེ་རུ་ཀ །རེག་ལ་སྒེག་པའི་ཧེ་རུ་ཀ །ད་ནི་རྣལ་འབྱོར་ཆང་འཐུང་སྟེ། །དང་པོ་ཆོས་སྐུར་གསལ་ལ་དག །གཉིས་པ་ལོངས་སྐུར་རྫོགས་སངས་རྒྱས། །གསུམ་པ་སྤྲུལ་སྐུར་ཅིར་ཡང་སྣང་། །རྒྱུན་ཆད་མེད་པའི་སིངས་པོ་ལ། །སྐལ་ལྡན་བདུད་རྩིར་འཐུང་སྟེ་མཆི། །སྐལ་མེད་འཐུང་མཁན་བྱུང་དོགས་མེད། །ཡང་ཅིག་འཐུང་བའི་དཔེ་བཤད་ན། །མྱོང་འཛིན་དག་པའི་ཆང་ཕུད་དེ། །ཆོས་ཉིད་ངང་དུ་བསིངས་ནས་ནི། །སུམ་ལྡན་བླ་མ་སངས་རྒྱས་མཆོད། །ཐབས་ཤེས་ལྡན་པའི་འབྲིང་པོ་དེ། །དམ་ཚིག་ངང་དུ་བཀུག་བཀུག་ནས། །དཀྱིལ་འཁོར་ལྷ་ཚོགས་མཉེས་པར་བྱས། །མཆོག་ཐུན་མོང་གཉིས་ཀྱི་སིངས་པོ་དེ། །ཉམས་མྱོང་ངང་དུ་བསྐྱངས་ནས་ཀྱང་། །རང་གཞན་ཀུན་གྱི་འདོད་པ་སྒྲུབ། །ད་མཛེས་པ་དྲུག་གི་ཆང་སྐྱོགས་སུ། །སྙན་བརྒྱུད་དག་པའི་ཆང་ཡོད་དེ། །ཆང་དེ་འཐུངས་ན་བདེ་བ་འབར། །རོ་དེ་མྱང་ན་མྱ་ངན་འདའ། །དེ་རྣལ་འབྱོར་ཆང་གི་འཐུང་ལུགས་ཡིན། །ཀུན་ལ་མེད་པའི་ཁྱད་ཆོས་ཡིན། །དེ་ངོ་མཚར་སྤྱོད་པ་རྨད་དུ་བྱུང་། །ཨེ་མ་ཡ་མཚན་མི་ཆེའམ། །ཞེས་གསུངས་པས་བུ་སློབ་ཀུན་ངེས་ཤེས་སྐྱེས་པར་གྱུར་ཏོ། །བདུད་འདུལ་ཕུག་མོ་ཆེ་དེར་སྐྱོ་སངས་ལ་བྱོན་པ་ཆང་གླུའི་སྐོར་རོ།། །།


༈ ན་མོ་གུ་རུ། རྗེ་བཙུན་མི་ལ་རས་པ་དེ་ཉིད་རས་ཆུང་པ་དང་འབྲི་སྒོམ་རས་པ་ལ་སོགས་ཏེ་བུ་སློབ་འགའ་དང་བཅས་རམ་སྡིངས་གནམ་ཕུག་ན་བཞུགས་པའི་ཚེ། རས་ཆུང་པ་དང་འབྲི་སྒོམ་རས་པ་གཉིས་ནཱ་རོ་མཻ་ཏྲིའི་ལྟ་སྒོམ་ལས་འཕྲོས་པའི་བགྲོ་གླེང་མང་དུ་མཛད་པ་ལས། རྗེ་བཙུན་གྱིས་ཁྱེད་གཉིས་ངའི་གླུ་འདི་ཉོན་ལ་དེ་ནས་གླེང་མོ་གྱིས་ཤིག་གསུངས་ནས་མགུར་འདི་གསུངས་སོ། །ཉམས་དགའ་འོ་ཐ་སྙད་བྲལ་བས་སྐྱིད། །རྗེ་དྲིན་ཅན་གྱི་བླ་མ་གཙུག་ན་བཞུགས། །འབྲལ་མེད་ཀྱི་རྟོགས་པ་རྒྱུད་ལ་ཤར། །ཁྱོད་སྤྱོད་ཁམས་ཅན་གྱི་སྟོན་སྒོམ་གཉིས། །ཉེར་ལེན་ནང་ནས་མ་འཕྲོད་ན། །ཀུ་ཅོ་བྱེད་པ་ང་རྒྱལ་ཡིན། །ལར་སྒྲོ་འདོགས་ནང་ནས་ཆོད་པ་ལ། །མཐའ་བྲལ་གྱི་ལྟ་བ་མི་ཟེར་རམ། །ལུང་རིགས་དང་འབྲེལ་བ་ཞིག་རྒྱན་དུ་ཆེ། །རྣམ་རྟོག་ཆོས་སྐུར་ཐིམ་པ་ལ། །རང་བྱུང་གི་སྒོམ་པ་མི་ཟེར་རམ། །ཉམས་མྱོང་དང་འབྲེལ་བ་ཞིག་རྒྱན་དུ་ཆེ། །ཚོགས་དྲུག་རང་སར་དག་པ་ལ། །རོ་སྙོམས་ཀྱི་སྤྱོད་པ་མི་ཟེར་རམ། །དུས་ཚོད་དང་འབྲེལ་བ་ཞིག་རྒྱན་དུ་ཆེ། །བདེ་སྟོང་གི་ཉམས་མྱོང་སྐྱེས་པ་ལ། །སྙན་བརྒྱུད་ཀྱི་གདམས་ངག་མི་ཟེར་རམ། །དབང་བཞི་དང་འབྲེལ་བ་ཞིག་རྒྱན་དུ་ཆེ། །སྟོང་ཉིད་ཀྱི་གསལ་སྣང་བྱེད་པ་ལ། །ས་ལམ་གྱི་རིམ་པ་མི་ཟེར་རམ། །ལམ་རྟགས་དང་འབྲེལ་བ་ཞིག་རྒྱན་དུ་ཆེ། །རང་སེམས་ཟད་སར་སྐྱོལ་བ་ལ། །ཚེ་གཅིག་གི་སངས་རྒྱས་མི་ཟེར་རམ། །སྐུ་བཞི་དང་འབྲེལ་བ་ཞིག་རྒྱན་དུ་ཆེ། །ལུང་རིགས་དང་མན་ངག་ལྡན་པ་ལ། །བརྒྱུད་ལྡན་གྱི་བླ་མ་མི་ཟེར་རམ། །ཐུགས་རྗེ་དང་འབྲེལ་བ་ཞིག་རྒྱན་དུ་ཆེ། །དད་ལྡན་སྙིང་རྗེ་ཆེ་བ་ལ། །སྣོད་ལྡན་གྱི་སློབ་མ་མི་ཟེར་རམ། །མོས་གུས་དང་འབྲེལ་བ་ཞིག་རྒྱན་དུ་ཆེ། །ལར་སེམས་ཐག་ལྟ་བས་གཅོད་པ་ཡིན། །ཉམས་སུ་བསྒོམས་པས་ལེན་པ་ཡིན། །སྤྱོད་པས་མཐའ་རུ་འདོན་པ་ཡིན། །མངོན་དུ་སྐུ་བཞི་བྱེད་པ་ཡིན། །འབྲས་བུ་སེམས་སུ་འདོད་པ་ཡིན། །ཐམས་ཅད་གཅིག་ཏུ་རྟོགས་པ་ཡིན། །ཞེས་གསུངས་པས་ཀུན་གྱིས་སྒྲོ་འདོགས་ཆོད་པར་གྱུར་ཏོ། །ཡང་རྗེ་བཙུན་གྱིས་རས་ཆུང་པ་ལ་ཆོས་སྙིང་ནས་བྱེད་ན་འདི་དག་དགོས་གསུངས་ནས་མགུར་འདི་གསུངས་སོ། །རིག་འཛིན་བུ་སློབ་ཚུར་ཉོན་དང་། །ཆོས་ཉམས་སུ་ལེན་ན་འདི་དག་དགོས། །ཡོན་ཏན་ཐམས་ཅད་བསྐྱེད་པ་ཡི། །དུས་གསུམ་སངས་རྒྱས་བླ་མ་དེ། །ཆོས་སྐུ་རང་དུ་ཡིད་ཆེས་དགོས། །བློ་ལ་ངེས་ཤེས་ཚུད་དམ་རས་ཆུང་པ། །ཞལ་ནས་གསུངས་པའི་གདམས་ངག་དེ། །དུག་ལྔ་འཇོམས་པའི་སྨན་མཆོག་ཡིན། །བདུད་རྩི་རང་དུ་ཡིད་ཆེས་དགོས། །བློ་ལ་ངེས་ཤེས་ཚུད་དམ་རས་ཆུང་པ། །བླ་མའི་མཛད་སྤྱོད་རྣམ་ཐར་གྱི། །མངོན་སྤྱོད་ཕྲིན་ལས་སྒྲུབ་པ་དེ། །སྤྲུལ་སྐུ་རང་དུ་ཡིད་ཆེས་དགོས། །བློ་ལ་ངེས་ཤེས་ཚུད་དམ་རས་ཆུང་པ། །སེམས་མི་འགྱུ་དགུ་འགྱུའི་དྲན་རྟོག་འདི། །སྐྱེས་ཀྱང་སྐྱེ་མེད་གཞི་རྩ་བྲལ། །དྲན་པ་ཡེངས་མེད་ཡིད་ཆེས་དགོས། །བློ་ལ་ངེས་ཤེས་ཚུད་དམ་རས་ཆུང་པ། །ཉོན་མོངས་དུག་མཚོའི་རྦ་རླབས་འདི། །ཤིང་ཐག་མེ་ཡིས་ཚིག་པ་བཞིན། །འཆིང་བ་མེད་པར་ཡིད་ཆེས་དགོས། །བློ་ལ་ངེས་ཤེས་ཚུད་དམ་རས་ཆུང་པ། །འདོད་ཁམས་ལྷ་ཡི་བདེ་བ་ཡང་། །ནམ་ཟླ་དུས་བཞིའི་འགྱུར་ལྡོག་བཞིན། །འཁོར་བ་བདེ་མེད་དུ་ཡིད་ཆེས་དགོས། །བློ་ལ་ངེས་ཤེས་ཚུད་དམ་རས་ཆུང་པ། །ལར་འདུས་བྱས་ཆོས་རྣམས་ཐམས་ཅད་ནི། །མི་རྟག་ནམ་མཁའི་གློག་དང་འདྲ། །འབབ་ཆུ་དང་ནི་སྤོས་རྒྱ་བཞིན། །ཚེ་འདི་ལོང་མེད་དུ་ཡིད་ཆེས་དགོས། །བློ་ལ་ངེས་ཤེས་ཚུད་དམ་རས་ཆུང་པ། །ངེས་པར་རང་གཞན་ཐམས་ཅད་འཆི། །གཅིག་ཀྱང་མི་སྡོད་འཆི་བས་ན། །འཆི་མེད་སྒྲུབ་ལ་ཡིད་ཆེས་དགོས། །བློ་ལ་ངེས་ཤེས་ཚུད་དམ་རས་ཆུང་པ། །ཞེས་གསུངས་པས་བུ་སློབ་ཀུན་ལ་ངེས་ཤེས་ལྷག་པར་སྐྱེས་སོ། །དེ་ནས་གཉའ་ནང་གི་ཉ་མ་རྣམས་ཀྱིས་རས་ཆུང་པ་མཆོད་གནས་ལ་སྤྱན་འདྲེན་དུ་བྱུང་བ་ལ། རྗེ་བཙུན་གྱིས་ཀྱང་ཟླ་བ་ཕྱེད་ཀྱི་བར་བཀའ་གནང་ནས་སོང་ཞིང་རས་པ་གཞན་རྣམས་ཀྱང་ལྡོམ་བུ་ལ་སོང་བའི་བར་ལ། མཛེས་སེ་དང་ཁུ་བྱུག་ལ་སོགས་ཏེ་བྲིན་པའི་ཡོན་བདག་དང་ཉ་མ་འགས་མཇལ་དུ་འོངས་པ་ལས། རྗེ་བཙུན་ཆ་ལུགས་ལྷུག་པར་བཞུགས་འདུག་པས། ཉ་མ་རྣམས་ཀྱིས་དྲུང་དུ་འགྲོ་མ་ཕོད་པ་ལས་མཛེས་སེས་ཕྱིན་ནས་སྐུ་ལ་ན་བཟའ་ཕུལ་ནས་ཀུན་དྲུང་དུ་འཛོམ་པ་དང་། ཉ་མ་རྣམས་ཀྱིས་རྗེ་བཙུན་ལགས་ཆ་ལུགས་ལྷུག་པར་སྟོན་པ་འདི་ལ། ངེད་འཇིག་རྟེན་པ་རྣམས་ངོ་ཚར་བྱེད་པ་ལགས་པས། སྦ་གསང་དུམ་རེ་མཛད་ན་ཐུགས་རྗེ་ཆེ་བར་གདའ་ཞུས་པས། རྗེ་བཙུན་གཅེར་བུར་ཀོག་བཞེངས་ཏེ་མགུར་འདི་གསུངས་སོ། །ང་རྟག་ཏུ་མི་ཡུལ་འགྲིམས་འགྲིམས་ནས། །རང་ཡུལ་ངང་གིས་བརྗེད་དེ་ཐལ། །དམ་པའི་རྗེ་དང་འགྲོགས་འགྲོགས་ནས། །ཉེ་འབྲེལ་ངང་གིས་བརྗེད་དེ་ཐལ། །ལྷ་ཆོས་དོན་དུ་གཉེར་གཉེར་ནས། །མི་ཆོས་ངང་གིས་བརྗེད་དེ་ཐལ། །གཅིག་པུར་རི་ཁྲོད་འགྲིམ་འགྲིམས་ནས། །གཡེང་བ་ངང་གིས་བརྗེད་དེ་ཐལ། །སྤྲ་སྤྲེའུའི་ཡང་རྩལ་བལྟས་བལྟས་ནས། །བེའུ་ལུག་ངང་གིས་བརྗེད་དེ་ཐལ། །མེ་ལྕགས་རྣོན་པོ་བཅངས་བཅངས་ནས། །ཁྱིམ་མཚེས་ངང་གིས་བརྗེད་དེ་ཐལ། །དཔོན་མེད་གཡོག་མེད་བསྡད་བསྡད་ནས། །ཞེ་ས་ངང་གིས་བརྗེད་དེ་ཐལ། །གཅིག་པུར་བག་ཡངས་བྱེད་བྱེད་ནས། །ངོ་ཚ་ངང་གིས་བརྗེད་དེ་ཐལ། །སེམས་ལ་གང་བྱུང་བྱེད་བྱེད་ནས། །སྦ་གསང་ངང་གིས་བརྗེད་དེ་ཐལ། །ལུས་ལ་གཏུམ་མོ་སྦར་སྦར་ནས། །གོས་ཚོ་ངང་གིས་བརྗེད་དེ་ཐལ། །མི་རྟོག་ཡེ་ཤེས་བསྒོམས་བསྒོམས་ནས། །རྣམ་རྟོག་ངང་གིས་བརྗེད་དེ་ཐལ། །འོད་གསལ་ཟུང་འཇུག་བསྒོམས་བསྒོམས་ནས། །སྤྲོས་པ་ངང་གིས་བརྗེད་དེ་ཐལ། །དེ་དག་བརྗེད་པ་བཅུ་གཉིས་ཏེ། །རྣལ་འབྱོར་ང་ཡི་ཆོས་ལུགས་ཡིན། །ཉ་མ་རྣམས་ཀྱང་དེ་ལྟར་མཛོད། །ང་གཟུང་འཛིན་མདུད་པ་གྲོལ་བ་ལ། །ཁྱོད་ཡོན་མཆོད་ཀྱི་སྲོལ་ཀ་མ་རེ་མཛོད། །ལར་བཅོས་མ་གཅིག་ལ་བྱང་ཆུབ་རེ། །མི་ཁྱེད་ཀྱི་ལྷ་ཆོས་དཀའ་མོར་གདའ། །ང་གཅིག་པུར་བག་ཡངས་བསྡད་པ་ཡིན། །ངོ་ཚ་ན་ཟོག་དང་ཁྲམ་མ་བྱེད། །ངས་བཅོས་མའི་སྤྱོད་པ་བྱེད་མི་ཤེས། །ཞེས་གསུངས་པའི་མཐར་ཉ་མ་རྣམས་ཀྱིས་བསྙེན་བཀུར་ཕུན་སུམ་ཚོགས་པ་བྱས་ནས་སོང་ངོ་། །དེ་ནས་རས་ཆུང་པས་ཀྱང་ཉ་མ་རེའི་ཁྱིམ་དུ་ཞག་རེ་ལས་མ་བསྡད་རུང་ཡུན་རིང་འགོར་ནས་རྗེ་བཙུན་གྱི་དྲུང་དུ་འོངས་པས། གནམ་སྒོ་མནན་འདུག་པ་དང་། ང་ཡུན་རིང་འགོར་བ་ལ་ཐུགས་མ་མཉེས་པ་ཡིན་བསམས་ནས་ཞུ་དབྱངས་འདི་ཕུལ་ལོ། །དམ་ཆོས་གཉུག་མའི་ངང་ལ་གཟའ་གཏད་མེད། །གཟའ་གཏད་བྱུང་ན་གཉུག་མ་མིན། །རྫོགས་པ་ཆེན་པོ་ལ་ཕྱོགས་རིས་མེད། །ཕྱོགས་རིས་བྱུང་ན་རྫོགས་ཆེན་མིན། །ཕྱག་རྒྱ་ཆེན་པོ་ལ་དགག་སྒྲུབ་མེད། །དགག་སྒྲུབ་བྱུང་ན་ཕྱག་ཆེན་མིན། །ཉམས་བདེ་བ་ཆེན་པོ་ལ་གསལ་འགྲིབ་མེད། །གསལ་འགྲིབ་བྱུང་ན་བདེ་ཆེན་མིན། །དབུ་མ་ཆེན་པོ་ལ་ངོས་བཟུང་མེད། །ངོས་བཟུང་བྱུང་ན་དབུ་མ་མིན། །བདག་རས་ཆུང་རྒྱལ་ཁམས་བསྐོར་དུ་འགྲོ། །ཕ་རྗེ་བཙུན་སྐུ་ཁམས་ཅི་བདེར་བཞུགས། །ཞེས་ཞུས་པས་རྗེ་བཙུན་གྱིས་གནམ་སྒོའི་སྟེང་ནས་མགུར་འདི་གསུངས་སོ། །སེམས་ལས་གཞན་པའི་སངས་རྒྱས་མེད། །ལམ་རྩ་དང་རླུང་ལས་མྱུར་བ་མེད། །སྐྱབས་དཀོན་མཆོག་གསུམ་ལས་གཉན་པ་མེད། །ཉམས་བདེ་སྟོང་གཉིས་ལས་བཟང་བ་མེད། །དྲིན་དམ་པ་རྗེ་ལས་ཆེ་བ་མེད། །དེ་འགྲོ་བ་ཡོངས་ཀྱི་སྤྱི་བོར་ཁུར། །མ་ནོར་གདམས་པ་ཉམས་སུ་ལོངས། །ངེས་ཤེས་རྒྱུད་ལ་སྐྱེས་པ་ཡིན། །རྟོགས་ཚད་རང་ལས་རྙེད་ཙ་ན། །བརྒྱུད་པའི་གདམས་ངག་ཐེབས་པ་ཡིན། །རང་གིས་སེམས་ཐག་ཆོད་ཙ་ན། །ཡིད་ཆེས་དྲོད་རྟགས་འཕྲལ་ལ་འབྱུང་། །བྱམས་པ་རྒྱུད་ལ་སྐྱེས་ཙ་ན། །སེམས་ཅན་སྙིང་རྗེས་ཟིན་པ་ཡིན། །བླ་མ་སངས་རྒྱས་སུ་མཐོང་ཙ་ན། །བྱིན་རླབས་ངང་གིས་འཇུག་པ་ཡིན། །ཟུང་སྡེབས་ཀྱི་ཚིག་རྐང་འགའ་ཟུང་པོ། །དོན་གོ་བས་བསམས་ན་ཆོས་སུ་ཡོད། །མ་གོ་འགྱུར་འགུགས་དབྱངས་སུ་གདའ། །བུ་རས་ཆུང་སྐུ་ཁམས་བདེ་ལགས་སམ། །ཕ་རྒན་ང་བདེ་མོའི་ངང་ན་གདའ། །ཞེས་གསུངས་ནས་གནམ་སྒོ་ཕྱེ་སྟེ་ནང་དུ་སླེབ་པ་དང་། ད་རེས་དག་ངས་ཀུ་རེ་བྱས་པ་ཡིན་ཏེ། ལར་རང་ད་དུང་ཁྱོད་ལ་ཆོས་བརྒྱད་ཀྱི་སྣང་བ་ཆེན་པོ་འདུག་པས་དེ་སྤངས་ནས་རི་ལ་སྒོམ་ནུས་དགོས་གསུངས་ནས་མགུར་འདི་གསུངས་སོ། །རྗེ་བླ་མའི་བྱིན་རླབས་རི་ལ་ཞུགས། །གནས་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །ཁྱོད་སྐལ་བ་ཅན་གྱི་རས་ཆུང་པ། །སེམས་དབང་པོ་སྒྲིམས་ལ་གླུ་ལ་ཉོན། །དབེན་གནས་རི་ཁྲོད་འཛིན་དུས་སུ། །ཉེ་བའི་ཁ་ཚིས་མ་དྲན་ཅིག །དྲན་ན་དགྲ་སྡང་གསོན་ལངས་བྱེད། །བླ་མའི་དྲུང་དུ་སྒོམ་དུས་སུ། །ཚོགས་གསོག་གི་ཁ་ལན་མ་དྲན་ཅིག །དྲན་ན་སྤྱོད་ངན་དམག་དཔུང་འཁྲུག །འབྱུང་པོ་ལ་གཏོར་མ་གཏོང་དུས་སུ། །གཏོར་རིལ་གྱི་གསོག་འཇོག་མ་དྲན་ཅིག །དྲན་ན་རང་ཉིད་འབྱུང་པོར་འགྲོ། །ཡེངས་མེད་ཀྱི་བསམ་གཏན་སྒོམ་དུས་སུ། །གྲོགས་པོ་ལ་མཇལ་ཕྲད་མ་བྱེད་ཅིག །བྱས་ན་མཆེད་གྲོགས་ཀྱི་དགེ་སྦྱོར་སྤུར། །དཀའ་ཐུབ་ཀྱི་སྙིང་རུས་བྱེད་དུས་སུ། །ཤ་ཆང་གི་ཞིམ་ལྟོ་མ་དྲན་ཅིག །དྲན་ན་ཡི་དྭགས་ཀྱི་གནས་སུ་སྐྱེ། །སྙན་བརྒྱུད་ཀྱི་ཐབས་ལམ་སྒོམ་དུས་སུ། །ཤེས་འདོད་ཀྱི་སློབ་གཉེར་མ་དྲན་ཅིག །དྲན་ན་ལོག་པའི་ལམ་དུ་འཇུག །དབེན་པའི་རི་ལ་སྡོད་དུས་སུ། །འགྲོ་འདོད་བྱ་ར་མ་དྲན་ཅིག །དྲན་ན་ཡིད་ངན་འཕྲལ་ལ་ལྡང་། །བུ་སྙིང་རུས་ཀྱི་ལྷ་ཆོས་མགོ་བོ་ཐོན། །སྡུག་སྒུར་གྱིས་འཁོར་བའི་སྡུག་བསྔལ་སྤོངས། །སྨོན་ལམ་གྱི་འབྲེལ་པའི་བུ་སློབ་ལ། །ཕ་ཡིས་རྟོགས་པ་སྐྱེ་བར་ཤོག །སྣང་སྲིད་ཆོས་སྐུའི་རྟོགས་པ་འདི། །བུ་ཡི་ཉམས་ལ་རྫོགས་པར་ཤོག །ཅེས་གསུངས་པས་རས་ཆུང་པའི་མཚང་ལ་ཕོག་ནས་ཕྱག་འཚལ་ཞིང་ཞུ་དབྱངས་འདི་ཕུལ་ལོ། །ཕ་བླ་མའི་བཀའ་དྲིན་ལྷ་ཆོས་བྱེད། །སེམས་འཕྲེང་བའི་དྲིན་ཅན་ཕ་མ་བསྐྱུར། །སྤོང་དཀའ་བའི་ཕ་ཡུལ་རྒྱབ་ཏུ་སྤངས། །གྲོགས་ཉེ་བའི་གདུང་སེམས་ཤིག་ད་དུང་འདུག །འཕྲལ་ཟས་ནོར་གོས་གསུམ་གསོག་འཇོག་བཤོལ། །སེར་སྣ་དང་སྡིག་གསོག་གི་མཐུན་རྐྱེན་མེད། །དཀའ་ཐུབ་དང་བཅུད་ལེན་གྱི་བྲག་ལ་བསྒོམས། །སེམས་གསོག་འཇོག་གི་སྣང་བ་ཞིག་ད་དུང་འདུག །མཇལ་ནི་གྲུབ་ཐོབ་དངོས་དང་མཇལ། །ཐོབ་ནི་སྙན་བརྒྱུད་ཀྱི་གདམས་ངག་ཐོབ། །སྒོམ་ནི་ཡེངས་མེད་དུ་བརྩོན་འགྲུས་བྱེད། །མཇལ་འདོད་དང་ཞུ་འདོད་ཅིག་ད་དུང་འདུག །བྱེད་ནི་ཕ་ཡི་ཞབས་ཏོག་བྱེད། །སྒྲུབ་ནི་ཚེ་གཅིག་གི་སངས་རྒྱས་སྒྲུབ། །བཞུགས་ནི་རི་ཁྲོད་ཀྱི་གནས་སུ་བཞུགས། །བྱ་བློ་དང་བྱེད་བློ་ཞིག་ད་དུང་འདུག །རྗེ་མི་བསྐྱོད་ཀྱི་ངོ་བོ་རྡོ་རྗེ་འཆང་། །བུའི་སྣང་བ་འགྱུར་བར་བྱིན་གྱིས་རློབས། །ཞེས་ཞུས་པས་རྗེ་བཙུན་གྱིས་རས་ཆུང་པ་ལ་ཞལ་ཏ་མང་པོ་གནང་བས་ཐུགས་སྐྱེད་ཤིན་ཏུ་ཆེ་བར་བྱུང་བ་ཡིན་ནོ། །དེ་ནས་རྗེ་བཙུན་ཡབ་སྲས་གཉའ་ནང་པ་རྣམས་ཀྱིས་གྲོད་ཕུག་ཏུ་སྤྱན་དྲངས་སོ། །རམ་སྡིངས་གནམ་ཕུག་མའི་སྐོར་རོ།། །།


༈ ན་མོ་གུ་རུ། རྗེ་བཙུན་མི་ལ་རས་པ་དེ་ཉིད་ལ་གཉའ་ནང་པའི་ཡོན་བདག་རྣམས་ཀྱིས་ཞབས་ཏོག་ཕུན་སུམ་ཚོགས་པ་བགྱིད་ཅིང་། རྗེ་བཙུན་གྲོད་ཕུག་ན་བཞུགས། རས་ཆུང་པ་ཕུག་པ་གོང་མ་ན་བཞུགས་པའི་ཚེ། བླ་མ་ཡི་དམ་མཁའ་འགྲོ་རྣམས་ཀྱིས་རས་ཆུང་པའི་ཐུགས་རྒྱུད་མནལ་ལམ་གྱི་བརྡས་བསྐུལ་ཏེ། རྗེ་བཙུན་ལ་གསོལ་བ་བཏབ་པའི་ངོར་རྗེ་བཙུན་རང་གི་རྣམ་པར་ཐར་པ་གསུངས་སོ། །དེ་ནས་རས་ཆུང་པ་དབུས་སུ་འབྱོན་པའི་ཐུགས་འདུན་དྲག་པོ་རང་ཡོད་པ་ལས། ཉ་མ་འགའ་ཞིག་ཡབ་པས་ཀྱང་སྲས་རྒྱ་གར་འཁོར་བ་ཁྱད་པར་དུ་འཕགས་ཟེར་ཉ་མ་གཞོན་པ་རྣམས་རས་ཆུང་པའི་དྲུང་དུ་འགྲོ། རྒན་པ་རྣམས་རྗེ་བཙུན་གྱི་དྲུང་དུ་འགྲོ་བ་ལས། དུས་ནམ་ཞིག་གི་ཚེ་རྗེ་བཙུན་ཡབ་སྲས་ཀྱི་དྲུང་དུ་ཉ་མ་རྣམས་བསྙེན་བཀུར་འབུལ་དུ་བྱུང་བ་ལས། རས་ཆུང་པ་ལ་བསྙེན་བཀུར་བཟང་པོ་བྱས། རྗེ་བཙུན་ལ་བསྙེན་བཀུར་ཅུང་ཟད་ལས་མ་བྱུང་བའི་ཚེ། རས་ཆུང་པའི་ཐུགས་དགོངས་ལ། ང་ལ་འདི་ཙམ་ཡོང་ལུགས་ཀྱིས། རྗེ་བཙུན་ལ་འདི་བས་ཀྱང་བཟང་བ་བྱུང་ཡོད་བསམས། རྗེ་བཙུན་གྱི་དྲུང་དུ་ཕྱིན་ཏེ་རྗེ་བཙུན་ལགས་དེ་རིང་བསྙེན་བཀུར་བཟང་པོ་བྱུང་ལགས་སམ། འོ་སྐོལ་དཔོན་སློབ་ཀྱི་བསྙེན་བཀུར་གྱི་ཐོག་ནས་རས་པ་རྣམས་ལའང་ཚོགས་འཁོར་ཞིག་གནང་བ་དྲག་ལགས་སམ་ཞུས་པས། དེ་བྱེད་ངའི་སྐལ་བ་གཡམ་པའི་འོག་ན་ཡོད་པས་ལོངས་ཤོག་གསུངས་བླངས་པས། ཤ་རིད་གཟུག་གཅིག་ཆང་སྐྱུར་ཀུ་བ་གང་། རྩམ་པ་ཐུན་ཙམ་རྣམས་འདུག་པས། རས་ཆུང་པ་རང་གི་གཟིམ་ཕུག་ཏུ་བྱོན་ཏེ་ཐུགས་བསམས་ལ། ཉ་མ་འདི་རྣམས་ཀྱིས་བྱེད་ལུགས་སམ། བླ་མ་སངས་རྒྱས་ལྟ་བུ་འདིའི་བ་སྤུའི་བུ་ག་གཅིག་ཀྱང་ངས་མི་དོ་རུང་བསྙེན་བཀུར་ལོག་པར་བྱས་འོང་གི་འདུག་སྔར་ཡིན་ན་བླ་མའི་དྲུང་དུ་བསྡད། གདམས་ངག་ཀུན་རྫོགས་པ་དང་ཞབས་ཏོག་སྙིང་ཚིམ་པ་ཞིག་བྱེད་བསམ་པ་ཡིན་ཏེ། ད་བསྡད་ཡུན་རིང་ན་བླ་མའི་ཞབས་ཏོག་ཏུ་མི་འགྲོ་ཞབས་འདྲེན་དུ་འགྲོ་བ་འདུག་པས། ཞུ་བ་འབུལ་དུ་འགྲོ་སྙམ་སྔ་མོར་བཞེངས་ནས་བྱོན་པས། རྗེ་བཙུན་དབུ་ཕུར་ནས་གཟིམས་འདུག །མེས་སྒོམ་རས་པ་ཡང་མལ་ན་འདུག་པ་ལས། རས་ཆུང་པའི་ཐུགས་དགོངས་ལ། ངའི་བླ་མ་འདི་རང་དོན་དུ་ཆོས་སྐུ་མངོན་དུ་གྱུར་ཀྱང་། གཞན་ངོར་བྱ་ཆ་ཆོས་སྤྱོད་འདྲ་ཡང་མཛད་ན་བསམ་པ། རྗེ་བཙུན་གྱིས་མཁྱེན་ཏེ་སྤྱོད་ལམ་རྣམ་བཞིའི་མགུར་འདི་གསུངས་སོ། །བུ་ཉོན་དང་གསོན་དང་རས་ཆུང་པ། །ཕ་རྒན་མི་ལ་རས་པ་ངས། །རེས་འགའ་ཉལ་ཞིང་ཉལ་ཞིང་སྒོམ། །ཉལ་ཞིང་ཉལ་ཞིང་སྒོམ་ཙ་ན། །གཏི་མུག་འོད་གསལ་དུ་འཆར་བའི་གདམས་པ་ཡོད། །མི་ང་ལ་ཡོད་དེ་གཞན་ལ་མེད། །ཀུན་ཀྱང་འདི་ལྟར་ཡོད་ན་དགའ་བ་ལ། །ཕ་རྒན་མི་ལ་རས་པ་ངས། །རེས་འགའ་ཟ་ཞིང་ཟ་ཞིང་སྒོམ། །ཟ་ཞིང་ཟ་ཞིང་སྒོམ་ཙ་ན། །བཟའ་བཏུང་ཚོགས་འཁོར་དུ་ཤེས་པའི་གདམས་ངག་ཡོད། །མི་ང་ལ་ཡོད་དེ་ཀུན་ལ་མེད། །ཀུན་ཀྱང་འདི་ལྟར་ཡོད་ན་དགའ་བ་ལ། །ཕ་རྒན་མི་ལ་རས་པ་ངས། །རེས་འགའ་འགྲོ་ཞིང་འགྲོ་ཞིང་སྒོམ། །འགྲོ་ཞིང་འགྲོ་ཞིང་སྒོམ་ཙ་ན། །འགྲོ་འདུག་བསྐོར་བར་ཤེས་པའི་གདམས་ངག་ཡོད། །མི་ང་ལ་ཡོད་དེ་གཞན་ལ་མེད། །ཀུན་ཀྱང་འདི་ལྟར་ཡོད་ན་དགའ་བ་ལ། །ཕ་རྒན་མི་ལ་རས་པ་ངས། །རེས་འགའ་སྤྱོད་ཅིང་སྤྱོད་ཅིང་སྒོམ། །སྤྱོད་ཅིང་སྤྱོད་ཅིང་སྒོམ་ཙ་ན། །སྤྱོད་ལམ་ཆོས་ཉིད་དུ་གྲོལ་བའི་གདམས་ངག་ཡོད། །མི་ང་ལ་ཡོད་དེ་ཀུན་ལ་མེད། །ཀུན་ཀྱང་འདི་ལྟར་ཡོད་ན་དགའ་བ་ལ། །བུ་རས་ཆུང་ཡང་དེ་ལྟར་ཉམས་སུ་ལོངས། །མེས་སྒོམ་ཡང་ལོངས་ལ་སྐྱོ་ཚ་བསྐོལ། །ཞེས་གསུངས་པས། རས་ཆུང་པས་དབུས་ཕྱོགས་ལ་འགྲོ་བའི་ཞུ་བ་རྒྱུ་མཚན་དང་བཅས་མང་དུ་ཕུལ་བའི་མཐར་ཡང་མགུར་འདི་ཕུལ་ལོ། །བདག་རྒྱལ་ཁམས་ཕྱོགས་མེད་འགྲིམ་པ་དང་། །ཆོས་འཁོར་ལྷ་ས་བསྐོར་བ་དང་། །ཇོ་ཤཱཀ་ཞལ་གཉིས་མཇལ་བ་དང་། །དཔལ་གྱི་བསམ་ཡས་བལྟ་བ་དང་། །གཡོ་རུ་ཁྲ་འབྲུག་བསྐོར་བ་དང་། །མར་རྔོག་གདན་ས་མཇལ་བ་དང་། །གཉལ་དང་ལོ་རོ་ལྟ་བ་དང་། །རོ་སྙོམས་ལྡོམ་བུ་བྱེད་པ་ལ། །ཅིས་ཀྱང་དབུས་སུ་འགྲོ་བར་ཞུ། །ཞུས་པས་རྗེ་བཙུན་གྱི་ཞལ་ནས་བུ་ཁྱོད་ཀྱི་གདུལ་བྱ་དབུས་ན་ཡོད་ཀྱང་འགྲོ་བའི་དུས་ལ་མ་བབ་པས་བླ་མའི་བཀའ་མ་བཅག་པར་ངའི་གླུ་འདི་ཉོན་ཅིག་གསུངས་ནས་མགུར་འདི་གསུངས་སོ། །ཐབས་མཆོག་གསང་སྔགས་རིགས་ལས་འཁྲུངས། །དགའ་བཞི་རྣམ་དག་སྐུ་བཞིའི་རྗེ། །སྦས་པའི་སངས་རྒྱས་མི་གཟུགས་ཅན། །སྐྱེས་མཆོག་མར་པའི་ཞབས་ལ་འདུད། །དགུང་དེ་རིང་བཀྲ་ཤིས་ཡར་གྱི་ངོ་། །དུས་ཁྱད་པར་ཅན་གྱི་ཚེས་བརྒྱད་ལ། །ང་རྣལ་འབྱོར་གྱི་ཤེས་པ་བདེ་བདེ་པོ། །མེ་ཤེལ་གྱི་ཉི་མ་འོད་ཟེར་ཚ། །དམག་བརྒྱ་ཡི་ནང་ནས་དར་མདུང་ཅན། །བུ་རས་ཆུང་ཟེར་བའི་བཞིན་ལེགས་པོ། །ཚིག་དེ་སྐད་གོང་དུ་མི་སྨྲ་བར། །ཁྱོད་ད་ལྟ་དྲན་ནམ་སྔ་ནས་བསམས། །ད་མ་ཡེངས་རྣ་བའི་དབང་པོ་དང་། །ཐུགས་ཀྱི་མེ་ལོང་གཡའ་ཕྱིས་ལ། །མི་རྒན་གླུ་འདི་ལྷན་ནེ་གསོན། །དབེན་གནས་རི་ཁྲོད་འགྲིམ་དུས་སུ། །རྒྱལ་ཁམས་འགྲིམས་པས་ཅི་ལ་ཕན། །བླ་མ་སངས་རྒྱས་སྒོམ་དུས་སུ། །ལྷ་ས་བསྐོར་བས་ཅི་ལ་ཕན། །ལྟད་མོ་སེམས་ལ་བལྟ་དུས་སུ། །བསམ་ཡས་ལྟད་མོས་ཅི་ལ་ཕན། །སྒྲོ་འདོགས་ནང་ནས་གཅོད་དུས་སུ། །མར་རྔོག་གདན་སས་ཅི་ལ་ཕན། །སྙན་བརྒྱུད་གདམས་ངག་སྒོམ་དུས་སུ། །གཉལ་དང་ལོ་རོས་ཅི་ལ་ཕན། །རང་སེམས་གཏན་ལ་འབེབས་དུས་སུ། །ཁྲ་འབྲུག་བསྐོར་བས་ཅི་ལ་ཕན། །ཞེས་གསུངས་པས་ཡང་རས་ཆུང་པས་ཞུ་བ་ནན་གྱིས་ཕུལ་བས་མགུར་འདི་གསུངས་སོ། །གངས་སྟོད་ཀྱི་སེང་གེ་དཀར་མོ་ཁྱོད། །རོང་དུ་མ་འབབ་གངས་སྟོད་ཟུངས། །བརྒྱ་ལ་རོང་དུ་བབས་པ་ན། །གཡུ་རལ་ཉམས་ཀྱིས་མ་དོགས་སམ། །གཡུ་རལ་ངོམ་ཞིང་གངས་སྟོད་ཟུངས། །ད་རེས་བླ་མའི་བཀའ་ལ་ཉོན། །བྲག་སྟོད་ཀྱི་བྱ་རྒྱལ་རྒོད་པོ་ཁྱོད། །ཤོད་དུ་མ་འབབ་བྲག་སྟོད་ཟུངས། །བརྒྱ་ལ་ཤོད་དུ་བབས་པ་ན། །གཤོག་སྒྲོ་ཉམས་ཀྱིས་མ་དོགས་སམ། །གཤོག་སྒྲོ་ངོམ་ཞིང་བྲག་སྟོད་ཟུངས། །ད་རེས་བླ་མའི་བཀའ་ལ་ཉོན། །ནགས་སྟོད་ཀྱི་སྟག་གུ་རི་བཀྲ་ཁྱོད། །ས་མཐར་མ་འབབ་ནགས་སྟོད་ཟུངས། །བརྒྱ་ལ་ས་མཐར་བབས་པ་ན། །གྲ་འཛུམ་ཉམས་ཀྱིས་མ་དོགས་སམ། །གྲ་འཛུམ་ངོམ་ཞིང་ནགས་སྟོད་ཟུངས། །ད་རེས་བླ་མའི་བཀའ་ལ་ཉོན། །མཚོ་སྟོད་ཀྱི་ཉ་མོ་གསེར་མིག་ཁྱོད། །མཚོ་མཐའ་མ་བསྐོར་མཚོ་དཀྱིལ་ཟུངས། །བརྒྱ་ལ་མཚོ་མཐའ་བསྐོར་བ་ན། །དོལ་ལ་འཐུམས་ཀྱིས་མ་དོགས་སམ། །གསེར་མིག་ངོམ་ཞིང་མཚོ་དཀྱིལ་ཟུངས། །ད་རེས་བླ་མའི་བཀའ་ལ་ཉོན། །གུང་ཐང་གི་རས་ཆུང་རྡོར་གྲགས་ཁྱོད། །རྒྱལ་ཁམས་མ་འགྲིམ་རི་ཁྲོད་ཟུངས། །བརྒྱ་ལ་རྒྱལ་ཁམས་འགྲིམས་པ་ན། །ཉམས་རྟོགས་འགྲིབས་ཀྱིས་མ་དོགས་སམ། །ཉམས་རྟོགས་སྐྱོང་ཞིང་རི་ལ་སྡོད། །ད་རེས་བླ་མའི་བཀའ་ལ་ཉོན། །ཞེས་གསུངས་པས། རས་ཆུང་པས་ང་བླ་མའི་དྲུང་དུ་བསྡད་ཡུན་རིང་ན་ཞབས་ཏོག་ཏུ་མི་འགྲོ་ཞབས་འདྲེན་དུ་འགྲོ་བ་གདའ་བས། ཉམས་རྟོགས་ངོམ་དུ་རྒྱལ་ཁམས་ལ་འགྲོ་བར་ཞུ་ཞེས་དབྱངས་འདི་ཕུལ་ལོ། །ཕ་བླ་མ་རྗེ་བཙུན་སྙན་གསོན་དང་། །གངས་སྟོད་ཀྱི་སེང་གེ་དཀར་མོ་ང་། །གངས་སྟོད་ཡོངས་ལ་མི་འཕྱོ་རུ། །གཡུ་རལ་ལེགས་པོ་རྒྱས་དུས་མེད། །རས་ཆུང་མི་སྡོད་དབུས་ལ་འགྲོ། །ད་རེས་བླ་མའི་བཀའ་གནང་ཞུ། །བྲག་སྟོད་ཀྱི་བྱ་རྒྱལ་རྒོད་པོ་ང་། །ནམ་འཕང་མཐོན་པོ་མི་གཅོད་དུ། །གཤོག་དྲུག་ལེགས་པོ་རྒྱས་དུས་མེད། །རས་ཆུང་མི་སྡོད་དབུས་ལ་འགྲོ། །ད་རེས་བླ་མའི་བཀའ་གནང་ཞུ། །ནགས་གསེབ་ཀྱི་སྟག་གུ་རི་བཀྲ་ང་། །ནགས་ཁྲོད་ཡོངས་ལ་མི་འཕྱོ་རུ། །གྲ་འཛུམ་ལེགས་པོ་རྒྱས་དུས་མེད། །རས་ཆུང་མི་སྡོད་དབུས་སུ་འགྲོ། །ད་རེས་བླ་མའི་བཀའ་གནང་ཞུ། །མཚོ་དཀྱིལ་གྱི་ཉ་མོ་གསེར་མིག་ང་། །མཚོ་མཐའ་ཡོངས་ལ་མི་རྒྱུ་རུ། །གསེར་མིག་ལེགས་པོ་རྒྱས་དུས་མེད། །རས་ཆུང་མི་སྡོད་དབུས་སུ་འགྲོ། །ད་རེས་བླ་མའི་བཀའ་གནང་ཞུ། །གུང་ཐང་རས་ཆུང་རྡོར་གྲགས་ང་། །རྒྱལ་ཁམས་ཡོངས་ལ་མི་འགྲོ་རུ། །ཉམས་རྟོགས་བཟང་པོ་རྒྱས་དུས་མེད། །རས་ཆུང་མི་སྡོད་དབུས་སུ་འགྲོ། །ད་རེས་བླ་མའི་བཀའ་གནང་ཞུ། །ཞེས་ཞུས་པས། རྗེ་བཙུན་གྱིས་རས་ཆུང་པ་ཉམས་དང་རྟོགས་པ་མཐར་མ་ཕྱིན་གྱི་བར་དུ་བླ་མའི་དྲུང་ནས་མ་འཕགས་ཤིག་ཅེས་མགུར་འདི་གསུངས་སོ། །ཆོས་ཐོས་བསམ་རྒྱུད་ལ་སྦྱངས་པ་ཡི། །རས་ཆུང་རྡོ་རྗེ་གྲགས་པ་ཁྱོད། །མི་ཁོ་བོའི་ཚིག་འདི་གོ་བར་གྱིས། །ཁྱོད་ཆོས་འདོད་ཀྱི་དད་པ་མ་སྐྱེས་པར། །ཟ་འདོད་ཀྱི་ལྡོམ་བུ་མ་བྱེད་ཅིག །གཞི་དངོས་པོའི་གནས་ལུགས་མ་རྟོགས་པའི། །ལྟ་བའི་ཁ་ཁྱེར་མ་མཐོ་ཞིག །ནང་རིག་པའི་རྩལ་སྦྱོང་མ་བྱས་པར། །གཏི་མུག་གི་བླུན་སྒོམ་མ་བྱེད་ཅིག །གདམས་ངག་གི་འཚོ་སྐྱོང་མི་ཤེས་པར། །ཡིག་ནག་གི་ཕག་ཆོད་མ་བྱེད་ཅིག །ཆོས་ཟབ་མོའི་སྟོན་ལུགས་མི་ཤེས་པར། །ཐོས་ཆུང་གི་མགོ་བོ་མ་བསྐོར་ཅིག །བསོད་ནམས་ཀྱི་སྤེལ་ལུགས་མི་ཤེས་པར། །མི་ནོར་ལ་ཧབ་ཤ་མ་བྱེད་ཅིག །ཞེན་པ་ནང་ནས་མ་ལོག་པར། །དད་རྫས་ལ་ཡོག་ཟས་མ་བྱེད་ཅིག །བག་ཆགས་ཀྱི་སྣང་རྒྱ་མ་དག་པར། །འོལ་ཚོད་ཀྱི་མངོན་ཤེས་མ་འཆད་ཅིག །བླ་མེད་མངོན་དུ་མ་གྱུར་པར། །ཡོན་བདག་གི་མཆོད་གནས་མ་བྱེད་ཅིག །དགེ་སྦྱོར་གྱི་ཚིག་རྒྱ་མི་ཐུབ་པར། །བླ་མའི་དྲུང་ནས་མ་འཕགས་ཤིག །བུ་རས་ཆུང་མི་འགྲོ་ད་རེས་སྡོད། །ཅེས་གསུངས་ཀྱང་། ཞུ་བ་ནན་གྱིས་ཕུལ་བས། ཁྱོད་དེ་ཙམ་དུ་ང་ལ་མི་ཉན་པར་ཅིས་ཀྱང་འགྲོ་ན། ངས་ཡོན་བདག་རྣམས་ལ་ཁྱོད་དབུས་སུ་མི་གཏོང་བའི་མནའ་སྐྱེལ་ཡོད་དེ། མནའ་ཀུན་རྨི་ལམ་སྒྱུ་མ་ཡིན་པས་བཀའ་གནང་བས་ཆོག་ད་འགྲོ་གྲབས་གྱིས་ཤིག་གསུངས་པས། རས་ཆུང་པ་དགའ་ཆེ་ལ་ངུ་བྲོ་བ་ཞིག་བྱུང་སྟེ་ཞག་འགའ་དབུ་སྔས་སྤྲད་ནས་སྙན་བརྒྱུད་ཀྱི་གདམས་ངག་རྣམས་ཞུས། དཔེ་ཆ་ལ་ཡང་བྲིས་ནས་འབྱོན་པའི་ཚེ་ཆས་གཞན་ནི་བྱེད་རྒྱུ་མེད། ན་བཟའ་རས་རྐྱང་དེ་གསོལ། གྲ་བ་ཟུར་གསུམ་དང་བ་མེན་གྱི་ཨ་རུ་དེ་རྒྱབ་ཏུ་བཀལ། སྙན་བརྒྱུད་ཀྱི་བེའུ་བུམ་མཆན་ཁུང་དུ་བཅངས་ནས་རྗེ་བཙུན་གྱི་དྲུང་དུ་བྱིན་རླབས་ཞུར་ཕྱིན་པས། རྗེ་བཙུན་གྱི་ཐུགས་ལ་རས་ཆུང་པ་འདི་དང་ཡུན་རིང་དུ་འགྲོགས་པ་ཡིན་ཅིང་། ད་ཨེ་ཕྲད་ཀྱང་མི་ཤེས་བསམ་སྐྱེལ་ཐུང་ལ་བྱོན་ནས་ལ་ཁར་ཕེབས་པ་དང་། རྗེ་བཙུན་གྱི་ཞལ་ནས་ད་ཁྱོད་འགྲོ་ལུགས་ཇི་ལྟར་འགྲོ་གསུངས་པས། འགྲོ་ལུགས་འདི་དབྱངས་སུ་ཕུལ་ལོ། །ང་དམ་ཆོས་ལྟ་བ་དཔེར་བཞག་ནས། །སྣང་སྟོང་ཟུར་ཁ་འགྲིམ་ཞིང་འགྲོ། །རྟག་ཆད་ཆམས་ལ་འབེབས་ཤིང་འགྲོ། །འགྱུར་མེད་ལམ་དུ་སློང་ཞིང་འགྲོ། །ལྟ་བ་ཞན་ཡང་ང་མི་འགྱོད། །དམ་ཆོས་སྒོམ་པ་དཔེར་བཞག་ནས། །བདེ་གསལ་ཟུར་ཁ་འགྲིམ་ཞིང་འགྲོ། །བྱིང་རྒོད་ཆམས་ལ་འབེབས་ཤིང་འགྲོ། །འོད་གསལ་ལམ་དུ་སློང་ཞིང་འགྲོ། །སྒོམ་པ་ཞན་ཡང་ང་མི་འགྱོད། །དམ་ཆོས་སྤྱོད་པ་དཔེར་བཞག་ནས། །བརཏལ་ཞུགས་ཟུར་ཁ་འགྲིམ་ཞིང་འགྲོ། །ཐོ་ཆོ་ཆམས་ལ་འབེབས་ཤིང་འགྲོ། །ཞེན་མེད་ལམ་དུ་སློང་ཞིང་འགྲོ། །སྤྱོད་པ་ཞན་ཡང་ང་མི་འགྱོད། །དམ་ཆོས་དམ་ཚིག་དཔེར་བཞག་ནས། །རྣམ་དག་ཟུར་ཁ་འགྲིམ་ཞིང་འགྲོ། །གཡོ་སྒྱུ་ཆམས་ལ་འབེབས་ཤིང་འགྲོ། །ཟོལ་མེད་ལམ་དུ་སློང་ཞིང་འགྲོ། །དམ་ཚིག་ཞན་ཡང་ང་མི་འགྱོད། །དམ་ཆོས་འབྲས་བུ་དཔེར་བཞག་ནས། །ལྷུན་གྲུབ་ཟུར་ཁ་འགྲིམ་ཞིང་འགྲོ། །རེ་དོགས་ཆམས་ལ་འབེབས་ཤིང་འགྲོ། །སྐུ་བཞི་ལམ་དུ་སློང་ཞིང་འགྲོ། །འབྲས་བུ་ཞན་ཡང་ང་མི་འགྱོད། །རྗེ་བཙུན་མར་པ་དཔེར་བཞག་ནས། །སྙན་བརྒྱུད་ཟུར་ཁ་འགྲིམ་ཞིང་འགྲོ། །ཐ་སྙད་ཆམས་ལ་འབེབས་ཤིང་འགྲོ། །གདམས་ངག་ལམ་དུ་སློང་ཞིང་འགྲོ། །ཆོས་ལམ་ཁྱེར་ཞན་ཡང་ང་མི་འགྱོད། །བླ་མ་མི་ལ་དཔེར་བཞག་ནས། །སྙིང་རུས་ཟུར་ཁ་འགྲིམ་ཞིང་འགྲོ། །ལེ་ལོ་ཆམས་ལ་འབེབས་ཤིང་འགྲོ། །བརྩོན་འགྲུས་ལམ་དུ་སློང་ཞིང་འགྲོ། །བརྩོན་འགྲུས་ཞན་ཡང་ང་མི་འགྱོད། །ང་རང་རས་ཆུང་དཔེར་བཞག་ནས། །སྐལ་ལྡན་ཟུར་ཁ་འགྲིམ་ཞིང་འགྲོ། །ལོག་རྟོག་ཆམས་ལ་འབེབས་ཤིང་འགྲོ། །མོས་གུས་ལམ་དུ་སློང་ཞིང་འགྲོ། །གསོལ་འདེབས་ཞན་ཡང་ང་མི་འགྱོད། །ཅེས་ཞུས་པས། འགྲོ་ལུགས་ལེགས་བྱུང་། ལར་རང་བུ་མའི་རྩར་བསྡད་ན་སྐྱིད་ཆེ། སྒོ་ང་མའི་དྲོད་ལ་བཙོས་ན་རྡོལ་སླ། སྒོམ་ཆེན་བླ་མའི་དྲུང་ན་གོལ་ས་མེད་པ་ཡིན་ཏེ། མི་ཉན་པར་འགྲོ་བར་འདུག་པས་ངས་ཁྱོད་བརྩེ་བས་མི་འདོར། ཁྱོད་རང་ཡང་གསོལ་བ་རྒྱུན་དུ་ཐོབ་ཅིག་གསུངས་པས། རས་ཆུང་པས་སྤྱན་ཆབ་བསིལ་ཞིང་བདག་རྗེ་བཙུན་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་རྒྱུན་ཆད་མེད་པ་ཡོད་ཅིང་། སྔར་ཡང་རེ་ས་རྗེ་བཙུན་ལས་མེད། ད་དུང་སངས་རྒྱས་མ་ཐོབ་ཀྱི་བར་དུ་རེ་ས་རྗེ་བཙུན་ལས་མེད་པས། འདི་ཕྱི་བར་དོ་ཀུན་གྱི་སྐྱབས་དང་སྐྱེལ་མ་ཞུ་ཞེས་ཞུ་དོན་འདི་དབྱངས་སུ་ཕུལ་ལོ།། བླ་མ་སངས་རྒྱས་ཀྱི་དགོངས་པ་ཐུགས་རྗེ་ཆེ། །བདག་རས་ཆུང་པ་ལ་སྐྱེལ་མ་མཛོད། །ང་ལྟ་བའི་ལ་ལ་འགྲོ་བསམ་པས། །རྟག་ཆད་སྐུངས་ས་མང་བ་དང་། །ཕྱོགས་རིས་ཇག་པ་རྒོད་པ་དང་། །གཟུང་འཛིན་ལ་ལྟོངས་ཆེ་བ་ཡིས། །ཡང་དག་རྫོགས་པའི་ལ་ལ་མ་ཕྱིན་བར། །བུ་ལ་སྐྱེལ་མ་མཛོད་ཅིག་རིན་པོ་ཆེ། །འཇིགས་ས་སྒྲོལ་ཅིག་སྤྲུལ་པའི་སྐུ། །སྒོམ་པའི་ལ་ལ་འགྲོ་བསམ་པས། །བྱིང་རྒོད་སྐུང་ས་མང་བ་དང་། །དམིགས་གཏད་ས་འཕྲང་དམ་པ་དང་། །རྣམ་རྟོག་མགོ་ལོ་རྒོད་པ་ཡིས། །སྐྱེ་མེད་སྤྲོས་བྲལ་ཐང་ལ་མ་ཕྱིན་བར། །བུ་ལ་སྐྱེལ་མ་མཛོད་ཅིག་རིན་པོ་ཆེ། །འཇིགས་ས་སྒྲོལ་ཅིག་སྤྲུལ་པའི་སྐུ། །སྤྱོད་པའི་འཕྲང་ལ་འགྲོ་བསམ་པས། །ཞེན་པ་འགྲོགས་ཡུན་རིང་པ་དང་། །ཚུལ་འཆོས་ས་འཕྲང་དོག་པ་དང་། །ཐོ་ཅོའི་ཇག་པ་རྒོད་པ་ཡིས། །ཤུགས་འབྱུང་ཞེན་མེད་འཕྲང་ལ་མ་ཕྱིན་བར། །བུ་ལ་སྐྱེལ་མ་མཛོད་ཅིག་རིན་པོ་ཆེ། །འཇིགས་པ་སྒྲོལ་ཅིག་སྤྲུལ་པའི་སྐུ། །དམ་ཚིག་ས་མཁར་བརྩིགས་བསམ་པས། །ཐོས་པའི་གོ་རྒྱ་ཆུང་བ་དང་། །གཉེན་པོའི་ཞོལ་ཁྱིམ་དམའ་བ་དང་། །ངོ་ལྐོག་བྲི་སྒྱོགས་ཆེ་བ་ཡིས། །སྐྱེ་མེད་དག་པའི་འོབས་ཀྱིས་མ་འཁོར་བར། །བུ་ལ་སྐྱེལ་མ་མཛོད་ཅིག་རིན་པོ་ཆེ། །འཇིགས་པ་སྒྲོལ་ཅིག་སྤྲུལ་པའི་སྐུ། །འབྲས་བུའི་ཚོད་ཅིག་ལེན་བསམ་པས། །འཁོར་འདས་བཤུལ་ཐག་རིང་བ་དང་། །མྱང་འདས་ས་འཕྲང་དམ་པ་དང་། །རེ་དོགས་ཇག་པ་རྒོད་པ་སྟེ། །སྐུ་བཞི་ཡོངས་རྫོགས་ཀྱི་ཁྱིམ་དུ་མ་ཕྱིན་བར། །བུ་ལ་སྐྱེལ་མ་མཛོད་ཅིག་རིན་པོ་ཆེ། །འཇིགས་པ་སྒྲོལ་ཅིག་སྤྲུལ་པའི་སྐུ། །རས་ཆུང་རྒྱལ་ཁམས་འགྲིམ་བསམ་པས། །སྒྱུ་ལུས་སྐྱིད་འདོད་ཆེ་བ་དང་། །བོད་དུ་དད་གཞི་ཆུང་བ་དང་། །ཁྲམ་པའི་ཇག་པ་རྒོད་པ་ཡིས། །བུ་ཕ་ཡི་དྲུང་དུ་མ་ཕྱིན་པར། །བུ་ལ་སྐྱེལ་མ་མཛོད་ཅིག་རིན་པོ་ཆེ། །འཇིགས་པ་སྒྲོལ་ཅིག་སྤྲུལ་པའི་སྐུ། །ཞེས་ཞུས་པས་རྗེ་བཙུན་གྱིས་ཁྱོད་འགྲོ་བ་ལ་སྐྱེལ་མ་བཀྲ་ཤིས་གསོལ་བ་ཡིན་གསུངས་ནས་མགུར་འདི་གསུངས་སོ། །ང་ཡི་བརྒྱུད་པ་གང་ཡིན་ཟེར་ཙ་ན། །བརྒྱུད་པ་མི་ངན་བརྒྱུད་པ་བཟང་། །བརྒྱུད་པ་རྡོ་རྗེ་འཆང་ཆེན་ཡིན། །བརྒྱུད་པ་བཟང་པོ་དེ་ཡི་བཀྲ་ཤིས་ཤོག །བུ་རས་ཆུང་པ་ལ་བཀྲ་ཤིས་ཤོག །བླ་མ་གང་ཡིན་ཟེར་ཙ་ན། །བླ་མ་མི་ངན་བླ་མ་བཟང་། །བླ་མ་མར་རྔོག་རྣམ་གཉིས་ཡིན། །བླ་མ་བཟང་པོ་དེ་ཡི་བཀྲ་ཤིས་ཤོག །བུ་རས་ཆུང་པ་ལ་བཀྲ་ཤིས་ཤོག །དམ་ཆོས་གང་ཡིན་ཟེར་ཙ་ན། །དམ་ཆོས་མི་ངན་དམ་ཆོས་བཟང་། །དམ་ཆོས་ཕྱག་རྒྱ་ཆེན་པོ་ཡིན། །དམ་ཆོས་བཟང་པོ་དེ་ཡི་བཀྲ་ཤིས་ཤོག །བུ་རས་ཆུང་པ་ལ་བཀྲ་ཤིས་ཤོག །ཡི་དམ་གང་ཡིན་ཟེར་ཙ་ན། །ཡི་དམ་མི་ངན་ཡི་དམ་བཟང་། །ཡི་དམ་རྡོ་རྗེ་ཕག་མོ་ཡིན། །ཡི་དམ་བཟང་པོ་དེ་ཡི་བཀྲ་ཤིས་ཤོག །བུ་རས་ཆུང་པ་ལ་བཀྲ་ཤིས་ཤོག །ཆོས་སྐྱོང་གང་ཡིན་ཟེར་ཙ་ན། །ཆོས་སྐྱོང་མི་ངན་ཆོས་སྐྱོང་བཟང་། །ཆོས་སྐྱོང་མ་མགོན་ལྕམ་དྲལ་ཡིན། །ཆོས་སྐྱོང་བཟང་པོ་དེ་ཡི་བཀྲ་ཤིས་ཤོག །བུ་རས་ཆུང་པ་ལ་བཀྲ་ཤིས་ཤོག །ལྟ་བ་སྒོམ་པ་སྤྱོད་པ་གསུམ། །བུ་རས་ཆུང་པ་ལ་བཀྲ་ཤིས་ཤོག །གཞི་དང་ལམ་དང་འབྲས་བུ་གསུམ། །བུ་རས་ཆུང་པ་ལ་བཀྲ་ཤིས་ཤོག །རྩ་དང་རླུང་དང་ཐིག་ལེ་གསུམ། །བུ་རས་ཆུང་པ་ལ་བཀྲ་ཤིས་ཤོག །བདེ་དང་གསལ་དང་མི་རྟོག་གསུམ། །བུ་རས་ཆུང་པ་ལ་བཀྲ་ཤིས་ཤོག །སངས་རྒྱས་བདེན་ལ་ཆོས་ཀྱང་བདེན། །དེ་བཞིན་དགེ་འདུན་བདེན་པ་ཡིས། །བཀྲ་ཤིས་མི་འགྱུར་བརྟན་པར་ཤོག །ང་རང་གང་ཡིན་ཟེར་ཙ་ན། །ང་རང་མི་ལ་རས་པ་ཡིན། །མི་ལའི་བཀྲ་ཤིས་བུ་ལ་ཤོག །བུ་ཕ་བས་ལྷག་པའི་བཀྲ་ཤིས་ཤོག །ཅེས་གསུངས་ཤིང་གཞན་ཡང་ཞལ་གདམས་ལ། ཁྱོད་ལ་དབུས་སུ་ཁྱི་མོ་ཞིག་གིས་རྐང་པ་ནས་འཇུ་བ་འདུག་པས། དེ་དུས་བླ་མ་དང་ཉམས་ལེན་མ་བརྗེད་པར་གྱིས་གསུང་། །རྗེ་བཙུན་དེར་བཞུགས་པ་ལ། རས་ཆུང་པས་ཕྱག་དང་བསྐོར་བ་བྱས་སོང་བས། རྗེ་བཙུན་གྱི་ཐུགས་དགོངས་ལ་ཁོ་ང་ལ་ཕྱི་མིག་ཅིག་བལྟར་འོང་དེ་བར་མ་བསྡད་ན་ཁོ་མི་དགའ་བསམ། དར་ཅིག་ལ་ཐོག་དེར་བཞུགས་པས་རས་ཆུང་པས་ཕྱི་མིག་མི་བལྟ་བར་སོང་བ་དང་། རྗེ་བཙུན་གྱི་ཐུགས་ལ་ཁོ་ཕྱི་མིག་གཅིག་ཀྱང་མི་བལྟ་བར་འགྲོ་ལུགས་ཀྱིས་བླ་མ་དང་མཆེད་གྲོགས་ལ་ལོག་ལྟ་སྐྱེས་པ་ཡིན་ནམ། ཆོས་དང་བརྒྱུད་པ་རྣམས་གསང་ཞིང་འགྲོ་བའི་རིགས་ཡིན་དགོངས་ནས། རླུང་ཐུན་ཅིག་བཟུང་སྔོན་ལ་བྱོན་ཏེ། བྲག་སེང་གེ་འགྱིང་བ་འདྲ་བ་ཞིག་གི་མདུན་དུ་རས་པ་བདུན་དུ་སྤྲུལ་ཏེ། རས་ཆུང་པའི་ཉམས་སད་ཕྱིར་མགྲིན་གཅིག་ཏུ་བསྡེབས་ནས་མགུར་འདི་གསུངས་སོ། །ཁྱོད་ལམ་བྱོན་རས་པ་ཚུར་ཉོན་དང་། །ཁྱོད་རང་སུ་ཡིན་བླ་མ་གང་། །མེས་པོ་སུ་ཡིན་ཡང་མེས་གང་། །བརྒྱུད་པ་སུ་ཡིན་གདམས་ངག་གང་། །སྒོམ་པ་གང་ཡིན་དགོན་པ་གང་། །རི་འདི་ཇི་སྐད་བྲག་འདི་གང་། །འགྲོ་བ་གང་གི་ཕྱོགས་སུ་འགྲོ། །སོངས་ཤིག་སུ་ཡི་ཞལ་ནས་གསུངས། །གར་འགྲོ་སུ་ཡིན་ཟེར་ཞིང་འགྲོ། །ཁྱོད་འགྲོ་བའི་འགྲོ་ལུགས་ཇི་ལྟར་འགྲོ། །ཞེས་གསུངས་པས། རས་ཆུང་པའི་ཐུགས་དགོངས་ལ། གཞན་ངའི་སྔོན་དུ་དེ་སྐད་ཟེར་བའི་རས་པ་མི་འོང་། རྗེ་བཙུན་གྱི་སྤྲུལ་པར་འདུག་སྙམ་སྟེ། ཕྱག་ཕུལ་ནས་འགྲོ་ལུགས་མགུར་དུ་ཕུལ་བ། ཕ་རྗེ་བཙུན་ཆེན་པོ་སྙན་གསོན་དང་། །མི་ཁྱོད་རང་སུ་ཡིན་ཟེར་ཙ་ན། །ང་རང་གུང་ཐང་རས་ཆུང་ཡིན། །བླ་མ་མི་ལ་རས་པ་ཡིན། །མེས་པོ་མར་རྔོག་རྣམ་གཉིས་ཡིན། །ཡང་མེས་ཏཻ་ལོ་ནཱ་རོ་ཡིན། །གདམས་ངག་མཁའ་འགྲོ་སྙན་བརྒྱུད་ཡིན། །བརྒྱུད་པ་རྡོ་རྗེ་འཆང་ནས་ཡིན། །སྒོམ་པ་ལ་ཕྱི་གངས་རྭ་ཡིན། །རི་འདི་པི་ལིང་ཟུར་ཁ་ཡིན། །བྲག་འདི་སེང་ཆེན་འགྱིངས་པ་ཡིན། །འགྲོ་བ་དབུས་ཀྱི་ཕྱོགས་སུ་འགྲོ། །སོངས་ཤིག་བླ་མ་རྗེ་བཙུན་གསུང་། །བདག་དེ་ལྟར་འགྲོ་བས་འགྲོ་ཆོས་ཞུ། །ཞེས་ཞུས་པས་སྤྲུལ་པ་རྣམས་སྐུ་དངོས་ལ་འདུས་ཏེ། ངས་ཁྱོད་ཕྱི་མིག་གཅིག་ཀྱང་མི་བལྟ་བར་སོང་བས་ཉམས་སད་དུ་འོངས་པ་ཡིན་ཏེ། དམ་ཚིག་ལ་སྐྱོན་མི་འདུག་ད་ང་དང་ཁྱོད་དམ་ཚིག་གཙང་བས་འདུ་འབྲལ་མེད་པས་དབུས་སུ་སོངས་ཤིག་གསུངས་པ་ལ་རས་ཆུང་པ་སྤྲོ་བཞིན་རྗེ་བཙུན་གྱི་ཞབས་སྤྱི་བོར་བླངས་ནས་སྨོན་ལམ་མང་དུ་བཏབ་ནས་དབུས་ཕྱོགས་ལ་བྱོན་ནོ། །དེ་ནས་རྗེ་བཙུན་གྱིས་གྲོད་ཕུག་ཏུ་ཕེབས་པས་ཉ་མ་རྣམས་སྔར་ལྟར་བསྙེན་བཀུར་ཁུར་ནས་བྱུང་བ་ལ། རས་ཆུང་པ་མེད་པར་ཤེས་ནས་རས་ཆུང་པ་ལ་འབུལ་རྒྱུ་རྣམས་བྲག་ཕུག་འུར་དིང་དུ་སྦས་ཏེ། རྗེ་བཙུན་གྱི་དྲུང་དུ་ཕྱིན་པས་རྗེ་བཙུན་བླ་ཡེ་ན་བཞུགས་འདུག་པ་ལ། ཉ་མ་རྣམས་ཀྱིས་རྗེ་བཙུན་ལགས་སྔར་སྔ་བར་མི་བཞེངས་པ་ལ། ད་ལན་སྔ་བར་བཞེངས་པ་ཅི་ལགས་ཞུས་པས། རྗེ་བཙུན་གྱི་ཞལ་ནས་ང་རས་ཆུང་པ་དབུས་སུ་འགྲོ་བ་ལ་སྐྱེལ་ཐུང་ལ་ཕྱིན་པ་ཡིན་ཏེ། ཡར་བསླེབས་པས་ཤེས་པ་སྐྱོ་བ་སྙམ་བྱུང་འདིར་བསྡད་པ་ཡིན་གསུངས་པས། ཁོང་རྣམས་ན་རེ། རས་ཆུང་པ་དབུས་སུ་འབྱོན་པ་ལ། རྗེ་བཙུན་གྱིས་བཤོལ་མ་བཏབ་པ་ལགས་སམ་ཞུས་པས། རྗེ་བཙུན་གྱིས་ངས་དག་ཁོ་ལ་བཤོལ་འདི་ལྟར་བཏབ་ཅེས་མགུར་འདི་གསུངས་སོ། །བུ་གཅེས་པའི་རས་ཆུང་དབུས་སུ་ཐལ། །ཁོ་རང་གི་ཆེད་ལ་མ་བབ་ན། །གཞན་གྱི་ཁ་ལ་ཁོ་མི་ཉན། །ཁོ་མར་རྔོག་གདན་ས་ལྟའོ་སྐད། །གཉལ་དང་ལོ་རོ་ལྟའོ་ཟེར། །དཔལ་གྱི་བསམ་ཡས་ལྟའོ་ཟེར། །ཆོས་འཁོར་ལྷ་ས་ལྟའོ་སྐད། །ངས་དག་ཁོ་ལ་འདི་སྐད་བྱས། །རྩ་བའི་བླ་མ་བསྟེན་དུས་སུ། །ཇོ་བོ་ཤཱཀྱས་ཅི་ལ་ཕན། །རི་ཁྲོད་དགོན་པ་འགྲིམས་དུས་སུ། །མར་རྔོག་གདན་སས་ཅི་ལ་ཕན། །སྙན་བརྒྱུད་གདམས་ངག་ཉན་དུས་སུ། །གཉལ་དང་ལོ་རོས་ཅི་ལ་ཕན། །ལྟད་མོ་སེམས་ལ་ལྟ་དུས་སུ། །བསམ་ཡས་ལྟད་མོས་ཅི་ལ་ཕན། །སྒྲོ་འདོགས་ནང་ནས་གཅོད་དུས་སུ། །ཆོས་འཁོར་ལྷ་སས་ཅི་ལ་ཕན། །ངས་དག་ཁོ་ལ་དེ་སྐད་བྱས། །ལར་གཅེས་པར་བསྐྱངས་པའི་རས་ཆུང་ཁོང་། །ཉི་མ་དབུས་ཀྱི་ཕྱོགས་སུ་ཐལ། །ཁྱེད་ཉ་མ་ཚོ་ཡོང་ན་འཁྱིལ་ཙམ་དུ་གདའ་སྟེ། །ཞེས་གསུངས་པས། ཁོང་རྣམས་ན་རེ། བླ་མ་སྐུ་ན་བགྲེས་དུས་འདིར་ཉེ་གནས་གལ་ཆེ་བ་ཡིན་པ་ལ། བཤོལ་དེ་ཙམ་བཏབ་ཀྱང་མི་ཉན་པར་འགྲོ་བ་ཁོང་ཁྲེལ་རེ་ཆུང་ཞུས་པས། རྗེ་བཙུན་གྱི་གསུངས་ནས་རས་ཆུང་པ་ལ་ཁྲེལ་ངོ་ཚ་དམ་ཚིག་མི་འདུག་གསུངས་ནས་མགུར་འདི་གསུངས་སོ། །ཕ་མས་གསོས་པའི་གཅེས་ཕྲུག་བུ་ཚས་ཀྱང་། །ཕ་མ་རྒས་ཁར་ཕན་པ་བརྒྱ་ལ་འགའ། །དམ་ཚིག་མེད་པའི་སློབ་མས་ཀྱང་། །སློབ་དཔོན་རྒས་ཁར་ཕན་པ་བརྒྱ་ལ་འགའ། །ཕ་ཁྱི་རྒན་དང་འདྲ་བ་ཤུལ་དུ་བོར། །བུ་དར་སེང་དཀར་མོ་དང་འདྲ་བ་དབུས་སུ་ཐལ། །ཕ་རྒན་ཝ་སྐྱ་དང་འདྲ་བ་ཤུལ་དུ་བོར། །བུ་སྟག་ཆུང་རི་བཀྲ་དང་འདྲ་བ་དབུས་སུ་ཐལ། །ཕ་ཁྱིམ་བྱ་དེ་ཕོ་དང་འདྲ་བ་ཤུལ་དུ་བོར། །བུ་བྱ་རྒྱལ་རྒོད་པོ་དང་འདྲ་བ་དབུས་སུ་ཐལ། །ཕ་ཅོང་རོང་བོང་བུ་དང་འདྲ་བ་ཤུལ་དུ་བོར། །བུ་འདོ་ཆེན་རྟ་ཕོ་དང་འདྲ་བ་དབུས་སུ་ཐལ། །ཕ་གླང་རྒན་བྲེ་བོ་དང་འདྲ་བ་ཤུལ་དུ་བོར། །བུ་འབྲོང་ཆུང་རྭ་སྔོན་དང་འདྲ་བ་དབུས་སུ་ཐལ། །སྐུ་གཟུགས་ལྷ་སྐུ་བས་ལེགས་པ་དེ་དབུས་སུ་ཐལ། །ངག་རྒྱ་དར་བས་འཇམ་པ་དེ་དབུས་སུ་ཐལ། །གསུང་དྲིལ་བུ་བས་སྙན་པ་དེ་དབུས་སུ་ཐལ། །ཐུགས་དགོངས་ཟ་འོག་བས་བཀྲ་བ་དེ་དབུས་སུ་ཐལ། །དྲི་ཙནྡན་བས་ཞིམ་པ་དེ་དབུས་སུ་ཐལ། །ཞེས་གསུངས་པས་ཁོང་རྣམས་ན་རེ། དེ་ཙམ་དུ་ཐུགས་བརྩེ་བ་ལ་གྲོགས་དང་རྫོང་བ་ཇི་ལྟར་མཛད། ཐག་རིང་དུ་འགྲོ་བ་ལ་འོ་མི་བརྒྱལ་བར་གཤེགས་ལགས་སམ་ཟེར་བ་ལ། རྗེ་བཙུན་གྱིས་རྫོང་བ་འདི་ལྟར་བྱས་གསུངས་ནས་མགུར་འདི་བཞེས་སོ། །ཁོ་གྲོགས་བཟང་པོ་ཞིག་དང་འགྲོགས་ནས་ཐལ། །གཞན་གྱི་གྲོགས་ལ་འདུ་འབྲལ་ཡོད། །རས་ཆུང་གྲོགས་ལ་འདུ་འབྲལ་མེད། །རང་བྱུང་ཡེ་ཤེས་གྲོགས་མཆོག་དང་། །བུ་རས་ཆུང་པ་ཁོ་འགྲོགས་ནས་ཐལ། །ཁོ་རྟ་བཟང་པོ་ཞིག་ལ་ཞོན་ནས་ཐལ། །གཞན་གྱི་རྟ་ལ་གམ་འཁྲུགས་འོང་། །རས་ཆུང་རྟ་ལ་གམ་འཁྲུགས་མེད། །རྣམ་ཤེས་རླུང་གི་རྟ་ཕོ་ལ། །བུ་རས་ཆུང་པ་ཁོ་ཞོན་ནས་ཐལ། །ཁོ་གོས་དྲོན་པོ་ཞིག་ཀྱང་གོན་ནས་ཐལ། །གཞན་གྱི་གོས་ལ་གྲང་དྲོ་ཡོད། །རས་ཆུང་གོས་ལ་གྲང་དྲོ་མེད། །གཏུམ་མོ་མེ་འབར་གྱི་རས་གོས་དེ། །བུ་རས་ཆུང་པ་ཡིས་གྱོན་ནས་ཐལ། །ཟས་བཟང་པོ་ཞིག་ཀྱང་ཟ་ཞིང་ཐལ། །གཞན་མའི་ཟས་ལ་ཞིམ་མངར་ཡོད། །རས་ཆུང་ཟས་ལ་ཞིམ་མངར་མེད། །ཏིང་འཛིན་རོ་མཆོག་བཟང་པོ་དེ། །བུ་རས་ཆུང་པ་ཁོང་ཟ་ཞིང་ཐལ། །ནོར་བཟང་པོ་ཞིག་ཀྱང་ཁྱེར་ནས་ཐལ། །གཞན་གྱི་ནོར་ལ་དགྲ་རྐུན་ཡོད། །རས་ཆུང་ནོར་ལ་དགྲ་རྐུན་མེད། །སྙན་བརྒྱུད་ཡིད་བཞིན་ནོར་བུ་དང་། །བུ་རས་ཆུང་འགྲོགས་ནས་དབུས་སུ་ཐལ། །ཞེས་གསུངས་ཏེ། ཅུང་ཟད་ཐུགས་སྐྱོ་བའི་རྣམ་པ་ལྟར་མཛད་ནས་བཞུགས་པས། ཉ་མ་རྣམས་ཁོང་རང་ལ་སེམས་ལས་མེད་པ་ལྟར་བྱས་ནས། རྗེ་བཙུན་ལ་ཐུགས་ལས་མི་མཛད་འཚལ། ད་དུང་རས་པ་ཞི་བ་འོད་དང་སེ་བན་རས་པ་སོགས་གྲོད་ཕུག་ན་ཕྱག་ཕྱི་བ་མང་པོ་རང་ཡོད་པ་ལགས་ཞུས་པས། རྗེ་བཙུན་གྱི་ཞལ་ནས་རས་པ་མང་སྟེ་རས་ཆུང་པ་འདྲ་བ་ཉུང་། ཉ་མ་མང་སྟེ་དད་པ་ཅན་ཉུང་གསུངས་ནས་མགུར་འདི་བཞེས་སོ། །གུང་ཐང་གི་གཉན་ཆུང་རས་པ་དང་། །གཅེན་ལུང་གི་ངན་རྫོང་བདེ་བ་སྐྱོང་། །མདོ་བཀྲའི་སེ་བན་བཀྲ་ཤིས་འབར། །སྟག་མོའི་འབྲི་སྒོམ་གླིང་ཁ་བ། །ཁོང་སྙིང་དང་འདྲ་བའི་བུ་བཞི་ཡིན། །ལར་ཆུང་འགྲོགས་སེམས་ཀྱི་ཚེར་མ་ཡིན། །རས་ཆུང་སོང་བས་དྲན་པ་འཕྱོ། །ཚིག་ཐ་སྙད་ཀྱིས་བཏགས་པའི་ལྟ་བ་དེ། །མིང་ལྟ་བ་བྱས་ཀྱང་ཁ་ལྟ་ཡིན། །གཟུང་འཛིན་གཡེང་བ་སྤོང་བ་འམ། །སེམས་རྩེ་གཅིག་ཏུ་རྟོགས་པའི་མི་རེ་ཉུང་། །བློ་ལ་ཡར་སྐྱེད་མེད་པའི་སྒོམ་པ་དེ། །མིང་སྒོམ་པ་བྱས་ཀྱང་ཞི་གནས་ཡིན། །ཞི་ལྷག་ཟུང་དུ་འབྲེལ་བ་འམ། །སེམས་གནད་དུ་བསྣུན་པའི་མི་རེ་ཉུང་། །བློ་ཉིན་སྲིབ་བྱེད་པའི་སྤྱོད་པ་དེ། །མིང་སྤྱོད་པ་བྱས་ཀྱང་འབྲེལ་བ་ཡིན། །ཆོས་བརྒྱད་ཟིལ་གྱིས་ནོན་པའམ། །ཆོས་མཐའ་རུ་ཐོན་པའི་མི་རེ་ཉུང་། །ངོ་ལྐོག་དང་བཅོས་མའི་དམ་ཚིག་དེ། །མིང་དམ་ཚིག་བྱས་ཀྱང་ཟོག་པོ་ཡིན། །ཁས་བླངས་དམ་བཅའ་མ་ཉམས་པའམ། །རང་སེམས་དཔང་པོར་འཇོག་པའི་མི་རེ་ཉུང་། །འདོད་པས་གདུངས་པའི་འབྲས་བུ་དེ། །མིང་འབྲས་བུ་བྱས་ཀྱང་མགོ་སྐོར་ཡིན། །ཆོས་ཉིད་རྡོ་རུས་ཐུག་པ་འམ། །ལམ་སྣ་ཟིན་པའི་མི་རེ་ཉུང་། །ཤོག་ལོགས་གདམས་ངག་ཟབ་མོ་དེ། །ཟབ་ཟབ་འདྲ་ཡང་ཟིན་བྲིས་ཡིན། །གང་ཟག་སྙིང་རུས་ཆུང་པ་འམ། །ཆོས་བརྒྱུད་པར་ལྡན་པའི་མི་རེ་ཉུང་། །ཚེ་འདིས་བཅིངས་པའི་སློབ་དཔོན་དེ། །མིང་སློབ་དཔོན་བྱས་ཀྱང་བྲེལ་སྣོན་ཡིན། །གང་ཟག་ཚོ་མོས་གུས་ཆུང་བའམ། །མཚན་ལྡན་བླ་མ་བསྟེན་པའི་མི་རེ་ཉུང་། །མིག་ཟིམ་བྱེད་པའི་མོས་གུས་དེ། །མིང་མོས་གུས་ཟེར་ཡང་དར་ཅིག་ཡིན། །ལས་ངན་ལྟག་ཚན་ཆེས་པའམ། །ལྟོས་མེད་གསུམ་ལྡན་གྱི་མི་རེ་ཉུང་། །གྲོང་ལྟག་གི་དགོན་ཆུང་ཁྲ་མོ་དེ། །མིང་དགོན་པ་བྱས་ཀྱང་གྲོང་ཡུལ་ཡིན། །གང་ཟག་ཚོ་གཡེང་བ་ཆེས་པའམ། །གནས་རི་ཁྲོད་འགྲིམས་པའི་མི་རེ་ཉུང་། །བཀའ་གདམ་གྱི་བཙུན་ཆུང་སྲང་རྡོ་མགོ། །མིང་བཙུན་ཆུང་བྱས་ཀྱང་ལུས་བསྒྱུར་ཡིན། །གང་ཟག་ཚོ་སྙིང་རུས་ཆུང་བ་འམ། །འདུལ་ཁྲིམས་སྣ་རེ་སྲུང་བའི་མི་རེ་ཉུང་། །གཉའ་ནང་གི་ཉ་མ་མཆོར་མགོ་མ། །མིང་ཡོན་བདག་བྱས་ཀྱང་འདོད་བསླུ་ཡིན། །བུད་མེད་ཚོ་སྙིང་རྩལ་ཆུང་བའམ། །བསྙེན་བཀུར་སྦྱིན་གཏོང་བྱེད་པའི་མི་རེ་ཉུང་། །སྤྱིར་མགོ་ནག་གི་དད་པ་ཁ་ལ་ཡོད། །ཁྱེད་ཉ་མ་ཚོའི་དད་པ་འདོམས་ན་ཡོད། །ང་རྣལ་འབྱོར་གྱི་དད་པ་སྙིང་ལ་ཡོད། །ཕ་བོང་རྒས་པ་དྲེག་པ་ཆགས། །གཙང་ཆབ་རྒས་པ་གཉེར་མ་མང་། །ལྗོན་ཤིང་རྒས་པ་སྐྲ་ལོ་ཟགས། །རི་ཁྲོད་རྒས་པ་ཆུ་ཤིང་ཟད། །རྣལ་འབྱོར་རྒས་པ་ཉམས་རྟོགས་འགྲིབས། །ཉ་མ་རྒས་པ་དད་པ་ཡལ། །ཉ་མ་རྨ་བྱ་དང་འདྲ་བ་མདོངས་ཟོལ་སྐྱོང་། །ཉ་མ་ནེ་ཙོ་དང་འདྲ་བ་ལོང་གཏམ་སྤེལ། །ཉ་མ་བ་རྒན་དང་འདྲ་བ་བེའུ་ལུག་སྐྱོང་། །ཁྱེད་ཉ་མ་ཚོ་འགྲོ་ན་འགྲོ་རེ་རན། །རན་པས་མི་ཚད་འཕྱིས་འཕྱིས་ཙམ། །མ་གི་བྲག་ཕུག་འུར་དིང་ན། །ཕྱེ་རྐྱལ་ཚོ་བྱི་བས་འབྲད་ཅིང་འདུག །མར་གོང་ཚོ་རྦབ་ཏུ་འགྲིལ་ནས་ཐལ། །ཆང་ཀུ་ཚོ་ཝ་མོས་སྒྱེལ་ཞིང་འདུག །ཤ་ཁོག་ཚོ་བྱ་རོག་གི་འཐོག་ཅིང་འདུག །འགྲོ་ན་མགྱོགས་པར་ཕྱིན་པ་དྲག །ཁྱེད་ཉ་མ་ཚོ་སྐྱིད་དོ་བདེ་བར་སོང་། །ཞལ་མྱུར་དུ་མཇལ་བའི་སྨོན་ལམ་འཚལ། །ཞེས་གསུངས་པས་ཉ་མ་རྣམས་ཕན་ཚུན་མིག་འགྲོས་ཤིག་ཤིག་གྲུ་མོ་སུག་སུག་ཁ་སྐྱེངས་པའི་ཚུལ་དང་བཅས་སོང་བས། རྗེ་བཙུན་གྱིས་གསུངས་པ་ལྟར་འདུག་པས། ཁོང་རྣམས་དད་པ་དང་འགྱོད་པ་དྲག་པོ་སྐྱེས་ནས། ལྷག་མ་རྣམས་རྗེ་བཙུན་ལ་ཕུལ་ཏེ། བདག་ཅག་རྣམས་ལ་མི་རྟག་པ་རྒྱུད་ལ་སྐྱེ་བའི་མགུར་མ་ཞིག་ཞུ་ཞུས་པ་ལ། རྗེ་བཙུན་གྱིས་བསྙེན་བཀུར་མ་བཞེས་པར་མགུར་འདི་གསུངས་སོ། །ཉོན་དང་གསོན་དང་ཉ་མ་སེར་སྣ་ཅན། །གཏམ་སྙན་གྲགས་འདོད་པའི་ཚོགས་གསོག་དང་། །ཚེ་འདིའི་འཇིགས་སྐྱོབ་ཀྱི་སྐྱབས་གནས་དང་། །ལན་ལ་རེ་བ་འདོད་པའི་སྦྱིན་པ་དང་། །ངས་བྱས་རང་འདོད་ཀྱི་འབུལ་བ་བཞི། །དེ་ལ་ནམ་ཕུགས་ཡོད་པ་མིན། །ཁ་ཟ་འདོད་ཚོགས་འཁོར་ཤོམས་ཁྱེར་དང་། །ཆོས་མཁས་འདོད་རང་བཟོའི་ཕོ་རྒོད་དང་། །སེམས་གཡེང་འདོད་གླུ་དབྱངས་ཐོ་ཆོ་དང་། །རང་ཆེ་འདོད་དབང་བསྐུར་ངོ་སྲུང་བཞི། །འདི་བཞི་ཡིས་བྱིན་རླབས་འཇུག་པ་མིན། །ཆོས་བཤད་འདོད་ཡི་གེ་ལུང་མེད་སྒྲུབ། །ང་རྒྱལ་འདོད་ཕྱག་དང་ཞེ་ས་ལ་དགའ། །སྣོད་མི་རྟག་བླུན་པོའི་མགོ་བོ་སྐོར། །ནོར་ཚོལ་བའི་ཟོང་ཆོས་ལ་བྱེད་པ་བཞི། །འདི་བཞི་ཡིས་འགྲོ་དོན་འགྲུབ་པ་མིན། །གཅིག་པུར་མི་ཟུག་ཡེངས་ལ་དགའ། །སྡུག་སྒུར་མི་ནུས་སྐྱིད་ལ་མཉེས། །སྒོམ་དུ་བཅུག་ན་བཤད་པ་འདོད། །ཆེ་ཐབས་འཇིག་རྟེན་ལས་དང་བཞི། །འདི་བཞིས་ཐར་པ་ཐོབ་པ་མིན། །བཞི་བཞི་བཞི་རུ་བསྡེབས་པའི་དབྱངས། །ཉ་མའི་ཐུགས་དམ་དེ་ལ་མཛོད། །ཅེས་གསུངས་པས་འབྲི་སྒོམ་རས་པས་ཞུ་ངོ་བྱས་བསྙེན་བཀུར་བཞེས་པའི་ཚེ། ད་དུང་ཆོས་རེ་གསུང་བར་ཞུ་ཞུས་པ་ལ། རྗེ་བཙུན་གྱིས་མགུར་འདི་གསུངས་སོ། །ཡ་གི་ཚེ་རིང་དྲང་སྲོང་དེ། །གང་ཤར་གྱི་ངོ་བོ་མི་ཤེས་པ། །ཐོལ་སྐྱེས་རིག་པ་དགྲ་བོར་འཛིན། །སྙོམས་འཇུག་དྲན་མེད་སྒོམ་དུ་འདོད། །མ་གི་ཡི་དྭགས་བསེ་རུ་བ། །རང་སེམས་བསེ་བར་མི་ཤེས་པས། །གཞན་ལ་ཕྲག་དོག་སེར་སྣ་བྱེད། །ལས་ངན་དབང་གིས་བཀྲེས་སྐོམ་སྤྱོད། །བར་འཛམ་གླིང་མི་དབུལ་སྡུག་འཁུན་ཅན། །ས་འོག་གི་གསེར་སྦྲམ་མི་ཤེས་པར། །ཡུལ་མི་གྲོགས་ལ་རྐུན་རྫུན་བྱེད། །རྫུན་ཟོལ་ཟོག་མང་ཞིང་ཇེ་སྡུག་འགྲོ། །གཉའ་ནང་ཉ་མ་སྤྲལ་སྤྲུལ་ཅན། །རྗེ་བཙུན་ལ་ཚོགས་གསོག་མི་འདོད་པས། །ཚོགས་གསོག་མཆོར་པོའི་རས་པ་ལ་བྱེད། །རས་པ་ལ་ཕུལ་ཞིང་སྐྱེངས་སུ་སོང་། །ད་འདྲེ་མོའི་སྤྲལ་སྤྲུལ་མ་མང་བར། །ལྷ་མོའི་ཚོགས་གསོག་ལྷ་ལ་ཕུལ། །ཞེས་གསུངས་པས་ཀུན་དད་པ་སྐྱེས་ནས་ཕྱག་མང་དུ་འཚལ་ཞིང་མཆི་མ་ཕྱུང་སྟེ། ད་གནས་འདིར་རྗེ་བཙུན་རྟག་ཏུ་བཞུགས་པར་ཞུ། ཆོས་དང་མཐུན་པའི་བསྙེན་བཀུར་ཞབས་ཏོག་འབུལ་ཟེར་བ་ལ། རྗེ་བཙུན་གྱི་ཞལ་ནས། ང་འདིར་ཡུན་རིང་མི་སྡོད་པར་འགྲོ། ཁྱེད་ཉ་མ་རྣམས་ཚེ་སྲོག་ལ་བར་ཆད་མེད་པར་བྱས། བཀྲ་ཤིས་ཆོས་མཐུན་དུ་མཇལ་བའི་སྨོན་ལམ་འདེབས་སོ་གསུངས་ནས་མགུར་འདི་བཞེས་སོ། །མཐོ་ལ་ཡངས་པའི་དགུང་སྔོན་དང་གཅིག །དེ་ལ་འཁོར་བའི་ཉི་ཟླ་ཟུང་གཅིག་དང་གཉིས། །དུས་ཚོད་གནས་སྐབས་ཀྱི་འབྲེལ་བ་ཡད་ཡུད་དུ་གདའ། །དགུང་སྔོན་ཁྱེད་སྐུ་ཁམས་ཅི་བདེར་བཞུགས། །ཉི་ཟླ་ངེད་གླིང་བཞི་བསྐོར་དུ་འགྲོ། །ཤོ་མས་ཀྱང་ཀུ་རེ་ཞུས་པ་ལགས། །དགུང་སྔོན་ཁྱོད་སྤྲིན་གྱིས་མ་བསྒྲིབས་པ་བྱོས། །ཉི་ཟླ་ངེད་གཟའ་ཡིས་མ་གཟུང་བ་བགྱིས་ཏེ། །ཞལ་ཡང་ཡང་དུ་མཇལ་བའི་སྨོན་ལམ་འདེབས། །བཀྲ་ཤིས་ཆོས་མཐུན་དུ་མཇལ་བའི་སྨོན་ལམ་འདེབས། །མཐོ་ལ་ཡངས་པའི་བྲག་སྟོད་དང་གཅིག །དེ་ལ་འཁོར་བའི་བྱ་རྒྱལ་རྒོད་པོ་དང་གཉིས། །དུས་ཚོད་གནས་སྐབས་ཀྱི་འབྲེལ་པ་ཡད་ཡུད་དུ་གདའ། །བྲག་སྟོད་ཁྱེད་སྐུ་ཁམས་ཅི་བདེར་བཞུགས། །བྱ་རྒྱལ་ངེད་ནམ་འཕང་གཅོད་དུ་འགྲོ། །ཤོ་མས་ཀྱང་ཀུ་རེ་ཞུས་པ་ལགས། །བྲག་སྟོད་ཁྱེད་ཐོག་གིས་མ་བཤིག་པ་བྱོས། །བྱ་རྒྱལ་ངེད་ཐག་རྙིས་མ་བཟུང་བ་བྱས་ནས། །ཞལ་ཡང་ཡང་དུ་མཇལ་བའི་སྨོན་ལམ་འདེབས། །བཀྲ་ཤིས་ཆོས་མཐུན་དུ་མཇལ་བའི་སྨོན་ལམ་འདེབས། །མ་གི་གཙང་ཆབ་གཞུང་རིང་དང་གཅིག །དེ་ལ་འཁོར་བའི་ཉ་མོ་གསེར་མིག་དང་གཉིས། །དུས་ཚོད་གནས་སྐབས་ཀྱི་འབྲེལ་བ་ཡད་ཡུད་དུ་གདའ། །གཙང་ཆབ་ཁྱེད་སྐུ་ཁམས་ཅི་བདེར་བཞུགས། །ཉ་མོ་ངེད་གདྒཱའི་ཆབ་ལ་འགྲོ། །ཤོ་མས་ཀྱང་ཀུ་རེ་ཞུས་པ་ལགས། །གཙང་ཆབ་ཁྱེད་ཡུལ་དུ་མ་དྲངས་པ་བྱོས། །ཉ་མོ་ངེད་དོལ་ལ་མ་འཐུམས་པ་བྱས་ནས། །ཞལ་ཡང་ཡང་དུ་མཇལ་བའི་སྨོན་ལམ་འདེབས། །བཀྲ་ཤིས་ཆོས་མཐུན་དུ་མཇལ་བའི་སྨོན་ལམ་འདེབས། །ལྡུམ་ར་ནང་གི་མེ་ཏོག་ཧ་ལོ་དེ་དང་གཅིག །དེ་ལ་འཁོར་བའི་བུང་བ་སྟག་གཟིག་དང་གཉིས། །དུས་ཚོད་གནས་སྐབས་ཀྱི་འབྲེལ་བ་ཡད་ཡུད་དུ་གདའ། །མེ་ཏོག་ཁྱེད་སྐུ་ཁམས་ཅི་བདེར་བཞུགས། །བུང་བ་ངེད་གདྒཱའི་མེ་ཏོག་བསྐོར། །ཤོ་མས་ཀྱང་ཀུ་རེ་ཞུས་པ་ལགས། །མེ་ཏོག་ཁྱེད་སད་ཀྱིས་མ་ཁྱེར་བ་བྱོས། །བུང་བ་ངེད་རྫི་ཡིས་མ་བསྐྱོད་པ་བྱས་ནས། །ཞལ་ཡང་ཡང་དུ་མཇལ་བའི་སྨོན་ལམ་འདེབས། །བཀྲ་ཤིས་ཆོས་མཐུན་དུ་མཇལ་བའི་སྨོན་ལམ་འདེབས། །ཡུལ་གཉའ་ནང་གི་ཉ་མ་དད་འདུས་དང་གཅིག །དེ་ལ་འཁོར་བའི་རྣལ་འབྱོར་མི་ལ་དང་གཉིས། །དུས་ཚོད་གནས་སྐབས་ཀྱི་འབྲེལ་བ་ཡད་ཡུད་དུ་གདའ། །ཉ་མ་ཁྱེད་སྐུ་ཁམས་ཅི་བདེར་བཞུགས། །རྣལ་འབྱོར་ང་གཉན་སའི་རི་ལ་འགྲོ། །ཤོ་མས་ཀྱང་ཀུ་རེ་ཞུས་པ་ལགས། །ཁྱེད་ཉ་མ་ཚོ་འདས་གྲོངས་མེད་པ་བྱོས། །རྣལ་འབྱོར་ང་ཉམས་རྟོགས་འཕེལ་བར་བྱས་ཏེ། །ཞལ་ཡང་ཡང་དུ་མཇལ་བའི་སྨོན་ལམ་འདེབས། །བཀྲ་ཤིས་ཆོས་མཐུན་དུ་མཇལ་བའི་སྨོན་ལམ་འདེབས། །ཞེས་གསུངས་པས་ཉ་མ་རྣམས་ཀྱི་ནང་ནས་རྗེ་བཙུན་གྱི་ཕྱི་བཞིན་འབྲང་བ་ཡང་འགའ་བྱུང་ཞིང་གཞན་རྣམས་ཀྱང་དད་པ་དཔག་ཏུ་མེད་པ་སྐྱེས་ནས་སོང་ངོ་། །དེ་ནས་རས་ཆུང་པས་དབུས་སུ་ཕེབས། བྱ་ཡུལ་བཀའ་གདམས་ཀྱི་གྲྭ་སར་བྱོན་ནས་མཁན་པོ་སྨིན་གྲོལ་ལ་བཀོད་པ་དང་། ལྷ་ལྕམ་དང་མཇལ་བ་རྗེ་བཙུན་གྱི་ཐུགས་རྗེས་ཁྲེལ་ཏེ། སླར་ཡང་བླ་མའི་དྲུང་དུ་ཕེབས་པའི་བར་གྱི་ལོ་རྒྱུས་རྣམས་རས་ཆུང་པ་རང་གི་རྣམ་ཐར་ན་གསལ་ལོ། །རས་ཆུང་དབུས་བཞུད་ཀྱི་སྐོར་རོ།། །།


༈ ན་མོ་གུ་རུ། རྗེ་བཙུན་མི་ལ་རས་པ་དེ་ཉིད་གཉའ་ནང་གྲོད་ཕུག་ན་བཞུགས་དུས། ནམ་ཞིག་ཐོ་རངས་ཀྱི་ཚེ། མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་དེ་མངོན་སུམ་དུ་བྱོན་ནས་མི་ལ་རས་པ་ཐོང་ལ་ལ་རྒྱ་གར་གྱི་དམ་པ་སངས་རྒྱས་འབྱོན་ཞིང་འདུག་སྟེ་ཁྱོད་མཇལ་དུ་མི་འགྲོའམ་ཟེར་བྱུང་བ་ལ། རྗེ་བཙུན་གྱི་ཐུགས་དགོངས་ལ་མ་བདེ་བའི་སྒྲོ་འདོགས་གཅོད་དགོས་མི་འདུག་སྟེ། ཁོང་གྲུབ་ཐོབ་ཡིན་པས་མཇལ་བ་ལ་སྐྱོན་མེད་སྙམ་རླུང་ཐུན་གཅིག་བཟུང་སྟེ་གཉའ་ནང་ཐོང་ལ་ལ་བྱོན་པས། ལའི་ནང་ནས་མར་ཚོང་པ་འགའ་དང་ཕྲད་པས། རྒྱ་གར་གྱི་དམ་པ་སངས་རྒྱས་འབྱོན་ཞིང་འདུག་གམ་གསུངས་པས། དམ་པ་སངས་རྒྱས་ནི་ངོ་མི་ཤེས། ཨ་ཙ་ར་རྒན་པོ་གཅིག་སྔོ་ཁྱོག་གེ་མདང་མགྲོན་ཁང་ན་ཉལ་འདུག་ཟེར། འདི་རྣམས་ཀྱིས་ངོ་མ་ཤེས་པར་འདུག་དགོངས་ལ་ཁར་ཕེབས་ནས་གཟིགས་པས། དམ་པ་ཡང་མཁའ་འགྲོ་མ་སེང་གེའི་གདོང་ཅན་གྱིས་རྗེ་བཙུན་དང་མཇལ་བར་བསྐུལ་ཏེ། སྙིང་རྗེའི་མགྲོན་ཁང་དུ་གཟིམས་ནས་འབྱོན་ཞིང་འདུག་པ་གཟིགས་ཏེ། འདི་ལ་ཟག་མེད་ཀྱི་མངོན་ཤེས་ཡོད་ཟེར་བརྟག་དགོས་སྙམ་སྐུ་ལུས་མེ་ཏོག་གི་ཕུང་པོར་སྤྲུལ་ནས་བཞུགས་པས། དམ་པས་སྤྱན་མི་གཟིགས་པར་ཐལ་ལེ་གཤེགས་སོང་བས་མངོན་ཤེས་ཐོགས་མེད་ཡོད་པ་མི་བདེན་པ་འདྲ་དགོངས་པའི་ཚེ། དམ་པ་ཞལ་ཁོར་ལོག་སྟེ་མེ་ཏོག་གི་ཕུང་པོ་ལ་ཞབས་ཐོ་བརྒྱབ་སྟེ། ཁོ་རེ་མི་ལ་རས་པ་ལུས་མེ་ཏོག་ཏུ་སྤྲུལ་ནས་བསྡད་པས་མི་ཆོག་པར་འདུག་ཡར་ལོངས་དང་། ཁྱོད་ཀྱི་མཁའ་འགྲོའི་སྲོག་སྙིང་རྣམས་གླུ་རུ་བླངས། དབྱངས་སུ་གྱེར་བའི་ཆད་པ་ལ་ཤ་ཟའི་མཁའ་འགྲོ་རྣམས་ཀྱིས་ཁྱོད་ཀྱི་བླ་དབུགས་དང་དོན་སྙིང་དམར་ཙ་རེ་བ་ཁྱེར་བྱུང་བ་དང་ང་ཕྲད་པས། མདང་ངེད་རྣམས་ཀྱིས་ཚོགས་འཁོར་བྱས་ཟོས་ཚར་བས། ད་ཁྱོད་ལ་དོ་ནུབ་ཀྱི་ཚེ་ལས་མེད་དོ། །འཆི་བྲོད་ཀྱི་གདེངས་ཅི་ཡོད་དམ་གསུངས་པའི་ཚེ། རྗེ་བཙུན་གྱིས་ཧར་བཞེངས་ཏེ། འཆི་བྲོད་གདེངས་ཚད་དྲུག་གི་མགུར་འདི་གསུངས་སོ། །མཐའ་བྲལ་ཆེན་པོའི་སེང་གེ་དེ། །ཉམ་ང་མེད་པའི་མཆེ་བ་གཙིགས། །ཞུམ་ཁེངས་མེད་པའི་གངས་ལ་ཉལ། །དེ་རྣལ་འབྱོར་པ་ང་ཡི་ལྟ་བའི་གདེངས། །ལྟ་བ་མཁན་ང་འཆི་ན་བྲོད། །ཤི་ནས་ཐར་པའི་ལམ་ལ་འགྲོ། །གཡོ་འགུལ་མེད་པའི་ཤྭ་བ་ལ། །རོ་གཅིག་དུ་མའི་ར་བཅུ་རྒྱས། །བདེ་གསལ་ཆེན་པོའི་སྤང་ལ་ཉལ། །དེ་རྣལ་འབྱོར་པ་ང་ཡི་སྒོམ་པའི་གདེངས། །སྒོམ་པ་མཁན་ང་འཆི་ན་བྲོད། །ཤི་ནས་ཐར་པའི་ལམ་ལ་འགྲོ། །སྡིག་བཅུ་འབྲེལ་མེད་ཀྱི་ཉ་མོ་ལ། །དགེ་བཅུ་འབྲལ་མེད་ཀྱི་གསེར་མིག་འཁྱིལ། ཉམས་རྒྱུན་ཆད་མེད་ཆུ་བོའི་གཞུང་ལ་འཕྱོ། །དེ་རྣལ་འབྱོར་པ་ང་ཡི་སྤྱོད་པའི་གདེངས། །སྤྱོད་པ་མཁན་ང་འཆི་ན་བྲོད། །ཤི་ནས་ཐར་པའི་ལམ་ལ་འགྲོ། །རང་སེམས་དཔང་བཙུགས་ཀྱི་སྟག་མོ་ལ། །གཞན་དོན་ལྷུན་གྲུབ་ཀྱི་རི་མོ་བཀྲ། །ཡངས་དོག་མེད་པའི་ནགས་ལ་འཕྱོ། །དེ་རྣལ་འབྱོར་པ་ང་ཡི་དམ་ཚིག་གདེངས། །དམ་ཚིག་མཁན་ང་འཆི་ན་བྲོད། །ཤི་ནས་ཐར་པའི་ལམ་ལ་འགྲོ། །སྣང་བ་དཀར་དམར་གྱི་ཤོག་བུ་ལ། །རིག་པ་སེམས་ཀྱིས་ཡི་གེ་བྲིས། །གཉིས་སུ་མེད་པར་ལྟ་རྟོག་བྱེད། །དེ་རྣལ་འབྱོར་པ་ང་ཡི་དམ་ཆོས་གདེངས། །དམ་ཆོས་མཁན་ང་འཆི་ན་བྲོད། །ཤི་ནས་ཐར་པའི་ལམ་ལ་འགྲོ། །འགྱུ་བ་དྭངས་སངས་ཀྱི་ཁྱུང་ཆེན་ལ། །ཐབས་ཤེས་གཉིས་ཀྱི་གཤོག་སྒྲོ་རྒྱས། །འདུས་མ་བྱས་ཀྱི་མཁའ་ལ་འཕུར། །དེ་རྣལ་འབྱོར་པ་ང་ཡི་འབྲས་བུའི་གདེངས། །འབྲས་བུ་མཁན་ང་འཆི་ན་བྲོད། །ཤི་ནས་ཐར་པའི་ལམ་ལ་འགྲོ། །ཞེས་གསུངས་པས་དམ་པའི་ཞལ་ནས། ཁྱོད་ཀྱི་དེ་འདྲ་ལ་རྒྱུ་མཚན་ཅི་ཡང་མི་འདུག །ཕྱིའི་དངོས་པོ་དཔེར་བཀོད་པས་མི་འོང་། ཁྱོད་རྣལ་འབྱོར་པ་གཤའ་མ་ཞིག་ཡིན་ན་ད་ལྟའི་རིག་པ་འདི་ལ་ཐག་ཆོད་ཅིག་དགོས་པ་ཡིན་གསུངས་པ་ལ། རྗེ་བཙུན་གྱིས་བློ་བདེ་ཐག་ཆོད་དྲུག་གི་མགུར་འདི་གསུངས་སོ། །མཁའ་འགྲོ་ཤུགས་ཀྱིས་འདུ་བའི་དབེན་གནས་སུ། །གང་བདེ་གཅིག་པུར་ཆོས་ལ་བསམ་མནོ་བཏང་། །དཔའ་བོ་བདག་རྩད་ཆོད་ལ་ཕྱག་འཚལ་ལོ། །སེམས་སྐྱེ་མེད་ཀྱི་ངང་ལ་འཆི་མེད་འཕྱོ། །སྐྱེ་འཆིའི་མཚན་མ་རང་སར་གྲོལ། །ལྟ་བའི་ཐག་ཆོད་བློ་རེ་བདེ། །བདེ་བདེ་འདྲ་ན་དམ་པ་རང་ཡང་མཛོད། །སྒོམ་སྒོམ་མེད་ཀྱི་ངང་ནས་ཡེངས་མེད་འཕྱོ། །མཉམ་རྗེས་ཀྱི་མཚན་མ་རང་སར་གྲོལ། །སྒོམ་པའི་ཐག་ཆོད་བློ་རེ་བདེ། །བདེ་བདེ་འདྲ་ན་དམ་པ་རང་ཡང་མཛོད། །སྤྱོད་པ་ཤུགས་འབྱུང་གི་ངང་ནས་འགག་མེད་འཕྱོ། །ཚུལ་འཆོས་ཀྱི་མཚན་མ་རང་སར་གྲོལ། །སྤྱོད་པའི་ཐག་ཆོད་བློ་རེ་བདེ། །བདེ་བདེ་འདྲ་ན་དམ་པ་རང་ཡང་མཛོད། །དབང་བསྐུར་མེད་ཀྱི་ངང་ནས་ཐོབ་མེད་འཕྱོ། །ལྷ་སྐུའི་མཚན་མ་རང་སར་གྲོལ། །དབང་བསྐུར་གྱི་ཐག་ཆོད་བློ་རེ་བདེ། །བདེ་བདེ་འདྲ་ན་དམ་པ་རང་ཡང་མཛོད། །དམ་ཚིག་བསྲུང་མེད་ཀྱི་ངང་ནས་ཉམས་མེད་འཕྱོ། །བསྲུང་སྡོམ་གྱི་མཚན་མ་རང་སར་གྲོལ། །དམ་ཚིག་གི་ཐག་ཆོད་བློ་རེ་བདེ། །བདེ་བདེ་འདྲ་ན་དམ་པ་རང་ཡང་མཛོད། །འབྲས་བུ་རེ་མེད་ཀྱི་ངང་ནས་དོགས་མེད་འཕྱོ། །རེ་དོགས་ཀྱི་མཚན་མ་རང་སར་གྲོལ། །འབྲས་བུའི་ཐག་ཆོད་བློ་རེ་བདེ། །བདེ་བདེ་འདྲ་ན་དམ་པ་རང་ཡང་མཛོད། །ཅེས་གསུངས་པས་དམ་པའི་ཞལ་ནས་ངས་དེ་རྣམས་མངོན་དུ་བྱས་ཚར། བོད་ཀྱི་ཆོས་པ་ལ་བཅོས་མི་དགོས་པ་ཁྱོད་བྱུང་། རྒྱ་གར་ན་ཡང་ཁྱོད་འདྲ་བ་རེ་རེ་ཙམ་ལས་མེད། ད་ང་ལ་ཡང་ཁྱོད་མི་དགོས་ཁྱོད་ལ་ཡང་ང་མི་དགོས་པར་འདུག་གསུང་མཉེས་ནས་ལོག་འབྱོན་གྲབས་མཛད་ཅིང་འདུག་པ་ལ། རྗེ་བཙུན་གྱིས་དམ་པའི་ན་བཟའ་ནས་འཇུས་ཏེ། དམ་པ་ཁྱོད་ལ་དམ་ཆོས་སྡུག་བསྔལ་ཞི་བྱེད་ཅེས་བྱ་བ་ཁ་ནང་དུ་ལོག་ནས་བསྒོམས་པས། སངས་རྒྱས་ཀྱི་དགོངས་པ་ཅིག་ཅར་དུ་རྟོགས་པ་ཡོད་ཟེར་བ་དེ་མགུར་དུ་གསུང་བར་ཞུ་ཞུས་པས། དམ་པའི་ཞལ་ནས་སྔར་ང་གླུ་ལེན་པ་ནམ་ཐོས། ད་དུང་ཡང་མི་ཐོས་ང་ཐོང་གསུང་བ་ལ། རྗེ་བཙུན་གྱིས་ནན་གྱིས་ཞུས་པས། དམ་པས་མགུར་འདི་གསུངས་སོ། །དམ་ཆོས་སྡུག་བསྔལ་ཞི་བྱེད་འདི། །གདོན་གནོད་སྦྱིན་ཕོ་མོ་འདུལ་ཙ་ན། །བརཏལ་ཞུགས་འཁྲུལ་འཁོར་འཆའ་བ་ཡིན། །ལུས་ལ་ན་ཚ་བྱུང་ཙ་ན། །དབྱིངས་རིག་གཅིག་ཏུ་བསྲེ་བ་ཡིན། །རྣམ་རྟོག་ཕྲ་མོ་སྐྱེས་ཙ་ན། །ཉོན་མོངས་ལ་འབུར་འཇོམས་བཏང་བ་ཡིན། །གཅིག་པུར་ལྐོག་ཏུ་ཉལ་ཙ་ན། །རིག་པ་རྗེན་པར་འཇོག་པ་ཡིན། །མང་པོའི་གསེབ་ཏུ་སྡོད་ཙ་ན། །གང་ཤར་ངོ་ལ་ལྟ་བ་ཡིན། །བྱིང་ན་ཕཊ་ཀྱི་གསེང་བ་ཡིན། །འཕྲོ་ན་རྩ་བ་གཅོད་པ་ཡིན། །རྒོད་ན་དབྱིངས་སུ་འཇོག་པ་ཡིན། །ཤེས་པ་ཡུལ་ཕྱིར་འབྲང་ཙ་ན། །དེ་ཉིད་དོན་ལ་ལྟ་བ་ཡིན། །དམ་ཆོས་སྡུག་བསྔལ་ཞི་བྱེད་འདི། །ལྟས་ངན་བྱུང་ན་གཡང་དུ་བླན། །རྣམ་རྟོག་ཇི་ལྟར་དགྱེས་དགྱེས་མཛོད། །ན་ཚ་བྱུང་ན་བོགས་སུ་འདོན། །འབྱུང་བ་ཇི་ལྟར་དགྱེས་དགྱེས་མཛོད། །འཆི་བ་བྱུང་ན་ལམ་དུ་སློང་། །འཆི་བདག་ཇི་ལྟར་དགྱེས་དགྱེས་མཛོད། །དམ་ཆོས་སྡུག་བསྔལ་ཞི་བྱེད་འདི། །དུས་གསུམ་རྒྱལ་བའི་དགོངས་པ་ལགས། །རྡོ་རྗེ་འཆང་གི་གསང་ཚིག་ཡིན། །མཁའ་འགྲོ་སྡེ་བཞིའི་སྲོག་སྙིང་ཡིན། །རྒྱུད་སྡེ་བཞིའི་གདམས་ངག་ཡིན། །སྙན་བརྒྱུད་གནད་ཀྱི་མན་ངག་ཡིན། །མན་ངག་ཐབས་ཀྱི་ལྡེ་མིག་ཡིན། །དམ་ཆོས་སྡུག་བསྔལ་ཞི་བྱེད་ལགས། །ཞེས་གསུངས་པས་རྗེ་བཙུན་མཉེས་ཤིང་ཆ་ལུགས་ལྷུག་པར་བཞུགས་པ་ལ། དམ་པའི་ཞལ་ནས་ལུས་ལ་སྦ་རྒྱུ་ཞིག་འདུག་པ་མི་སྦེད་པར་སྨྱོན་པའི་སྤྱོད་པ་འདྲ་བ་དེ་མ་བྱེད་གསུངས་པ་ལ། རྗེ་བཙུན་གྱིས་སྨྱོ་ལུགས་འདི་མགུར་དུ་གསུངས་སོ། །རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །བཀའ་དྲིན་ཅན་ལ་སྐྱབས་སུ་མཆི། །མི་མཐུན་རྐྱེན་དང་བར་ཆད་སོལ། །མཐུན་པའི་ལམ་སྣ་ཆོས་ལ་དྲོངས། །རྣལ་འབྱོར་མི་ལ་རས་པ་ལ། །གཞན་ཡང་སྨྱོའམ་སྨྱོའམ་ཟེར། །རང་ཡང་སྨྱོའམ་སྙམ་པ་བྱུང་། །སྨྱོ་བའི་སྨྱོ་ལུགས་བཤད་ཙ་ན། །ཕ་སྨྱོ་བུ་སྨྱོ་བརྒྱུད་པ་སྨྱོ། །བརྒྱུད་པ་རྡོ་རྗེ་འཆང་ཆེན་སྨྱོ། །ཡང་མེས་ཏཻ་ལོ་ཤེར་བཟང་སྨྱོ། །མེས་པོ་ནཱ་རོ་པཎ་ཆེན་སྨྱོ། །ཕ་རྒན་མར་པ་ལོ་ཙྪ་སྨྱོ། །ང་རང་མི་ལ་རས་པ་སྨྱོ། །བརྒྱུད་པ་རྡོ་རྗེ་འཆང་ཆེན་དེ། །སྐུ་བཞི་ལྷུན་གྲུབ་གདོན་གྱིས་སྨྱོ། །ཡང་མེས་ཏཻ་ལོ་ཤེར་བཟང་དེ། །ཕྱག་རྒྱ་ཆེན་པོའི་གདོན་གྱིས་སྨྱོ། །མེས་པོ་ནཱ་རོ་པཎ་ཆེན་དེ། །རིག་པ་བརཏལ་ཞུགས་གདོན་གྱིས་སྨྱོ། །ཕ་རྒན་མར་པ་ལོ་ཙྪ་དེ། །རྒྱུད་སྡེ་བཞི་ཡི་གདོན་གྱིས་སྨྱོ། །ང་རང་མི་ལ་རས་པ་འདི། །རླུང་སེམས་གཉིས་ཀྱི་གདོན་གྱིས་སྨྱོ། །ཕྱོགས་རིས་མེད་པའི་ལྟ་བ་སྨྱོ། །དམིགས་མེད་རང་གསལ་སྒོམ་པ་སྨྱོ། །འཛིན་མེད་རང་གྲོལ་སྤྱོད་པ་སྨྱོ། །རེ་དོགས་མེད་པའི་འབྲས་བུ་སྨྱོ། །ཟོལ་ཟོག་མེད་པའི་དམ་ཚིག་སྨྱོ། །སྨྱོ་བས་མི་ཚད་འདྲེ་ཡང་གནོད། །ཕོ་གདོན་དུ་བླ་མའི་གདམས་ངག་གནོད། །མོ་གདོན་དུ་མཁའ་འགྲོའི་བྱིན་རླབས་གནོད། །བློ་བདེ་བའི་འགོང་པོ་ཕུགས་སུ་ཞུགས། །རྟོགས་རྩལ་གྱི་འདྲེ་མོས་རྒྱུན་དུ་ཉུལ། །འདྲེ་གནོད་ཀྱིས་མི་ཚད་ན་ཡང་ན། །ཕྱག་རྒྱ་ཆེན་པོས་རྒྱབ་ནས་གཟེར། །རྫོགས་པ་ཆེན་པོས་མདུན་ནས་གཟེར། །རླུང་བུམ་པ་ཅན་གྱིས་གཅོང་གིས་ཟིན། །སྟེང་ན་ཡེ་ཤེས་ཀྱི་ཚད་པས་གཟིར། །འོག་ན་ཏིང་འཛིན་གྱི་གྲང་བ་ན། །བར་ན་བདེ་སྟོང་གི་ཚ་གྲང་འཐབ། །ཁ་ནས་གདམས་ངག་ཁྲག་ལྟར་སྐྱུག །ཆོས་ཉིད་ཀྱི་བདེ་བས་བྱང་ཁོག་བརྒྱངས། །ན་བས་མི་ཚད་འཆི་ཡང་འཆི། །ལྟ་བའི་ཀློང་དུ་ཕྱོགས་རིས་འཆི། །སྒོམ་པའི་ཀློང་དུ་བྱིང་རྒོད་འཆི། །སྤྱོད་པའི་ཀློང་དུ་ཚུལ་འཆོས་འཆི། །འབྲས་བུའི་ཀློང་དུ་རེ་དོགས་འཆི། །དམ་ཚིག་ཀློང་དུ་ཟོལ་ཟོག་འཆི། །སྐུ་གསུམ་ངང་དུ་རྣལ་འབྱོར་འཆི། །རྣལ་འབྱོར་ཤི་བའི་ནངས་པར་དེ། །སྣམ་བུ་བྱང་རྐྱང་མ་ལགས་པའི། །ཕྱི་སྣང་བ་ཁྲ་མོའི་རོ་དུམ་མཐོང་། །རྩྭ་གྲེས་མའི་ཐག་པ་མ་ལགས་པའི། །ཨ་ཝ་དྷཱུ་ཏཱིའི་ཐག་པས་སྒྲོག །སྣབས་བཤལ་བུ་ཚ་མ་ལགས་པའི། །བུ་རིག་པའི་ཁྱེའུ་ཆུང་ཡར་བཞེངས་ལ། །རྣལ་འབྱོར་ཤི་བའི་རོ་འདི་ཁུར། །ས་ལམ་སྐྱ་མོ་མ་ལགས་པའི། །བྱང་ཆུབ་ཆེན་པོའི་ལམ་ལ་ཁུར། །ས་མཁན་མཁའ་འགྲོ་སྡེ་བཞིས་གྱིས། །རོ་ལམ་བཀའ་བརྒྱུད་བླ་མས་དྲོངས། །གཡའ་རི་སྤང་རི་མ་ལགས་པའི། །དཔལ་ཀུན་ཏུ་བཟང་པོའི་རི་ལ་སྐྱོལ། །དུར་ཁྲོད་ཝ་སྤྱང་མ་ལགས་པའི། །ཐབས་ཤེས་རབ་གཉིས་ཀྱི་ཝ་སྤྱང་རོལ། །རྡོ་རྗེ་འཆང་གི་དུར་དུ་སྦོས། །ཞེས་གསུངས་པས། དམ་པ་ཤིན་ཏུ་མཉེས་ནས་རྣལ་འབྱོར་པ་ཁྱོད་ཀྱིས་སྨྱོ་ལུགས་དེ་ལེགས་བྱུང་གསུངས་པ་ལ། རྗེ་བཙུན་གྱི་ཞལ་ནས་འོ་སྐོལ་རྣལ་འབྱོར་པ་ཚོགས་པ་ལ་ཚོགས་ཀྱི་འཁོར་ལོ་ཞིག་བཤམས་པ་དྲག་གམ་གསུངས་པས། དམ་པའི་ཞལ་ནས་འོ་ན་ཁྱོད་བོད་གཞིས་པར་འདུག་པས་ང་རྒྱ་གར་བ་ལ་ཚོགས་འཁོར་ཤོམས་ཤིག་གསུང་བ་ལ། རྗེ་བཙུན་གྱི་དབུ་ཐོད་ཀླད་པ་དང་བཅས་པ་ལིང་ཕོག་སྟེ་པུས་མོ་གཉིས་དང་མཇིང་པའི་སྒྱེད་བུའི་ཁར་བཀལ་བ་ལ། ལྟེ་བ་ནས་གཏུམ་མོའི་མེ་སྦར་བས་ཀླད་པ་འོད་ཟེར་ཁ་དོག་ལྔ་ལྡན་དུ་བསྐོལ་བས། དམ་པས་འཇག་མ་བདུན་གྱིས་སྟེང་དུ་སྐུ་བདུན་བསྒྲིགས་བྱུང་བ་ལ། རྗེ་བཙུན་གྱིས་ཀྱང་བདེ་མཆོག་གི་སྒོ་མཚམས་མ་བརྒྱད་གསོལ་གྱི་བྱ་བ་ལ་སྤྲུལ་ཏེ་བཀོད་ནས་འཇག་མ་བདུན་གྱི་སྟེང་དུ་སྐུ་བདུན་བཀོད་ནས་ཚོགས་ཀྱི་འཁོར་ལོ་ཚིམ་པ་དྲུག་ལྡན་དུ་མཛད་པའི་ཚེ། རྗེ་བཙུན་གྱི་འཇག་མ་རྣམས་ཅུང་ཟད་མགོ་གུག་འདུག་པ་ལ། རྗེ་བཙུན་གྱིས་དམ་པ་ལ་འོ་ཅག་གཉིས་རླུང་བུམ་པ་ཅན་ལ་ནི་ཁྱད་མེད་བདག་གི་འཇག་མ་མགོ་གུག་པ་ཅི་ལགས་གསུངས་པས། དམ་པའི་ཞལ་ནས་འོ་ཅག་གི་སྤངས་རྟོགས་ཀྱི་ཡོན་ཏན་ལ་ཁྱད་མི་འདུག་སྟེ། ཁྱོད་བོད་དུ་སྐྱེས་པའི་ཁྱད་དུ་འདུག །འོ་སྐོལ་གཉིས་ལྟ་སྤྱོད་གཅིག་པར་འདུག་པས་མ་འོངས་པའི་སློབ་བརྒྱུད་རྣམས་ཀྱང་ལྟ་སྤྱོད་གཅིག་པར་འོང་བར་འདུག་གསུང་ངོ་། །དེ་ནས་རྫུ་འཕྲུལ་གྱིས་རང་རང་གི་གནས་སུ་གཤེགས་སོ། །ཐོང་ལའི་སྐོར་རོ།། །།


༈ ན་མོ་གུ་རུ། རྗེ་བཙུན་མི་ལ་རས་པ་དེ་ཉིད་གཉའ་ནང་གྲོད་ཕུག་ན་བཞུགས་དུས། ལ་ཞིང་ཞེས་བྱ་བ་ན་བོན་པོའི་སྡེ་ཆེན་པོ་ཞིག་ཡོད་པ་དེའི་ནང་ནས་བོན་པོ་ཕྱུག་པོ་ཆོས་ལ་དད་པ་ཞིག་ཡོད་པ་དེས་བོན་པོ་གཞན་གྱིས་མ་ཚོར་བ་རྗེ་བཙུན་ལ་བསྙེན་བཀུར་བྱས་དབང་དང་གདམས་ངག་ཞུས་ནས་བསྒོམས་པ་ཞིག་ཡོད་པ་དེ། འཆི་ནད་ཀྱིས་ཐེབས་པའི་ཚེ། ཁོ་རང་གི་ཉེ་འབྲེལ་ཀུན་བསགས་ནས་ཁ་ཆེམ་ལ་ངའི་ནོར་སྐལ་གང་ཡོད་རྗེ་བཙུན་དཔོན་གཡོག་ལ་ཕུལ་ལ་གནས་འདྲེན་ཞུས། ཁྱེད་རང་རྣམས་ཀྱང་ཚེ་འདིའི་བོན་པོ་བས་ཕྱི་མ་ཕན་པའི་ཆོས་གྱིས་ཤིག་ཟེར་བ་ལ། ཁོང་རྣམས་ཉན་རིགས་སུ་མི་འདུག་པ་དང་། རྗེ་བཙུན་ཡབ་སྲས་སྤྱན་མ་དྲངས་ཀྱི་དོགས་ནས། བུ་མོ་གཅིག་ཡོད་པ་དེ་ལ་ང་ལ་གྲི་ཞིག་ཐོངས་དང་བྱས་པས་ཅི་བྱེད་པ་ཟེར། ངས་ལབས་པའི་ཁ་ལ་མི་ཉན་རྟིང་ང་ལྕེབས་ནས་འཆི་བ་ཡིན། ཁྱེད་རྣམས་ལའང་གཏམ་ངན་ཞིག་འོང་ལས་ཆེ་བྱས་པས། ཁོང་རྣམས་ན་རེ། འོ་ན་ཁྱོད་རང་ཟེར་བ་བཞིན་བྱའོ་ཟེར་བས། འོ་ན་འོ་ཅག་བོན་པོ་རྣམས་ལ་ཕྱི་མའི་གནས་འདྲེན་གྱི་ཐ་སྙད་ཀྱིས་མ་གོས་འདུག་པས། རྗེ་བཙུན་གདན་དྲོངས་ཤིག་ཟེར་ཤི་བར་གྱུར་ཏོ། །དེ་ནས་བོན་པོའི་ཁ་ཆེམ་བཞིན་རྗེ་བཙུན་དཔོན་སློབ་འགའ་སྤྱན་དྲངས་ཏེ་སྟེང་ཁང་ཞིག་ཏུ་བཞུགས། བོན་པོ་རྣམས་ཀྱིས་འོག་ཏུ་ཆོ་ག་བྱས་པས་དཀྱིལ་འཁོར་གྱི་རྩ་བ་ན་སྔར་ཤི་བའི་བོན་པོ་དེ་སྔོ་ཐུལ་ཞོལ་ལེ་ཆང་འཐུང་ཞིང་འདུག་པ་པེ་ཏས་མཐོང་བ་དང་། པེ་ཏ་ལ་བོན་པོ་རྣམས་ན་རེ། མི་ལ་རས་པ་དག་ངེད་ཚོ་ལ་འཐབ་སྟེ། ངེད་ཀྱི་ཆོས་གཤིན་པོ་མངོན་སུམ་དུ་ཁུགས་པ་འདི་འདྲ་ཁོ་ལ་མེད་ཟེར་མཚར་མཚར་དུ་བྱེད་ཅིང་འདུག་པ་པེ་ཏས་རྗེ་བཙུན་ལ་ཞུས་པས། དེ་གཤིན་པོ་མིན་ཏེ། གཞན་རྣམས་ཡིད་ཆེས་པའི་ཁྱད་ཡོད་པས་ཞི་བ་འོད་སོང་ལ་ཁོའི་སྲིན་ལག་ནས་ཟུངས་ལ། ཁྱོད་ལ་རྗེ་བཙུན་མི་ལས་གཉའ་ནང་གྲོད་ཕུག་ཏུ་དབང་བསྐུར་དུས་ཀྱི་གསང་མཚན་དེ་ཅི་ཡིན་གྱིས་ཤོག་ཅིག་གསུང་བ་ལྟར། ཞི་བ་འོད་ཀྱིས་ཕྱིན་པས། ཁོས་རྗེ་བཙུན་གྱི་ཐུགས་རྗེའི་ཟིལ་མ་བཟོད་པར་ཞི་བ་འོད་ཆས་པ་ཙམ་ལ་ང་འགྲོ་ང་བོན་པོའི་བླ་ཁྱེར་མཁན་སྣང་ཡུལ་གྱི་བདུད་ང་ར་མི་ཟན་བྱ་བ་ཡིན་བོན་པོའི་ཆོས་ལ་གཏད་སོ་མི་འདུག་པས་རྔན་ཆན་བྱས་འོངས་པ་ཡིན་ཟེར། སྲང་བར་ན་མར་སྔོ་ཐུལ་ཞོལ་ལེ་སོང་བ་དེད་པས་རི་ལོགས་ལ་སྤྱང་ཀིར་བྱས་སོང་སྐད། དེ་གཤིན་པོ་མིན་པར་ཀུན་གྱིས་ཡིད་ཆེས་པ་དང་། རྗེ་བཙུན་གྱིས་བོན་པོ་རྣམས་ལ་ཁྱེད་ཚོས་གཤེད་མ་ལ་ལམ་སྟོན་པར་འདུག་སྟེ། ང་གཤིན་པོ་ལ་ལམ་སྟོན་པ་ཡིན་གསུངས་པས་བོན་པོའི་ཉེ་བ་རྣམས་ན་རེ། རྗེ་བཙུན་གྱི་གཤིན་པོ་གཟིགས་ལགས་སམ། མ་གཟིགས་ན་ལམ་ཇི་ལྟར་སྟོན་ཞུས་པས། ངས་མཐོང་ཁོ་སྔོན་གྱི་ལས་དབང་ཅུང་ཟད་ཅིག་གིས་དགེ་རྩ་འདི་མ་གྲུབ་པར་ལུང་པའི་ཕུ་ཡ་གི་ན་ལྕི་བ་སེར་སྐམ་མ་ཞིག་གི་འོག་ན་འབུ་ཕྲ་ལ་རིང་བ་ཞིག་ཏུ་སྐྱེས་འདུག་སྟེ། ངས་ད་ལྟ་རང་ཐར་པའི་གནས་སུ་སྐྱེལ་བ་ཡིན་གསུངས་པས། འོ་ན་བདག་ཅག་རྣམས་ལ་ཡིད་ཆེས་པའི་སླད་དུ་འབུ་དེ་ཐར་པར་སྐྱེ་ལུགས་སྟོན་པར་ཞུ་དང་ཞུ་བ་ལ། རྗེ་བཙུན་གྱིས་འོ་ན་འདོང་ཞིག་གསུང་། དེར་འདུས་པའི་མི་རྣམས་དང་བཅས་ལྕི་བ་སེར་སྐམ་པའི་འགྲམ་དུ་བྱོན་ནས་དང་པོའི་གསང་མཚན་ནས་བོས་ཏེ། ང་ཁྱོད་རང་གི་བླ་མ་མི་ལ་རས་པ་ཡིན་པས་འདིར་ཤོག་ཅིག་གསུངས་པ་དང་། ལྕི་བའི་འོག་ནས་འབུ་དེ་བྱུང་ནས་རྗེ་བཙུན་གྱི་སྐུ་འཕང་དུ་ཆིལ་ཉལ་སོང་བ་ལ། ཆོས་བཤད་འཕོ་བ་དང་གནས་སྤོར་མཛད་པས་འབུ་དེ་ཤི་བའི་ལུས་ལས་འོད་ཕྲ་ལ་འཚེར་བ་ཞིག་རྗེ་བཙུན་གྱི་ཐུགས་ཀར་ཐིམ་སོང་བས། རྗེ་བཙུན་རེ་ཞིག་དགོངས་པ་ལ་བཞུགས་པའི་མཐར་གཤིན་པོའི་རྣམ་ཤེས་ཨ་དཀར་པོ་འོད་འཚེར་བ་ཞིག་རྗེ་བཙུན་གྱི་ཐུགས་ཀ་ནས་རྒྱངས་ཐོན་ནས་ནམ་མཁའ་ལ་ཇེ་མཐོ་ཇེ་མཐོར་འགྲོ་ཞིང་། རྗེ་བཙུན་རིན་པོ་ཆེ་བདག་ཐར་པའི་བདེ་བ་ལ་བཀོད་པ་བཀའ་དྲིན་ཆེ་ཞེས་བརྗོད་ཅིང་སོང་བ་ཀུན་གྱིས་མཐོང་བས་ཡིད་ཆེས་ཏེ། ཕྱག་འཚལ་ཞིང་ངོ་མཚར་ཆེ་ཞུས་པས། ངོ་མཚར་དེ་བས་ཆེ་བ་མང་པོ་ཡོད་གསུངས་ནས་མགུར་འདི་གསུངས་སོ། །ངོ་མཚར་བླ་མའི་བྱིན་རླབས་ཞུགས། །ངོ་མཚར་མར་པའི་ཞབས་ལ་གསོལ་བ་འདེབས། །བཀའ་དྲིན་མོས་གུས་ཀྱིས་འཁོར་བར་ཐུགས་རྗེས་ཟུངས། །ང་དང་པོ་རྗེ་དང་མཇལ་བ་དེ། །ངོ་མཚར་ཡོངས་ཀྱི་ཆེ་ཤོས་ཡིན། །གདམས་ངག་སྙན་བརྒྱུད་ཐོབ་པ་དེ། །ངོ་མཚར་ཡོངས་ཀྱི་ཆེ་ཤོས་ཡིན། །འཇིག་རྟེན་བྱ་བ་བཏང་བ་དེ། །ངོ་མཚར་ཡོངས་ཀྱི་ཆེ་ཤོས་ཡིན། །རི་ཁྲོད་དགོན་པར་ཟུག་པ་དེ། །ངོ་མཚར་ཡོངས་ཀྱི་ཆེ་ཤོས་ཡིན། །ནང་ནས་ཉམས་རྟོགས་སྐྱེས་པ་དེ། །ངོ་མཚར་ཡོངས་ཀྱི་ཆེ་ཤོས་ཡིན། །གཅིག་པུར་སྡུག་སྲན་བསྐྱེད་པ་དེ། །ངོ་མཚར་ཡོངས་ཀྱི་ཆེ་ཤོས་ཡིན། །ཆོས་བརྒྱད་འདུན་པ་མེད་པ་དེ། །ངོ་མཚར་ཡོངས་ཀྱི་ཆེ་ཤོས་ཡིན། །བླ་མ་མཉེས་པ་འགྲུབ་པ་དེ། །ངོ་མཚར་ཡོངས་ཀྱི་ཆེ་ཤོས་ཡིན། །བོན་པོའི་ཁ་ཆེམས་འཇོག་ལུགས་དེ། །ངོ་མཚར་ཡོངས་ཀྱི་ཆེ་ཤོས་ཡིན། །ཉེ་བ་ཁ་ལ་ཉན་པ་དེ། །ངོ་མཚར་ཡོངས་ཀྱི་ཆེ་ཤོས་ཡིན། །གཤིན་པོ་ཐར་པར་སོང་བ་དེ། །ངོ་མཚར་ཡོངས་ཀྱི་ཆེ་ཤོས་ཡིན། །འདིར་ཚོགས་དད་པ་སྐྱེས་པ་དེ། །ངོ་མཚར་ཡོངས་ཀྱི་ཆེ་ཤོས་ཡིན། །ཞེས་གསུངས་པས་བོན་པོའི་ཉེ་བ་རྣམས་ན་རེ། ཁོ་རང་གིས་དད་ས་མ་ནོར་འདུག །འཆི་ཀར་སངས་རྒྱས་ཐོབ་པ་དེ་ཀ་དགོས་པ་ཡིན་ཟེར། རས་པ་ཞི་བ་འོད་ན་རེ། དེ་རིང་གི་ལམ་སྣ་འདྲེན་མཁན་འདི་འདྲ་ཀུན་ལ་དགོས་པ་ཡིན་ཏེ། འོང་བ་དང་མོས་པ་དཀའ་བར་འདུག་ཟེར་བས། རྗེ་བཙུན་གྱི་ཞལ་ནས་ཁྱེད་བུ་སློབ་རྣམས་གཞན་གྱི་ལམ་སྣ་བྱེད་པ་ལ་འདི་ཚོ་དགོས་པ་ཡིན་གསུངས་ནས་མགུར་འདི་བཞེས་སོ། །རྗེ་བཀའ་བརྒྱུད་ཀྱི་བྱིན་རླབས་རྒྱབ་དཔུང་བཟང་། །རིགས་བརྒྱུད་མཁའ་འགྲོའི་དངོས་གྲུབ་ཐོབ། །ཆོས་བརྒྱུད་མ་ནོར་བུ་སློབ་རྣམས། །ལས་ངན་རྣམ་སྨིན་སྦྱང་བ་ལ། །རང་རྒྱུད་ལ་སྡོམ་པ་ཡོད་པ་དགོས། །ཡོན་བདག་གི་བླ་མཆོད་བྱེད་པ་ལ། །སྙིང་རྗེ་བྱང་སེམས་སྐྱེས་པ་དགོས། །མང་པོའི་ཚོགས་དཔོན་བྱེད་པ་ལ། །ཡོན་ཏན་རྟོགས་པ་ལྡན་པ་དགོས། །གྲུབ་ཐོབ་ཀྱི་བླ་མ་མཉེས་པ་ལ། །དག་སྣང་དང་སྙིང་རུས་ཆེ་བ་དགོས། །གཤིན་པོའི་ཟ་མ་ཟ་བ་ལ། །མཐོང་ལམ་གྱི་ཡོན་ཏན་སྐྱེས་པ་དགོས། །ཚེ་འདས་ཀྱི་རྣམ་ཤེས་འདྲེན་པ་ལ། །མངོན་ཤེས་དང་གྲུབ་རྟགས་ཐོན་པ་དགོས། །དད་ལོག་སྣང་བ་བསྒྱུར་བ་ལ། །རྫུ་འཕྲུལ་གྱི་སྤྲུལ་པ་ནུས་པ་དགོས། །དེ་རིང་བདུན་ཚིགས་ཀྱི་དཀྱིལ་འཁོར་ལ། །མངོན་སུམ་ལམ་སྣ་ཟིན་པ་དགོས། །བོན་པོའི་བུ་སློབ་ཡོན་བདག་རྣམས། །སེམས་ལ་ཐེ་ཚོམ་མ་བྱེད་ཅིག །ཅེས་གསུངས་པས། ལྕམ་མོ་པེ་ཏ་ན་རེ། ཨ་ཇོས་མི་གཞན་ལ་འདི་འདྲའི་བདུན་ཚིགས་མཛད་ཅིང་འདུག་སྟེ། རང་རེའི་ཕ་མ་གཉིས་ལ་འདི་འདྲ་མ་མཛད་ཟེར་ངུས་པས། རྗེ་བཙུན་གྱིས་ལྕམ་མོའི་ཕྱག་ནས་བཟུང་སྟེ། པེ་ཏ་དེ་ཙམ་ངུ་མི་དགོས། ངས་ཕ་མ་གཉིས་ལའང་དྲིན་ལན་བསབ་ཕྱིར་འདི་བཞིན་བྱས་གསུངས་ནས་མགུར་འདི་བཞེས་སོ། །རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །ཕ་མའི་དྲིན་ལན་འཁོར་བར་ཐུགས་རྗེས་ཟུངས། །ངས་ཨ་མ་ལུས་ཀྱི་སྒྲོམ་བུ་དང་། །ཕ་མེས་དྲིན་གྱི་རྒྱལ་པོ་ཡིས། །སྒྱུ་མའི་ལུས་པོ་དོར་དུས་སུ། །རྣམ་ཤེས་རང་གི་སེམས་ལ་བསྲེས། །སེམས་ཉིད་རྒྱལ་བའི་ཐུགས་ལ་བསྟིམས། །ཐུགས་རྗེས་འཇའ་འོད་ཞིང་ཁམས་ཤར། །ལུས་སྣང་སྟོང་ལྷ་ཡི་སྐུ་ལ་བསྟིམས། །ལྷ་རང་བྱུང་དུ་གྲུབ་པ་ངོ་མཚར་ཆེ། །ངག་གྲག་སྟོང་བརྗོད་མེད་སྔགས་སུ་འདྲེས། །སྔགས་དང་རང་སྒྲ་འགྲིག་པ་ངོ་མཚར་ཆེ། །སེམས་བར་དོར་འཁྱམས་པ་ཏིང་འཛིན་གྱིས་བཀུག །གསལ་སྟོང་རིག་པ་རང་ངོ་སྤྲད། །སེམས་རང་ས་ཟིན་པས་འཁྲུལ་པ་མེད། །འཕོ་འགྱུར་མེད་པ་ངོ་མཚར་ཆེ། །མི་བདག་གིས་སྒྲུབ་པ་བྱེད་པའི་རིང་། །བྱམས་དང་སྙིང་རྗེའི་དྲག་སྔགས་དེས། །ཉིན་མེད་མཚན་མེད་སྒྲིབ་པ་སྦྱངས། །རིགས་དྲུག་འཁོར་བའི་སྐྱེ་སྒོ་བཅད། །བདེ་ཞིང་དག་པའི་ཚོགས་ལ་སྒྲིགས། །དགའ་ཞིང་མཉེས་པའི་ལོངས་སྤྱོད་འཕེལ། །བདེ་བ་ཅན་གྱི་ཞིང་ཁམས་སུ། །དཔའ་བོ་དཔའ་མོའི་འཁོར་གྱིས་བསྐོར། །ཁྱོད་ཐེ་ཚོམ་མི་དགོས་པེ་ཏ་ལྕམ། །ཞེས་གསུངས་པས། འོ་ན་ངོ་མཚར་ཆེ། ཆོ་ག་ཇི་ལྟར་མཛད་ཞུ་བའི་ལན་དུ་མགུར་འདི་གསུངས་སོ། །རྗེ་འགྲོ་བའི་མགོན་ལ་གསོལ་བ་འདེབས། །ཕ་མའི་དྲིན་ལན་འཁོར་བར་བྱིན་གྱིས་རློབས། །ངས་བདེ་ཆེན་གཉིས་མེད་དཀྱིལ་འཁོར་དུ། །རང་རིག་གསལ་བའི་ལྷ་ཚོགས་བཀོད། །རྒྱུད་ལུང་དང་མན་ངག་གི་བུམ་པ་རུ། །ཕར་ཕྱིན་དྲུག་གི་ཁྲུས་ཆབ་བླུགས། །སེར་སྣ་དུག་ལྔའི་སྒྲིབ་པ་སྦྱངས། །བཀའ་བརྒྱུད་བླ་མའི་བདུད་རྩི་ཡིས། །ལུས་ངག་སེམས་ལ་དབང་བཞི་བསྐུར། །རྟོགས་པ་ས་ལམ་གྱི་རིམ་པ་རྣམས། །དབྱེར་མེད་བདེ་བ་ཆེན་པོར་བསྟན། །སྐུ་གསུམ་དབྱེར་མེད་ཀྱི་ཚ་ཚ་བཏབ། །ཟག་པ་མེད་པའི་བདུན་ཚིགས་བྱས། །རྗེས་ཤེས་ཟབ་མོའི་དུས་མཆོད་ལ། །གཉེན་པོ་བཟང་པོའི་མཆོད་པ་འབུལ། །ཕྱག་རྒྱ་ཆེན་པོའི་བསྔོ་བ་ལ། །རང་བཞིན་རྣམ་དག་གི་སྨོན་ལམ་བཏབ། །བདག་དང་ཕ་མ་སེམས་ཅན་གྱི། །བསམ་པ་ཐམས་ཅད་གཅིག་ཏུ་བསྒྲུབས། །བླ་མའི་བཀའ་དྲིན་དྲན་དྲན་པས། །ཕ་མའི་དྲིན་ལན་འཁོར་བ་ཡིན། །ཞེས་གསུངས་པས། ངེས་ཤེས་དྲག་པོ་སྐྱེས་འདུག་པ་ལ་ལྕམ་མོ་ཉམས་ལེན་ལ་བསྐུལ་བའི་མགུར་འདི་གསུངས་སོ། །རྗེ་ལྷོ་བྲག་མར་པའི་ཞབས་ལ་འདུད། །གཉེན་ལ་གདུང་སེམས་ཞི་བར་བྱིན་གྱིས་རློབས། །ཆོས་དང་སེམས་རྒྱུད་འདྲེས་པར་ཐུགས་རྗེས་ཟུངས། །གསོན་དང་སྲིང་མོ་པེ་ཏ་ལྕམ། །ཆོས་གཞོན་ནས་སྙིང་རུས་མ་བྱས་པའི། །རྒས་ནས་བྱེད་བསམ་ཅི་ལ་ཕན། །བླ་མ་རྗེ་བཙུན་མ་བསྟེན་པའི། །གྲོགས་བཟང་བླ་མས་ཅི་ལ་ཕན། །གདམས་ངག་སྙན་བརྒྱུད་མ་ཐོབ་པའི། །ཁ་བཤད་སྐམ་པོས་ཅི་ལ་ཕན། །རང་སེམས་རང་ངོ་མ་ཤེས་ན། །མང་པོ་བསླབས་པས་ཅི་ལ་ཕན། །སྐྱེ་མེད་རང་ས་མ་ཟིན་པས། །ཁ་ལྟ་སྐམ་པོས་སྡིག་པ་གསོག །ཉམས་མྱོང་ནང་ནས་མ་ཤར་བའི། །ཚུལ་འཆོས་མཁན་ཞིག་འདོན་པ་མང་། །རྟེན་འབྲེལ་ལྟད་མོ་མ་མཐོང་བའི། །ཐེ་ཚོམ་མཁན་ཞིག་རང་རྩིས་ཆེ། །བྱང་སེམས་སྙིང་རྗེ་མ་སྐྱེས་པའི། །ངོ་ལོག་མཁན་ཞིག་གཙང་སྦྲ་མང་། །སངས་རྒྱས་ཨེ་ཐོབ་མི་བསམ་པའི། །ཆོས་པ་ཟེར་ཡང་ནོར་ལ་གནག །སེམས་ཅན་ཡོངས་ལ་མི་ཕན་པའི། །ཕ་མ་བྱམས་ཀྱང་འཁོར་བའི་རྒྱུ། །ཆོས་དང་མཐུན་པར་མི་སྒྲུབ་ན། །ཉེ་བ་ཡིན་ཀྱང་སྡང་བའི་དགྲ། །གྲོགས་ལ་གནོད་པ་བྱེད་པའི་མི། །མཛེས་མཛེས་འདྲ་ཡང་བདུད་ཀྱི་རིགས། །སྙིང་ནས་སྙུགས་སུ་མི་སྒོམ་ན། །འཕྲལ་སྒོམ་ཆེན་ཟེར་ཡང་སྒོམ་སྡུག་ཡིན། །ཅི་ཕན་ཅི་བཟོད་མི་སྒྲུབ་པའི། །གྲོགས་བཟང་པོ་བྱས་ཀྱང་ཞེ་འགྱོད་མང་། །མ་ཕྱིར་སྡུག་བསྔལ་ཡི་མུག་དེས། །ཁྱོད་སྲིང་མོའི་སྡིག་སྒྲིབ་དག་དག་འདྲ། །ཞེས་གསུངས་ནས་སྒོམ་དུ་བཅུག་པས་ཉམས་རྟོགས་ཁྱད་པར་ཅན་སྐྱེས་པ་ལ་རྗེ་བཙུན་མཉེས་ནས། ལྕམ་མོ་ལ་བྲོད་པ་བསྐྱེད་པའི་མགུར་འདི་གསུངས་སོ། །ཁྱོད་ད་དུང་ཉོན་དང་པེ་ཏ་ལྕམ། །ཆོས་ལས་སྣང་བ་མ་ལོག་ན། །སྡུག་ལ་ཟད་རྒྱུ་ཡོད་པ་ཡིན། །མི་ལ་ངན་པ་མ་བརྗོད་ན། །རང་ལ་ལྷ་བཞིན་མཐོང་བ་ཡིན། །གཞན་ལ་བསམ་པ་མི་ངན་ན། །རང་གི་བསོད་ནམས་འཕེལ་བ་ཡིན། །ཚེ་འདི་ལ་ཞེན་པ་མི་ཆེ་ན། །ཕྱི་མ་བདེ་ཞིང་སྐྱིད་པ་ཡིན། །རང་མཐོང་ང་རྒྱལ་མ་སྐྱེད་དང་། །གཟུགས་བཟང་ཡིད་འོང་ཐོབ་པ་ཡིན། །སེམས་ཉིད་རང་གཤིས་སྐྱོང་ནུས་ན། །སངས་རྒྱས་མྱུར་དུ་ཐོབ་པ་ཡིན། །མཚམས་དང་སྨྲ་བཅད་དམ་པ་ན། །མཁའ་འགྲོའི་བྱིན་རླབས་འཇུག་པ་ཡིན། །སེམས་ལ་སྐྱིད་འདོད་མེད་པ་ན། །རྣམ་སྨིན་སྒྲིབ་པ་བྱང་བ་ཡིན། །སྒོམ་ཡུན་ཤི་དང་སྙོམས་ནུས་ན། །ཡང་རྒྱལ་དགུང་དང་མཉམ་པ་ཡིན། །སེམས་ལ་ནོག་འཁྲིས་མི་གདའ་ན། །དཔའ་བོ་དཔའ་མོས་བསུ་བ་ཡིན། །བྱེད་སྤྱོད་ཆོས་དང་བསྟུན་ཤེས་ན། །ཆོས་སྐྱོང་དཔའ་བོས་བསྲུང་བ་ཡིན། །བླ་མ་རྗེ་ལ་གསོལ་བཏབ་ན། །བྱིན་རླབས་དངོས་གྲུབ་འབྱུང་བ་ཡིན། །ཁྱོད་ཤེས་པར་གྱིས་ལ་ཉམས་སུ་ལོངས། །དུས་ཀུན་ཏུ་བདེ་སྐྱིད་དཔལ་ལ་སྤྱོད། །ཅེས་གསུངས་པས་པེ་ཏས་ཀྱང་རི་ཁྲོད་ལ་ཟུག་ཅིང་སྒོམ་ནུས་པར་གྱུར་པས་ཉམས་རྟོགས་ཁྱད་པར་ཅན་སྐྱེས་ནས་སྲས་རྣམས་ཀྱི་སྲིང་བཞིའི་ཡ་བར་གྱུར་པ་ཡིན་ཞིང་། དེ་དུས་ཀྱི་བོན་པོ་རྣམས་ཀྱང་མི་ཕྱེད་པའི་དད་པ་ཐོབ་པར་གྱུར་ཏོ། །གཤིན་དོན་ཐུགས་རྗེའི་ལྕགས་ཀྱུ་དང་སྲིང་མོ་པེ་ཏ་བྱང་ཆུབ་ལ་བཀོད་པའི་སྐོར་རོ།། །།


༈ ན་མོ་གུ་རུ། རྗེ་བཙུན་མི་ལ་རས་པ་དེ་ཉིད་གཉའ་ནང་རྩར་མའི་ཕུ་ན་བཞུགས་དུས། བག་མ་གསར་པ་ཞིག་གི་རིན་ལ་ཡོན་བདག་རྣམས་འཐབས་པ་རྗེ་བཙུན་ལ་འདུམ་ཞུར་བྱུང་བས་འཐབ་མི་ཀུན་ལ་ཤོག་གསུངས་ཏེ་བྱུང་བ་དང་། ཀུན་ལ་ཞལ་ཏའི་ཆོས་མང་དུ་གནང་ཞིང་མགུར་འདི་གསུངས་སོ། །ཁྱེད་མགོ་ལ་རྡོ་ཁུར་གྱི་རང་རྩིས་ཅན། །རང་ལ་རྩོད་མེད་ཀྱི་ཕུང་རྡོ་མ། །མི་ལ་མི་ཤོར་རང་གིས་ལན། །ལུས་ལ་དམར་སྨུག་གི་ནང་རུལ་མ། །ཡིད་ལ་ཁྱོ་འདོད་ཀྱི་གཞུང་ངན་མ། །ལར་ཕུང་གི་རྩ་བ་བུད་མེད་ཡིན། །ཡུལ་གྱི་ནད་ཡམས་མི་ངན་ཡིན། །ཡུལ་ངན་དུས་ངན་གྱི་མནའ་མ་འདི། །ལོང་ལ་རིན་ཐང་ཆེ་བར་འདུག །བཙོག་ལ་རྩོད་མི་མང་བར་འདུག །དེ་འཇིག་རྟེན་བསམ་བརླག་གི་སྤྱོད་པ་ཡིན། །གཞོན་ནུ་འཁྲུག་པ་མ་བྱེད་རང་ཚོད་ཟུངས། །རྒན་པ་ཚོ་གཡོ་སྒྱུ་མ་བྱེད་རང་ལ་སྡིག །ཁྲོམ་འདིར་ཚོགས་ཀྱི་ཁ་ལོ་ཆོས་ལ་བསྒྱུར། །ཞེས་གསུངས་པས་འཐབ་རྩོད་ཞི་བར་གྱུར་ཏོ། །དེ་ནས་ཡོན་བདག་མོ་ལྕམ་མེ་ཞེས་བྱ་བའི་དད་པ་ཅན་ཞིག་ཡོད་པ་དེས་བསྙེན་བཀུར་རྒྱ་ཆེན་ཕུལ་བའི་ཚོགས་གྲལ་དུ་ལྕམ་མོས་ཞུས་པ། རྗེ་བཙུན་རིན་པོ་ཆེ་འགྲོ་དོན་ཇི་ལྟར་གྲུབ། བུ་སློབ་མང་ཉུང་ཇི་ཙམ་གདའ། དེ་རྣམས་ཀྱི་ནང་ནས་གྲུབ་ཐོབ་དུ་ཙམ་མཆིས་ཞུས་པས། རྗེ་བཙུན་གྱི་ཞལ་ནས་ཁྱོད་ཀྱི་སེམས་ལ་དེ་འདྲི་བ་འཆར་བ་དེ་ངོ་མཚར་ཆེ། ང་ལ་མཁའ་འགྲོའི་ལུང་བསྟན་འདི་བཞིན་ཡོད་ཅིང་འགྲོ་དོན་འདི་འདྲ་གྲུབ་པ་ཡིན་ཞེས་མགུར་འདི་གསུངས་སོ། །བླ་མ་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས། །འགྲོ་དོན་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །མཁའ་འགྲོས་ལུང་བསྟན་སྤྲུལ་པའི་སྐུ། །དྭགས་པོ་ཉི་མ་འགྲོ་ལ་འཆར། །རས་ཆུང་ཟླ་བ་སྤྲུལ་པའི་སྐུ། །སྒོམ་སྟག་ཇོ་དར་ཞི་བ་འོད། །འབྲི་སྒོམ་ལ་སོགས་ཉི་ཤུ་ལྔ། །མགོ་བྱས་དེ་རྣམས་མཁའ་འགྲོས་གསུངས། །གྲུབ་ཐོབ་ཉེར་ལྔ་རྟོགས་ལྡན་བརྒྱ། །རང་བྱུང་ཉམས་ཤར་བརྒྱ་རྩ་བརྒྱད། །ཆོས་མཐུན་སློབ་མ་སྟོང་རྩ་ཡོད། །ཆོས་འབྲེལ་ཐོབ་པ་ཁྲི་འབུམ་སྟེ། །ལག་ལེན་སྐྱོང་བ་རེ་རེར་འདུག །ཁྱོད་དྲི་རྟོག་བྱེད་པ་བག་ཆགས་བཟང་། །ཞེས་གསུངས་པས། དེར་ཚོགས་པའི་བུ་སློབ་རྣམས་ན་རེ། གྲུབ་ཐོབ་རང་ཡང་མང་པོ་འོང་བར་འདུག་ཟེར། ཀུན་དགའ་མགུ་ཡི་རངས་ཏེ་སྣང་བ་བདེ་ཆམ་སོང་ངོ་། །དེ་ནས་བསྔོ་བ་ཞུས་པས། རྗེ་བཙུན་གྱི་ཞལ་ནས་ད་ལན་མཆོད་གནས་དང་ཡོན་བདག་དགེ་རྩའི་བསམ་སྦྱོར་རྣམས་རྣམ་པར་དག་འདུག་པས་བསྔོ་བ་རང་བཞིན་གྱིས་གྲུབ་འདུག་ནའང་། བསྔོ་བ་བྱེད་པ་ཡིན། ངས་ཀྱང་སངས་རྒྱས་ཀྱི་ལད་མོ་བྱེད། ཁྱེད་རྣམས་ཀྱང་ངའི་ལད་མོ་གྱིས་ཤིག་གསུངས་ནས་མགུར་འདི་གསུངས་སོ། །བླ་མ་ཡི་དམ་ལྷ་ཚོགས་ཀྱིས། །བསྔོ་བའི་མཐུན་འགྱུར་མཛད་དུ་གསོལ། །ཚོགས་རྣམས་མ་ལུས་ཐམས་ཅད་པ། །སངས་རྒྱས་འགྲུབ་པར་བྱེད་པའི་ཐབས། །ང་ལ་ཡོད་པས་ལད་མོ་མཛོད། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །དགེ་འདུན་བདག་ལ་དགོངས་སུ་གསོལ། །བདག་སོགས་སེམས་ཅན་ཐམས་ཅད་ཀྱིས། །ཐོག་མེད་འཁོར་བ་ཆེན་པོ་ནས། །སྦྱིན་དང་ཚུལ་ཁྲིམས་བསྒོམས་པ་ཡི། །དགེ་བ་བགྱིས་ཚད་རྗེས་ཡི་རང་། །ད་ལྟར་བགྱིས་པའི་དགེ་བ་ཡིས། །སྦྱིན་པ་དམ་པ་སེམས་ཀྱི་ནི། །རྒྱན་དང་ཡོ་བྱད་རྣལ་འབྱོར་གྱི། །ཚོགས་སུ་གྱུར་ཏེ་ཕ་མ་དང་། །མཁན་པོ་སློབ་དཔོན་ལ་སོགས་ཀྱི། །ཆེད་དུ་སངས་རྒྱས་ཐོབ་པར་ཤོག །མ་ཐོབ་བར་དུ་བདག་དགེ་འདིས། །ཐེག་ཆེན་བླ་མ་བསྟེན་ནས་ནི། །སྡོམ་གསུམ་གནས་པའི་ལུས་བཟུང་སྟེ། །ཡིད་ལ་འདོད་པ་ཀུན་གྲུབ་ཅིང་། །ཕན་ཚུན་སྡིག་གསོག་མི་བྱེད་ཤོག །འདིར་ཡང་དགེ་བྱུང་བསོད་ནམས་ཀྱིས། །ཚེ་དང་བསོད་ནམས་ལོངས་སྤྱོད་དང་། །འཁོར་དང་དགེ་སྦྱོང་ལ་སོགས་པའི། །ཕུན་སུམ་ཚོགས་པ་ཐམས་ཅད་ཀྱིས། །ཐར་པའི་སྲོག་རྩ་གཅོད་པ་ཡི། །བར་དུ་གཅོད་པ་ཞི་གྱུར་ཅིག །ཅེས་གསུངས་པས། ནམ་མཁའ་ནས་མཐུན་འགྱུར་བྱུང་ངོ་། །དེ་ནས་གཉའ་ནང་གི་ཉ་མ་རྣམས་ཀྱིས་རྗེ་བཙུན་རི་ཁྲོད་གཞན་དུ་འབྱོན་པ་ཐོས་ནས། བསྙེན་བཀུར་བཟང་པོ་ཕུལ་ཏེ་བཞུགས་པར་གསོལ་བ་བཏབ་པ་ལས། རྗེ་བཙུན་གྱི་ཞལ་ནས་ང་སྔར་ཡུལ་ཕྱོགས་འདིར་ཡུན་རིང་སོང་བས། ཡོན་བདག་རྣམས་ཀྱང་སུན་འོང་ལས་ཆེ། ད་འཆི་བ་དགུག་ཏུ་གཞན་དུ་འགྲོ། མ་ཤི་ན་ཕྲད། དེ་བར་ལ་འདི་བཞིན་གྱིས་གསུངས་ནས་མགུར་འདི་གསུངས་སོ། །རྗེ་མཚན་ལྡན་བླ་མའི་ཞབས་ལ་འདུད། །ནོར་རྫས་རྩྭ་ཁའི་ཟིལ་པ་འདྲ། །ཆགས་སེམས་མེད་པར་སྦྱིན་པ་ཐོང་། །དལ་འབྱོར་སྙིང་པོ་ལེན་པའི་ཚེ། །མིག་གི་འབྲས་བཞིན་ཚུལ་ཁྲིམས་སྲུངས། །ངན་སོང་རྩ་བ་ཞེ་སྡང་ཡིན། །སྲོག་ལ་བབ་ཀྱང་བཟོད་པ་སྒོམས། །ལེ་ལོས་རང་གཞན་དོན་མི་འགྲུབ། །དགེ་བའི་ལས་ལ་བརྩོན་པར་མཛོད། །འཁྲུལ་པས་ཐེག་ཆེན་དོན་མི་རྟོགས། །རྩེ་གཅིག་དོན་ལ་གོམས་པར་གྱིས། །གཞན་ནས་སངས་རྒྱས་མི་རྙེད་པས། །རང་གི་སེམས་ཀྱི་མཚན་ཉིད་ལྟོས། །དད་པ་སྟོན་ཀའི་ན་བུན་འདྲ། །ཡལ་བའི་དུས་སུ་སྙིང་རུས་འཚལ། །ཞེས་གསུངས་པས་ཉ་མ་རྣམས་ན་རེ། རྗེ་བཙུན་ཅི་གསུང་རུང་ཡུལ་ཕྱོགས་གཞན་དུ་མི་གཏོང་བས་ཅིས་ཀྱང་བཞུགས་དགོས་ཟེར་ཞུ་བ་ནན་གྱིས་འབུལ་དུ་བྱུང་བས་རྗེ་བཙུན་གྱིས་ང་མ་ཤི་ན་སླར་ཁྱེད་ཚོའི་སར་སླེབ་པ་བྱེད། བརྒྱ་ལ་མ་ཕྲད་ན་སྐབས་སྐབས་སུ་ཚིག་འདི་རྣམས་མ་བརྗེད་པར་གྱིས་ལ་ཉམས་སུ་ལོངས་ཤིག་གསུངས་ནས་མགུར་འདི་གསུངས་སོ། །ཨེ་མ་འགྲོ་བ་འཇིག་རྟེན་པ། །ལུས་གཡུ་ལྗང་བཞིན་དུ་བསྐྱངས་བསྐྱངས་ཀྱང་། །རྐྱེན་སྡོང་རྒན་བཞིན་དུ་འགྱེལ་ཞིང་འདུག །སྐབས་སྐབས་སུ་མ་ཡེངས་པའི་བྱ་ར་རེ་མཛོད། །ནོར་སྦྲང་རྩི་བཞིན་དུ་བསོགས་བསོགས་ཀྱང་། །རྐྱེན་བ་མོ་བཞིན་དུ་འོང་ཞིང་འདུག །སྐབས་སྐབས་སུ་མ་ཡེངས་པའི་བྱ་ར་རེ་མཛོད། །མཆོར་དར་ཁྲེས་བཞིན་དུ་ཕུར་ཕུར་ཀྱང་། །རྐྱེན་འཇའ་ཚོན་བཞིན་དུ་ཡལ་ཞིང་འདུག །སྐབས་སྐབས་སུ་མ་ཡེངས་པའི་བྱ་ར་རེ་མཛོད། །གཉེན་རི་དྭགས་བཞིན་དུ་འགྲོགས་འགྲོགས་ཀྱང་། །རྐྱེན་རྔོན་པ་བཞིན་དུ་སླེབ་ཅིང་འདུག །སྐབས་སྐབས་སུ་མ་ཡེངས་པའི་བྱ་ར་རེ་མཛོད། །བུ་སྒོ་ང་བཞིན་དུ་གསོས་གསོས་ཀྱང་། །རྐྱེན་ལམ་རྡོ་བཞིན་དུ་ཕྲད་ཅིང་འདུག །སྐབས་སྐབས་སུ་མ་ཡེངས་པའི་བྱ་ར་རེ་མཛོད། །བྱད་མེ་ཏོག་བཞིན་དུ་ལེགས་ལེགས་ཀྱང་། །རྐྱེན་སེར་བ་བཞིན་དུ་འགྲིམ་ཞིང་འདུག །སྐབས་སྐབས་སུ་མི་རྟག་སྐྱོ་ཤས་རེ་བསྐྱེད། །འགྲོགས་མ་བུ་བཞིན་དུ་བཟང་བཟང་ཡང་། །རྐྱེན་དགྲ་གཉེན་བཞིན་དུ་འཐབ་ཅིང་འདུག །སྐབས་སྐབས་སུ་སེམས་ཅན་ལ་སྙིང་རྗེ་རེ་བསྐྱེད། །སྐྱིད་ཉི་མ་བཞིན་དུ་འདེས་འདེས་ཀྱང་། །སྡུག་རླུང་དམར་བཞིན་དུ་འཚུབ་ཅིང་འདུག །སྐབས་སྐབས་སུ་མ་ནུས་པ་ལ་སྦྱིན་པ་རེ་ཐོང་། །ལར་འདིར་ཚོགས་ཀྱི་ཡོན་བདག་ཕོ་མོ་རྣམས། །དམ་པའི་ལྷ་ཆོས་ཤིག་མ་ནུས་ན། །ཚེ་རིང་པོ་བསྡད་པ་ངན་རིང་ཡིན། །ལས་མང་པོ་འབད་པ་སྡུག་ལས་ཡིན། །ཞེས་གསུངས་པས་ཁོང་རྣམས་ན་རེ། དེ་བཞིན་བགྱིད་ལགས། རྗེ་བཙུན་ས་ཕྱོགས་གཞན་དུ་བློས་གཏོང་མི་ཕོད་པར་འདུག་ཅེས་ཞུར་བྱུང་བས། རེ་ཞིག་གྲོད་ཕུག་ཏུ་བཞུགས་པ་ལྟར་མཛད་པའི་མཐར། ཕུག་པའི་མདོ་ན་ཕ་བོང་ཞིག་ཡོད་པ་དེ་ལ་ཞབས་རྗེས་བཞག་ནས་འདི་ལ་གཉའ་ནང་པ་རྣམས་ཀྱི་མོས་གུས་ཀྱི་རྟེན་གྱིས་གསུང་། ཉ་མ་རྣམས་ཀྱིས་མ་ཚོར་བར་བྱོན་ནོ། །གཉའ་ནང་པའི་ཉ་མ་རྣམས་ལ་མཇུག་གི་ཞལ་གདམས་གསུངས་པའི་སྐོར་རོ།། །།


༈ ན་མོ་གུ་རུ། རྗེ་བཙུན་མི་ལ་རས་པ་དེ་ཉིད་དཔོན་སློབ་ལྔས་ཐོང་ལ་ལ་བྱོན་པའི་ཚེ། ཇག་པ་མི་ལྔ་བྱུང་བས་དངོས་པོ་དྲ་བ་ཟུར་གསུམ་དེའི་ནང་ན་ཐོད་ཕོར་མིན་པ་ཅི་ཡང་མི་འདུག་པས། ཁྱེད་རྣམས་རྗེ་བཙུན་མི་ལ་རས་པ་ཟེར་བ་དེ་ཡིན་ནམ་ཟེར་བ་ལ། ཡིན་གསུངས་པས་ཀུན་ཕྱག་འཚལ་ཞིང་འོ་ན་བདག་ཅག་རྣམས་སྐལ་བ་ཆེ་བར་གདའ། ཆོས་རེ་གནང་བར་ཞུ་ཞུས་པ་ལ། རྗེ་བཙུན་གྱིས་ཀྱང་ལས་རྒྱུ་འབྲས་ཀྱི་ཆོས་མཐོ་རིས་ཀྱི་ཡོན་ཏན། ངན་སོང་གསུམ་གྱི་ཉེས་དམིགས་གསུངས་ནས་དེ་དགེ་སྡིག་གཉིས་ཀྱི་འབྲས་བུ་ཡིན། བླང་དོར་བྱེད་མི་བྱེད་ཁྱེད་རང་ཤེས་ཞེས་མགུར་འདི་གསུངས་སོ། །མཚན་ལྡན་བླ་མའི་ཞབས་ལ་འདུད། །ཡ་གི་དགའ་ལྡན་ལྷ་ཡུལ་ན། །འབྲས་ད་ལྟ་བཏབ་པ་ད་ལྟ་སྨིན། །ཁོང་སོ་ནམ་མཁས་པ་མ་ལགས་སྟེ། །ཚེ་སྔོན་བསོད་ནམས་བསགས་པའི་འབྲས་བུ་ཡིན། །སྦྱིན་པ་ཐོང་ཞིག་སྐལ་ལྡན་ཀུན། །མ་གི་དམྱལ་ཁམས་བཅོ་བརྒྱད་ན། །མཚོན་ད་ལྟ་བརྒྱབ་པ་ད་ལྟ་སོས། །ཁོ་རྨ་ལས་བཟང་བ་མ་ལགས་ཏེ། །ཚེ་སྔོན་སྲོག་གཅོད་བྱས་པའི་རྣམ་སྨིན་ཡིན། །སྲོག་གཅོད་སྤོངས་དང་སྐལ་ལྡན་ཀུན། །ཕ་གི་ཡི་དྭགས་ཀྱི་ཡུལ་ཤེད་ན། །ལྟོ་ད་ལྟ་ཟོས་ཀྱང་ད་ལྟ་ལྟོགས། །ཁོང་གྲོད་པ་ཆེ་བ་མ་ལགས་ཏེ། །ཚེ་སྔོན་སེར་སྣ་བྱས་པའི་རྣམ་སྨིན་ཡིན། །སེར་སྣ་སྤོངས་ཤིག་སྐལ་ལྡན་ཀུན། །ཁྲུས་ཀྱི་རྫིང་བུའི་རྩ་ཤེད་ན། །དེ་ན་འདོད་འཇོའི་བ་མོ་ཡོད། །བ་འཇོ་འམ་མི་འཇོ་ཁྱོད་རང་ཤེས། །སྡོང་པོ་ཀུན་འདུས་ཀྱི་རྩ་བ་ན། །ནད་དུག་ལྔ་སེལ་བའི་སྨན་མཆོག་ཡོད། །སྨན་བརྐོའམ་མི་བརྐོ་ཁྱོད་རང་ཤེས། །བླ་མ་སློབ་དཔོན་གྱི་སྤྱན་སྔ་ན། །མན་ངག་གནད་ཀྱི་ལྡེ་མིག་ཡོད། །སྒོ་གཉིས་འབྱེད་དམ་མི་འབྱེད་ཁྱོད་རང་ཤེས། །ཞེས་གསུངས་པས་ཇག་པ་རྣམས་མཆོག་ཏུ་དད་པར་གྱུར་ཏེ། བཞིས་འཕྲོག་འཇོམས་དང་གསོད་གཅོད་མི་བྱེད་པའི་དམ་བཅའ་ཕུལ། གཅིག་ཕྱག་ཕྱི་ལ་འབྲངས་པས་རྟོགས་ལྡན་བཟང་པོ་ཞིག་བྱུང་བ་ཡིན་ནོ། །དེ་ནས་རྗེ་བཙུན་དཔོན་སློབ་རྣམས་དིང་རི་སྣ་དམར་ན་མར་ཕེབས་ཏེ། ལུག་རྫི་ཞིག་ལ་ཡུལ་ཕ་གི་ན་ཡོན་བདག་དྲག་པ་ཇི་སྐད་བྱ་བ་ཡོད་གསུངས་པས། ལྷ་རྗེ་གཡང་ངེ་ཞེས་བྱ་བ་ཕྱུག་ལ་དད་པ་ཆེ་བ་ཞིག་ཡོད་ཟེར། དེར་བྱོན་པས་མི་མང་པོ་ཞིག་གི་དབུས་ན་ལྷ་རྗེ་འདུག་པ་ལ། རྗེ་བཙུན་གྱིས་ཡོན་བདག་ཁྱོད་ཕྱུག་པོ་ཞིག་ཡིན་ཟེར་བས། ངེད་རྣམས་ལ་ད་ནང་གི་ཚ་བ་སློང་གསུངས་པས། ཁོ་ན་རེ། ལ་འདིའི་ཕར་རྒྱབ་ན་མི་ལ་རས་པ། ཚུར་རྒྱབ་ན་དམ་པ་སངས་རྒྱས་བཞུགས་པས་རྣལ་འབྱོར་པའི་འགྲུལ་ལ་ཟད་པ་མི་འདུག །ཐམས་ཅད་ལ་ལྟོ་སྟེར་ན་སྟེར་གྱིས་མི་ལང་འདུག་མི་ལ་རས་པ་དང་མཇལ་ན་ཞབས་ཏོག་འབུལ་བ་ཡིན་ཏེ། ངེད་རང་རྣམས་དང་མཇལ་བའི་སྐལ་བ་མི་འདུག་ཟེར་བས། རྗེ་བཙུན་གྱིས་མི་ལ་ང་རང་ཡིན་དུའང་རུང་བས་ཚ་བ་དྲོངས་ཤིག་གསུང་བ་ལ་ཁོ་ན་རེ། འོ་ན་རྗེ་བཙུན་མི་ལ་རས་པ་དེ་སྣང་བ་ཐམས་ཅད་དཔེར་དྲངས་ནས་ཆོས་གསུང་བ་ཞིག་ཡོད་པར་འདུག་པས། ངེད་རྣམས་ཀྱི་མདུན་གྱི་ཡུར་ཆུའི་ལྦུ་བ་འདི་ལ་དཔེ་བྱས་པའི་ཆོས་ཤིག་གསུངས་དང་ཟེར་བྱུང་བའི་ལན་དུ་རྗེ་བཙུན་གྱིས་མི་རྟག་ཆུ་ལྦུར་མའི་མགུར་འདི་གསུངས་སོ། །བླ་མ་དུས་གསུམ་སངས་རྒྱས་ཀྱི་ཞབས་ལ་འདུད། །ཁྲོམ་འདིར་ཚོགས་ཀྱི་སྣང་བ་ཆོས་ལ་བསྒྱུར། །ཚེ་མི་རྟག་ཆུ་ཡི་ལྦུ་བ་འདྲ། །ཡིད་བརྟན་མེད་པར་བླ་མ་བཞེད། །ལེ་ལོ་ཅན་ཁང་སྟོང་རྐུན་མ་འདྲ། །སྟོང་ལོག་བྱེད་པ་མ་ཤེས་སམ། །གཞོན་པ་སོས་ཀའི་མེ་ཏོག་འདྲ། །ཡལ་ནས་འགྲོ་བ་ཆ་མེད་དམ། །རྒས་པ་སྤང་ལ་མེ་ཤོར་འདྲ། །རྟིང་ལ་ཐུག་པ་མ་ཤེས་སམ། །སྐྱེ་འཆི་ཉི་མའི་འཆར་ནུབ་འདྲ། །ཡང་ཡང་འོང་བར་ཐུབ་པས་གསུངས། །ན་བ་བྱེའུ་ཆུང་རྡོ་ཕོག་འདྲ། །སྟོབས་ནུས་ཟད་པ་མ་ཤེས་སམ། །འཆི་བ་སྣུམ་ཟད་མར་མེ་འདྲ། །རྟག་པར་མི་སྡོད་ངེས་པ་ཡིན། །ལས་ངན་གཅོང་རོང་འབབ་ཆུ་འདྲ། །གྱེན་ལ་ལྡོག་པ་ངས་མ་མཐོང་། །སྡིག་པ་ཅན་དུག་གི་སྡོང་པོ་འདྲ། །གང་བསྟེན་བསྟེན་པ་རྣམས་བརླག་པ་ཡིན། །དམ་ཉམས་སྲན་མ་སད་ཁྱེར་འདྲ། །དམ་ཉམས་ཉམས་པ་ཚོ་ཕུང་ནས་གདའ། །ཆོས་སྤྱོད་ཞིང་པའི་སོ་ནམ་འདྲ། །གང་རེམ་རེམ་པ་རྣམས་རྒྱལ་ནས་གདའ། །བླ་མ་སྨན་དང་བདུད་རྩི་འདྲ། །གང་བསྟེན་བསྟེན་པ་རྣམས་རྒྱལ་ནས་གདའ། །དམ་ཚིག་སོ་པའི་མཁར་དང་འདྲ། །གང་བསྲུངས་བསྲུངས་པ་རྣམས་རྒྱལ་ནས་གདའ། །ལས་དགེ་སྡིག་སྲིད་པའི་འཁོར་ལོ་འདྲ། །སྡོམ་འཆོལ་མཁན་རྣམས་ཕམ་ནས་གདའ། །འཁོར་བ་དུག་གི་ཚེར་མ་འདྲ། །གང་སྤེལ་སྤེལ་བ་རྣམས་སྦྱོང་ཞིང་གདའ། །འཆི་བདག་ཉི་མའི་གྲིབ་སོ་འདྲ། །བཀག་པས་ཁེགས་པ་ངས་མ་མཐོང་། །དེ་འདྲའི་དུས་ཤིག་བྱུང་ཙ་ན། །དམ་པའི་ཆོས་ཤིག་མ་ལགས་པ། །མགོན་སྐྱབས་བྱེད་མཁན་ལོགས་ན་མེད། །སུས་ཐོབ་རྒྱལ་བ་དམ་པའི་ཆོས། །དམ་པའི་ཆོས་ལ་འདོད་མཁན་མེད། །འཁོར་བའི་ཁྱིམ་ཐབ་སྡུག་ལས་སྐྱེས། །སྡུག་ལས་སྐྱེས་ལ་ཧབ་ཐོབ་བྱེད། །ཆོས་ཁ་ལ་ལབ་དུས་སྐྱིད་སྐྱིད་པོ། །དོན་ལ་ཐུག་དུས་ཏུག་ཏུག་བརྡུགས། །ཡོན་བདག་ཁ་སྦྱང་མ་ཆེ་ལྷ་ཆོས་མཛོད། །ཅེས་གསུངས་པས། ཁོ་ན་རེ་དེ་སེམས་ལ་ཤིན་ཏུ་ཕན་པ་ཞིག་བྱུང་། ད་དུང་སྐྱེ་རྒ་ན་འཆི་ལས་རྒྱུ་འབྲས་ཀྱི་ཆོས་ངེས་ཤེས་སྐྱེ་བ་ཞིག་གསུང་བར་ཞུ་དང་ཟེར་བའི་ལན་དུ་ཡང་མགུར་འདི་གསུངས་སོ། །དོན་སྐྱེ་མེད་ཆེན་པོའི་ངང་ཤེད་ན། །ཆོས་ཚད་མེད་བཞི་ལྡན་བདུད་རྩིའི་ཆར། །འགྲོ་རྣམས་བདེ་ཆེན་ལམ་ལ་འགོད་མཛད་པའི། །རྗེ་ཡིད་བཞིན་ནོར་བུ་ཁྱེད་ལ་བསྟོད། །དོན་དེ་ལ་བླ་མའི་བསྟོད་པ་མཛོད། །ཚིག་འདི་ལ་འདིར་བཞུགས་གསན་པར་ཞུ། །ཁྱེད་གཞོན་པ་དབང་པོ་དར་ཙ་ན། །རྒས་པ་འོང་སྙམ་མི་གདའ་སྟེ། །རྒས་པ་འོག་འབྲུའི་ཚུལ་དུ་འོང་ཞིང་གདའ། །རིམ་གྱི་རིམ་གྱིས་འོང་ཞིང་གདའ། །འབྱུང་བ་ལྔ་པོ་དར་ཙ་ན། །ན་བ་འོང་སྙམ་མི་གདའ་སྟེ། །ན་བ་གློ་རྡེག་ཚུལ་དུ་འོང་ཞིང་གདའ། །བཙན་ཐབས་བཙན་ཐབས་སུ་འོང་ཞིང་གདའ། །ཚེ་འདི་ལ་སྣང་བ་འཐས་ཙ་ན། །འཆི་བ་འོང་སྙམ་མི་གདའ་སྟེ། །འཆི་བ་ཐོག་བབས་ཀྱི་ཚུལ་དུ་འོང་ཞིང་གདའ། །གློ་བུར་གློ་བུར་དུ་འོང་ཞིང་གདའ། །རྒས་དང་ན་དང་འཆི་བ་གསུམ། །ཁ་དང་ལག་པ་བཞིན་དུ་ཐུག་ནས་གདའ། །བར་ཆོད་གློ་རྡེག་མདའ་བས་ཚ། །འཆི་བདག་ལ་ཁའི་སོ་བཞིན་སྒུག །ཚེ་འདི་དང་ཕྱི་མ་བར་དོ་གསུམ། །བྱ་ལོང་བཞིན་དུ་གྲལ་ལ་བསྒྲིགས། །ལར་འབྲལ་མེད་ཀྱི་མགྲོན་གསུམ་དེ་ན་གདའ། །ཁྱེད་སྡིག་པའི་ལས་ལ་མི་འཇིགས་སམ། །དམྱལ་བ་ཡི་དྭགས་དུད་འགྲོ་གསུམ། །དཔག་ཆེན་གྱི་མདའ་བཞིན་འཕྲང་ལ་སྒུག །ལར་འགྱུར་མེད་འཕྲང་གསུམ་དེ་ན་གདའ། །ཁྱེད་སྔར་གྱི་སྡུག་བསྔལ་མི་དྲེད་དམ། །ད་ལྟའི་སྡུག་བསྔལ་ལ་མི་འཚེར་རམ། །སྡུག་བསྔལ་ཆུ་བོའི་གཉེར་མ་འདྲ། །སྔ་མ་མ་སངས་ཕྱི་མ་འབྱུང་། །འདི་ལ་སངས་དུས་མི་གདའ་ན། །སྐྱིད་སྡུག་ལམ་ཁའི་མགྲོན་པོ་འདྲ། །ད་ལྟ་མེད་ཀྱང་ད་ལྟ་འབྱུང་། །འདི་ལ་འཆད་དུས་མི་གདའ་ན། །དལ་སྐྱིད་ཉི་མ་འདེ་བ་འདྲ། །མི་རྟག་ཁ་ཆར་བུ་ཡུག་འདྲ། །འཕྲལ་དུ་འོང་བ་མི་ཤེས་སམ། །དེ་ལ་སོམས་ལ་ལྷ་ཆོས་མཛོད། །ཅེས་གསུངས་པས་ཀུན་དད་ནས་བསྙེན་བཀུར་ཕུན་སུམ་ཚོགས་པ་བྱས། དུས་རྟག་ཏུ་མཆོད་གནས་སུ་བཞུགས་པར་གསོལ་བ་བཏབ་པས་མ་གནང་སྟེ། ཞག་གཅིག་བཞུགས་པའི་རིང་ལ་ལྷ་རྗེ་གཡང་ངེ་ལ་གདམས་ངག་གནང་ནས་འབྱོན་པར་ཆས་པ་དང་། ཡུལ་མི་ཀུན་ཚོགས་ནས་རྗེ་བཙུན་ཞག་འགའ་ཡང་མི་བཞུགས་ན། ངེད་རྣམས་ལ་ཉམས་ལེན་གྱི་ཆོས་ཤིག་གནང་བར་ཞུ་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །ཁྲོམ་ཀོར་རེ་ཚོགས་པ་དཀྱིལ་ལེ་ཉོན། །ཁྱེད་ངེས་པར་ལྷ་ཆོས་མཛད་མི་མཛད། །ངེས་པར་ལྷ་ཆོས་མཛད་དགོངས་ན། །རང་གི་མལ་དུ་ཉལ་ཙ་ན། །གཉིད་གཏི་མུག་གི་དབང་དུ་མ་བཏང་བར། །ནམ་སྲོད་ལ་ཡི་དམ་ལྷ་བསྙེན་མཛོད། །ནམ་སྟོད་རྗེ་ལ་གསོལ་བ་ཐོབ། །ནམ་གུང་ལ་རྣམ་པར་མི་རྟོག་སྒོམས། །ཐོ་རངས་སྲོག་རྩོལ་རླུང་ལ་འབད། །ནམ་ལངས་དུག་ལྔའི་བཤགས་པ་གྱིས། །ཉི་ཤར་སྣང་བ་རྒྱ་ཡིས་ཐོབ། །གཙོ་བོ་རང་གི་སེམས་ལ་ལྟོས། །གདམས་ངག་བླ་མ་རྗེ་ལ་ཞུས། །གསོལ་བ་ཡི་དམ་ལྷ་ལ་ཐོབ། །དམ་ཚིག་རྡོ་རྗེ་སྤུན་ལ་སྲུངས། །མཆོད་པ་དཀོན་མཆོག་གསུམ་ལ་ཕུལ། །སྤྱི་བོར་ཐུགས་རྗེ་ཆེན་པོ་སྒོམས། །སྙིང་པོ་མ་ཎི་པདྨེ་བགྲོངས། །སྦྱིན་པ་དབུལ་ཕོངས་ཀུན་ལ་ཐོང་། །སྙིང་རྗེ་མ་ནུས་པ་ལ་གྱིས། །ཞབས་ཏོག་མཁས་བཙུན་རྣམས་ལ་གྱིས། །བཀུར་སྟི་ཕ་དང་མ་ལ་གྱིས། །ལར་མཁས་བཙུན་བླ་མ་བརྒྱ་ཚོགས་ཀྱང་། །དོན་འདི་ལས་ཉམས་སུ་བླང་རྒྱུ་མེད། །དུས་གནས་སྐབས་ཀུན་ཏུ་བཀྲ་ཤིས་ཤིང་། །ཚེ་རིང་ནད་མེད་སྨོན་ལམ་འཚལ། །ཞེས་གསུངས་པས་ཀུན་མི་ཕྱེད་པའི་དད་པ་ཐོབ་ཅིང་ལྷ་རྗེ་གཡང་ངེས་འཆི་ཁར་ལམ་སྣ་ཟིན་པར་གྱུར་ཏོ། །རྗེ་བཙུན་དཔོན་སློབ་ཆུ་དབར་དུ་བྱོན་ནོ། །ལྷ་རྗེ་གཡང་ངེའི་སྐོར་རོ།། །།


༈ ན་མོ་གུ་རུ། རྗེ་བཙུན་མི་ལ་རས་པ་དེ་ཉིད་ཀྱི་ཐུགས་སྲས་རས་ཆུང་པ་དེ་ཉིད་ལ། ལྷ་ལྕམ་ལྡེམ་བུའི་བར་ཆད་ཅུང་ཟད་ཅིག་བྱུང་འདུག་པ་བསལ་བའི་ཕྱིར། རྗེ་བཙུན་གྱིས་སྤྲུལ་པ་མཛད་ནས་རས་ཆུང་པ་ལ་སྦྱིན་པ་བསླངས་པས། རོང་གཡག་སྡེར་བྱུང་བའི་གཡུ་ཆེན་པོ་ཞིག་ཡོད་པ་དེ་ཟན་གྱིས་གཏུམས་ནས་བྱིན་བྱུང་བས། ངའི་བུ་ལ་དངོས་པོའི་འཛིན་ཆགས་མི་འདུག་ཅིང་སྙིང་རྗེ་ཆེན་པོ་འདུག་དགོངས་པ་བྱུང་སྟེ། གཡུ་སྦྱིན་པར་བཏང་བའི་རྐྱེན་གྱིས་ལྷ་ལྕམ་ལྡེམ་བུ་ལ་སྐྱོ་བས་བོར་ནས་རྗེ་བཙུན་གྱི་དྲུང་དུ་མཇལ་དུ་འོངས་པས། ལམ་བར་དུ་ཁམས་པ་ཕྱུག་པོ་ཞིག་གིས་བུ་མོ་འཆི་བ་ལ་སློང་པས་ཤ་སྐམ་པོ་ཁོག་པ་གཉིས་ཕུལ་བ་ཞིབ་མོར་བྱས་ཏེ། རྗེ་བཙུན་ལ་འབུལ་ཕྱིར་བསྣམས་བྱོན་པས། རྗེ་བཙུན་ཆུ་དབར་ན་བུ་སློབ་རྣམས་ཀྱིས་བསྐོར་ནས་བཞུགས་དུས་རྗེ་བཙུན་གྱི་ཞལ་ནས་རས་ཆུང་པས་ཁོང་ལ་འབུལ་བ་ལུང་པར་མི་ཤོང་བ་ཁྱེར་འོང་ཞིང་འདུག་གསུང་། དེ་ནས་མྱུར་དུ་ཕེབས་བྱུང་སྟེ། ཤ་སྐམ་རྐྱལ་པ་གང་གིས་ཕྱག་རྟེན་བྱས། རྗེ་བཙུན་ལ་མཇལ་ནས་སྙུན་དྲིས་པའི་ལན་དུ་མགུར་འདི་གསུངས་སོ།། རྗེ་གངས་དཀར་འགྲིམ་པའི་རྣལ་འབྱོར་པ། །ཁམས་བདེ་བ་རྒྱས་པའི་དཀྱིལ་འཁོར་རྒྱས། །དུག་ལྔས་དྲེགས་པའི་ནད་སངས་པ། །མ་བདེ་མ་མཆིས་བདེ་མོར་བྱུང་། །འདུ་འཛི་ཞེན་པའི་གཡེང་བ་སྤངས། །གཅིག་པུར་རང་དབང་ཐོབ་པས་བདེ། །སྣ་ཚོགས་བྲེལ་བའི་ལས་སྤངས་ནས། །མི་མེད་ལུང་པ་དབེན་པར་བདེ། །འཇིག་རྟེན་སྡུག་གི་ཁྱིམ་ཐབ་སྤངས། །འཕྲལ་དུ་གསོག་འཇོག་མེད་པས་བདེ། །མཁས་འདོད་དཔེ་ཆ་མ་བསྒྲུབས་པས། །སེམས་ཁྲལ་མེད་པའི་སེམས་ཉིད་བདེ། །སྨྲ་འདོད་ང་རྒྱལ་མི་ཆེ་བས། །ཁ་མཆུ་ཁ་སྨྲས་མེད་པས་བདེ། །གཡོ་སྒྱུ་ཟོལ་ཟོག་མི་ཤེས་པས། །དེ་བྱུང་འདི་བྱེད་མེད་པས་བདེ། །གྲགས་འདོད་དྲེགས་འདོད་མེད་པ་ཡིས། །གཏམ་ངན་མི་ཁ་ཟད་པས་བདེ། །གནས་གང་བྱུང་ཆོག་པས་གར་ཡང་བདེ། །གོས་གང་གྱོན་ཆོག་པས་ཅི་བྱས་བདེ། །ཟས་གང་ཟོས་ཆོག་པས་གང་བྱུང་བདེ། །མི་ང་ནི་དུས་རྣམས་རྟག་ཏུ་བདེ། །བུ་རས་ཆུང་བདེ་བར་འདིར་སླེབ་བམ། །ཞེས་གསུངས་ནས་ཤ་སྐམ་དེ་ལ་ཚོད་མ་བྱས་གྲྭ་པ་ཀུན་ལ་ཡོག་དྲངས་བྱས་པས། རས་པ་གཅིག་ན་རེ། རྗེ་བཙུན་ལ་ཐུགས་སྲས་རས་ཆུང་པས་འབུལ་བ་ལུང་པར་མི་ཤོང་བ་ཁྱེར་འོང་ཞིང་འདུག་གསུངས་པ་དེ་གང་ལགས་ཞུས་པས། རྗེ་བཙུན་གྱི་ཞལ་ནས་གསུས་པའི་ལུང་པར་ཤ་ཚོད་ཀྱི་འབུལ་བ་མི་ཤོང་བ་བྱུང་འདུག་པ་གསུངས་པས་ཀུན་བཞད་གད་དུ་གྱུར་ཏོ། །དེ་ནས་རྗེ་བཙུན་གྱིས་བུ་སློབ་རྣམས་ལ་དབང་གནང་བ་ཡིན་པས་འབུལ་བའི་རྟེན་འབྲེལ་མཚོན་པ་རེ་ཁྱེར་ཤོག་རས་ཆུང་པ་ཁྱོད་ལ་མེད་ཀྱང་རུང་གསུང་། རས་ཆུང་པ་ཐུགས་མི་བདེ་ཞིང་བྱོན་པས་མཎྜྻལ་གྱི་དབུས་སུ་སྔར་གྱི་གཡུ་དེ་ཡེ་རེ་འདུག་པས་རས་ཆུང་པ་ལུས་སྦྲིད་ཆིལ་བ་བྱུང་བ་དང་། སྤྲང་པོ་རྗེ་བཙུན་གྱི་སྤྲུལ་པར་ཤེས་པས་ལྷ་ལྕམ་དང་བྲལ་བ་ཡང་རྗེ་བཙུན་གྱི་ཐུགས་རྗེར་ཡིད་ཆེས་པ་ལ། རྗེ་བཙུན་གྱི་ཞལ་ནས་རས་ཆུང་པ་ང་མིན་ན་ཁྱོད་གཡུ་འདིའི་རིན་ལ་ཕུང་ལ་སྦྱོར་བར་འདུག་སྟེ། ང་ལ་ཡང་མོས་གུས་རྒྱུན་མ་ཆད་པ་དང་། སེམས་ཅན་ལ་སྙིང་རྗེ་མ་བོར་བར་འདུག་པས་འཚེངས་པ་ཡིན་ནོ་གསུངས་ནས་མགུར་འདི་བཞེས་སོ། །ཕ་བླ་མའི་བྱིན་རླབས་ནུས་པ་ཆེ། །མི་ལའི་རྫུ་འཕྲུལ་གནད་འགག་ཆེ། །རས་ཆུང་སྙིང་རྗེ་གཏོང་ཕོད་ཆེ། །གཡུ་སྤྲང་པོ་ལ་བྱིན་པ་ཁོ་བོས་ལོན། །དོ་ནུབ་བདེ་མཆོག་གི་དབང་ཡོན་མཛོད། །སྙིང་རྗེ་མ་ནུས་པ་ལ་བྱས་པ་དེ། །དུས་གསུམ་སངས་རྒྱས་མཆོད་དང་འདྲ། །ང་སྙིང་རྗེས་སྤྲང་ལ་བྱིན་པ་ན། །མི་ལ་རས་པ་མཆོད་པ་ཡིན། །འགྲོ་ཀུན་ཕ་དང་མ་ཡིན་པས། །དེ་ལ་སེལ་འབྱེད་བྱེད་པ་རྣམས། །མི་ཤེས་བཙན་དུག་ཟ་བ་འདྲ། །མཁས་བཙུན་ཐམས་ཅད་ཐུགས་མཐུན་པས། །ཕོ་རུས་ཆགས་སྡང་བྱེད་པ་རྣམས། །བསླབས་ཚད་ཆུ་ལ་ཕོ་བ་ཡིན། །ཆོས་ལ་དཀར་ནག་མེད་པ་ལ། །གྲུབ་མཐའ་ཁ་འཛིན་ཆོས་ལ་སྨོད། །ཐར་པའི་འཇུ་ཐག་ཆད་པ་ཡིན། །རང་བདེ་ཐམས་ཅད་གཞན་ལས་བྱུང་། །གཞན་ཕན་ཐམས་ཅད་རང་བདེའི་རྒྱུ། །གནོད་པ་ཐམས་ཅད་རང་ལ་སྡིག །དེ་བས་ཕན་པའི་སེམས་བསྐྱེད་ལ། །དཀྱིལ་འཁོར་ལྷ་ཡི་དྲུང་དུ་བྱོན། །སྡིག་པ་ལྟུང་བ་ཐམས་ཅད་བཤགས། །སྡོམ་པ་དམ་བཅའ་དྲག་ཏུ་གྱིས། །ཞེས་གསུངས་པས་རས་ཆུང་པ་འགྱོད་པ་སྐྱེས་ནས་རྗེ་བཙུན་དང་མཆེད་གྲོགས་རྣམས་ཀྱི་དྲུང་དུ་བཤགས་པ་འདི་མགུར་དུ་ཕུལ་ལོ། །ལུས་ཀྱི་སྐྱིད་འདོད་གཡེང་བའི་ལས། །སྣང་བ་ཁྲིད་མཁས་ཀྱི་ཕྱིར་འབྲངས་པས། །གཡོ་སྒྱུ་ངན་སོང་གི་ལས་བསགས་པ། །ཕ་བླ་མའི་སྐུ་ལ་མཐོལ་ལོ་བཤགས། །ངག་གི་བཤད་འདོད་ཁྲམ་པའི་དཔོན། །ཞལ་ལྕེ་ཕེར་ཕེར་དམྱལ་བའི་རྒྱུ། །ཤ་ཆང་མང་པོ་ཡི་དྭགས་གནས། །ཁྲེལ་མེད་བརྗོད་པ་མི་དྲང་བ། །ཕ་བླ་མའི་གསུང་ལ་མཐོལ་ལོ་བཤགས། །སྐྱིད་འདོད་བསམ་པ་ངན་པའི་རྒྱུ། །གྲགས་འདོད་སྤྱོད་པ་མི་གཙང་བའི། །ཞེ་འདོད་སྡིག་པའི་ལས་བསགས་པ། །ཕ་བླ་མའི་ཐུགས་ལ་མཐོལ་ལོ་གཤགས། །ཡུལ་ངན་གྲོང་དུ་འཁྱམས་པ་ཡིས། །དཀྱིལ་འཁོར་གཉེན་པོའི་སྒྲུབ་མཆོད་ཆག །འདྲེ་བརྡུང་མང་པོའི་ཕྲིན་ལས་ཀྱིས། །ཟབ་མོ་སྔགས་ཀྱི་ནུས་པ་ཤོར། །བྱ་བ་མང་པོའི་བསམ་བཞག་གིས། །ཏིང་འཛིན་བཟང་པོའི་སྒོམ་འཕྲོ་ཆད། །དཀྱིལ་འཁོར་ལྷ་ལ་མཐོལ་ལོ་བཤགས། །གནས་མལ་མང་པོའི་འདུག་ས་དེས། །བདག་དང་གཞན་ལ་ཁྱད་པར་ཕྱེ། །རང་ཕམ་ཁུར་དུ་མ་ནུས་པས། །མཆེད་གྲོགས་སྤུན་ལ་མཐོལ་ལོ་བཤགས། །ཞེས་ཞུས་ཏེ་རྗེ་བཙུན་གྱིས་རས་པ་རྣམས་ལ་དབང་དང་ངོ་སྤྲོད་རྒྱས་པར་གནང་སྟེ། དབང་གྲོལ་བའི་ཚོགས་གྲལ་དུ་རས་པ་ཞི་བ་འོད་ཀྱིས་རྗེ་བཙུན་ལ། རས་ཆུང་པ་རླུང་སེམས་ལ་དབང་ཐོབ་པའི་སྐྱེས་བུ་གསང་ཡུམ་བཞེས་པ་ལ། རྗེ་བཙུན་གྱིས་ཀྱང་ཐུགས་རྗེས་གཟིགས་དགོས་ཤིང་། རས་ཆུང་པ་ཡང་བཤགས་པ་འབུལ་དགོས་པའི་རྒྱུ་མཚན་ཅི་ལགས་ཞུས་པས། དུས་ཚོད་གནང་བཀག་ཤེས་དགོས་པ་ཡིན་གསུངས་ནས་མགུར་འདི་གསུངས་སོ། །བཀའ་དྲིན་ཅན་མར་པའི་ཞབས་ལ་འདུད། །རང་རྒྱུད་ལམ་དུ་ཕེབས་པར་བྱིན་གྱིས་རློབས། །སློབ་མའི་རྒྱུད་ཚོད་ཤེས་པར་ཐུགས་རྗེས་ཟུངས། །ཆོས་ལ་དུས་ཚོད་མེད་ན་རྣལ་འབྱོར་འཆལ་བ་ཡིན། །གཏམ་ལ་ཟློ་དུས་མེད་ན་མི་རྒན་འཆལ་བ་ཡིན། །ཟས་ལ་སྟེར་ཚོད་མེད་ན་མོ་བཙུན་འཆལ་བ་ཡིན། །ལས་ལ་བྱེད་དུས་མེད་ན་འཁོར་གཡོག་འཆལ་བ་ཡིན། །དགྲ་དང་འཕྲད་དུས་མེད་ན་དཔའ་བོ་འཆལ་བ་ཡིན། །རྐྱེན་དང་ཕྲད་དུས་མེད་ན་བཙུན་པོ་འཆལ་བ་ཡིན། །སྡུག་བསྔལ་བྱུང་དུས་མེད་ན་ཕན་འདོགས་འཆལ་བ་ཡིན། །སྒོམ་ལ་སྙིང་རུས་མེད་ན་རི་ཕུག་འཆལ་བ་ཡིན། །གཅིག་ཕན་གཅིག་ལ་མེད་ན་གྲོགས་མཆེད་འཆལ་བ་ཡིན། །ཅི་གསུང་ཚད་མར་མི་འཛིན་དཔོན་སློབ་འཆལ་བ་ཡིན། །ལར་འཆལ་ཚུལ་བཤད་ན་བསམ་མི་ཁྱབ། །ཅི་གསུང་ཉམས་སུ་ལོངས་ཤིག་བུ་སློབ་རྣམས། །ཞེས་གསུངས་པས་ཀུན་ངེས་ཤེས་སྐྱེས་སོ། །དེ་ནས་རས་ཆུང་པས་བླ་མའི་བཀའ་གང་གནང་བ་སྒྲུབ་པར་དམ་བཅས་ནས་ཞབས་ཏོག་ལ་བརྩོན་པར་ཡོད་པའི་མནལ་ལམ་དུ། ཁྱི་གཅིག་ལ་བལ་གྱི་ཁལ་བཀལ་ནས་ཡི་གེ་འདྲི། འོ་དོད་འབོད་ཅིང་ཕྱིན་པས་ལ་ཁ་གཅིག་ལ་མི་བརྒྱད་ཅུ་རྩ་བརྒྱད་ཀྱིས་ཕར་བསྐྱལ། བརྒྱད་ཅུ་རྩ་བརྒྱད་ཀྱིས་ཚུར་བསུ་བ་ཞིག་རྨིས་ནས་ཅི་ཡིན་ཞུས་པས་མགུར་འདི་གསུངས་སོ། །ཁྱི་ནི་གྲོགས་དང་ལྡན་པ་སྟེ། །རྒྱུད་ནི་བལ་ལས་འཇམ་པ་ཡིན། །ཡི་གེ་ཐ་སྙད་དོན་ལ་མཁས། །ཉམས་མྱོང་འོ་དོད་གླུ་རུ་ལེན། །སྐྱེལ་བསུ་བརྒྱད་ཅུ་བརྒྱད་ནས་འབྱུང་། །ཞེས་གསུངས་སོ། །ཡང་ནུབ་གཅིག་གི་རྨི་ལམ་དུ་གོས་ཕུད་ནས་ཆུས་བཀྲུས། བྱ་ཞིག་ཏུ་གྱུར་ནས་འཕུར་ཏེ་ཤིང་ཁར་བབས་ནས་མེ་ལོང་ལ་ལྟ་བ་རྣམས་རྨིས་ཞུས་པས། ཆོས་བརྒྱད་ཚེ་འདིའི་གོས་བཤུས་ནས། །གདམས་པ་དྲི་མེད་ཆུ་ཡིས་འཁྲུད། །བྱམས་དང་སྙིང་རྗེའི་བྱ་ལུས་ལ། །ཚོགས་གཉིས་ལྡན་པའི་གཤོག་བཏགས་འཕུར། །བབས་པ་བྱང་ཆུབ་ཤིང་རྩེར་བབས། །མེ་ལོང་མཁའ་འགྲོའི་བརྡ་སྟོན་འབྱུང་། །ཞེས་གསུངས་སོ། །ཡང་ནུབ་གཅིག་གི་རྨི་ལམ་དུ་བོང་བུ་ཞིག་ལ་ཁ་ཕྱིན་ཅི་ལོག་ཏུ་ཞོན་ནས་རེ་བའི་གོས་གྱོན་པ་རྨིས་པ་རྗེ་བཙུན་ལ་ཞུས་པས། ཐེག་ཆེན་བོང་བུའི་རྟ་ཞོན་པ། །འཁོར་བ་དག་ལ་རྒྱབ་ཕྱོགས་ཏེ། །མྱང་འདས་མདུན་དུ་བསུ་བར་བྱེད། །རེ་བ་ཀུན་གྱི་རེ་གནས་པ། །ཞེས་གསུངས་སོ། །ཡང་ནུབ་གཅིག་གི་རྨི་ལམ་དུ་ནོར་བུ་མགོ་ཐོག་ཏུ་བཞག །རས་དྲི་མ་མེད་པ་ལུས་ལ་གྱོན། མེ་ལོང་གཡའ་དག་པ་ཞིག་ལ་བལྟ། ཕྱག་གཡས་རྡོ་རྗེ་དང་གཡོན་ཐོད་པ་ཟས་ཀྱིས་བཀང་བ་བསྣམས། པདྨའི་གདན་ལ་སྐྱིལ་ཀྲུང་བཅས། རྒྱབ་ཏུ་འོད་འཁྱིལ། ལུས་ལ་མེ་དཔུང་འབར། མདུན་དུ་ཆུ་མིག་བརྡོལ། སྙིང་ལ་ཉི་ཟླ་ཤར། གཡོན་ཕྱོགས་ན་སྐྱེས་པ་དང་བུད་མེད་མང་པོ་གཤིབས་འདུག །གཡས་ཕྱོགས་ན་ལུ་གུ་གཅིག་དང་རེའུ་ཚན་ཞིག་སྐྱོང་ཞིང་འདུག་པས། ལུ་གུ་གཅིག་པོ་དེ་མང་དུ་འཕེལ་བ་རྨིས་ཏེ་རྗེ་བཙུན་ལ་ཞུས་པས། རྗེ་བཙུན་གྱི་ཞལ་ནས་འདི་ལྟར་ཡིན་གསུངས་ནས་མགུར་འདི་གསུངས་སོ། །ནོར་བུ་བླ་མ་སྤྱི་བོར་བསྒོམ། །བཀའ་བརྒྱུད་རས་དཀར་དྲི་མེད་ལ། །སྙན་བརྒྱུད་ངོ་སྤྲོད་མེ་ལོང་བལྟ། །ཕྱག་གཡས་རྡོ་རྗེས་རྣམ་རྟོག་འཇོམས། །གཡོན་པ་བདེ་སྟོང་ཉམས་མྱོང་སྐྱོང་། །པད་གདན་ཉེས་པའི་སྐྱོན་མ་གོས། །སྐྱིལ་ཀྲུང་རྩེ་གཅིག་ཏིང་འཛིན་གནས། །རྟོགས་པ་རྒྱབ་ཏུ་འོད་གསལ་འཁྱིལ། །དྲོད་རྟགས་ཉམས་མྱོང་ཆུ་མིག་བརྡོལ། །ལུས་ལ་གཏུམ་མོ་མེ་ལྟར་འབར། །ཉི་ཟླ་འོད་གསལ་ངང་དུ་གནས། །གཡོན་དུ་སྐྱེས་པ་བུད་མེད་གྲལ། །དཔའ་བོ་དཔའ་མོའི་གདན་འདྲེན་འབྱུང་། །གཡས་ཕྱོགས་རེའུ་ལུག་རང་འཁོར་སྐྱོང་། །ལུ་གུ་འཕེལ་བས་སྙན་བརྒྱུད་དར། །དེ་ལྟར་འོང་བ་ཡིན་པས་ད་ཁྱེད་ངའི་སར་སྡོད་མི་དགོས་པར་འདུག་པས་སོངས་ཤིག །གདུལ་བྱ་དུས་ལ་བབ་པས་རང་གཞན་གྱི་དོན་རྒྱ་ཆེན་པོ་འགྲུབ་བོ་གསུངས་ནས་ཞལ་གདམས་མགུར་དུ་གསུངས་པ། བུ་གཅིག་གསོན་དང་རས་ཆུང་པ། །ཁྱོད་འཁོར་འདས་རྐྱེན་ལ་རག་ལས་པས། །བླ་མ་དམ་པ་བསྟེན་ནུས་ན། །འབད་མེད་གདམས་པ་ཤུགས་ལས་འབྱུང་། །བུ་གཅིག་གསོན་དང་རས་ཆུང་པ། །ཁྱོད་ཡུལ་ལ་ཆགས་སེམས་སྤངས་ནས་ནི། །རི་ཁྲོད་དགོན་པ་འཛིན་ནུས་ན། །རྩོལ་མེད་དངོས་གྲུབ་ཤུགས་ལས་འབྱུང་། །ལས་ངན་འཛིན་པའི་རྩ་བ་ཅན། །ནོར་ལ་ཆགས་སེམས་སྤངས་ནས་ཀྱང་། །ཆགས་མེད་ཞེན་མེད་བྱེད་ནུས་ན། །བདེ་ཆེན་ལམ་སྣ་ཤུགས་ལས་འབྱུང་། །བུ་གཅིག་གསོན་དང་རས་ཆུང་པ། །འཁོར་བར་སྐྱེ་བའི་རྩ་བ་ཅན། །བུ་ཚའི་འཁྲི་བ་བཅད་ནས་ནི། །རང་ཉིད་གཅིག་པུར་སྡོད་ཟུག་ན། །ཞིང་ཁམས་རྣམ་དག་ཤུགས་ལས་འབྱུང་། །བུ་གཅིག་གསོན་དང་རས་ཆུང་པ། །ད་ལྟ་དམ་ཆོས་དར་ལགས་ཀྱང་། །ཆོས་འདྲ་མིན་མང་པོས་བསྲེ་བསླད་བྱས། །བླ་མ་སློབ་དཔོན་བྱེད་མི་མང་། །ཁ་བཟང་འདོད་གཏམ་ཆགས་པར་སྨྲ། །བརྒྱུད་པ་བཟང་རྒྱུ་འདོམས་ཤིག་ཕ་ཡི་བུ། །བུ་གཅིག་གསོན་དང་རས་ཆུང་པ། །སྙིང་ནས་དམ་ཆོས་མཛད་དགོངས་ན། །ཆོས་ཉོན་མོངས་གཉེན་པོར་འགྲོ་དགོས་པས། །ཁ་བཤད་ཀྱི་ངོ་ལྐོག་མ་ཆེ་བར། །ཞེ་ཕུགས་ཀྱི་སྐྱིད་འདོད་འབྲལ་བ་གཅེས། །བུ་གཅིག་གསོན་དང་རས་ཆུང་པ། །འབྲས་བུ་སངས་རྒྱས་ཐོབ་འདོད་ན། །ཚེ་འདིའི་བདེ་སྐྱིད་མ་བསམ་པར། །རང་སེམས་རྩ་བ་མ་ཤོར་བར། །སྒོམ་པ་རྒྱུད་ལ་བརྟེན་ཅིག་ཨང་། །ཞེས་གསུངས་ནས་རས་ཆུང་པ་ཁྱོད་དང་པོར་སྡོད་བྱས་ཀྱང་འགྲོ་ཞིང་འདུག །འགྲོ་ན་ད་སོང་ལ་གནས་ཤམ་པོའི་གངས་བྱར་པོའི་ནགས་ལོ་རོའི་རྡོ་བོད་ཀྱི་མཚམས་སུ་སེམས་ཅན་གྱི་དོན་གྱིས་ཤིག་ཅེས་མགུར་འདི་གསུངས་སོ། །ཕ་ང་ཡི་བུ་ཆེན་རས་ཆུང་པ། །དབུ་རུ་བོད་ཀྱི་ཡུལ་དུ་སོངས། །བུ་བཞིའི་ནང་ན་དོན་པོ་ཁྱོད། །བླ་མ་སྤྱི་བོར་སྒོམ་ཞིང་སོངས། །བརྒྱུད་པ་རྣམས་ཀྱི་སྲས་བུ་ཁྱོད། །དམ་ཚིག་ཡེངས་མེད་བསྲུང་ཞིང་སོངས། །སྙན་བརྒྱུད་འཛིན་པའི་སྒྲོན་མེ་ཁྱོད། །མ་རིག་མུན་པ་སེལ་ཞིང་སོངས། །སྐལ་ལྡན་རྣམས་ལ་སྤེལ་ཞིང་སོངས། །སྐལ་མེད་རྣམས་ལ་གསང་ཞིང་སོངས། །བསྟན་པའི་སྲོག་ཤིང་འཛུགས་ཤིང་སོངས། །སྐལ་ལྡན་ཐུགས་རྗེས་འཛིན་ཞིང་སོངས། །ལྷོ་ཕྱོགས་ཟུར་ཁ་འགྲིམས་ཤིང་སོངས། །ཤམ་པོའི་གངས་ལ་སྒོམ་དུ་སོངས། །རྡོ་བོད་མཚམས་སུ་དགོན་པ་ཐོབ། །ཅེས་གསུངས་པས་རས་ཆུང་པ་འབྱོན་པའི་ཆས་མཛད་ནས། རྗེ་བཙུན་ལ་ཕྱག་ཕུལ་ཏེ་ཞུ་དོན་འདི་དབྱངས་སུ་ཕུལ་ལོ། །ཕ་ཡི་བུ་ཆེན་རས་ཆུང་པ། །བླ་མའི་བཀའ་བཞིན་དབུས་སུ་འགྲོ། །རས་ཆུང་དབུས་སུ་འགྲོ་བ་ལ། །རྡོ་རྗེའི་སྐུ་ཡིས་བྱིན་གྱིས་རློབས། །ཚངས་པའི་གསུང་གིས་བར་ཆད་སོལ། །རྟོགས་མེད་ཐུགས་ཀྱིས་ལམ་སྣ་དྲོངས། །ཕ་རྗེ་བཙུན་སྐུ་ཁམས་བདེ་བར་མཛོད། །བུ་རས་ཆུང་དབུས་སུ་འགྲོ་བ་ལ། །བཀའ་དྲིན་གྱི་སྐྱེལ་མ་ད་དུང་མཛོད། །ང་སོང་དུས་སུ་རིན་པོ་ཆེ། །དུས་གསུམ་སངས་རྒྱས་འདུས་པའི་སྐུ། །འགྲོ་བའི་མགོན་པོ་བདེ་བར་བཞུགས། །མངོན་ཤེས་རིག་པའི་རྫུ་འཕྲུལ་ཅན། །ཆོས་ཀྱི་སྤྱན་ཅན་བདེ་བར་བཞུགས། །སྐུ་དྲིན་འཁོར་མེད་རིན་པོ་ཆེ། །མ་རིག་མུན་སེལ་བདེ་བར་བཞུགས། །མཇལ་བ་དོན་ལྡན་མཐུ་སྟོབས་ཅན། །བྱང་ཆུབ་ལམ་མཁན་བདེ་བར་བཞུགས། །ཞེས་ཞུས་པས་རྗེ་བཙུན་གྱིས་རས་ཆུང་པའི་རྫོངས་སུ་ལྟ་སྒོམ་སྤྱོད་པའི་མགུར་འདི་གསུངས་སོ། །བུ་ལྟ་བ་ཕྱོགས་རིས་མ་བྱེད་ཨང་། །སྒོམ་པ་རི་ཁྲོད་ཟུངས་ཤིག་ཨང་། །སྤྱོད་པ་གྲོགས་ངན་སྤོངས་ཤིག་ཨང་། །དམ་ཚིག་སྣང་བ་སྟུན་ཅིག་ཨང་། །འབྲས་བུ་འཆི་བ་སོམས་ཤིག་ཨང་། །ཡང་བུ་ཁྱོད་ཀྱི་ཤིང་མོ་ཡོས་ཀྱི་ལོ་རྟའི་ཟླ་བའི་ཚེས་བཅུ་བཞི་ཚུན་ལ་འདིར་སླེབ་པར་གྱིས་ཤིག །དགོས་པ་ཆེན་པོ་ཡོད་དོ་གསུང་། གསེར་དུམ་ཞིག་དང་སྙིང་ལ་འཕྲོད་པའི་ཞལ་ཏ་མང་དུ་གནང་བས། རས་ཆུང་པ་བླ་མ་དང་འབྲལ་མ་ཕོད་རུང་། བླ་མའི་བཀའ་བྱུང་བས་དབུས་ཕྱོགས་སུ་འགྲོ་དགོས་པར་ཁོ་ཐག་ཆོད་ནས། སྤྱན་ཆབ་བསིལ་ཞིང་སྨོན་ལམ་ཞལ་མཇལ་འདི་དབྱངས་སུ་ཕུལ་ལོ། །རྒྱ་གར་གྱི་ཆུ་དང་བལ་པོའི་ཆུ། །ལུང་པའི་དབང་གིས་སོ་སོ་ཡང་། །ཆུ་བོའི་ངང་དུ་རོ་གཅིག་པས། །རྒྱ་མཚོའི་ཀློང་དུ་མཇལ་ཏེ་མཆི། །ཤར་ནས་འཆར་བའི་ཁྲི་གདུགས་དང་། །ནུབ་ནས་ཚེས་པའི་ཟླ་བ་གཉིས། །གླིང་བཞིའི་དབང་གིས་སོ་སོ་ཡང་། །འོད་ཟེར་གྱི་ངང་དུ་རོ་གཅིག་པས། །དགུང་སྤྲིན་མེད་ཀྱི་ངང་དུ་མཇལ་ཏེ་མཆི། །རྒྱལ་བའི་ཐུགས་དང་འགྲོ་དྲུག་གི་སེམས། །མ་རིག་དབང་གིས་སོ་སོ་ཡང་། །སེམས་ཉིད་ཀྱི་ངང་དུ་རོ་གཅིག་པས། །ཆོས་དབྱིངས་ངང་དུ་མཇལ་ཏེ་མཆི། །ཕ་རྗེ་བཙུན་རི་ལ་བཞུགས་པ་དང་། །བདག་རས་ཆུང་རྒྱལ་ཁམས་བསྐོར་བ་གཉིས། །སྒྱུ་ལུས་དབང་གིས་སོ་སོ་ཡང་། །ཆོས་སྐུའི་ངང་དུ་རོ་གཅིག་པས། །འོག་མིན་གནས་སུ་མཇལ་ཏེ་མཆི། །ཕ་རྗེ་བཙུན་སྐུ་ཁམས་ཅི་བདེར་བཞུགས། །བདག་རས་ཆུང་དབུས་སུ་འགྲོ་བར་ཞུ། །ཞེས་ཞུས་ནས་རྗེ་བཙུན་གྱི་ཞབས་སྤྱི་བོར་བླངས་ནས་སྨོན་ལམ་མང་པོ་བཏབ་སྟེ། དབུས་ལ་ཕེབས་ནས་བྱར་པོ་ནགས་ཀྱི་དགོན་པར་བཞུགས་དུས་ལྷ་ལྕམ་བཤགས་པ་འབུལ་དུ་བྱུང་བས། ཐོག་མར་མཇལ་ཁ་མི་གནང་བ་ལྟར་མཛད་ཀྱང་རྗེས་སུ་ཐུགས་རྗེ་ཆེ་བ་དང་། རིན་ཆེན་གྲགས་ཞུ་ནན་ཆེ་བས་མཇལ་ཁ་གནང་སྟེ། དབུལ་ཞིང་ཕོངས་པས་སྒོ་གསུམ་སྡུག་བསྔལ་བའི་རྣམ་པར་འདུག་པ་ལ་ཚད་མེད་པའི་ཐུགས་རྗེ་ཆེན་པོ་འཁྲུངས་ཏེ་སྤྱན་ཆབ་གཡོ་བས་གསེར་གྱི་གནང་སྦྱིན་དང་བཅས་ཏེ་མགུར་འདི་གསུངས་སོ། །སྐྱེས་མཆོག་མི་ལའི་ཞབས་ལ་གསོལ་བ་འདེབས། །བཀའ་དྲིན་ཡང་ཡང་དྲན་ནོ་ཐུགས་རྗེས་ཟུངས། །ཁྱོད་སྔར་དང་མི་འདྲ་གླེང་མོ་བཞུན། །ང་བླ་མའི་དྲུང་དུ་མཇལ་བའི་ཚེ། །འོ་སྐོལ་འཐབ་གཞིའི་གཡུ་མོ་ཆེ། །མཎྜྻལ་སྟེང་ན་བཞག་ནས་གདའ། །དེ་མཐོང་བས་ཁོ་བོ་བ་སྤུ་གཡོས། །སྔར་དབུས་ལ་མ་འགྲོ་མ་འགྲོ་གསུང་། །ད་དབུས་ལ་སོངས་ཤིག་སོངས་ཤིག་གསུང་། །དེ་དྲན་ཞིང་ཁོ་བོ་ངོ་མཚར་སྐྱེས། །ཕ་རྗེ་བཙུན་དེ་ཡི་རྣམ་ཐར་ལ། །གསེར་དང་ས་རྡོ་ཁྱད་པར་མེད། །གསེར་འདི་ཁྱེར་ཅིག་ཁྱེར་ཅིག་གསུང་། །དེ་དྲན་ཅིང་ཁོ་བོ་ཡི་རངས་སྐྱེས། །ཕ་ཡིས་གནང་བའི་གསེར་འདི་ལ། །སངས་རྒྱས་སྐུ་འདྲ་མང་དུ་བཞེངས། །དེ་ལུས་ཀྱི་སྒྲིབ་པ་འདག་པ་ཡིན། །གཟུངས་སྔགས་ཆོ་ག་མང་དུ་ཐོན། །དེས་ངག་གི་སྒྲིབ་པ་སྦྱོང་བ་ཡིན། །མཆོད་རྟེན་ཚ་ཚ་མང་དུ་ཐོབ། །དེས་ཡིད་ཀྱི་སྒྲིབ་པ་འདག་པ་ཡིན། །ནང་དུ་རང་སེམས་དཔང་པོར་ཞོག །དོན་དུ་སྙན་བརྒྱུད་གདམས་ངག་སྒོམས། །ཡང་ཡང་རྗེ་ལ་གསོལ་བ་ཐོབ། །སྐབས་སུ་འགྱོད་པ་ཡང་ཡང་སྐྱེད། །དེ་ལྟར་མཛོད་དང་དོན་ཆེན་འགྲུབ། །ཅེས་གསུངས་ནས་ལྷ་ལྕམ་དང་ཞང་གཉིས་ཀ་བརྩེ་བས་རྗེས་སུ་བཟུང་སྟེ། སྙན་བརྒྱུད་ཀྱི་གདམས་ངག་གནང་སྒོམ་དུ་བཅུག་པས་ཞང་མཛེ་ནད་ལས་གྲོལ། ལྷ་ལྕམ་ལ་ཉམས་རྟོགས་བཟང་པོ་སྐྱེས་ནས་གཞན་ལ་ཕན་པའི་རྣལ་འབྱོར་མ་བཟང་མོ་ཞིག་བྱུང་བ་ཡིན་སྐད། དབུས་བཞུད་ཕྱི་མའི་སྐོར་རོ།། །།


༈ ན་མོ་གུ་རུ། རྗེ་བཙུན་མི་ལ་རས་པ་དེ་ཉིད་བྲིན་ལྷ་བྲོ་ན་ཡོན་བདག་བཀྲ་ཤིས་བརྩེགས་ཀྱིས་ཞབས་ཏོག་ཕུལ་ཏེ། ཡོན་བདག་མང་པོས་ཆོས་ཞུས་པའི་དུས་སུ་བཀྲ་ཤིས་བརྩེགས་ཀྱིས་རྗེ་བཙུན་ལགས། འཕྲལ་དུ་ནི་ཆོས་བཤད་པ་མང་པོ་བྱེད་པ་འདི་ཡང་དགའ་དགའ་འདྲ་མོ་གདའ་སྟེ། བདག་རང་གིས་གཉིས་ཀ་མི་འོང་རུང་རྗེ་བཙུན་སྒོམ་རང་མཛད་ཅིང་འདུག་པས་སྒོམ་ལ་དད་པར་བྱུང་། ཕུགས་རང་སྒོམ་ཀ་དགའ་བ་ལགས་སམ་ཞུས་པས། བཤད་པ་རྣམས་ཀྱང་སྒོམ་གྱི་ཕྱིར་དུ་གསུངས་ཤིང་བསླབས་པ་ཡིན་པས་མ་བསྒོམས་ཤིང་ཉམས་སུ་མ་བླངས་ན་དོན་མེད་གསུངས་ནས་མགུར་འདི་བཞེས་སོ། །ལར་མ་བསྒོམས་བཤད་པའི་ཆོས་འདི་ང་རྒྱལ་ཡིན། །མ་གསོས་རྙེད་པའི་བུ་དག་ཕུང་འདྲེ་ཡིན། །མ་ཞུས་དཔེ་རུལ་ཁྲེས་པོ་ཁུར་བ་དེ། །ལུང་མེད་ཁྲམ་པའི་གཉའ་ཤིང་ཅི་ལ་ཕན། །དྲང་དོན་ཐེག་པའི་མགོ་སྐོར་ཉན་ཚེ་སྐྱིད། །ངེས་དོན་བླ་མའི་གསུང་ལ་ཉན་མཁན་མེད། །དད་ལྡན་ཡོན་བདག་བུ་སློབ་ལྷ་ཆོས་གྱིས། །ཁྲེལ་མེད་ཁྲམ་པའི་ཁ་འཛིན་མ་བྱེད་པར། །ཉེས་མེད་སྙོམ་ཆུང་གི་བདེན་ཚིག་དྲང་པོར་སྟོན། །ཞེས་གསུངས་ནས་ངེས་པར་ཆོས་བྱེད་ན་མང་པོ་བསླབས་པ་བས། དོན་ཐོག་ཏུ་དར་ཅིག་བཞག་ན་ཕན། སྨྲ་བ་མང་ན་གོང་མས་འོག་མ་བསྒྲིབས་ནས་ཡིད་ལ་མི་ཟིན་པར་ལེགས་ལེགས་མང་པོས་མགོ་འཁོར་དུ་འཇུག །འཇིག་རྟེན་འདི་ལ་ཞེན་པ་ཆེས་ན་ཆོས་བྱས་ཀྱང་ཁ་ཆོས་ཡིན། ཡང་ཆོས་པ་ལ་ལས་ལོངས་སྤྱོད་སྣ་རེ་ལ་བལྟས་ནས་ཡོན་ཏན་རེ་རེ་ལ་ཁེངས་སེམས་བསྐྱེད་ནས་དམ་པ་གོང་མའི་ཡོན་ཏན་ལ་མི་དད་ན་བྱིན་རླབས་མི་འཇུག་གོ། །ཆོས་ལོང་ཡོད་སེམས་ལ་བྱས་ན་ལོང་མེད་པར་ཤི་ན་ཇི་ལྟར་བྱེད། ཤེས་ཚད་ཀྱི་ཁ་ནང་དུ་བལྟས་ནས་ཉམས་ལེན་བྱེད་དགོས། བཤད་སྒོམ་གཉིས་གཅིག་ཏུ་མ་དྲིལ་ན་མང་པོ་ཤེས་པར་བྱས་ནས་བསྒོམ་དགོས་བསམས་ཏེ། ཤེས་བྱའི་མཐའ་ལ་ཆོད་དུས་མེད། ལར་ཇོ་བོ་ཆོས་ཕྱུག་པོ་ཞིག་དང་གླེང་མོ་བྱས་ན་མི་དགོས་པ་གཅིག་ཀྱང་མེད་དེ། གདམས་ངག་ཟབ་མོ་མང་ན་གང་སྒྲུབ་ངོ་མི་ཤེས། བསྒྲུབས་ཀྱང་གཅིག་ལ་རྟགས་མ་བྱུང་བས་གཞན་ཨེ་དྲག་བསམས་ནས་འགྲུབ་དུས་མེད་པས། སོ་མ་ཞིག་སློབ་རིང་ལ་དེ་གོང་ཤེས་པ་བརྗེད་ནས་བྱིས་པའི་ལག་གི་མེ་ཏོག་དང་འདྲ་ཞེས་གསུངས་ནས་མགུར་འདི་གསུངས་སོ། །ཡང་ཉོན་དང་ཡོན་བདག་དད་པ་ཅན། །ལས་བདེན་པའི་སྟོབས་དེ་མི་ཤེས་པར། །སྡིག་ཅན་ཐར་པ་ཐོབ་ཏུ་རེ། །ལོ་ཟླ་ཞག་སོང་བ་ཚེ་ལ་གཟན། །མི་སྐྱིད་པ་ལོ་ཟླ་སོང་ན་དགའ། །ནམ་ཟླ་ཨེ་བཟང་ཨེ་བཟང་ཟེར། །མི་ཚེ་སོང་བ་མི་ཤེས་པ། །བླུན་པོ་མི་ཡི་རྣམ་དཔྱོད་ཡིན། །ཁྱེད་ངེས་པར་དམ་ཆོས་མཛད་དགོངས་ན། །མཆོད་པ་ཞིང་ས་དག་ལ་ཕུལ། །སྐྱབས་གནས་དཀོན་མཆོག་གསུམ་ལ་ཞུས། །ཞབས་ཏོག་བླ་མ་རྗེ་ལ་གྱིས། །ཞེ་ས་ཕ་མ་གཉིས་ལ་གྱིས། །སྦྱིན་པ་ལན་པོ་མེད་ལ་ཐོང་། །ཕན་འདོགས་མ་ནུས་པ་ལ་གྱིས། །རང་རྒྱུད་ཆོས་དང་བསྟུན་ལ་སྤྱོད། །ཆོས་ཉམས་ལེན་བྱེད་ན་མང་མི་དགོས། །ཁས་ལེན་མང་པོ་རྫུན་པ་ཡིན། །དེ་བཞིན་རྒྱུད་ལ་ཨེ་འབྱོར་ལྟོས། །ཞེས་གསུངས་པས། ཡང་ཁོང་རྣམས་ན་རེ་དེ་རྣམས་གོ་སླ་ལ་སེམས་ལ་ཕན་པར་བྱུང་བས་བཀའ་བཞིན་སྒྲུབ་པར་ཞུ། ད་དུང་བདག་ཅག་རྣམས་ཀྱི་བློ་ཚོད་དང་སྦྱར་ནས་གང་ལེགས་ཀྱི་ཆོས་དང་ཞལ་ཏ་རེ་གནང་བར་ཞུ་ཞུས་པ་ལ། རྗེ་བཙུན་གྱི་ཞལ་ནས་ཁྱེད་རྣམས་ལ་ངས་ལེགས་པའི་ཐབས་བཤད་པ་ལ་ཉན་ན་མང་པོ་ཡོད་དེ་མི་ཉན་ནམ་གསུངས་པས། ཅིས་ཀྱང་ཉན་པས་གསུང་བར་ཞུ་ཟེར་བས། འོ་ན་ཁྱེད་རང་རྣམས་ལ་འདི་ཕྱི་ཀུན་ཏུ་ཕན་པས་འདི་ལྟར་བྱས་ན་ལེགས་ཞེས་མགུར་འདི་གསུངས་སོ། །འོ་ན་ཡོན་བདག་ཕོ་མོ་རྣམས། །ཁྱེད་གཏན་གྱི་སོ་ནམ་མཛད་དགོངས་ན། །མི་ང་ཡི་ཁ་ལ་ཉན་པ་ན། །སྐྱེས་པ་ཐམས་ཅད་ངེས་པར་འཆི། །དེ་ཕྱིར་དམ་ཆོས་མཛད་ན་ལེགས། །སྒྱུ་མའི་ནོར་རྫས་བསགས་ཀྱང་ལུས། །དེ་ཕྱིར་སྦྱིན་པ་བཏང་ན་ལེགས། །འཇིག་རྟེན་གཉེན་འདུན་ཟབ་ཀྱང་འབྲལ། །དེ་ཕྱིར་གཉིས་མེད་བསྒོམས་ན་ལེགས། །སྒྱུ་མའི་ས་མཁར་བརྩིགས་ཀྱང་འཇིག །དེ་ཕྱིར་དབེན་པ་བསྟེན་ན་ལེགས། །ཁམས་ཀྱི་བཟའ་བཏུང་སྲིས་ཀྱང་འཛད། །དེ་ཕྱིར་ཚོགས་གསོག་མཛད་ན་ལེགས། །འདུས་བྱས་ལས་ལ་ཟིན་པ་མེད། །དེ་ཕྱིར་བྱ་བ་བཏང་ན་ལེགས། །བྲེ་མོའི་གཏམ་ལ་ཟད་པ་མེད། །དེ་བས་སྨྲ་བ་བཅད་ན་ལེགས། །གདམས་ངག་པགས་པ་སྣུམ་སྐུད་འདྲ། །བླ་མ་མཁས་པ་བསྟེན་ན་ལེགས། །ཉམས་མྱོང་མུན་པ་ཟླ་ཤར་འདྲ། །ཆུ་བོའི་རྒྱུན་བཞིན་བསྒོམས་ན་ལེགས། །ངེས་པ་དོན་གྱི་མདོ་དོན་བཅུ། །རྣལ་འབྱོར་རས་པའི་བློ་ལ་ཤར། །བྲིན་པ་ཕོ་མོའི་ཆོས་སྐལ་མཛོད། །ཅེས་གསུངས་ནས་ཡོན་བདག་ཕོ་མོ་རྣམས་ལ་སྐྱབས་འགྲོ་སེམས་བསྐྱེད་དང་བསྔོ་བ་སྨོན་ལམ་གནང་བས་ཐམས་ཅད་ཆོས་ལ་སྣང་བ་འགྱུར་ཏེ། དེའི་ནང་ནས་སྒོམ་བྱེད་མཁན་ཡང་མང་པོ་བྱུང་བས་ཉམས་སྐྱེས་པ་ཡང་ཁ་རེ་བྱུང་ངོ་། །བཀྲ་ཤིས་བརྩེགས་ཀྱི་སྐོར་རོ།། །།


༈ ན་མོ་གུ་རུ། རྗེ་བཙུན་མི་ལ་རས་པ་དེ་ཉིད་བྲིན་གྱི་བྲག་མཁར་ན་བཞུགས་དུས་མཛེས་སེ་དང་ཁུ་བྱུག་ལ་སོགས་ཏེ་ཉ་མའི་ཡོན་བདག་ཀུན་གྱིས་ཆོས་ཞུས་པ་ལས། ཐོན་པའི་ཉིན་པར་མཛེས་སེ་འབུམ་གྱིས་དེ་རིང་འདིར་ཚོགས་ཀུན་ལ་གོ་བདེ་བའི་ཆོས་ཤིག་གནང་བར་ཞུ་ཞུས་པ་ལ། རྗེ་བཙུན་གྱིས་དེ་བྱེད་ཁྱེད་རང་རྣམས་རྣ་བ་གཏོད་ལ་ཉོན་ཅིག་གསུངས་ནས་མགུར་འདི་བཞེས་སོ། །ཕ་དྲིན་མཆོག་མར་པས་བྱིན་གྱིས་རློབས། །དད་འདུས་ཀྱི་སྣང་བ་ཆོས་ལ་བསྒྱུར། །མ་ཡེངས་དར་ཅིག་གསན་པར་ཞུ། །ཁྱེད་ཕོ་རབ་རྣམས་ལ་ཆོས་ཤིག་དགོས། །ཕོ་རབ་རྣམས་ལ་ཆོས་མེད་ན། །ཕོ་དང་བྱ་རྒྱལ་རྒོད་པོ་འདྲ། །སྡོད་ས་མཐོ་ཡང་དོན་གོ་ཆུང་། །ཕོ་འབྲིང་དེ་ལ་ཆོས་ཤིག་དགོས། །ཕོ་འབྲིང་དེ་ལ་ཆོས་མེད་ན། །ཁོ་དང་རྒྱ་སྟག་ཁྲ་བོ་འདྲ། །དཔའ་རྩལ་ཆེ་ཡང་དོན་གོ་ཆུང་། །ཕོ་ཐ་མ་དེ་ལ་ཆོས་ཤིག་དགོས། །ཕོ་ཐ་མ་དེ་ལ་ཆོས་མེད་ན། །ཁོ་དང་ཚོང་པའི་བོང་རྒན་འདྲ། །ཁུར་ཐེག་ཆེ་ཡང་དོན་གོ་ཆུང་། །མོ་རབ་རྣམས་ལ་ཆོས་ཤིག་དགོས། །མོ་རབ་དེ་ལ་ཆོས་མེད་ན། །མོ་དང་ལྷ་ཁང་ལོགས་རིས་འདྲ། །གཟུགས་བྱད་ལེགས་ཀྱང་དོན་གོ་ཆུང་། །མོ་འབྲིང་དེ་ལ་ཆོས་ཤིག་དགོས། །མོ་འབྲིང་དེ་ལ་ཆོས་མེད་ན། །མོ་དང་བྱི་བ་སྨུག་ཆུང་འདྲ། །གསོག་སྐྲུན་མཁས་ཀྱང་དོན་གོ་ཆུང་། །མོ་ཐ་མ་དེ་ལ་ཆོས་ཤིག་དགོས། །མོ་ཐ་མ་དེ་ལ་ཆོས་མེད་ན། །མོ་དང་ཨ་ཅེ་ཝ་མོ་འདྲ། །ཅམ་ཅམ་མང་ཡང་དོན་གོ་ཆུང་། །ཁྱེད་རྒས་འཁོགས་རྣམས་ལ་ཆོས་ཤིག་དགོས། །རྒས་འཁོགས་རྣམས་ལ་ཆོས་མེད་ན། །སྡོང་པོ་ཁོང་ནས་རུལ་བ་ཡིན། །སྟག་ཤར་རྣམས་ལ་ཆོས་ཤིག་དགོས། །སྟག་ཤར་རྣམས་ལ་ཆོས་མེད་ན། །གླང་ལ་འཁོར་གསུམ་བཏགས་པ་ཡིན། །དམན་ཤར་རྣམས་ལ་ཆོས་ཤིག་དགོས། །དམན་ཤར་རྣམས་ལ་ཆོས་མེད་ན། །བ་ལ་ནོར་བུ་བཏགས་པ་ཡིན། །གཞོན་པ་རྣམས་ལ་ཆོས་ཤིག་དགོས། །གཞོན་པ་རྣམས་ལ་ཆོས་མེད་ན། །དུག་གི་མེ་ཏོག་རྒྱས་པ་ཡིན། །བྱིས་པ་རྣམས་ལ་ཆོས་ཤིག་དགོས། །བྱིས་པ་རྣམས་ལ་ཆོས་མེད་ན། །ཐེའུ་རང་སྲིས་ལ་རྐུ་བ་ཡིན། །གང་ལྟར་བྱས་རུང་ཆོས་མེད་ན། །དོན་གོ་ཡོད་པ་གཅིག་ཀྱང་མེད། །དོན་གོ་ཡོད་པ་མཛད་དགོངས་ན། །ཐམས་ཅད་དམ་པའི་ལྷ་ཆོས་མཛོད། །ཅེས་གསུངས་པས། ཡོན་བདག་མོ་ཁུ་བྱུག་ན་རེ། རྗེ་བཙུན་གྲྭ་པ་བུ་སློབ་འདི་ཙམ་ཞིག་ཡོད་ཀྱང་ད་དུང་རི་ཁྲོད་ལ་གཅིག་པུར་བཞུགས་པ་རང་ལ་དགྱེས་པར་གདའ་བ། དེ་གྲོགས་བཟང་པོ་གཞན་ཞིག་ཡོད་པ་ལགས་སམ་ཞུས་པས་ཡོད་གསུང་། ཇི་འདྲ་ཡོད་ལགས་ཞུས་པས། འདི་འདྲ་ཡོད་གསུངས་ནས་མགུར་འདི་བཞེས་སོ། །ཕ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ངེད་རྣལ་འབྱོར་རི་ཁྲོད་འགྲིམ་པ་ལ། །གྲོགས་བཟང་པོ་ཉི་ཤུ་རྩ་གཅིག་བདོག །བླ་མ་ཡི་དམ་མཁའ་འགྲོ་གསུམ། །གསོལ་བ་འདེབས་པའི་གྲོགས་སུ་བཟང་། །སངས་རྒྱས་ཆོས་དང་དགེ་འདུན་གསུམ། །སྐྱབས་གནས་ཞུ་བའི་གྲོགས་སུ་བཟང་། །མདོ་དང་རྒྱུད་དང་བསྟན་བཅོས་གསུམ། །སློབ་གཉེར་བྱེད་པའི་གྲོགས་སུ་བཟང་། །རྩ་དང་རླུང་དང་ཐིག་ལེ་གསུམ། །ཐབས་ལམ་སྒོམ་པའི་གྲོགས་སུ་བཟང་། །བདེ་དང་གསལ་དང་མི་རྟོག་གསུམ། །མཉམ་པར་འཇོག་པའི་གྲོགས་སུ་བཟང་། །དག་སྣང་མོས་གུས་སྙིང་རྗེ་གསུམ། །བྱང་ཆུབ་སྒྲུབ་པའི་གྲོགས་སུ་བཟང་། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་གསུམ། །བར་ཆད་སེལ་བའི་གྲོགས་སུ་བཟང་། །ཞེས་གསུངས་པས། ཡང་མོ་ན་རེ་ངོ་མཚར་ཆེ་བར་གདའ། གྲོགས་རྣམས་དང་འགྲོགས་ནས་ཐུགས་དམ་མཛད་ཚེ་དཔེར་བགྱིས་ན་ཇི་ལྟ་བུ་ཞིག་འོང་ཞིང་གདའ་ལགས་ཞུས་པས། འདི་འདྲ་ཞིག་འོང་ཞིང་འདུག་གསུངས་ནས་མགུར་འདི་བཞེས་སོ། །རྡོ་རྗེ་འཆང་ཆེན་མན་ཆད་ནས། །སྒྲ་སྒྱུར་མར་པ་ཡན་ཆད་ཀྱི། །གྲུབ་ཐོབ་བརྒྱུད་པའི་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ང་སྤྱི་གཙུག་ཉི་ཟླའི་གདན་སྟེང་ན། །སྒྲུབ་བརྒྱུད་བླ་མ་བཞུགས་པ་དེ། །དཔེར་ན་ཅི་འདྲ་བགྱིས་ཙ་ན། །མུ་ཏིག་བསྟར་ལ་བརྒྱུས་པ་འདྲ། །བླ་མའི་བྱིན་རླབས་བློ་རེ་བདེ། །ང་རྒྱབ་རྟེན་དཀོན་མཆོག་གསུམ་ལ་བྱས། །ཐུགས་རྗེས་ཡེངས་མེད་སྐྱོང་བ་དེ། །དཔེར་ན་ཅི་འདྲ་བགྱིས་ཙ་ན། །བུ་གཅེས་པང་ན་འཚོ་བ་འདྲ། །སྐྱོ་ངལ་མེད་པ་བློ་རེ་བདེ། །ང་གཡས་ན་དཔའ་བོས་བྱིན་བརླབས་པ། །མི་མཐུན་རྐྱེན་རྣམས་སེལ་བ་དེ། །དཔེར་ན་ཅི་འདྲ་བགྱིས་ཙ་ན། །མཚོན་རྣོན་ཀླད་ལ་བསྐོར་བ་འདྲ། །འགལ་རྐྱེན་མེད་པ་བློ་རེ་བདེ། །གཡོན་ན་དཔའ་མོས་བྱིན་བརླབས་པ། །དངོས་གྲུབ་རྣམ་གཉིས་སྟེར་བ་དེ། །དཔེར་ན་ཅི་འདྲ་བགྱིས་ཙ་ན། །མ་སྲིང་བྱམས་མས་བསྐོར་བ་འདྲ། །དགོས་འདོད་འབྱུང་བ་བློ་རེ་བདེ། །ང་མདུན་ན་ཆོས་སྐྱོང་དམ་ལ་འདུ། །བཅོལ་བའི་ལས་རྣམས་གྲུབ་པ་དེ། །དཔེར་ན་ཅི་འདྲ་བགྱིས་ཙ་ན། །བྲན་གཡོག་ལས་ལ་འགྱེད་པ་འདྲ། །ཅི་བསམ་འགྲུབ་པ་བློ་རེ་བདེ། །ང་ཆོས་ཉིད་ལྟ་བའི་རྩལ་གསུམ་རྫོགས། །ཐེག་དམན་ཟིལ་གྱིས་གནོན་པ་དེ། །དཔེར་ན་ཅི་འདྲ་བགྱིས་ཙ་ན། །སེངྒེ་གངས་ལ་འཕྱོ་བ་འདྲ། །ཉམ་ང་མེད་པ་བློ་རེ་བདེ། །སྒོམ་པ་ཐབས་ཤེས་གཤོག་ཕྲུག་རྒྱས། །ཆོས་ཉིད་མཁའ་ལ་ལྡིང་བ་དེ། །དཔེར་ན་ཅི་འདྲ་བགྱིས་ཙ་ན། །རྒོད་པོ་ནམ་འཕང་ཆོད་པ་འདྲ། །ལྟུང་དོགས་མེད་པ་བློ་རེ་བདེ། །ང་སྤྱོད་པ་སེམས་ལ་ངར་འདོན་པ། །བྱིང་རྨུགས་སེལ་བའི་གྲ་འཛུམ་རྒྱས། །དཔེར་ན་ཅི་འདྲ་བགྱིས་ཙ་ན། །རྒྱ་སྟག་ནགས་ལ་རྒྱུ་བ་འདྲ། །འཇིགས་སྐྲག་མེད་པ་བློ་རེ་བདེ། །ང་འབྲས་བུ་སྐུ་གསུམ་མངོན་དུ་གྱུར། །སྤྲུལ་སྐུས་འགྲོ་དོན་བྱེད་པ་དེ། །དཔེར་ན་ཅི་འདྲ་བགྱིས་ཙ་ན། །ཉ་གསེར་མིག་ཆུ་ལ་རྩེ་བ་འདྲ། །སྐྱོ་ངལ་མེད་པ་བློ་རེ་བདེ། །ང་སྐབས་སུ་རྟོགས་པའི་དབྱངས་ཆུང་ལེན། །སྣང་བ་ཟིལ་གྱིས་གནོན་པ་དེ། །དཔེར་ན་ཅི་འདྲ་བགྱིས་ཙ་ན། །གཡུ་འབྲུག་མཁའ་ལ་སྒྲ་སྒྲོག་འདྲ། །ཞུམ་པ་མེད་པ་བློ་རེ་བདེ། །རྣལ་འབྱོར་མི་ལ་རས་པ་ང་། །རི་ཁྲོད་ཕྱོགས་མེད་འགྲིམ་པ་དེ། །དཔེར་ན་ཅི་འདྲ་བགྱིས་ཙ་ན། །རི་ལ་གནས་པའི་རི་དྭགས་འདྲ། །འཇིགས་པ་མེད་པ་བློ་རེ་བདེ། །བདེ་བདེ་འདྲ་ནས་བྱས་པ་ཡིན། །གླུ་དཔེ་ལྔ་དོན་དང་དྲུག་པོ་འདི། །ཁྲོམ་ཁོ་རེ་བཞུགས་པའི་ལྷ་མི་ཚོ། །ཐུགས་མ་ཡེངས་སྙན་གྱི་དབང་པོ་གཏོད། །བསམ་མནོ་རང་གི་སེམས་ལ་ཐོང་། །འཆི་ཁར་མི་འགྱོད་ཙམ་ཞིག་མཛོད། །བཀྲ་ཤིས་ཆོས་མཐུན་སྨོན་ལམ་འདེབས། །ཞེས་གསུངས་པས་ཀུན་ཡིད་ཚིམ་ནས་དགེ་བ་ལ་བརྩོན་པར་གྱུར་ཅིང་། དེ་རྣམས་ཀྱི་ནང་ནས་གཞོན་པ་འགའ་རྗེ་བཙུན་གྱི་ཕྱག་ཕྱིར་འབྲངས་པ་ལ་དབང་དང་གདམས་ངག་གནང་། སྒོམ་དུ་བཅུག་པས་རྟོགས་ལྡན་རེ་རེ་བྱུང་བ་ལགས་སོ། །མཛེས་སེ་དང་ཁུ་བྱུག་ལ་སོགས་བྲིན་གྱི་ཉ་མ་སྤྱིའི་སྐོར་རོ།། །།


༈ ན་མོ་གུ་རུ། རྗེ་བཙུན་མི་ལ་རས་པ་དེ་ཉིད་བྲག་དམར་སྤོ་མཐོ་ནམ་མཁའ་རྫོང་ན་བཞུགས་དུས། བྲིན་ར་ལུང་གི་ཉ་མ་རྣམས་མཇལ་དུ་བྱུང་བས། བདག་ཅག་རྣམས་ཀྱི་སེམས་ལ་ཕན་པའི་ཞལ་གདམས་རེ་གནང་བར་ཞུ་ཞུས་པས། རྗེ་བཙུན་གྱི་ཞལ་ནས་ཁྱེད་རྣམས་ལ་ཆོས་དགོས་ན་ང་བཞིན་ཆོས་འགལ་རྣམས་སྤངས་ན་ལེགས་པས་སྤོངས་ཤིག་གསུངས་པས། ཆོས་འགལ་གང་ལགས་དེ་ཀ་གསུང་དུ་གསོལ་ཞུས་པའི་ལན་དུ་མགུར་འདི་གསུངས་སོ། །ཀྭ་ཡེ་གསོན་དང་ཉ་མ་ཚོ། །ཟིན་པ་མེད་པའི་ལས་དང་གཅིག །མགུ་མེད་ངོ་སྲུང་འདི་དང་གཉིས། །སྐྱོ་ངལ་མེད་པའི་ལོང་གཏམ་གསུམ། །དེ་གསུམ་དམ་པའི་ཆོས་དང་འགལ། །མི་ང་ཡིས་དེ་གསུམ་རྒྱབ་ཏུ་བསྐྱུར། །ཁྱེད་ཀྱང་རྒྱབ་ཏུ་བསྐྱུར་ན་ལེགས། །བདག་ཏུ་བཟུང་བའི་གནས་དང་གཅིག །ཁ་ལན་རེ་བའི་ཚོགས་དང་གཉིས། །ངོ་སྲུང་དགོས་པའི་གཡོག་དང་གསུམ། །དེ་གསུམ་དམ་པའི་ཆོས་དང་འགལ། །མི་ང་ཡིས་དེ་གསུམ་རྒྱབ་ཏུ་བསྐྱུར། །ཁྱོད་ཀྱང་རྒྱབ་ཏུ་བསྐྱུར་ན་ལེགས། །སློབ་དཔོན་མཁྱེན་རྒྱ་ཆུང་དང་གཅིག །སློབ་མ་དད་པ་མེད་དང་གཉིས། །དམ་ཚིག་མི་བསྲུང་མཆེད་གྲོགས་གསུམ། །དེ་གསུམ་དམ་པའི་ཆོས་དང་འགལ། །མི་ང་ཡིས་དེ་གསུམ་རྒྱབ་ཏུ་བསྐྱུར། །ཁྱེད་ཀྱང་རྒྱབ་ཏུ་བསྐྱུར་ན་ལེགས། །བཟའ་ཚོ་རྒྱུན་དུ་འཐབ་དང་གཅིག །དགྲ་བུ་ཚ་ལུས་ལས་ཆད་དང་གཉིས། །བསྐྱངས་ཤིང་འཁང་བའི་འཁོར་གཡོག་གསུམ། །དེ་གསུམ་དམ་པའི་ཆོས་དང་འགལ། །མི་ང་ཡིས་དེ་གསུམ་རྒྱབ་ཏུ་བསྐྱུར། །ཁྱོད་ཀྱང་རྒྱབ་ཏུ་བསྐྱུར་ན་ལེགས། །ཞེས་གསུངས་པས་ཉ་མ་རྣམས་དད་བཞིན་སོང་ངོ་། །དེ་ནས་ལན་གཅིག་རྗེ་བཙུན་རླུང་ཞིག་གིས་བསྐྱོད་ནས་གཡང་ཆེན་པོ་ཞིག་ལ་ལྷུང་བ་དང་། ཤིང་སྡོང་སྐུ་ལ་ཟུག་པ་ལྟར་མཛད་པས། བུ་སློབ་རྣམས་སེམས་ལས་སུ་སོང་བའི་ཚེ། རྨ་མེད་པའི་སྐུ་དངོས་བསྟན་ནས་མགུར་འདི་གསུངས་སོ། །རླུང་གི་རྐྱེན་གྱིས་གཡོས་པ་ལས། །སེམས་མེད་ཤིང་གི་གནོད་པ་ཡིས། །འབྲས་ཀྱི་ཟུག་རྔུ་མི་བཟོད་པ། །སྨན་སྦྱོར་མཁའ་འགྲོ་མ་རྣམས་བྱེད། །ཅེས་གསུངས་སོ། །ཡང་ལན་གཅིག་རྗེ་བཙུན་སྤོ་མཐོའི་བྲག་དེ་ལ་ལྷུང་བ་ལྟར་མཛད་བྱོན་པས། བུ་སློབ་རྣམས་ཀྱིས་པུར་གདན་འདྲེན་དུ་ཕྱིན་པའི་ཚེ། བཞད་ཅིང་བཞུགས་འདུག་པ་ལ་ཅི་ལགས་ཞུས་པས་མགུར་འདི་གསུངས་སོ། །ཟུང་འཇུག་ཐང་དཀར་གཤོག་རྒྱངས་ནས། །འཕུར་བ་བྲག་དམར་རྩེ་ནས་འཕུར། །བབས་པ་རོང་ཁུང་ཤོད་དུ་བབས། །བྱས་པ་འཁོར་ལ་བྲེ་མོ་བྱས། །གྲོལ་བ་འཁོར་འདས་གཉིས་སུ་གྲོལ། །འཕྲོད་པ་བདེ་སྟོང་རང་ངོ་འཕྲོད། །ཅེས་གསུངས་སོ་། །ཡང་ལན་གཅིག་བྲག་ཆེན་པོ་ཞིག་གི་འགྲམ་ན་བཞུགས་དུས། བུད་མེད་གཅིག་འོངས་ནས་འདིར་མ་བཞུགས་ཡང་ཡང་ཟེར་རུང་བཞུགས་པས། བྲག་དེ་ཉིལ་བྱུང་བས་ལྟ་སྟངས་དང་སྡིགས་མཛུབ་མཛད་པས་ཕྱོགས་ཕྱོགས་ལ་འཐོར། བུ་སློབ་རྣམས་ཀྱིས་རྗེ་བཙུན་སྐུ་ནོང་སྙམ་ཕྱིན་པས་ཡང་མགུར་འདི་གསུངས་སོ། །རྣལ་འབྱོར་ལུས་ཀྱི་མེ་ཏོག་འདི། །སྲོག་འཇོམས་བྲག་དམར་གཤེད་མ་ཡིས། །བདུད་ལས་མཁའ་འགྲོ་མ་ཡིས་དྲངས། །ང་ནི་བདུད་ཀྱིས་ཁྱེར་སྙམ་མེད། །ཅེས་གསུངས་སོ། །དེ་ནས་སློབ་མ་རྣམས་ཀྱིས་རྗེ་བཙུན་བྲག་ཉིལ་བ། གཡང་ལ་བྱོན་པ། སྐུ་ཤིང་གིས་ཕུག་པ་རྣམས་ཀྱིས་མི་སྐྱོན་པ་ཅི་ལགས་ཞུས་པས། ཕུང་པོ་འཇའ་ལུས་སུ་གྱུར། ཉོན་མོངས་ཡེ་ཤེས་སུ་གྱུར། མ་སྐྱེས་པར་ཤེས་པས་མི་འཆི་བར་ཐག་ཆོད། ཆོས་བརྒྱད་རླུང་ལ་བསྐུར་བས། བདུད་བཞི་ཁ་སྐྱེངས་སུ་བཅུག་པའི་རྟགས་ཡིན་གསུང་། འོ་ན་བདུད་བཞི་ལས་རྒྱལ་བ་ལགས་སམ་ཞུས་པས། ཡིན་དུའང་རུང་ཞིང་། ད་ཕྱིན་ངའི་བརྒྱུད་པ་བཅུ་གསུམ་ཚུན་ལ་བདུད་ཀྱིས་མི་ཚུགས་པ་ཡིན་གསུང་ངོ་། །དེ་ནས་རྗེ་བཙུན་གྱི་དྲུང་དུ་དབུས་ཕྱོགས་ཀྱི་སྔགས་པ་ཞིག་མཇལ་དུ་བྱུང་བས། དེ་ལ་སེ་བན་རས་པ་ན་རེ། ཁྱེད་ཀྱི་དབུས་ཕྱོགས་ན་གྲུབ་ཐོབ་ཅི་འདྲ་ཡོད་ཟེར་བས། མི་མ་ཡིན་གྱིས་ཞབས་ཏོག་བྱེད་པ་ཡོད་ཟེར་བས། རྗེ་བཙུན་གྱི་ཞལ་ནས། དེ་རང་གིས་གྲུབ་ཐོབ་ཏུ་མི་འགྲོ་གསུང་བ་ལ། སེ་བན་ན་རེ། རྗེ་བཙུན་ལ་ཡང་ཡོད་ལགས་སམ་ཞུས་པས། ང་ལ་འདི་འདྲ་ཡོད་གསུངས་ནས་མགུར་འདི་གསུངས་སོ། །མི་ཟད་ནམ་མཁའི་མཛོད་ལྟ་བུ། །ཏིང་ངེ་འཛིན་གྱི་གཡོས་སྐོལ་གྱིས། །བཀྲེས་སྐོམ་ཟས་ཀྱི་འདུན་པ་དང་། །བྲལ་བར་མཁའ་འགྲོ་མ་རྣམས་བྱེད། །དེ་ཡང་གྲུབ་ཐོབ་ཡིན་སྙམ་མེད། །ཅེས་གསུངས་པས། སྔགས་པ་ན་རེ། ཡི་དམ་གྱི་ཞལ་མཐོང་བ་ཡང་ཡོད་ལགས་སམ་ཞུས་པས་མགུར་འདི་གསུངས་སོ། །སེམས་ཀྱི་ངོ་བོ་མཐོང་གྱུར་ཅིང་། །མ་རིག་མུན་པ་སངས་པས་ན། །ཞལ་དག་མཁའ་འགྲོ་མས་ཀྱང་སྟོན། །ཆོས་ཉིད་ཀློང་ལ་ལྟ་རྒྱུ་མེད། །དམིགས་མེད་ཡིད་ལ་མི་བྱེད་ཅིང་། །རང་ཉིད་རང་བྱུང་རང་གསལ་གྱི། །ཆོས་རྣམས་མཁའ་འགྲོ་མ་ཡིས་གསུང་། །བླ་མའི་གསུང་ལས་གཉན་པ་མེད། །མཆོག་དང་ཐུན་མོང་ལ་སོགས་པའི། །དགོས་པ་ཐམས་ཅད་ཚེ་འདི་རུ། །འགྲུབ་ཅེས་མཁའ་འགྲོ་མས་ཀྱང་གསུང་། །དེ་ཡང་གྲུབ་ཐོབ་ཡིན་སྙམ་མེད། །ཅེས་གསུངས་པས། ཁོ་ན་རེ། སེམས་དཔེ་ཇི་ལྟ་བུ་ཞིག་གིས་མཚོན་པ་ལགས་ཞུས་པས་མགུར་འདི་གསུངས་སོ། །སེམས་ཉིད་སྐྱེ་བ་མེད་པ་འདི། །དཔེ་ནི་གང་གིས་མཚོན་དུ་མེད། །སེམས་ཉིད་འགག་པ་མེད་པ་འདི། །མ་རྟོགས་པ་ལ་དངོས་ཀུན་དཔེ། །རྟོགས་པ་རྣམས་ལ་སེམས་ཉིད་དཔེ། །དཔེ་དོན་གཉིས་སུ་མ་ཕྱེད་ཅིང་། །སྨྲ་བསམ་བརྗོད་པའི་ཡུལ་ལས་འདས། །བརྒྱུད་པའི་བྱིན་རླབས་ངོ་མཚར་ཆེ། །ཞེས་གསུངས་པས། ཁོ་བག་ཆགས་སད་པས། རྗེ་བཙུན་ལ་མི་ཕྱེད་པའི་དད་པ་ཐོབ་ནས་ཕྱག་ཕྱིར་འབྲངས་པ་ལ། དབང་དང་གདམས་ངག་གནང་ནས་བསྒོམས་པས་རྟོགས་ལྡན་ཁྱད་པར་ཅན་ཞིག་བྱུང་ངོ་། །བདུད་བཞི་ལས་རྒྱལ་བ་དང་། སྔགས་པའི་ཞུས་ལན་གྱི་སྐོར་རོ།། །།


༈ ན་མོ་གུ་རུ། རྗེ་བཙུན་མི་ལ་རས་པ་དེ་ཉིད་ཆུ་དབར་ན་བཞུགས་པའི་དུས་སུ་རྗེ་བཙུན་ཞག་འགའ་ལ་རིགས་ཀྱིས་མི་མཐོང་བ་དང་། ལ་ལས་སྐུ་མཐོང་རུང་ཟས་ཀྱི་བྱ་བ་སོགས་མཛད་སྤྱོད་ཅི་ཡང་མི་མཛད་པར་མཐོང་བ་ལས། ཡང་ཀུན་གྱིས་རྗེ་བཙུན་རེས་བཤུམས། རེས་བཞད་ཅིང་འདུག་པ་མཐོང་བའི་ཚེ། ཞི་བ་འོད་ཀྱིས་རྗེ་བཙུན་ཁ་སང་ནས་མཐོང་ཡང་མ་མཐོང་། ལ་ལས་མཐོང་ཡང་ཏིང་ངེ་འཛིན་ཁོ་ན་ལ་བཞུགས་པ་བྱུང་འདུག །དེ་བར་ལ་ཅི་མཛད། ད་རེས་བཤུམས། རེས་བཞད་པའི་རྒྱུ་མཚན་ཅི་ལགས་ཞུས་པས། ང་ལ་ཁ་སང་ནས་ཆོས་ཉན་མང་པོ་རང་ཞིག་བྱུང་བ་ཡིན་ཏེ། དེ་རྣམས་ཀྱི་བདེ་བ་མཐོང་བས་དགོད་ཤོར། སྡུག་བསྔལ་མཐོང་བས་ངུ་ཤོར་བ་ཡིན་གསུངས་པས། དེའི་རྒྱུ་མཚན་ཇི་ལྟར་ལགས་གསུང་དུ་གསོལ་ཞུས་པས། འོ་ན་མཎྜྻལ་ཞིག་ཕུལ་གསུང་། མཎྜྻལ་ཕུལ་ནས་ཞུས་པས། ངས་ཁ་སང་ནས་རིགས་དྲུག་ཀུན་ལ་ཆོས་བཤད་དུ་ཕྱིན་པ་ཡིན་ཏེ། ལྷ་མིའི་བདེ་བ་དང་དགེ་བ་སྒྲུབ་མཁན་རྣམས་ལ་བསམས་ནས་དགོད་ཤོར། ངན་སོང་གསུམ་གྱི་སྡུག་བསྔལ་དང་སྡིག་པ་གསོག་མཁན་རྣམས་ལ་བལྟས་ནས་ངུ་ཤོར་བ་ཡིན་གསུངས་པས། འོ་ན་རིགས་དྲུག་ལ་བདེ་བ་དང་སྡུག་བསྔལ་ཇི་ལྟ་བུ་མཆིས། ཁྱད་པར་ལྷ་ལ་བདེ་བ་ཇི་ལྟ་བུ་མཆིས་ཞུས་པས། ལྷའི་བདེ་བ་ལའང་ཡིད་མ་ཆེས། འདུག་དག་འདི་ལྟར་འདུག་སྟེ་གསུངས་ནས་མགུར་འདི་གསུངས་སོ། །རྗེ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །བྱིན་རླབས་སེམས་ཅན་ཡོངས་ལ་ཁྱབ་པར་ཤོག །འཇིག་རྟེན་ལྷ་དང་མི་ཡི་བདེ་བ་ཡང་། །གཡེང་ནི་ལྷ་གཡག་བཞིན་དུ་ཆེ་ཞིང་འདུག །སྐད་ནི་གཡུ་འབྲུག་བཞིན་དུ་ཆེར་བསྒྲགས་ཀྱང་། །དེ་ལ་སྙིང་པོ་མི་འདུག་སྟེ། །གཟུགས་མེད་སྐྱེ་མཆེད་མུ་བཞི་ནི། །བཟང་ངན་ཡིད་ལ་མི་དྲན་ཅིང་། །འདུ་ཤེས་རྨུགས་པས་ཚོར་བ་མེད། །དིང་སང་དབང་པོ་བརྒྱལ་བ་བཞིན། །བསྐལ་པ་མང་པོར་གྲངས་རྩིས་ཀྱང་། །སྐད་ཅིག་ཙམ་ཞིག་མ་རྟོགས་པའི། །དེ་ལ་སྙིང་པོ་ཡེ་མ་མཆིས། །ལྟུང་དུས་བསམ་ངན་སྐྱེས་ནས་ལྟུང་། །དེ་ཡི་རྒྱུ་རྐྱེན་གནས་ལུགས་ནི། །སྟོང་ལྟ་ཁ་ལྟ་སྐམ་པོས་བྱུང་། །གཟུགས་ཁམས་གནས་རིགས་བཅུ་བདུན་ཀྱང་། །གཙང་མ་རིགས་ལྔ་དང་པོ་དང་། །འོག་མ་བཅུ་གཉིས་ལྟུང་བ་ཡང་། །རྒྱུ་འབྲས་བསོད་ནམས་མ་ཟད་པར། །དེ་ཡི་རྒྱུ་རྐྱེན་རྣམ་སྨིན་ཡང་། །ཕྱོགས་ཆ་ཅན་གྱི་དགེ་བ་དང་། །ཞེ་འཇིགས་ཅན་གྱི་སྒོམ་ཆེན་དང་། །ཆོས་བརྒྱད་བསྒྲིགས་པའི་ཆོས་སྤྱོད་རྣམས། །ཁས་ལེན་སྨྲས་ཀྱང་སེམས་མ་དག །ས་བོན་བག་ཆགས་ལུས་པ་དེས། །ཡུན་རིང་སོང་ཚེ་བསམ་ངན་སྐྱེས། །བསམ་ངན་སྐྱེས་དུས་བསོད་ནམས་ཟད། །བསོད་ནམས་ཟད་པས་མྱུར་དུ་ལྟུང་། །ལྟུང་བྱེད་ལྷ་ཡི་སྡུག་བསྔལ་ལ། །ཞིབ་ཏུ་བཤད་ན་སྣང་བ་འཁྲུག །དེ་གོ་བར་མཛོད་ལ་སྒོམ་ཡུན་སྲིངས། །ཞེས་གསུངས་པས། བུ་སློབ་རྣམས་སྐྱོ་ཆོད་པའི་ངང་ནས། ལྷ་མ་ཡིན་གྱི་སྡུག་བསྔལ་ཡང་གསུང་དུ་གསོལ་ཞེས་ཞུས་པའི་ལན་དུ་མགུར་འདི་གསུངས་སོ། །བླ་མ་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས། །བྱང་སེམས་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །ལྷ་མིན་སྡུག་བསྔལ་མི་ཆེ་རུ། །གདུག་སེམས་འཁྲུག་པས་རང་གཞན་བརླག །སེམས་ཉིད་འཁྲུག་པས་རང་མགོ་འཁོར། །ཚོར་བ་ངན་པས་འདུ་ཤེས་རགས། །གང་སྣང་དགྲ་རུ་ལེན་པ་ལ། །བདེན་པ་སྐད་ཅིག་ཡོད་ཐབས་མེད། །ལས་ངན་རང་སྲོག་མི་ཕངས་པར། །གཞན་ལ་ཕན་སེམས་སྐྱེ་བ་དཀའ། །རྩོད་པ་ལས་ཀྱིས་འཁྲུག་འཁྲུགས་པས། །ད་དུང་ཁ་ལ་མི་ཉན་འདྲ། །དེ་ཡི་རྒྱུ་རྐྱེན་བཤད་ན་ཡང་། །རང་བདེ་གཞན་སྡུག་འདོད་པ་དང་། །གཉེན་ལ་བྱམས་ཤིང་དགྲ་ལ་སྡང་། །ང་རྒྱལ་རང་མཐོང་སྤྱོད་པ་རྣམས། །ལས་ཀྱི་དབང་གིས་ལོག་པར་སྐྱེས། །ལུས་ངན་བླངས་པས་སྡིག་ལ་དགའ། །རྣམ་སྨིན་ངན་པས་འགྲོ་ལ་སྡང་། །ཡིན་པ་མིན་ཏེ་བྱ་ཐབས་དཀའ། །ཁྱེད་འདིར་ཚོགས་སྒོམ་ཡུན་ཤི་དང་སྙོམས། །ཞེས་གསུངས་པས། ངེད་རང་མི་རྣམས་ཀྱི་སྡུག་བསྔལ་ཡང་གསུང་དུ་གསོལ་ཞེས་ཞུས་པའི་ལན་དུ་མགུར་འདི་གསུངས་སོ། །རྗེ་སྦས་པའི་སངས་རྒྱས་མི་གཟུགས་ཅན། །ལྷོ་བྲག་མར་པའི་ཞབས་ལ་འདུད། །འོ་སྐོལ་འགྲོ་བ་མི་ཡི་ལུས། །དགེ་སྡིག་གང་ཡང་ནུས་པ་ཆེ། །དེ་ཁམས་དྲུག་ཚང་བའི་ནུས་པ་ཡིན། །ཁྱེད་མཁས་པར་འདོད་པའི་རས་ཆུང་རྣམས། །འགག་དང་གནད་དམིགས་མི་ཤེས་ན། །མང་པོ་ཤེས་ཟེར་འཆལ་བ་ཡིན། །སེམས་ཀྱི་རྩ་བ་མ་རྟོགས་ན། །ལོ་མང་སྒོམ་ཟེར་རྫུན་མ་ཡིན། །ཞིང་དང་བསམ་པ་མ་འབྲེལ་ན། །རྒྱུ་མང་པོ་བཏང་ཡང་ཆུད་ཟོས་ཡིན། །ཕྱོགས་མེད་ཀུན་ལ་མི་ཕན་ན། །གྲོགས་གང་བཟང་མཆོད་པ་ཁ་ལན་ཡིན། །གང་ལ་གང་འགྲོ་མི་ཤེས་པའི། །གླེན་པའི་དྲང་གཏམ་ལྟུང་གཞི་ཡིན། །གང་ལ་གང་ཕན་ཤེས་པ་ན། །མཁས་པས་རྫུན་སྨྲས་དགེ་བ་ཡིན། །ང་ལ་རྒྱུ་མེད་ཟེར་བ་ན། །རྨོངས་པའི་རྨོངས་གཏམ་ཀུན་ལ་གནོད། །དགེ་བ་སེམས་ལ་ཤར་བ་ན། །ས་རྡོ་རྩི་ཤིང་དགེ་བའི་རྒྱུ། །ལར་བསམ་ཤེས་མི་ལས་ལོད་པ་མེད། །ཟ་འདོད་ཁྱི་ལས་ལྟོགས་པ་མེད། །ཁྲེལ་མེད་ན་དཔོན་ལས་འཇིགས་པ་མེད། །ཕྱུག་པོ་ཐམས་ཅད་ཡོད་སྡུག་ཡིན། །དབུལ་པོ་ཐམས་ཅད་མེད་སྡུག་ཡིན། །ཡོད་མེད་གཉིས་ཀ་སྡུག་བསྔལ་ཡིན། །བུ་དམ་ཆོས་ནུས་ན་སྐྱིད་དང་མཇལ་ནས་འོང་། །དེ་གོ་བར་མཛོད་ལ་ཡུན་དུ་སྒོམས། །ཞེས་གསུངས་པས། ཡང་བུ་སློབ་རྣམས་ན་རེ། མི་ལ་སྡུག་བསྔལ་དེ་ལྟ་བུ་ཡོད་པ་དང་། རྗེ་བཙུན་གྱིས་གསུངས་པ་མཐུན་པར་འདུག །ད་ངན་སོང་གསུམ་གྱི་སྡུག་བསྔལ་བཤད་ན་བཟོད་གླགས་མི་འདུག་རུང་། སྐལ་ལྡན་འགའི་དགེ་བསྐུལ་དུ་གདའ་བས། དམྱལ་བར་སྐྱེ་བའི་རྒྱུ་དང་བཅས་པ་གསུང་དུ་གསོལ་ཞེས་ཞུས་པས་མགུར་འདི་གསུངས་སོ། །སྐྱབས་བླ་མ་རྣམས་ལ་གསོལ་བ་འདེབས། །ངན་འགྲོའི་འཇིགས་པ་སེལ་བར་བྱིན་གྱིས་རློབས། །ཤ་ཁྲག་ཟས་སུ་ཟ་བྱེད་ཅིང་། །གསོད་གཅོད་ལས་སུ་སོང་བ་རྣམས། །ཚ་དམྱལ་བརྒྱད་དུ་སྲེག་པར་བྱེད། །དེ་ཡང་དགེ་བ་མ་བརྗེད་ན། །ཐར་པའི་དུས་ནི་སྲིད་པར་འདུག །ཟས་སུ་མི་ཟས་ཟ་བྱེད་ཅིང་། །རང་ཟས་ལྷག་མར་འཛིན་སེམས་པས། །བཅོམ་ཞིང་འཕྲོག་འཇོམས་བརྒྱབ་པ་རྣམས། །གྲང་དམྱལ་བརྒྱད་དུ་སྐྱེ་བར་འདུག །ཆོས་ལ་ལོག་ལྟ་མ་སྐྱེས་ན། །ཐར་པའི་གནས་སྐབས་བཤད་པར་འདུག །དཀོན་མཆོག་ཡིད་ལ་དྲན་སྲིད་ན། །ནམ་དྲན་དུས་ན་ཐར་དུས་བསྟན། །ལས་ངན་ཡང་ཡང་སྤྱད་སྤྱད་པས། །སྡིག་སེམས་ལོག་པའི་ལས་དབང་གིས། །རང་ཉིད་བདེ་བར་འདོད་པའི་ཕྱིར། །ཕ་མ་སློབ་དཔོན་གསོད་བྱེད་ཅིང་། །དཀོན་མཆོག་དཀོར་ནོར་འཕྲོག་བྱེད་དང་། །སྐུར་པ་ལོག་པའི་ཚིག་ལྕེ་སྨྲ། །ཆོས་ལ་བདེན་པ་མེད་ཟེར་བ། །མནར་མེད་དམྱལ་བ་སྲེག་པར་བྱེད། །འདི་ལ་ཐར་དུས་དཀའ་མོར་གདའ། །བུ་བསམ་ཞིང་སྙིང་རླུང་ལྡང་བར་འོང་། །བློ་ཆོས་ལ་གཏོད་ལ་འབུངས་ལ་སྒོམས། །ཞེས་གསུངས་པས། ཡང་རས་པ་རྣམས་ཀྱིས་ཞུས་པ། དེ་ལྟ་བུའི་སྡུག་བསྔལ་ཐོས་པས་འཇིགས་ན། མྱོང་ན་ཇི་ལྟར་འགྱུར། འོན་ཀྱང་སེམས་ཅན་གྱི་དོན་དུ་ཡི་དྭགས་ཀྱི་སྡུག་བསྔལ་ཡང་གསུང་དུ་གསོལ་ཞེས་ཞུས་པའི་ལན་དུ་མགུར་འདི་གསུངས་སོ། །རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ངན་འགྲོའི་འཇིགས་པ་སེལ་བར་ཐུགས་རྗེས་ཟུངས། །དམྱལ་བ་རང་སྲོག་གཅོད་སྤྲོ་བས། །འཇིགས་ཤིང་བྲོས་པས་ཐར་ཐབས་མེད། །ཡི་དྭགས་སྣང་བ་དགྲར་ལངས་པས། །གང་ལ་འབྲོས་དང་གང་ལ་སྐྱབས། །དུད་འགྲོ་གཅིག་ལ་གཅིག་ཟ་བས། །སུ་ཡི་ལེ་ལན་སུ་ལ་རྩོད། །ཁྱད་པར་ཡི་དྭགས་སྡུག་བསྔལ་དེ། །བསམ་ངན་སེར་སྣ་ཅན་གྱིས་ལན། །ཡོད་དུས་དགེ་བ་མི་ཤེས་ཤིང་། །འཇུངས་པས་རང་གིས་ཟ་མི་ཕོད། །གཞན་ལ་སྟེར་བ་མི་སྲིད་ཅིང་། །ཡང་ཡང་བལྟ་ཞིང་གསོག་པ་ཡིས། །བྱི་བ་བཞིན་དུ་ཆོག་ཤེས་མེད། །རང་གིས་སྡུག་གསོག་གཞན་གྱིས་སྤྱོད། །འཆི་དུས་སེར་སྣའི་སྣང་བས་འཆི། །བར་དོར་ཡི་དྭགས་སྣང་བ་སྐྱེ། །སྣང་ལོག་ལས་ཀྱིས་བཀྲེས་སྐོམ་སྤྱོད། །གཞན་གྱི་ལོངས་སྤྱོད་སྤྱོད་མཐོང་ན། །དེ་ལ་སེར་སྣ་སྡུག་སེམས་སྐྱེ། །དེ་ཡི་ལས་ཀྱིས་ཡང་ཡང་ལྷུང་། །ང་སྙིང་རུས་ཅན་གྱི་སྒོམ་ཆེན་གྱིས། །ཡི་དྭགས་སྡུག་བསྔལ་རྒྱུ་འབྲས་རྣམས། །མི་ཁྱོད་ལ་གླུ་རུ་བླངས་པ་ཡིན། །འདིར་བཞུགས་རས་པ་བུ་སློབ་རྣམས། །གཏམ་གོ་བར་གྱིས་ལ་སྒོམ་ཡུན་སྲིངས། །ཞེས་གསུངས་པས། ཞི་བ་འོད་ཀྱིས་དུད་འགྲོའི་སྡུག་བསྔལ་ཡང་གསུང་དུ་གསོལ་ཞེས་ཞུས་པ་ལ་མགུར་འདི་གསུངས་སོ། །རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ངན་འགྲོའི་འཇིགས་པ་སེལ་བར་ཐུགས་རྗེས་ཟུངས། །དུད་འགྲོ་མི་ཤེས་གཏི་མུག་པ། །བླུན་པོ་ཕལ་ཆེར་དུད་འགྲོའི་རྒྱུ། །མ་རིག་ལས་ངན་ནུས་པ་ཡིས། །ཆོས་ལ་བདེན་པར་མ་རྟོགས་ཤིང་། །དགེ་སྡིག་བཟང་ངན་མ་ཕྱེད་པས། །ཕྱམ་ཕྱམ་ལས་ལ་མི་ཚེ་ཟད། །རྟག་དང་རྟོགས་དཔྱོད་མི་ཤེས་ཤིང་། །ཧ་རེ་ལོང་བཞིན་རྨུགས་སྤྱོད་མང་། །དགེ་དང་སྡིག་པ་མི་ཤེས་པས། །སྨྱོན་པ་བཞིན་དུ་ཕུང་ཉེས་སྤྱོད། །དབུགས་དབྱུང་དབང་པོ་མ་སྐྱེས་པས། །དེ་ལ་བཟང་པོ་ཡིན་ཞེས་འཁྲུལ། །ལར་མི་ཤེས་སྡིག་པ་གསོད་གཅོད་རྣམས། །གཅན་གཟན་དུད་འགྲོར་སྐྱེ་བར་མཆི། །བཟང་ངན་མེད་པའི་བླུན་པོ་རྣམས། །ཕལ་པའི་དུད་འགྲོར་སྐྱེ་བར་མཆི། །བསམ་པ་རྨོངས་པའི་སྐྱེ་བོ་རྣམས། །ནམ་ཕུགས་དུད་འགྲོར་སྐྱེ་སྟེ་མཆི། །ལར་དུད་འགྲོའི་རྣམ་སྨིན་ལས་རྣམས་ལ། །བཤད་པས་ལང་ཐབས་མི་གདའ་བས། །མགོ་བོ་ཁུག་ལ་སེམས་རྩལ་སྦྱོངས། །ཞེས་གསུངས་པས། ཡང་རས་པ་རྣམས་ཀྱིས་རྗེ་བཙུན་གྱི་རིགས་དྲུག་ལ་ཆོས་ས་གཅིག་ཏུ་བཞུགས་ནས་གསུངས་སམ། སོ་སོར་བྱོན་ནས་གསུངས་ཞུས་པས། ངས་ཀུན་གྱི་སར་རང་རང་གི་སྐལ་བ་དང་མཐུན་པའི་ལུས་བསྟན་ནས། བློ་དང་འཚམས་པའི་ཆོས་བཤད་གསུངས་པས། དེར་འདུས་པའི་གྲྭ་པ་བུ་སློབ་ཉ་མ་དང་བཅས་པའི་ཆོས་ཉན་ཀུན་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལ་འཇིགས་ཏེ། དམ་པའི་ཆོས་ལ་སྣང་བ་འགྱུར་ནས། སྡིག་སྤོང་དགེ་བ་སྒྲུབ་པ་ལ་བརྩོན་པར་གྱུར་ཏོ། །དེ་ནས་ཡང་ལན་གཅིག་གི་ཚེ་རྗེ་བཙུན་ནམ་མཁར་བྱོན་ནས། སྐུ་དུ་མར་སྣང་བ་དང་། གཅིག་ཏུ་སྡུད་པ་དང་། སྐུ་མི་སྣང་བའི་གསུང་སྣ་ཚོགས་ཀྱིས་ཆོས་གསུང་བ་དང་། རྫུ་འཕྲུལ་དཔག་མེད་བསྟན་པའི་ཚེ། སེ་བན་རས་པས་ཀྱང་རླུང་བཟུང་སྟེ། ནམ་མཁར་འཕུར་བས་རྐང་པ་ས་ལ་མ་རེག་པར་འགྲོ་བ་ཙམ་ལས་མ་བྱུང་བས། རྗེ་བཙུན་གྱི་ཞལ་ནས། ང་བཞིན་བླ་མའི་མོས་གུས། འཁོར་བ་ལ་ཞེན་ལོག །སེམས་ཅན་ལ་སྙིང་རྗེ། མཆེད་གྲོགས་ལ་དག་སྣང་། ཉམས་ལེན་ལ་བརྩོན་འགྲུས་རྣམས་མ་བྱས་པའི་འབད་མེད་ཀྱི་གྲུབ་རྟགས་འདི་མ་རེ་མཛོད། གཞན་ཡང་བུ་སློབ་རྣམས་རྒྱུ་དགེ་བ་འདི་ལྟ་བུ་མ་བྱས་པའི་འབྲས་བུ་བདེ་ལེགས་འདི་མ་རེ་མཛོད་ཅེས་མགུར་འདི་གསུངས་སོ། །ལས་འཕྲོ་དང་རྐྱེན་དུ་མ་འཛོམ་པའི། །ཚེ་གཅིག་གིས་བྱང་ཆུབ་འདི་མ་རེ་མཛོད། །རང་བློ་བླ་མ་ལ་མི་གཏོད་པར། །ཚུར་ལ་ཐུགས་འདོགས་འདི་མ་རེ་མཛོད། །རང་རྒྱུད་སློབ་མར་མི་སྒྲུབ་པར། །གཞན་གྱི་སློབ་དཔོན་འདི་མ་རེ་མཛོད། །རང་བློ་རང་གིས་མི་ཐུབ་པར། །གཞན་གྱི་བློ་གཏད་འདི་མ་རེ་མཛོད། །བརྒྱུད་པ་རྣལ་མར་མི་འཛིན་པའི། །གྲུབ་རྟགས་དངོས་གྲུབ་འདི་མ་རེ་མཛོད། །སྒོམ་སྒྲུབ་དྲག་པོས་མ་བཅུན་པར། །ཡིད་སྨོན་གྱི་བྱང་ཆུབ་འདི་མ་རེ་མཛོད། །རང་ཞེན་འཛིན་གྱི་འཆིང་བ་དང་མ་བྲལ་བར། །ཕྱོགས་མེད་ཀྱི་ཐུགས་རྗེ་འདི་མ་རེ་མཛོད། །དངོས་འཛིན་གྱི་འཆིང་བ་དང་མ་བྲལ་བར། །མཐའ་བྲལ་གྱི་ལྟ་བ་འདི་མ་རེ་མཛོད། །ཅེར་མཐོང་གི་ངོ་སྤྲོད་མི་མངའ་བར། །དོན་ངོ་བོ་མཐོང་བ་འདི་མ་རེ་མཛོད། །དྲི་མ་སེལ་ཐབས་མི་ཤེས་པར། །སྒོམ་རྒྱུན་ཆད་མེད་པ་འདི་མ་རེ་མཛོད། །འཁྲི་བ་ནང་ནས་མ་ཆོད་པར། །ཚོགས་དྲུག་ལྷུག་པ་འདི་མ་རེ་མཛོད། །ཉམས་ཏིང་འཛིན་གྱི་བདར་ཤ་མ་ཆོད་པར། །ཁྱབ་གདལ་ཆེན་པོ་འདི་མ་རེ་མཛོད། །རེ་དོགས་ཕྲ་མོ་མ་ཆོད་པར། །འབྲས་བུ་སྐུ་གསུམ་འདི་མ་རེ་མཛོད། །རྒྱུ་འབྲས་རྣལ་མར་མི་རྩི་བའི། །གནས་སྐབས་ཀྱི་བདེ་འབྲས་འདི་མ་རེ་མཛོད། །ཚོགས་གཉིས་རྩེ་སྤྲོད་དུ་མ་བསགས་པར། །ལྟོས་མཆོག་གི་སངས་རྒྱས་འདི་མ་རེ་མཛོད། །བསྒོ་བའི་བཀའ་བཞིན་མི་ཉན་པའི། །མཆེད་ལྕམ་མཉེས་པ་འདི་མ་རེ་མཛོད། །རང་རིག་དབང་དུ་མ་འདུས་པའི། །ལྷ་མེད་འདྲེ་མེད་འདི་མ་རེ་མཛོད། །སྣང་བ་དབང་དུ་མ་འདུས་པའི། །སྲིད་གསུམ་ཟིལ་གནོན་འདི་མ་རེ་མཛོད། །རང་རྒྱུད་ཐ་མལ་ལས་མ་འཕགས་པའི། །ལས་དགེ་སྡིག་མེད་པ་འདི་མ་རེ་མཛོད། །དགོན་པ་འཛིན་པའི་སྒྲུབ་པ་པོ། །རང་སེམས་དཀར་ནག་མེད་པ་འདི་མ་རེ་མཛོད། །ཉམས་རྟོགས་དྲོད་ཚད་མི་ཤེས་པའི། །སྐལ་ལྡན་གསལ་འདེབས་འདི་མ་རེ་མཛོད། །གདམས་ངག་གི་སྦྱངས་པ་མི་ལྡན་པར། །བར་དོར་གྲོལ་བ་འདི་མ་རེ་མཛོད། །བསླབ་སྡོམ་ཚུལ་བཞིན་མི་བསྲུང་བར། །གྱུར་ཤོག་གི་སྨོན་ལམ་འདི་མ་རེ་མཛོད། །དམ་ཚིག་གཙང་མ་མི་བསྲུང་བར། །མཁའ་འགྲོ་ཆོས་སྐྱོང་མཉེས་པ་འདི་མ་རེ་མཛོད། །ལུང་རིགས་གདམས་ངག་མི་ལྡན་པའི། །ཐ་སྙད་ཆུ་ལ་མ་བརྒལ་མཛོད། །མངོན་ཤེས་ལྔ་དང་མི་ལྡན་པའི། །ཁ་ཕྱིར་བལྟས་ཀྱི་ཞལ་ལྕེ་འདི་མ་རེ་མཛོད། །སྒོམ་ཡེངས་སུ་མེད་པར་མ་རྟོགས་པར། །རང་རྒྱུད་ཡལ་བར་མ་བཏང་མཛོད། །ཅེས་གསུངས་སོ། །ཡང་ལན་གཅིག་གི་ཚེ། རྗེ་བཙུན་གྱི་དྲུང་དུ་གྲྭ་པ་སུ་ཕྱིན་ཀྱང་སྐུ་དངོས་མི་སྣང་བར། གཟིམས་མལ་དུ་ལ་ལས་འོད། ལ་ལས་མར་མེ། ལ་ལས་འཇའ་ཚོན། ལ་ལས་ཆུ། ལ་ལས་གསེར་སྦྲམ་བུ། ལ་ལས་རླུང་གཡོ་བ། ལ་ལས་ཅི་ཡང་མི་སྣང་བ་རྣམས་བྱུང་བས། རས་པ་ཞི་བ་འོད་ཀྱིས་དེ་ལྟར་འོང་བའི་རྒྱུ་མཚན་ཅི་ལགས་ཞུས་པས། དེ་འདི་ལྟར་ཡིན་གསུངས་ནས་མགུར་འདི་གསུངས་སོ། །རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །ལུས་རྣམ་འཕྲུལ་མང་བར་བྱིན་གྱིས་རློབས། །བུ་ཉོན་ཅིག་རས་ཆུང་བཞིན་ལེགས་པོ། །ང་འབྱུང་བ་ས་ལ་དབང་ཐོབ་པས། །ས་ཡང་ང་ཡི་རང་བཞིན་ཡིན། །ང་འབྱུང་བ་ཆུ་ལ་དབང་ཐོབ་པས། །ཆུ་ཡང་ང་ཡི་རང་བཞིན་ཡིན། །ང་འབྱུང་བ་མེ་ལ་དབང་ཐོབ་པས། །མེ་ཡང་ང་ཡི་རང་བཞིན་ཡིན། །ང་འབྱུང་བ་རླུང་ལ་དབང་ཐོབ་པས། །རླུང་ཡང་ང་ཡི་རང་བཞིན་ཡིན། །ནམ་མཁའི་སྟོང་ཉིད་འབྱོངས་ཙ་ན། །སྣང་སྲིད་ང་དང་དབྱེར་མེད་འདྲེས། །ལུས་སེམས་སྣང་བའི་དབང་ཐོབ་པས། །ཅི་རུ་སྤྲུལ་ཡང་འགྲུབ་པར་འདུག །རྫུ་འཕྲུལ་ལུས་ཀྱི་བཀོད་པ་ལ། །ཁྱེད་མོས་པ་བསྐྱེད་ལ་གསོལ་བ་ཐོབ། །རྗེ་གྲུབ་ཐོབ་རྣམས་ཀྱི་བྱིན་རླབས་འཇུག །ཅེས་གསུངས་སོ། །ཡང་ཉིན་གཅིག་རང་ལ། བུ་སློབ་དང་དད་ཅན་གྱི་ཉ་མ་ཕོ་མོ་རྣམས་ཀྱི་མདུན་དུ། ཆོས་གསུང་མཁན་རེ་རེ་དང་། བྱིས་པ་རྣམས་ཀྱི་སར་རྩེད་གྲོགས་རེ་རེ་སྟེ། མདོར་ན་སྐུའི་སྤྲུལ་པ་སྣ་ཚོགས་བསམ་གྱིས་མི་ཁྱབ་པ་བསྟན་པས། བུ་སློབ་རྣམས་ཀྱིས་རྗེ་བཙུན་ལ་དེའི་རྒྱུ་མཚན་ཞུས་པས། ང་རྣལ་འབྱོར་པ་སེམས་ཀྱི་རང་མཚང་རིག་པས། ཕྱི་རོལ་གྱི་སྣང་བ་འདི་ལ་ཁ་ལོ་གང་སྒྱུར་ཡིན་ཞིང་། རང་གི་སེམས་ལ་སྤྲོ་བསྡུ་ཅི་བྱས་ཀྱང་ཆོག་གསུངས་ནས་མགུར་འདི་གསུངས་སོ། །རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །བླ་མའི་བྱིན་རླབས་ལུས་ལ་ཞུགས། །ལུས་རྫུ་འཕྲུལ་འགྲུབ་པ་སྤྲུལ་པའི་སྐུ། །བླ་མའི་བྱིན་རླབས་ངག་ལ་ཞུགས། །ངག་གླུ་དབྱངས་ལེན་པས་གདམས་ངག་སྟོན། །བླ་མའི་བྱིན་རླབས་སེམས་ལ་ཞུགས། །སེམས་རྟོགས་པ་ཐོབ་པས་སངས་རྒྱས་འགྲུབ། །ང་མེས་མི་ཚིག་ཅིང་ཆུས་མི་ཁྱེར། །སྤྱོད་པ་གླང་ཆེན་འགྲོས་ཀྱི་གར། །དག་པའི་འགྲོ་བ་ཐམས་ཅད་ལ། །ཐ་དད་ཀྱི་སྣང་བ་སོ་སོ་ཡིས། །ང་ཡི་སྐུ་མཐོང་གསུང་ཐོས་ཤིང་། །བསོད་ནམས་བསགས་པས་ང་མཐོང་གྲོལ། །མ་དག་འགྲོ་བ་ལས་ངན་གྱིས། །ང་ཡི་ལུས་ཀྱང་མི་མཐོང་ཞིང་། །སྡིག་པས་སྡུག་བསྔལ་སྤྱོད་པ་ལ། །སངས་རྒྱས་མཐུ་ཡིས་མི་ཕན་པས། །ཁྱེད་རྣམས་ཆོས་ལ་འབུངས་ཤིག་ཨང་། །ངས་ནི་བཤད་ཀྱང་ཐུག་པ་མེད། །ཨ་ཙ་མ་སྡིག་ཅན་རྣམས་སྙིང་རེ་རྗེ། །ལོག་སྤྱོད་མཁན་ཐར་མཐའ་མི་གདའ་ན། །སྡུག་བསྔལ་མཐོང་བས་སྙིང་རླུང་ལངས། །ངེད་རང་ཚོ་སྒོམ་ཡུན་སྲིངས་ཤིག་ཨང་། །ཚེ་འདིར་འདི་བྱེད་མ་བསམས་པར། །ཕྱི་མ་ཙུག་ཡོད་བསམ་པར་གྱིས། །ཞེས་གསུངས་པས། བུ་སློབ་རྣམས་དགའ་སྤྲོ་དཔག་ཏུ་མེད་པ་ཐོབ་པ་དང་། སངས་རྒྱས་ཀྱི་བསྟན་པ་ཉིན་མོར་མཛད་ཅིང་། སེམས་ཅན་རྣམས་གནས་སྐབས་དང་། མཐར་ཐུག་གི་བདེ་བ་ལ་བཀོད་པ་ཡིན་ནོ།། །།རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པ་དེ་ཉིད་ཀྱིས། མཉམ་རྗེས་དང་སྣང་སེམས་འདྲེས་ཏེ། སེམས་ཅན་གྱི་དོན་དུ་གྲུབ་རྟགས་བསྟན་ཞིང་མགུར་གསུངས་པ། ཐུགས་སྲས་རྣམས་ཀྱིས་མི་བརྗེད་པའི་གཟུངས་སུ་བཟུང་ཞིང་ཡི་གེར་བཀོད་པ། མི་ཡུལ་ན་ཡོངས་སུ་གྲགས་པ་ཕལ་ཆེར་འདིར་འདུས་པ་ཡིན་ཞིང་། མཐའ་དག་ནི་བརྗོད་པར་ནུས་པ་མ་ཡིན་ནོ། །བུ་སློབ་རྣམས་སྤྲོ་བ་བསྐྱེད་པ་བཀོད་པ་སྐུའི་རྫུ་འཕྲུལ་བསྟན་པའི་སྐོར་ཏེ། ཁ་འཐོར་སྣ་ཚོགས་ཀྱི་སྐོར་རོ།། །།དེ་ལྟར་སྐོར་ཚོ་གསུམ་གྱིས་སྒྲུབ་བརྒྱུད་ཀྱི་བསྟན་པ་དང་། སེམས་ཅན་ལ་ཕན་བཏགས་པའི་མཛད་པ་བརྒྱད་པ་རྒྱས་པར་ཕྱེ་བའོ།། །།

༈ པར་བྱང་སྨོན་ཚིག་ནི། ཨོཾ་སྭསྟི་སིདྡྷི་རསྟུ། དེང་འདིར་གསུང་རབ་རིན་ཆེན་འཕྲུལ་པར་དུ། །བཞེངས་དགེས་ལེགས་བྱས་འདིས་མཚོན་དུས་གསུམ་དུ། །བགྱིས་པའི་དགེ་ཚོགས་དྲི་མ་མེད་པ་རྣམས། །གཅིག་ཏུ་བསྡོམས་ཏེ་མཐུན་རྐྱེན་སྒྲུབ་རྣམས་དང་། །བསྟན་པའི་སྦྱིན་བདག་ཚེ་རིང་འབྱོར་ལྡན་ཞིང་། །མ་གྱུར་ནམ་མཁའི་མཐའ་མཉམ་འགྲོ་བ་ཀུན། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་མྱུར་རྫོགས་ཏེ། །བླ་མེད་རྣམ་གྲོལ་ཐོབ་པའི་རྒྱུ་རུ་བསྔོ། །བསྟན་འཛིན་དམ་པ་གང་ན་སུ་བཞུགས་རྣམས། །སྐུ་ཚེའི་རྐྱེན་གེགས་ཐ་དག་རབ་ཞི་ནས། །བསྟན་འགྲོའི་དོན་ཆེན་བླ་མེད་མཛད་བཞིན་དུ། །དམ་ཆོས་བདུད་རྩིའི་སྦྲང་ཆར་འབེབས་གྱུར་ཅིག །ཡངས་པའི་རྒྱལ་ཁམས་ཀུན་ཏུ་ལོ་ལེགས་ཤིང་། །ནད་མུག་འཁྲུག་རྩོད་ཐམས་ཅད་ཞི་བ་དང་། །མི་མཐུན་རྒུད་པའི་མིང་ཡང་མི་གྲགས་པར། །རྫོགས་ལྡན་དང་པོའི་ལང་ཚོ་འཆར་བར་ཤོག །དེའི་མཐུས་ཁ་བ་རིས་པའི་སྐྱེ་དགུའི་ཡིད། །རྣམ་དཀར་དགེ་བའི་ལས་ལ་ཕྱོགས་པ་དང་། །མཐུན་རྐྱེན་ལེགས་ཚོགས་གོང་ནས་གོང་འཕེལ་ཏེ། །དམ་ཆོས་འཛིན་པའི་སྣོད་དུ་རུང་བར་ཤོག །འཇིག་རྟེན་དབང་ཕྱུག་ཕྱག་ན་པདྨོ་ཡི། །ཞབས་པད་བྷོ་ཊའི་ལྗོངས་འདིར་མྱུར་བཀོད་དེ། །ཞི་བསིལ་ཆོས་ཀྱི་བདུད་རྩིའི་ཟིལ་མངར་རོར། །ལོངས་སུ་སྤྱོད་པའི་སྐལ་བཟང་མྱུར་འཆར་ཤོག །ཁྱད་པར་བསྟན་པའི་སྙིང་པོ་སྒྲུབ་བརྒྱུད་ཀྱི། །རིང་ལུགས་དྲི་མེད་ས་ཆེན་ཡོངས་ཁྱབ་སྟེ། །བསྟན་པ་འཛིན་པའི་སྐྱེས་བུ་དམ་པ་རྣམས། །སྐུ་ཚེ་མི་འགྱུར་ཚེ་ལྷའི་ངོ་བོར་བརྟན། །ཕྲིན་ལས་མི་ཟད་ཉི་ཟླའི་འོད་དང་སྡེབ། །འདུས་ཚོགས་དགེ་འདུན་བགྲང་ཡས་རྒྱུ་སྐར་ལ། །ཟབ་རྒྱས་ཆོས་ཀྱི་གྲུ་ཆར་འབེབས་པར་ཤོག །ལྷ་རྣམས་མཁའ་ལ་ཤིས་པའི་གླུ་དབྱངས་ལེན། །འགྲོ་རྣམས་བདེ་ཞིང་སྐྱིད་པའི་ཡུན་དུ་འཚོ། །ཀླུ་རྣམས་དགའ་བས་ནོར་འཛིན་དབྱིག་གིས་བཀང་། །མཐར་ཐུག་སངས་རྒྱས་ཡེ་ཤེས་ཐོབ་པར་ཤོག །ཅེས་པའང་ ༧ རྒྱལ་དབང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་དགུང་གྲངས་བཅུ་གསུམ་སྟེང་། འོག་མིན་མཚུར་ཕུའི་གདན་སར་ལྗགས་རྩོམ་གནང་བའི་རྟེན་གསུམ་གསར་བཞེངས་ཀྱི་དགེ་བསྔོའི་སྨོན་ཚིག་བྱིན་རླབས་ཅན་ནོ།། །།

Tags:

🔥 Trending searches on Wiki བོད་སྐད:

སན་ཇོ་སེ། (ཁོ་ས་ཏ་རི་ཁ།)དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས།རྒྱལ་བ་ཐུབ་བསྟན་རྒྱ་མཚོ།ལྷ་མོ་དབྱངས་ཅན་མ་ལ་བསྟོད་པ།ནང་པའི་རྩ་གཞུང་ཀུན་བཏུས།སྨུག་པོའི།ཨེ་ཛེའི་ནད་གྲངས་གནས་ཀྱི་ཀློག་སྟངས་གསང་སྔགས་གསར་མ་ཚ་རོང་ཟླ་བཟང་དགྲ་འདུལ་ཝེ་ཧི་ས་ཡེ་ཕོ་བྲང་།ཧྥ་རན་སིའི་སྐད།སྡེབ་སྦྱོར་རིན་ཆེན་རྒྱ་མཚོ།དམྱལ་ཁམས་བཅོ་བརྒྱད།སུམ་ཅུ་པ་སྒྲ་སྙན།ལྕགས།ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་༢༠༠༩སྐྱབས་འགྲོ་རྒྱལ་སྡེ་སྐར་ཆུང་ལྷ་ཁང་གི་རྡོ་རིང་རྟེན་འབྲེལ་ཡན་ལག་བཅུ་གཉིས།བྱང་གཏེར།གཙོ་ངོས།རོལ་རྩེད།རྣམ་དབྱེ་བརྒྱད་བཙན་བྱོལ་བོད་གཞུང་།བོད་ཀྱི་སྐད་ཡིག།འཇམ་དཔལ་མཚན་བརྗོད་རིན་ཆེན་བཙོ་བཀྲུ་ཟླ་ཤེལ་ཆེན་མོ་ཀྲུང་གོའི་རྒྱལ་རབས།མཆུ་སྡེ་ལྔ་ལྷོ་ཀོ་རི་ཡ།འཛམ་གླིང་འཁྲུག་ཆེན་གཉིས་པ་བཞང་བཞའ་ཀོ་ཝོའུ་སོ་བཟོད་པ།ལྷ་ས།ཕོ་གཞོན།ཡང་འཇུག་གཉིས་༸རྒྱལ་བ་རིན་པོ་ཆེ་དབྱིན་ཇི་མཉམ་འབྲེལ།དབུ་མ་རྒྱན་གྱི་ཚིག་ལེའུར་བྱས་པ་བདེ་སྨོན་འགྲེལ་པ་ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར།མའ་མའོ་སྒྲི་ཨ་མ་སྒྲེན་ཅ་ཊི།ཚོང་དཔོན་ནོར་བུ་བཟང་པོ་༼རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད།༽ཕོ་བྲང་པོ་ཏ་ལ་བྱ་ཏེ་སུམ་ཅུ་པའི་རྩ་བ་ལེགས་བཤད་ལྗོན་དབང་སྐྱིད་ཟུར་མི་ཆོས་གནད་ཀྱི་ཕྲེང་པ་ཚུལ་ཁྲིམ་རྒྱ་མཚོ་རིན་ཆེན་གྲང་སྦྱོར་རིལ་ནག་ཆེན་མོ།པུ་རུ་ཟིལ།བོད་ས་མཐོ།གྲུབ་མཐའི་རྣམ་གཞག་འཇམ་མགོན་ཞལ་ལུང་གི་འགྲེལ་བ་རྒྱལ་ཚབ་དར་མ་རིན་ཆེན།ནཱ་ལེཎྜའི་པཎ་ཆེན་བཅུ་བདུན་ར་ལོསྐུ་གཟུགས་བཞེངས་པའི་ཕན་ཡོན།ནེལ་སོན་མཱན་ཌེ་ལ།དབུས་བཟའ་མཁའ་འགྲོ་མ་སོག་པོ།སྤྱན་རས་གཟིགས།ཛིམ་བབ་ཝི།ཕག་གྲུའི་སྲིད་སྐྱོང་དུས་རབས།ཞྭ་ལྷ་ཁང🡆 More