བྱང་གཏེར་ངོ་མཚར་བླ་བརྒྱུད།

བྱང་གཏེར་ངོ་མཚར་བླ་བརྒྱུད།


ཧཱུྃ། ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། །པདྨ་གེ་སར་སྡོང་པོ་ལ། །ཡ་མཚན་མཆོག་གི་དངོས་གྲུབ་བརྙེས། །པདྨ་འབྱུང་གནས་ཞེས་སུ་གྲགས། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། །ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱི། །བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ། །གུ་རུ་པདྨ་སིདྡྷི་ཧཱུྃ། ཀུན་བཟང་རྡོར་སེམས་དགའ་རབ་ཤྲཱི་སེང་། །ཨོ་རྒྱན་པདྨ་རྗེ་འབངས་ཉི་ཤུ་ལྔ། །བཀའ་གཏེར་བརྒྱུད་ལྡན་རྩ་བའི་བླ་མ་སོགས། །འདྲེན་མཆོག་ཡབ་སྲས་ཡོངས་ལ་གསོལ་བ་འདེབས། །རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །གྲགས་པ་འཇིག་རྟེན་བཀྲམ་ནས་ལྷམ་མེ་བ། །མགོན་པོ་མཆོག་གྱུར་ཁྱེད་ལ་གསོལ་བ་འདེབས། །རྒྱལ་བ་ཉིད་ལས་ལྷག་པའི་ལུང་མངའ་ཞིང་། །ཕྲིན་ལས་མཛད་པ་བསམ་གྱིས་མི་ཁྱབ་པ། །བསྟན་དང་འགྲོ་བའི་རྩ་ལག་མཆོག་གྱུར་པའི། །ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །དཔལ་ཆེན་རྡོ་རྗེ་གཞོན་ནུའི་དགོངས་པ་ཡིས། །ལྷུན་གྲུབ་ཕྱག་རྒྱ་ཆེན་པོའི་རིག་འཛིན་དང་། །རྡོ་རྗེ་ཐོད་ཕྲེང་རྩལ་ལ་བྱིན་བརླབས་ཏེ། །འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི། །ཕྲིན་ལས་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས། །བསྐལ་པ་མེ་ལྟར་འབར་བའི་གཞལ་ཡས་ན། །ཕོ་བདུད་དྲེགས་པ་བརྫིས་པའི་གདན་སྟེང་དུ། །དཔལ་ཆེན་རྡོ་རྗེ་གཞོན་ནུ་དཔའ་བོའི་སྐུ། །བདུད་འདུལ་ཁྲོ་བཅུ་ཁྲ་ཐབས་འཁོར་གྱིས་བསྐོར། །རྡོ་རྗེ་ཕུར་པའི་ལྷ་ཚོགས་ལ་གསོལ་བ་འདེབས། །བལྟས་པ་ཙམ་གྱིས་འགྲོ་རྣམས་དབང་དུ་བསྡུས། །བསྡིགས་པ་ཙམ་གྱིས་སྡེ་བརྒྱད་བྲན་དུ་བཀོལ། །བསམས་པ་ཙམ་གྱིས་དགོས་འདོད་ཆར་ལྟར་འབེབས། །ཨོ་རྒྱན་བརྒྱུད་པར་བཅས་ལ་གསོལ་བ་འདེབས། །འདུལ་བ་གསལ་མཛད་ཡོན་ཏན་ཤཱཀྱ་འོད། །ལོག་སྨྲ་ཚར་གཅོད་ཕྱོགས་གླང་ཆོས་ཀྱི་གྲགས། །གནས་ལྔ་མཐར་ཕྱིན་དབྱིག་གཉེན་འཕགས་པ་ལྷ། །འཛམ་གླིང་ལུས་ཀྱི་རྒྱན་དྲུག་ལ་ཕྱག་འཚལ། །རྒྱ་ཆེན་སྤྱོད་པའི་གནས་ལ་ཐོགས་མེད་དེ། །ཟབ་མོ་ལྟ་བ་ངེས་པའི་ཀླུ་སྒྲུབ་ཞབས། །ཕ་རོལ་ཕྱིན་གཞུང་འབྱེད་པའི་ཤིང་རྟ་པ། །སྙན་གོང་མཛེས་རྒྱན་མཆོག་གཉིས་ལ་ཕྱག་འཚལ། །རྡོ་རྗེ་ཐེག་པའི་ཉེ་ལམ་སྲོལ་འཛིན་པ། །ཀུན་ཏུ་བཟང་པོའི་ཤིང་རྟ་ཆེན་པོ་པ། །བླ་ན་མེད་པ་གཙུག་གི་རྒྱན་གྱུར་པའི། །མཚོ་སྐྱེས་དབང་གི་རྒྱལ་པོ་ལ་ཕྱག་འཚལ། །སྡོམ་བརྩོན་དམ་པ་དཔལ་ལྡན་ཞི་བ་འཚོ། །བརྟུལ་ཞུགས་གྲུབ་པ་པདྨ་འབྱུང་གནས་དཔལ། །བློ་གསལ་དབང་པོ་བི་མ་མི་ཏྲ་སོགས། །སྙིགས་མའི་རྒྱལ་བ་རྣམས་ལ་གསོལ་བ་འདེབས། །བདེ་བར་གཤེགས་པའི་རིང་ལུགས་བླ་ན་མེད། །ཞུས་ཆེན་སྒྱུར་བྱེད་མཆན་བུའི་གནས་འདུག་པའི། །སྐད་གཉིས་སྨྲ་བ་བཻ་རོ་སྐ་ཅོག་སོགས། །ལོ་ཙཱ་སྐྱེས་ཆེན་རྣམས་ལ་གསོལ་བ་འདེབས། །མི་ཡི་བདག་པོ་ཆོས་བཞིན་ས་སྐྱོང་བ། །རྣམ་དཔྱོད་བློ་གྲོས་དེས་པས་འགྲོ་བ་འདུལ། །དཔའ་མཛངས་ཚོགས་བཅས་མེས་དབོན་རྣམ་གསུམ་སོགས། །རྒྱལ་བློན་བྱང་སེམས་རྣམས་ལ་གསོལ་བ་འདེབས། །མངའ་སྐྱོང་ཁྲི་ལྡེ་སྲིན་སྤར་གནས་སོགས་ཀྱི། །ཟབ་གཏེར་སྒོ་འབྱེད་དོན་དུ་བསྟན་པའི་བདག །མྱང་རིགས་སྐུ་བལྟམས་རལ་པའི་ཅོད་པན་ཅན། །གོང་མ་ཉི་མ་འོད་ཟེར་ལ་གསོལ་བ་འདེབས། །དེ་འོག་ཞིང་དེར་སྤང་སྟོན་གྲུབ་པའི་སྲས། །བོད་ཡུལ་གཏེར་གཅིག་གནམ་སྐས་མཁར་ཆུ་སོགས། །བཅོ་བརྒྱད་སྒོ་འབྱེད་གུ་རུ་ཆོས་དབང་ཞེས། །འབྲེལ་ཚད་དོན་ལྡན་ཆེན་པོ་ལ་གསོལ་བ་འདེབས། །སྨོན་ལམ་འཕྲོ་མཐུད་རྒྱལ་བས་ལུང་བསྟན་ཅིང་། །དངོས་གྲུབ་རྒྱ་མཚོ་འཛད་པ་མེད་པའི་གཏེར། །ལྟོ་འཕྱེའི་བྲག་ལས་ཡིད་བཞིན་བརྟོལ་མཛད་པའི། །སྨིན་གྲོལ་བདུད་རྩིའི་དོན་སྟོན་དེ་ལ་འདུད། །སངས་རྒྱས་སྐུ་ཡི་སྤྲུལ་པ་གཟི་བརྗིད་ཆེ། །གསུང་གི་སྤྲུལ་པ་སྒྲ་ཆེན་གདངས་སྒྲ་སྒྲོག །ཐུགས་ཀྱི་སྤྲུལ་པ་རིག་པ་ཡེ་ཤེས་རྒྱས། །རིག་འཛིན་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །ཨུ་རྒྱན་སངས་རྒྱས་རྡོ་རྗེ་ཀུན་སྐྱོང་གླིང་། །རིན་ཆེན་རཏྣ་པདྨ་ཀརྨ་གླིང་། །ལས་འཕྲོ་བསམ་གཏན་བསྟན་གཉིས་གླིང་པ་སོགས། །འཁྲུལ་མེད་གླིང་པ་བཅུ་གཅིག་ལ་གསོལ་བ་འདེབས། །ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱ་མཚོའི་ཀློང་། །ཐེག་ཆེན་རབ་འབྱམས་མཁས་མང་བྱེ་བའི་དབུས། །འགྲན་པའི་ཟླ་བྲལ་མཆོག་གྲུབ་ཡོངས་ཀྱི་གཙོ། །ཡིད་བཞིན་དགོས་འདོད་སྩོལ་དེར་གསོལ་བ་འདེབས། །གཞུང་ལུགས་རྒྱ་མཚོའི་དེ་ཉིད་འབྱེད་པ་ལ། །སྲིད་པ་གསུམ་ན་འགྲན་ཟླ་མ་མཆིས་པ། །ཡོངས་རྫོགས་བསྟན་པའི་མངའ་བདག་རིན་པོ་ཆེ། །མངའ་རིས་པཎ་ཆེན་ཞབས་ལ་གསོལ་བ་འདེབས། །མཐའ་ཡས་འགྲོ་ལ་བྱམས་པའི་ལྷག་བསམ་ཅན། །རྣམ་དག་ཆོས་ཀྱི་དཔལ་འབྱོར་བཟང་པོས་ཕྱུག །ཟབ་ལམ་བསྟན་པའི་རྒྱལ་མཚན་འཛིན་མཛད་པའི། །འཇམ་དབྱངས་བླ་མའི་ཞབས་ལ་གསོལ་བ་འདེབས། །དགེ་ལེགས་བསོད་ནམས་འབུམ་གྱི་ཆུ་གཏེར་ལས། །དཔལ་ལྡན་རྡོ་རྗེ་ཐེག་པའི་པད་ཚལ་རྒྱས། །ཀུན་བཟང་བདེ་ཆེན་སྙིང་པོའི་འབྲས་བུ་སྨིན། །རིག་འཛིན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །འགྲོ་རྣམས་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །དཔལ་ལྡན་བསླབ་གསུམ་ཕུན་ཚོགས་ནོར་གྱིས་ཕྱུག །བློ་གྲོས་ཟབ་མོས་མདོ་རྒྱུད་དགོངས་པ་རྟོགས། །གསང་བ་མཆོག་གི་བརྒྱུད་འཛིན་བླ་ན་མེད། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །གཞན་ཡང་བསྐྱེད་རྫོགས་ལུང་དང་མན་ངག་སོགས། །བཀའ་དྲིན་ཆེན་པོས་རྗེས་བཟུང་བཅུ་ཕྲག་བཞི། །རྒྱལ་དབང་པདྨའི་ངོ་བོར་ཡོངས་བསྡོམས་ནས། །རྣམ་གསུམ་གུས་པ་ཆེན་པོས་གསོལ་བ་འདེབས། །པདྨས་བྱིན་བརླབས་ཆོས་རྒྱལ་འགྲོ་ཀུན་དོན། །བསམ་བཞིན་སྐྱེ་མཐའི་བྱང་སེམས་ཆོས་དབང་གི །རྣམ་སྤྲུལ་བཀའ་གཏེར་མངའ་བདག་མངྒའི་མཚན། །རིག་འཛིན་དབང་པོའི་སྡེ་ལ་གསོལ་བ་འདེབས། །རྒྱལ་བའི་སྤྱི་གཟུགས་པདྨ་སམ་བྷ་ཝ། །གྲུབ་མཆོག་དེ་དང་དབྱེར་མེད་དབང་པོའི་སྡེའི། །རིགས་ཆོས་མཚུངས་པ་མེད་པའི་གདུང་འཛིན་པ། །ཕྲིན་ལས་རྣམ་རྒྱལ་ཞབས་ལ་གསོལ་བ་འདེབས། །ཕྲིན་ལས་གྲུབ་པའི་རིག་འཛིན་སྣ་ནམ་པ། །རྡོ་རྗེ་བདུད་འཇོམས་སྤྲུལ་དང་ཡང་སྤྲུལ་གྱིས། །རང་གཏེར་ཆོས་ཀྱི་རྒྱལ་ཐབས་སྐྱོང་བའི་དབང་། །གྲུབ་མཛད་དཔལ་ལྡན་བླ་མར་གསོལ་བ་འདེབས། །སྔོན་ཚེ་རྒྱལ་བ་རྣམས་ཀྱིས་བྱིན་བརླབས་ཤིང་། །བར་དུ་ཨོ་རྒྱན་ཉིད་དང་དངོས་སུ་མཇལ། །སྙིགས་དུས་འགྲོ་བའི་སྐྱབས་མགོན་སྤྲུལ་པའི་སྐུ། །བསྟན་འཛིན་ནོར་བུའི་ཞབས་ལ་གསོལ་བ་འདེབས། །རྡོ་རྗེ་འཆང་དངོས་དབང་ཕྱུག་རབ་བརྟན་གྱིས། །མི་འབྲལ་རྗེས་སུ་བཟུང་བའི་རིག་སྔགས་འཆང་། །བྱ་བྲལ་ངུར་སྨྲིག་འཛིན་པའི་མགོན་པོ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རབ་འབྱམས་ཆོས་ཚུལ་རྒྱ་མཚོའི་དཔལ་འབྱོར་ལ། །ལོངས་སྤྱོད་རྒྱལ་བ་ཀུན་གྱི་ཕྲིན་ལས་པ། །བཀའ་གཏེར་བསྟན་པའི་པད་ཚལ་རབ་རྒྱས་མཛད། །ཆོས་དབྱིངས་རང་གྲོལ་ཞབས་ལ་གསོལ་བ་འདེབས། །འཕགས་ཡུལ་པཎ་གྲུབ་གཙུག་རྒྱན་བི་མ་ལའི། །མཆོག་སྤྲུལ་དཀྱིལ་འཁོར་རྒྱ་མཚོའི་རིགས་ཀྱི་བདག །ཀུན་བཟང་རྡོ་རྗེ་འཆང་དངོས་སྨན་ལུང་པ། །བློ་གྲོས་མཆོག་གི་རྡོ་རྗེར་གསོལ་བ་འདེབས། །བྱམས་མགོན་སྙིང་རྗེའི་མངའ་བདག་པད་དཀར་འཛིན། །སྲིད་པའི་ཚུལ་བཟུང་མཐའ་ཡས་འགྲོ་བའི་མགོན། །ཕྲིན་ལས་རྣམ་བཞིའི་འཁོར་ལོས་བསྒྱུར་བའི་དཔལ། །ཟིལ་གནོན་དྲག་རྩལ་རྡོ་རྗེ་ལ་གསོལ་བ་འདེབས། །སླར་ཡང་བི་ཤྭ་ཌཱ་ཀིའི་ལུང་བཞིན་དུ། །ལྷ་རིགས་གསུམ་ལྡན་རྡོ་རྗེ་འཛིན་པའི་ཚུལ། །ཆོས་གོས་རྣམ་གསུམ་གངས་ཞུ་རྡོར་དྲིལ་ཅན། །པདྨ་ཕྲིན་ལས་ཞབས་ལ་གསོལ་བ་འདེབས། །མཁས་གྲུབ་མང་པོས་རྗེས་བཟུང་ཆོས་བདག་ཏུ། །མངའ་གསོལ་ལུང་ཐོབ་གསང་ཆེན་སྔགས་རྒྱུད་ཀྱི། །རབ་འབྱམས་ངག་དབང་བསྟན་པ་རབ་རྒྱས་དང་། །ཀུན་བཟང་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །༼< འདི་གསར་བརྩམས་སོ༎༽ ཀུན་བཟང་རིགས་ཀྱི་བདག་པོ་རྡོ་རྗེ་འཛིན། །ངུར་སྨྲིག་གར་རོལ་པདྨ་དབང་གི་རྒྱལ། །མཁྱེན་བརྩེ་ནུས་ལྡན་རྟོགས་པ་མངོན་གྱུར་པ། །བསྟན་པའི་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །སླར་ཡང་རིན་ཆེན་བཞི་པ་མདུད་པའི་ཡུལ། །གངས་ཅན་བསྟན་འགྲོའི་དཔལ་དུ་ལེགས་བྱོན་པའི། །འཁོར་ལོའི་མགོན་པོ་སྐྱབས་གཅིག་ཡིད་བཞིན་ནོར། །སྐལ་བཟང་པདྨ་དབང་ཕྱུག་ལ་གསོལ་བ་འདེབས། །མཐའ་ཡས་དམ་པ་དུ་མའི་ཐུགས་ཀྱི་སྲས། །རིས་མེད་འགྲོ་ཀུན་བྱམས་བརྩེས་རྟག་ཏུ་སྐྱོང་། །གསང་ཆེན་ཐེག་མཆོག་བསྟན་འགྲོའི་གཉེན་གྱུར་པ། །པདྨ་བཤེས་གཉེན་ཞབས་ལ་གསོལ་བ་འདེབས། །རིས་མེད་འགྲོ་ལ་བྱམས་དང་སྙིང་རྗེར་ལྡན། །ཡོངས་རྫོགས་བསྟན་པའི་གུས་གདུང་ལྷུར་ལེན་ཅིང་། །རྡོ་རྗེ་ཐེག་པའི་རིང་ལུགས་སྒོར་ཞུགས་པའི། །རིག་འཛིན་ཁམས་གསུམ་ཟིལ་གནོན་ལ་གསོལ་བ་འདེབས། །མདོ་སྨད་བསྟན་འགྲོར་བཀའ་དྲིན་མཚུངས་མེད་ཀྱི། །པདྨ་ལེགས་ལྡན་ཕྲིན་ལས་རྒྱ་མཚོའི་སྡེ། །པདྨ་ཐེག་མཆོག་འཇིགས་མེད་ཆོས་གྲགས་སོགས། །བརྒྱུད་ཚུལ་ཐ་དད་རྣམས་ལ་གསོལ་བ་འདེབས། །༼< འདི་ཡང་གསར་བརྩམས་སོ༎༽ ངེས་གསང་རྡོ་རྗེ་སྙིང་པོའི་སྲོལ་འཛིན་པ། །རིམ་གཉིས་ཟབ་མོའི་རྣལ་འབྱོར་དབང་ཕྱུག་མཆོག །སྨིན་གྲོལ་གདམས་པའི་ལམ་ཟབ་སྟོན་མཛད་པའི། །ནམ་མཁའ་ཀློང་ཡངས་ཞབས་ལ་གསོལ་བ་འདེབས། །འགྲོ་ལ་བརྩེ་ཞིང་མདོ་སྔགས་ཀུན་ལ་མཁས། །པདྨའི་རྒྱལ་ཚབ་ལྷ་རིགས་རྡོ་རྗེ་འཛིན། །ཆོས་གོས་རྣམ་གསུམ་གངས་ཞུ་རྡོར་དྲིལ་ཅན། །ངག་དབང་འཇམ་དཔལ་ཞབས་ལ་གསོལ་བ་འདེབས། །བསྐལ་བཟང་འདྲེན་མཆོག་བཞི་པ་ཉི་མའི་གཉེན། །གཉིས་མེད་གཉིས་སྤྲུལ་པདྨཱ་ཀ་ར་ཡི། །རིང་ལུགས་དྲི་མེད་འཛིན་ལ་ཟླ་བྲལ་མཆོག །རིག་འཛིན་དབང་གི་རྒྱལ་པོར་གསོལ་བ་འདེབས། །བཅོམ་ལྡན་རྣམ་འདྲེན་བཞི་པའི་རྒྱལ་ཚབ་མཆོག །དབང་བཅུའི་དཔལ་ལྡན་པདྨཱ་ཀ་ར་ཡི། །བསྟན་ལ་རབ་གུས་ལྷག་བསམ་རྣམ་དག་ཅན། །སྐལ་བཟང་བདུད་འདུལ་ཞབས་ལ་གསོལ་བ་འདེབས། །༼< གྲུབ་དགོན་པའི་ཞལ་གསུང་མའོ༎༽ རྒྱལ་སྲས་འཛམ་གླིང་འབྲུག་གྲགས་སྙིགས་དུས་འདིར། །གྲུབ་བརྙེས་རིག་འཛིན་བརྒྱུད་པར་ལེགས་བལྟམས་ཏེ། །སྐལ་བཟང་གདུལ་བྱའི་རེ་བ་མཆོག་སྐོང་བའི། །འཇིགས་མེད་རྒྱལ་བའི་མྱུ་གུར་གསོལ་བ་འདེབས། །སྒྲིབ་བྲལ་ཆོས་སྐུའི་རང་ཞལ་ཇི་བཞིན་དུ། །གཟིགས་ཤིང་སྐལ་ལྡན་གསང་ཆེན་ཉེ་ལམ་ལ། །ཁྲིད་ནས་གདོད་མའི་རྒྱལ་སར་འབྱིན་པའི་མགོན། །མཉམ་ཉིད་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །མདོ་སྔགས་བསྟན་པ་རིན་ཆེན་ཁང་བཟང་རྩེར། །བཤད་དང་སྒྲུབ་པའི་བ་གམ་མཐོར་བརྩེགས་ཤིང་། །བསླབ་གསུམ་ངུར་སྨྲིག་རྒྱལ་མཚན་སྲིད་པའི་རྩེར། །སྒྲེང་མཛད་རྗེ་བཙུན་བླ་མར་གསོལ་བ་འདེབས། །༼< འདི་ཉིད་བཱཿགནས་རིག་འཛིན་གྱི་ཞལ་གསུང་མའོ༎༽ བཤད་སྒྲུབ་བདག་ཉིད་སྔ་འགྱུར་ཆོས་ཀྱི་མཁར། །ལྷ་བྲག་བསྟན་པའི་ཉི་མ་འོད་པོ་ཆེ། །ཡེ་ཤེས་རྡོ་རྗེ་བདུད་འདུལ་དྲག་པོའི་སྐུ། །བསྟན་རྒྱུན་བླ་མ་གཉིས་ལ་གསོལ་བ་འདེབས། །༼< འདི་ཡང་གསར་བརྩམས་སོ༎༽གཞན་ཡང་དབང་རྒྱུད་ལུང་དང་མན་ངག་སོགས། །བཀའ་དྲིན་ཆེན་པོས་རྗེས་བཟུང་བཅུ་ཕྲག་བཞི། །རྡོ་རྗེ་སློབ་དཔོན་སྐུ་ཡི་རྣམ་རོལ་དུ། །ཡོངས་ཤར་མི་ཕྱེད་དད་པས་གསོལ་བ་འདེབས། །

མདོར་ན་དངོས་གཅིག་དུ་མའི་ཟློས་གར་ལས། །མཐས་ཡས་འགྲོ་ངོར་དེར་མཐུན་སྤྲུལ་པའི་སྐུ། །གང་འདུལ་དེར་སྣང་མཛད་པ་ལེགས་སྟོན་པའི། །དྲིན་ཆེན་རྩ་བའི་བླ་མར་གསོལ་བ་འདེབས། །༼< འདི་ཉིད་པད་དབང་གི་གསུང་ལས་སོ༎༽མདོ་རྒྱུད་བསྟན་བཅོས་མན་ངག་ཟབ་མོ་ཡི། །ཆོས་རྣམས་གང་ལ་ཞུས་པའི་རྩ་བ་དང་། །བརྒྱུད་པའི་བླ་མ་མ་ལུས་ཐམས་ཅད་ལ། །རྟག་ཏུ་གུས་པའི་ཡིད་ཀྱིས་གསོལ་བ་འདེབས། །གང་ཞིག་དད་པས་བླ་མའི་ཚོགས་རྣམས་ལ། །ཚིག་འདིས་རྟག་ཏུ་གསོལ་བ་འདེབས་བྱས་ན། །བདག་སོགས་རྒྱུད་ལ་བླ་མ་ཁྱེད་རྣམས་ཀྱི། །ཡེ་ཤེས་གཟིགས་པའི་བྱིན་རླབས་འཇུག་པར་ཤོག ། ༎


༒ ལས་གཞུང་གང་ཡིན་གྱི་གསོལ་འདེབས་ཁ་བསྒྱུར་ནི།
༐ ཕྱི་སྒྲུབ་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་སྐབས།
སྔོན་ཚེ་སྣང་བ་མཐའ་ཡས་ སོགས་དང་། གནས་ཆེན་རི་བོ་ཏ་ལའི་ lསོགས།


༐ ནང་སྒྲུབ་རིག་འཛིན་གདུང་སྒྲུབ་ལ། རིག་འཛིན་བྱང་ཆུབ་སེམས་དཔའི་ སོགས་དང་། མ་བཅོས་སྤྲོས་བྲལ་ སོགས།


༐ གསང་སྒྲུབ་དྲག་པོ་རྩལ་ལ། སྐྱེ་འགག་འགྱུར་མེད་ སོགས་ནས། རྡོ་རྗེ་ཐོད་ཕྲེང་རྩལ་ལ་གསོལ་བ་འདེབས། ཞེས་དང་། ཕྱོགས་བཞི་དུར་ཁྲོད་ སོགས།


༐ རྟ་མགྲིན་གསང་སྒྲུབ་དང་། དྲེགས་པ་དབང་སྡུད་གཉིས་ཀར། དཔལ་ཆེན་པདྨ་ཧེ་རུ་ཀ་ཡི་ སོགས་དང་། དམར་ནག་གྲུ་གསུམ་དབང་གི་ སོགས།


༐ འཁོར་བ་དབྱིངས་སྒྲོལ་སྐབས། སྔོན་ཚེ་སྣང་བ་མཐའ་ཡས་ སོགས་དང་། ཞི་ཁྲོ་ཡི་དམ་ སོགས།


༐ ཚེ་སྒྲུབ་ལྕགས་སྡོང་མར། བྲག་ཕུག་མ་ར་ཏི་ཀའི་ སོགས་དང་། པདྨ་དབང་གི་གཞལ་ཡས་ཆེན་པོ་ སོགས། འཇམ་དབྱངས་བླ་མའི་ཞབས་ལ་གསོལ་བ་འདེབས། ཞེས་པའི་རྗེས་སུ། གུ་རུ་པདྨ་སིདྡྷི་ཧཱུྃ། རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་འཁོར་ལོའི་མགོན༎ གང་འདུལ་ཞི་དང་ཁྲོ་བོའི་ སོགས་རིག་འཛིན་རྗེའི་གསོལ་འདེབས་ཡོངས་རྫོགས་འདོན་ནོ༎

Tags:

🔥 Trending searches on Wiki བོད་སྐད:

ཏོག་དབྱིབས་ནད་དུགམཚོ་སྐྱེས་སྙི་སྙི།ཧྥ་རན་སིའི་སྐད།ཚེ་ཐར་གྱི་ཕན་ཡོན་བཞུགས་སོ།།ལྟུང་བཤགས་ཀྱི་ཆོ་ག་ལ་བརྟེན་ནས་སྟོབས་བཞིའི་བཤགས་སྡོམ་བྱ་ཚུལ་འགྲེལ་པ་ཕར་ཕྱིན་དྲུག་མའ་མའོ་སྒྲི་ཨ་མ་སྒྲེན་ཅ་ཊི།གསལ་བྱེད་ཀྱི་རྒྱན་བཅུ་གཉིས་སེམས་བསྐྱེད་ཉེར་གཉིས་མ་པུཆེ་སྐད།རང་བཞིན་བརྗོད་པའི་རྒྱན་བཞི་དབུ་མ་རྒྱན་གྱི་ཚིག་ལེའུར་བྱས་པ་མཚོ་ཕགགངས་ཆེན་མཛོད་ལྔ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ།ཐེག་པ་རིམ་དགུའི་རྣམ་གཞག་མདོར་བསྡུས།ཀ་ལིངྐ་སློབ་དཔོན་ཐུ་མི་སམ་བྷོ་ཊ།རྨ་བྱ་ཁ་འབབ།ནང་པ་སངས་རྒྱངས་ཀྱི་ལྷ་རྫོང་ཁ།ཆོས་འཁོར་གྱི་སྐོར།ཀུན་དགའ་སྙིང་པོ།སངས་རྒྱས། (ཐ་སྙད།)རིགས་གསུམ་མགོན་པོ།བྷོ་ལི་ཝི་ཡ།ཚེ་རིང་མཆེད་ལྔ་མཆོད་རྟེན་ཕ་རོལ་དུ་ཕྱིན་པ་དྲུག་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ།ཟླ་བ་བཅུ་གཉིས་ལ་ཏིན་སྐད།གཡའ་དྲེད།དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ་རང་དབང་།སོག་པོའི་སྐད།ལྷག་བཅས་ཀྱི་ཕྲད་འཇུག་ཡུལ་བརྒྱད་པོལ.ཀའོ་ཀེང་།ལུ་ཟོན།ཆུ།བརྗོད་བྱེད་སྡེ་སྣོད་གསུམ་གཏེར་ལེན་ཁ་འཇིགས་མེད་དབང་ཕྱུགབོད་ཀྱི་ལོ་ཐོ།སངས་རྒྱས་ཀྱི་མཛད་རྣམ་མདོར་བསྡུས་ཤན་རྩ་རྫོང་སྤུར་རྒྱལ་བཙན་པོའི་དུས་རབས།ལྟུང་བཤགས་འོད་པར་རྒྱབ་ཐབས།རྒྱལ་སྲས་ལག་ལེན།སློབ་དཔོན་སེང་གེ་བཟང་པོ།ཀརྨ་པ་རོལ་པའི་རྡོ་རྗེ་བྷང་ལ་རྡེ་ཤུ།མ་གཅིག་ལབ་སྒྲོན།འབར་མའི་སྐད།ཨེ་ཁོའོ་ཌོར།ངོ་ཚ་ཤེས་པ་སྐྱབས་འགྲོ་འཇོར་ཇི་ཡ། (རྒྱལ་ཁབ།)རིན་ཆེན་ཚ་སྦྱོར་ཆེན་མོ་ར་ལོཤེར་སྙིང་བདུད་བཟློག་ཆོ་ག་ནུབ་རྒྱ་མཚོ་ཆེན་པོ།བོད་ཀྱི་ལྷ་མོའི་འཁྲབ་གཞུང་བརྒྱད་སྤྱན་རས་གཟིགས།ཚོགས་སྦྱོར་གཉིས་རྡོ་ལུ་མ།ཚངས་དབྱངས་རྒྱ་མཚོའི་མགུར་གླུ།སྤྱན་རས་གཟིགས་བཅུ་གཅིག་ཞལ།🡆 More