དྭགས་པོ་ཟླ་འོད་གཞོན་ནུ་

གྲུབ་ཆེན་མི་ལ་རས་པའི་ཐུགས་སྲས་དྭགས་པོ་བསོད་ནམས་རིན་ཆེན་ནམ། དྭགས་པོ་ཟླ་འོད་གཞོན་ནུ་ནི། བོད་དབུས་གཙང་ཁམས་གསུམ་ལས་དབུས་ཀྱི་ལྷོའི་ཆར་གཏོགས་པ་གཉལ་གྱི་ཡུལ། གནའ་རབས་ཀྱི་དུས་སུ་བོན་རྙི་དབུས་དཀྱིལ་གྲོང་དཀར་པོ་ཞེས་གྲགས་ཀྱང་ཕྱིས་སུ་ཡུལ་སྐད་དུ་སྤྱིལ་གྲོང་ཞེས་པའི་གྲོང་ཚོ་རུ། ཡབ་སྙི་བ་སངས་རྒྱས་རྒྱལ་པོ། ཡུམ་ཤོ་མོ་ཟ་ཆེ་ལྕམ་གཉིས་ཀྱི་སྲས་སུ་རབ་བྱུང་དང་པོའི་ས་མོ་ལུག་སྤྱི་ལོ༡༠༧༩ལོ་ལ་འཁྲུངས། ཡབ་ཡུམ་གཉིས་ལ་སྲས་སྤུན་མཆེད་གསུམ་ཡོད་པ་ལས་ཁོང་ནི་གཉིས་པ་ཡིན་ལ། སྤུན་མཆེད་གཞན་ལས་རིག་པ་གསལ་ཞིང་ཡར་སྐྱེས་མགྱོགས་པས། མཚན་དར་མ་གྲགས་ཞེས་གསོལ། ཁོང་གི་རུས་རྙི་བའི་འབྱུང་ཁུངས་ནི། སྟོང་ཐུན་ལོ་རྒྱུས་ཆེན་པོ་གསེར་གྱི་ཐེམ་སྐས། ཆེ་དགེ་ཡིག་ཚང་དངུལ་སིག་ཅན་སོགས་གནའ་རབས་ཀྱི་ཡིག་རྙིང་རྣམས་སུ་འཁོད་པ་ལྟར་ན། གནའ་སྔ་མོར་བོད་ལ་རྒྱལ་པོ་མ་བྱུང་གོང་གངས་ཅན་ལྗོངས་འདིར་ཀླུ་གདུག་པ་ཅན་གྱིས་དབང་བསྒྱུར་བས། ཀླུ་ནད་ཀྱིས་ཁ་བ་ཅན་པ་རྣམས་ཉམས་ཐག་པོར་བྱས་པའི་ཚེ། སྤྲུལ་པའི་ལྷ་བྱང་སེམས་རྡོ་རྗེ་བྱ་བ་དེ་ཉིད་ཀླུ་འདུལ་བའི་དུས་ལ་བབས་པར་མཁྱེན་ནས་མི་ཡུལ་དུ་བབས། རི་རབ་ལྷུན་པོའི་བྱང་ཕྱོགས་ན་བྱ་ཁྱུང་མང་པོ་ཡོད་པ། རྫུ་འཕྲུལ་གྱིས་རྒྱ་རྙི་བཙུགས་ནས་བཟུང་སྟེ།ཀླུ་རྣམས་འདུལ་བཅུག་པས། ཀུན་གྱིས་རྙི་བ་ཞེས་བོས་ཤིང་རྗེ་བོར་མངའ་གསོལ། དེ་ནས་བཟུང་རྗེ་རྙི་བ་བཙད་པོའམ།རྒྱ་རྗེ་བཙད་པོ་ཞེས་གྲགས་པར་བཤད།རྗེས་ནས་རྗེ་དེའི་རིགས་རྒྱུད་རྣམས་ལ་རྙི་བ་ཞེས་གྲགས་སོ། །ཁོང་གི་ཡབ་གསོ་རིག་ལ་མཁས་ཤིང་ཡོན་ཏན་ལྡན་པ་ཞིག་ཡིན་པས།ཁོང་དགུང་ལོ་ལྔ་པར་ཕེབས་པ་ན།ཡབ་ཀྱིས་ཀློག་བསླབས།ཡུན་མི་རིང་བར་ཀློག་ཐོགས་མེད་དུ་གྱུར།དགུང་ལོ་བདུན་པར་གསོ་བ་རིག་པ་སྦྱོང་བའི་དབུ་བཙུགས། རྒྱ་གར་གྱི་སྨན་པ་མཁས་པ་སྐྱེ་མེད་མདུན་དུ་དོན་སྣོད་ཀྱི་ནད་བཅོས་གཙོ་བོར་གྱུར་པའི་སྨན་དཔྱད་སྦྱངས་ཤིང་། མགོན་པོ་ཀླུ་སྒྲུབ་དང་སློབ་དཔོན་པདྨའི་མན་ངག་སོགས་ཞུས། གཙང་པ་ལྷ་རྗེ་དབུ་གསིལ་ལ་ཡན་ལག་བརྒྱད་པ་སོགས་སྨན་གཞུང་གི་འགྲེལ་བཤད་ཚང་མ་གསན། བལ་བོའི་སྨན་པ་བི་ཇི་སྨན་གཞོན་ལ་རྩ་ཡི་གནས་ཚུལ་ལ་དཔྱད་པའི་ལག་ལེན་སོགས་ལག་ལེན་གྱི་སྐོར་རྣམས་སྦྱངས། སློབ་དཔོན་དེ་གསུམ་ལོ་ཕྱེད་བརྒྱད་བར་བསྟེན། གཞན་ཡང་རྒྱ་ཁྱི་ཐན་གྱི་སྨན་པ་གཙུག་ཕུད་ཅན་སོགས་སྨན་གྱི་སློབ་དཔོན་བཅུ་གསུམ་ཙམ་བསྟེན་ནས་ལོ་བཅུ་གསུམ་རིང་གསོ་རིག་སྦྱངས། བོད་ཀྱི་གསོ་བ་རིག་པ་ལ་མཁས་པའི་མཐར་སོན།གསང་སྔགས་རྙིང་མའི་ཟླ་བ་འབར་རེ་བསྟེན་ནས་རྙིང་མའི་ཆོས་གསན། ཟངས་དཀར་ལོ་ཙཱ་བ་འཕགས་པ་ཤེས་རབ་ལ་བསྙེན་བཀུར་མཛད་ཅིང་། དཔལ་བསམ་ཡས་དང་། ལྷ་སའི་བར་ཕྱག་ཕྱིར་བགྱིས་ཏེ་རྣལ་འབྱོར་སྐོར་དང་། བདེ་མཆོག་གི་དབང་ལུང་ཞུས།དགེ་བཤེས་ཤར་པ་བ་ཡོན་ཏན་གྲགས་ལ་བཀའ་གདམས་ཀྱི་ལམ་རིམ་གསན།དགུང་ལོ་བཅུ་དྲུག་ལ་ཕེབས་པའི་དུས་སུ་རབ་ཏུ་བྱུང་བར་བཞེད་ནས་ཡབ་ཡུམ་ལ་ཞུས་ཀྱང་མ་གནང་བར། མཆིམས་ཇོ་སྲས་དར་མ་འོད་ཀྱི་བུ་མོ་ཁབ་ཏུ་བཞེས།སྨན་དཔྱད་དང་།གསང་སྔགས་གསར་རྙིང་གི་ཆོ་ག་འདོན་པ་སོགས་ཀྱི་ཁྱིམ་གཞིས་སྐྱོང་བར་མཛད། སྲས་གཅིག་དང་སྲས་མོ་ཞིག་ཀྱང་སྐྱེས། ཁོང་ཁྱིམ་མི་རྣམས་ཕན་ཚུན་བརྩེ་གདུང་ཧ་ཅང་ཟབ་ཅིང་བདེ་བའི་ངང་ནས་འཚོ་ཞིང་གནས་སོ། །དགུང་ལོ་ཉེར་ལྔ་བཞེས་པའི་ཚེ།ཡུལ་དེར་འབྲུམ་ནག་གི་ནད་ཀྱིས་ཁྱབ། སྲས་ལོ་བརྒྱད་ལོན་པ་དང་། སྲས་མོ་ལོ་གསུམ་ལོན་པ། ལྕམ་མོ་དང་བཅས་འབྲུམ་ནད་ཀྱིས་མནར།སྐྱོ་ངལ་ཚད་མེད་ངང་ནས་ཞིང་རྨོ་བར་ཕེབས། འབྲེང་ལྕག་ཕྱག་ལ་འཁོར་བས་རྐྱེན་བྱས་སྙིང་རྗེ་ལྷག་པར་སྐྱེས་ནས། རྨོ་གླང་ཡན་དུ་བཅུག ཕྱག་ལྷམ་ས་ལ་བརྡབས་ནས་ད་ནས་བཟུང་སྡིག་པའི་བྱ་བ་འདི་འདྲ་ལ་ནམ་ཡང་མི་འཇུག་སྙམ། དེ་ནས་རིང་པོ་མ་ལོན་པར། སྲས་མོ་ལོ་གསུམ་ལོན་པ་དེ་ཤི དུར་ཁྲོད་དུ་རོ་བསྐྱལ་ནས་ཚུར་བྱོན་ཙ་ན། སྲས་ལོ་དགུ་ལོན་པ་དེའང་གྲོངས། ཡང་དེའི་རོ་དུར་ཁྲོད་དུ་བསྐྱལ་བར་བྱོན། ཚུར་ཕེབས་པ་ན་ཁོང་གི་སྐུ་ལྕམ་ནད་དྲག་པོས་ཡུན་རིང་མནར་བའི་ཐོག་སྲས་མིང་སྲིང་གཉིས་གཅིག་རྗེས་གཅིག་འདས་པའི་དབང་གིས།ལུས་ཟུངས་ཟད་ཅིང་དབུགས་ཆད་ལ་ཁད་དུ་གྱུར། མོས་མིག་མཆི་མས་གང་སྟེ་ཁོང་གི་ཞལ་ལ་ཅེ་རེར་བལྟས། ཁོང་གིས་ཀྱང་མོའི་བཞིན་རས་ལ་གཟིགས་ཤིང་། སྤྱན་ཆབ་མང་དུ་བསིལ། ད་ནས་བཟུང་ངས་ནོར་རྫས་ཀུན་སྦྱིན་པ་བཏང་ནས། རབ་ཏུ་བྱུང་སྟེ་བྱང་ཆུབ་བསྒྲུབ་རྒྱུ་ཡིན་ཞེས་གསེར་གྱི་གླེགས་བམ་དབུ་ཐོག་ཏུ་བཞག་ནས་དམ་བཅའ་མཛད།མོས་ཀྱང་འདོད་པ་མཐུན་པའི་ཚུལ་གྱིས་མགོ་བོ་སྒུར་ཙམ་བྱས་ཏེ་འདས་སོང་ངོ་། །དེ་ནས་ནོར་རྫས་ཀུན་དགོངས་རྫོགས་སུ་བཏང་། ཇོ་མོའི་གདུང་བཞུགས་མཆོད་རྟེན་ཞིག་ཀྱང་བཞེངས། དེ་ལྟར་སྡུག་བསྔལ་ཚད་མེད་ཀྱིས་མནར་བས་འཁོར་བ་མཐའ་དག་ལ་སྙིང་པོ་མེད་པར་གཟིགས་ནས། དགུང་ལོ་ཉེར་དྲུག་པར་བཀའ་གདམས་པའི་བཙུན་པ་འགོང་སྟོན་དཔལ་བསོད་བྱ་བ་ཞིག་ལ་གྲོགས་བཅོལ་ཏེ་དྭགས་པོ་རོང་དགར་བྱོན། ཟངས་དཀར་བའི་སློབ་མ་མར་ཡུལ་བ་དགེ་བཤེས་བློ་ལྡན་ཤེས་རབ་མདུན་བསྙེན་རྫོགས་ཀྱི་སྡོམ་པ་ཡང་དག་པར་མནོས། མཚན་དགེ་སློང་བསོད་ནམས་རིན་ཆེན་དུ་གསོལ།སློབ་དཔོན་གྱི་མདུན་དུ་གསང་སྔགས་ཀྱི་ཆོས་སྐོར་མང་པོ་ཞུས། ཆོས་གྲོགས་འགོང་སྟོན་གྱི་བསྐུལ་བར་བརྟེན། རྗེ་མི་ལའི་སློབ་མ་བྱང་ཆུབ་སེམས་དཔའ་མདུན་ནས། མི་ལའི་གདམས་ངག་ཁྲིད་དང་བཅས་པ་འགའ་ཞིག་ཞུས། དགུང་ལོར་ཉེར་བརྒྱད་པར།འགོང་སྟོན་དང་ལྷན་ཅིག་ཏུ་དབུ་རུ་བྱང་གི་ཕྱོགས་སུ་བཀའ་གདམས་པའི་ཆོས་ཞུ་བར་ཕེབས། སྤྱན་སྔ་བའི་སློབ་མ་སྙུག་རུམ་པའི་བརྩོན་འགྲུས་རྒྱལ་མཚན་ལ་ཇོ་བོའི་ལམ་རིམ་གསན་ནས་ཟླ་བ་བརྒྱད་ཙམ་བསྟེན། གླང་ཐང་པའི་སློབ་མ་ལྕགས་རི་གོང་ཁ་བ་བྱང་ཆུབ་དཔལ་ལ། ཇོ་བོའི་གདམས་ངག་མ་ལུས་པ་གསན། རྟ་མགྲིན་ཕྱག་རྡོར་སོགས་ཀྱི་དབང་ལུང་འགའ་ཡང་ཞུས། དགེ་བཤེས་རྒྱ་ཡོན་བདག་ལོ་གསུམ་བསྟེན་ནས་གསན་བསམ་མཛད། དེ་ནས་རང་ཡུལ་དུ་བྱོན། ཡབ་མེས་ཀྱིས་བཞེངས་པའི་སེར་ཁ་བྱ་བའི་གཙུག་ལག་ཁང་ཞིག་ཡོད་པ་དེར། སྒྲུབ་ཁང་ཞིག་བརྩིགས་ཏེ་སྒོམ་སྒྲུབ་མཛད། རྨི་ལམ་གྱི་སྔ་ལྟས་བཟང་པོ་བྱུང་། དཔྱིད་ཀར་མཚམས་གྲོལ་ནས་སྐྱོ་སངས་ལ་བྱོན་པས། སྤྲང་པོ་རྒད་པོ་གསུམ་གྱིས་རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པའི་སྙན་གྲགས་གླེང་བ་གསན། མི་ལ་རས་པའི་མཚན་ཐོས་པ་ཙམ་ལ་ལུས་སྤུ་ལྡང་ཞིང་། མིག་ནས་མཆི་མ་འཁྲུག་པའི་དད་པ་སྐྱེས་ཏེ། ཅིས་ཀྱང་མཇལ་འགྲོ་དགོས་སྙམ་པ་ཐུགས་ལ་འཆར། ཞིང་བཟང་པོ་གཅིག་ཡོད་པ་དེ་གསེར་སྲང་དོ་དང་ཇ་ལ་བརྗེས། སྔོན་གྱི་བཀའ་གདམས་པའི་བླ་མ་རྣམས་ལ་གནས་སྐབས་དགོངས་ཁྲོལ་ཞུས། དགོང་ལོ་སོ་གཅིག་པ་ཆུ་གླང་ལོར་གྲོགས་འགོང་སྟོན་དང་བསྡེབས་ཏེ་གཙང་ཕྱོགས་སུ་བཏེག གཙང་ཚོང་འདུས་མགུར་མོར་སླེབས་པ་ན། འགོང་སྟོན་ནད་དྲག་པོས་ཟིན། འགོང་སྟོན་གྱིས་ང་གནས་སྐབས་འགྲོ་ཐུབ་པ་དཀའ་བས། ཁྱེད་རང་སྔོན་ལ་ཕེབས། ང་ནད་དྭངས་པ་དང་སླེབས་འོང་གསུངས། ཁོང་ཡི་མུག་ཀྱང་བྱ་ཐབས་བྲལ། གསེར་སྲང་དོ་དང་ཇ་དུམ་བུ་མ་གཏོགས་དེ་མིན་གྱི་ལམ་རྒྱགས་དངུལ་དངོས་ཚང་མ་འགོང་སྟོན་ལ་བཞག ཚོང་པ་འགའ་དང་འགྲོགས་ཏེ་ཁྲེས་པོ་བསྣམས་ནས་ཞབས་ཐང་དུ་ཟླ་ཕྱེད་ཙམ་ཕེབས་པས་མི་ལའི་བཞུགས་གནས་དང་ཉེ་བར་ལ་སྟོད་མེ་མོ་ཐང་ལ་འབྱོར། སྐུ་ངལ་བའི་ཐོག་གློ་བུར་བའི་ནད་ཅིག་གིས་མནར། ཐང་དཀྱིལ་དུ་ཉིན་ཞག་བདུན་གྱི་བར་ལུས། རྗེ་བཙུན་མི་ལ་བཞུགས་པའི་ཕྱོགས་སུ་བལྟས་ཏེ་གསོལ་བ་དྲག་ཏུ་བཏབ། རྗེ་བཙུན་གྱིས་མཁྱེན་ནས་རྣལ་འབྱོར་པ་ཞིག་བསུ་བར་མངགས། ཁོང་གི་ནད་ཅུང་དྭངས་བ་དང་རྣལ་འབྱོར་པ་བསུ་བར་འབྱོར། ཁྲེས་པོ་བདག་ལ་སྩོལ་ཞེས་རྣལ་འབྱོར་པས་ཁྲེས་པོ་ཁྱེར་ཏེ་རིམ་གྱིས་བྱོན། འབྱོར་ལ་ཉེ་བར། རྣལ་འབྱོར་ཕོ་མོ་རྣམས་ཀྱིས་སྤོས་དུད་དང་རྔ་རྡུང་རོལ་མོ་དང་བཅས་བསུས། དེ་ནས་རྗེ་བཙུན་གྱི་དྲུང་དུ་ཕྱིན་པས། རྗེ་བཙུན་རྡོ་ཕ་བོང་ཆེན་པོའི་སྟེང་བཞུགས་པར་མཇལ། དད་པ་ཚད་མེད་སྐྱེས་ཏེ་མིག་མཆི་མས་བརླན་བཞིན་པར་ཕྱག་གསུམ་བཙལ་ནས། མཇལ་རྟེན་དུ་གསེར་སྲང་དོ་དང་ཇ་དུམ་བུ་བཅས་ཕུལ། ང་ལམ་ཐག་རིང་པོ་ནས་ཁྱེད་མཇལ་དུ་ཡོང་བ་ཡིན་པས་ཐུགས་རྗེས་འཛིན་པར་ཞུ་ཞུས། རྗེ་བཙུན་གྱི་ཞལ་ནས། གསེར་དང་མི་རྒན་ལོ་མི་མཐུན། ཇ་སྐོལ་བྱེད་ཀྱི་ཐབ་སྤྱད་མེད། དེ་རྣམས་ཁྱོད་རང་སྒྲུབ་པ་བྱེད་པའི་རྒྱགས་གྱིས། ཁྱོད་དེ་ཙམ་ལམ་ཐག་རིང་རྒྱུ་མེད། ཁམས་དང་རྒྱ་གར་ནས་ང་རྩར་ཡོང་མཁན་ཡོད། ཁྱོད་ཀྱི་མིང་ཅི་ཟེར་གསུངས། བསོད་ནམས་རིན་ཆེན་ལགས་ཞུས།རྗེ་བཙུན་གྱིས་བསོད་ནམས་ཚོགས་ཆེན་བསགས་ལས་བྱུང་། འགྲོ་བ་ཀུན་གྱི་རིན་པོ་ཆེ། ཞེས་ལན་གསུམ་གསུངས་རྗེས། ཆང་གསོལ་འཕྲོ་ཀ་པཱ་ལ་གང་གནང་ནས། འདི་འཐུངས་གསུངས། རྟེན་དགེ་སློང་ཡིན་པ་ཅུང་ཟད་སྐྱེངས་པའི་ཚུལ་གྱིས་བླ་མའི་བཀའ་ལྟར་ཆང་ལྷག་མ་མ་ལུས་པར་བཞེས། རྗེ་བཙུན་གྱིས་ཐུགས་དགྱེས་པ་ཆེན་པོས་མགུར་ཚར་གཅིག་གསུངས་ནས་བུ་སྟོན་ཁྱོད་ལ་སྣེ་ལེན་ཡིན་གསུངས། གནས་སྐབས་ཕ་བོང་དེའི་འོག་ལྕུག་ཕྲན་དང་། ཟ་ལྡུམ་སོགས་ཕྱེད་སྤྱིལ་ཞིག་བྱས། གསེར་ཞོ་འགའ་བཙོངས་ནས་རྒྱགས་བསྒྲུབས་ཏེ་བཞུགས། ཐོག་མར་བླ་མའི་བཀའ་ལྟར་བཀའ་གདམས་པའི་བླ་མ་རྣམས་ལ་ཞུས་པའི་དབང་དང་གདམས་ངག་རྣམས་ལ། རྗེ་བཙུན་རང་གི་ལུགས་ཀྱིས་བྱིན་རླབས་མཛད། དེ་ནས་དབྱར་གྱི་དུས་སུ་སྟོད་མཚོ་ལུང་དུ་བཞུགས། ཉིན་མཚན་ཀུན་ཏུ་འབྲལ་བ་མེད་པར་རྗེ་བཙུན་གྱི་རྗེས་སུ་འབྲངས། བླ་མའི་ཐུགས་ལ་བཞུགས་དགུའི་ཟབ་ཆོས་མ་ལུས་པ་བུམ་པ་གང་བྱོའི་ཚུལ་ཞུས། དཀའ་སྤྱད་སྙིང་རུས་ཆེན་པོས་སྒོམ་བསྒྲུབ་མཐར་ཕྱིན་མཛད། ཉམས་རྟོགས་ཐུན་མོང་མིན་པ་ཐུགས་ལ་འཁྲུངས། རྗེ་མི་ལའི་ཐུགས་སྲས་ཀུན་གྱི་གཙུག་གི་ཏོག་ལྟར་གྱུར།རྗེ་བཙུན་གྱིས་སློབ་མ་ཚང་མ་འདུས་པའི་དབུས་སུ། ཕ་རྒས་ཁར་བུ་བཟང་པོ་སྐྱེས། སླད་མར་ང་བས་ཀྱང་བསྟན་པ་དང་། སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་ཡོང་བར་འདུག་གསུངས།


དྭགས་པོ་བཀའ་བརྒྱུད་ཀྱི་དགོན་གནས་དང་པོ་སྒམ་པོའི་གདན་ས། ཤར་སྒམ་པོ་གངས་ཀྱི་རི་བོ་དེ། རི་རྒྱལ་པོ་གདན་ལ་བཞུགས་པ་འདྲ། རྩེ་མོ་རིན་ཆེན་པྲོག་ཞུ་འདྲ། རྒྱབ་རི་དར་དཀར་ཕྱར་བ་འདྲ། མདུན་རི་རིན་ཆེན་སྤུངས་པ་འདྲ། རི་བདུན་བློན་པོས་འདུད་པ་འདྲ། རི་དེ་ཡི་མགུལ་ན་གདུལ་བྱ་ཡོད། ཁྱོད་དེ་རུ་སོང་ལ་འགྲོ་དོན་བསྒྲུབས། ཞེས་ལུང་བསྟན་དེ་ནས་ཁོང་དབུས་སུ་འབྱོན་ལ་ཉེ་བ་ན། རྗེ་བཙུན་གྱིས་སྐྱེལ་མགུར་རིང་པོ་ཞིག་གསུངས་རྗེས། བུ་ཁྱོད་ཡོས་བུ་ལོའི་རྟ་ཟླ་བའི་ཚེས་བཅུ་ལ་བྲིན་དང་སྙེ་ནམ་གྱི་རི་ལ་ཅིས་ཀྱང་སླེབས་པར་གྱིས། སྡིག་གྲོགས་དང་འགྲོགས་སུ་མི་རུང་། དེའི་གྲིབ་རང་ལ་ཕོག་ཡོང་བ་ཡིན། ཐམས་ཅད་དང་མཐུན་པར་བྱ། ཀུན་ལ་ཕན་པར་བྱ། གཙང་སྦྲ་ཆེ་བར་བྱ། འཇིག་རྟེན་ཆོས་བརྒྱད་ལ་རི་དྭགས་རྨས་མ་ལྟར་རྒྱུན་དུ་དོགས་ཟོན་གྱིས།རི་མཚམས་་་དང་། སྨྲ་བཅད། འདག་སྦྱར་གསུམ་གྱིས་དུས་འདའ་བར་གྱིས་གསུངས། དེ་ནས་རྗེ་བཙུན་ལ་ཐོན་ཕྱག་ལན་མང་བཙལ་ཏེ་བཏེག བླ་མས་ཤིང་སྟག་པའི་ནགས་ཡོད་པའི་ལུང་པ་དེར་རྡོ་ཟམ་ཆུང་ངུའི་བར་སྐྱེལ་ཐུང་མཛད།དེར་རྗེ་བཙུན་གྱིས་ཁོ་བོ་རྟེན་འབྲེལ་གྱི་་་་དབང་གིས་ཆུ་འདིའི་ཕ་རོལ་ལ་འགྲོ་ཐུབ་པ་མི་འདུག དབུས་པ་སྟོན་པ་ཁྱོད་ཁྲེས་པོ་་་་ཕོབས་ལ་འདིར་སྡོད། འོ་སྐོལ་ཕ་བུ་གཉིས་ཁ་བརྡ་ཞིག་ལབ་དགོས་གསུངས་ནས། རྗེ་བཙུན་ཟམ་སྟེགས་སྟེང་དུ་ཕྱེད་སྐྱིལ་དུ་བྱས་ནས་བཞུགས། ཞལ་བཀོད་མང་པོ་མཛད་རྗེས་ཨ་རུ་ར་གསེར་མདོག་ཅིག་དང་། མེ་ལྷགས་ཤིག སྐྱེལ་དར་ལ་གནང་ཞིང་ཆོས་མཐར་ཕྱིན་འགྲུབ་པའི་སྨོན་ལམ་ཡང་མཛད།ཁོང་གིས་བླ་མའི་ཞབས་ལ་ཡང་ཡང་བཏུད་དེ་ཕྱག་ལན་མང་བཙལ། མིག་མཆི་མས་གང་བཞིན་པར་གསོལ་བ་བཏབ་ནས། ཕྱི་བལྟས་ཐེངས་མང་བྱས་ཏེ་དབུས་ཕྱོགས་སུ་བཏེག དབུས་སུ་བྱོན་པ་དང་བཀའ་གདམས་པའི་ཆོས་ཆ་ཚང་མཛད་དེ། སྔོན་གྱི་བཀའ་གདམས་བླ་མ་སྙུག་རུམ་པ་སོགས་མཇལ་བར་བྱོན། བླ་མ་ཀུན་མཇལ་ཞིང་ཐུགས་དགྱེས་པ་ཆེན་པོས་དམ་པའི་ཆོས་ཀྱི་བགྲོ་གླེང་མཛད། སྔོན་བཀའ་གདམས་ཀྱི་ཆོས་ཞུ་མ་མྱོང་བ་མང་པོ་གསར་དུ་ཞུས།རིང་པོ་མ་ལོན་པར་ལོ་ཉེས་ཀྱིས་མུ་གེ་བྱུང་བར་བརྟེན་བཀའ་གདམས་བླ་མ་རྣམས་ཀྱིས་དེར་བཞུགས་དགོས་པར་ཞུས་ཀྱང་། མ་གསན་པར་གཉལ་དུ་བྱོན་ནས་སེ་བ་ལུང་དུ་སྒོམ་སྒྲུབ་ལོ་དྲུག་ཙམ་མཛད། སྐབས་དེར་སྔོན་བླ་མས་ཡོས་བུ་ལོའི་རྟ་ཟླ་ཚེས་བཅུ་ལ་མདུན་དུ་སླེབས་པར་གྱིས་གསུངས་པ་དྲན་་་་་ནས། རས་སྒོམ་རས་པ་གྲོགས་སུ་ཁྲིད། གཅེན་པོ་སེ་རེ་ལས་གསེར་ཞོ་བཅུ་གཉིས་བསྐྱིས། རྗེ་བཙུན་མཇལ་བར་ཕེབས། ཡར་ལུངས་མདོར་སླེབས་པ་ན། རས་ཆུང་པ་རྗེ་བཙུན་གྱི་དགོངས་རྫོགས་གྲུབ་ནས་མར་བྱོན་པ་དང་མཇལ། རྗེ་བཙུན་ཞི་བར་གཤེགས་པའི་གནས་ཚུལ་གསུངས་རྗེས། བླ་མས་བྱིན་རྟེན་སྐུ་སྐལ་དུ་བསྐུར་བའི་ཨ་ཀཱ་རུའི་ཕྱག་མཁར་དང་། ན་བཟའ་རས་གོས། མེེ་ཏྲི་པའི་དབུ་ཞྭ་རྣམས་ཕྱག་ཏུ་ཕུལ་མ་ཐག་ཡུན་རིང་བར་ཐུགས་དྲན་མེད་དུ་བརྒྱལ། བརྒྱལ་ལས་སངས་པ་དང་གསེར་སྲང་གང་ཕྱག་ཏུ་བསྣམས་ཏེ་སྙེ་ནམ་གྱི་ཕྱོགས་སུ་གཏོར། སྤྱན་ཆབ་བསིལ་ཞིང་ཕྱག་ལན་མང་བཙལ་ནས། བླ་མར་གསོལ་འདེབས་ཀྱི་མགུར་གསུངས། དེ་ནས་ཚུར་བྱོན། རས་ཆུང་པ་སེ་བ་ལུང་དུ་སྤྱན་དྲངས་ཏེ་ཞབས་ཏོག་བགྱིས་ཤིང་། ལུས་མེད་མཁའ་འགྲོའི་ཆོས་སྐོར་སོགས་ཐོར་བུ་འགའ་ཞིག་ཞུས། གཉལ་དུ་ཕེབས། བཀའ་གདམས་པ་རྣམས་ཀྱི་ཁྲོད་དུ་བཞུགས།ད་ནས་སྒོམ་རྣམ་དག་ཅིག་བྱ་དགོས་དགོངས་ཏེ་སེ་བ་ལུང་དུ་བྱོན་ནས་སྒོམ་སྒྲུབ་མཛད། དགེ་ལུང་། རི་བོ་ཆེ། གར་ཕུག་མགར་ཕུག་སོགས་གནས་ངེས་མེད་རྣམས་སུ་སྒོམ་སྒྲུབ་མཛད།ཟངས་རི་རས་པ་དང་རས་སྒོམ་པ་སོགས་སྒོམ་ཆེན་གྱི་སློབ་མ་མང་དུ་སྤེལ། ཁོང་སྐུ་ཚེའི་མཇུག་ཙམ་ནས་དྭགས་ལྷ་སྒོམ་པོར་བྱོན། དགོན་པ་བཏབ། སྐུ་ཚེ་མ་རྫོགས་པར་སྒོམ་སྒྲུབ་འཆད་ཉན་གྱིས་དུས་འདའ་བར་མཛད། མཁས་གྲུབ་ཀྱི་སློབ་མ་དབོན་སྒོམ་པ་ཚུལ་ཁྲིམས་སྙིང་པོ། ཁམས་སྟོན་ཕག་མོ་གྲུ་པ། ཀརྨ་པ་དུས་གསུམ་མཁྱེན་པ། འབབ་རོམ་དར་མ་དབང་ཕྱུག ཞང་འགྲོ་བའི་མགོན་པོ་སོགས་ཤིན་ཏུ་མང་པོ་སྤེལ། དྭགས་པོ་བཀའ་བརྒྱུད་ཀྱི་གདན་ས་གསར་དུ་བསྐྲུན།དྭགས་པོ་བཀའ་བརྒྱུད་ཅེས་མཚན་ཉི་ཟླ་ལྟར་གྲགས་པ་དེའང་དེ་དུས་ནས་དར། དེ་ནས་རིམ་བཞིན་བཀའ་བརྒྱུད་པའི་བསྟན་པ་བོད་དབུས་གཙང་ཁམས་གསུམ། སོག་པོ་དང་རྒྱ་ནག བལ་པོ། འབྲུགའབྲས་ལྗོངས་སོགས་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་དར་ཞིང་རྒྱས་པར་གྱུར།རྗེ་སྒོམ་པ་བ་དྭགས་ལྷ་སྒམ་པོར་བྱོན་རྗེས། སྔོན་གྱི་བཀའ་གདམས་པའི་ཞྭ་སྣེ་རིང་གི་ལྟེ་བ་ཡན་བཅད་དེ་ཟླུམ་པོ་པད་འདབ་ལྟ་བུ་ཞིག་མནབས། རྗེས་སུ་སྒོམ་པ་ཚུལ་ཁྲིམས་སྙིང་པོས་ཞྭ་འདབ་བལྟེབས་ས་བཙེམ་སྟེ་མནབས། རྗེ་བླ་མས་དགྱེས་དགྱེས་མཛད་དེ་བཞིན་གསོལ་བས། ཕྱིས་སྒོམ་ཞྭ་ཞེས་བཀའ་བརྒྱུད་སྒོམ་ཆེན་ཡོངས་ཀྱི་ཐུན་མོང་གི་ཞྭ་རུ་གྱུར། དགུང་ལོ་བདུན་ཅུ་དོན་ལྔ་བཞེས་པར་རབ་བྱུང་གསུམ་པའི་ཆུ་མོ་བྱ་ཡི་ལོ་སྤྱི་ལོ༡༡༥༣ཟླ་བ་དྲུག་པའི་ཚེས་བཅོ་ལྔའི་སྔ་དྲོར་ཉི་མ་ཤར་བ་དང་མཉམ་དུ་སྐུ་གཤེགས།

Tags:

🔥 Trending searches on Wiki བོད་སྐད:

རང་ཚུགས་མ་ཤོར། གཞན་སེམས་མ་དཀྲུགས།གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ།ཕཱ་ར་མེ་ནེ་ཌི་ཟི།ཤུགས་རིག་པ།སྙན་ངག་ལེའུ་གསུམ་པའི་ས་བཅད་དང་དཔེར་བརྗོད་བཞུགས་སོ།།ཧི་མ་ལ་ཡ།ནད་དུག་སྙན་ངག་མེ་ལོང་བཞུགས་སོ།།སྨད་འཚོང་མ།ཇིང་ཁི་ཁན།རིག་འཛིན་ཀློང་གསལ་སྙིང་པོ་ལྟུང་བཤགས་ཀྱི་ཆོ་ག་ལ་བརྟེན་ནས་སྟོབས་བཞིའི་བཤགས་སྡོམ་བྱ་ཚུལ་འགྲེལ་པ་མ་ཡའི་ཨང་ཀི།འཇམ་མགོན་བླ་མ་ཙོང་ཁ་པའི་རྣམ་ཐར་བསྡུས་པ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཀུན་སློང་གཉིས་སན་མ་རི་ནོ།ཁམས་པ།ཁ་བཏགས།རྟགས་ཀྱི་འཇུག་པའི་རྣམ་བཤད་མཁས་པའི་དགོངས་རྒྱན།བསམ་ཡས་གཙུག་ལག་ཁང་གི་རྡོ་རིང་དུང་དཀར་ཚིག་མཛོད་ཆེན་མོ།དཔལ་དུས་ཀྱི་འཁོར་ལོ་དབྱར་རྩྭ་དགུན་འབུ་ལི་ཆེ་ཏན་སཏིན།ཞི་བྱེད་པ།ཀྱེའི་རྡོར།སངས་རྒྱས་ཀྱི་མཛད་རྣམ་མདོར་བསྡུས་བདེ་སྨོན་བསྡུས་པ་མོ་རོ་ཁོ།ཨུ་རུ་སུ།ཕྲེང་བ།ཕའི་ཆིའུ་སྤོ་ལོ།འབྲི་ཆུམོན་པ།རང་བཞིན་བརྗོད་པའི་རྒྱན་བཞི་ཧྥིན་ལན།པོ་ཏ་ལ་ཀུན་ཏུ་དགའ་བའི་གཏམ་དུང་དཀར་ཚིག་མཛོད་ཆེན་མོ་ས་ངོས་སྙོམས་ཐིགསློབ་དཔོན་སེང་གེ་བཟང་པོ།རྒྱལ་སྲས་ལག་ལེན།ཚེ་མདོཚོ་ཁག་གི་ཆགས་སྤྱོད།ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་རྒྱ་གར་སྐད།ཐེག་པ་རིམ་དགུའི་རྣམ་གཞག་མདོར་བསྡུས།སོག་རྫོང་།འཛམ་གླིང་འཁྲུག་ཆེན་དང་པོ།༢༠༢༤ལོ།ཁྲག་གཅིན་ཕོ་ལན་སྐད།མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ་མུ་ཧ་མད།དབུས་བཟའ་མཁའ་འགྲོ་མ་ཏ་ཟིག་གི་སྐད།མགར་ས་གི་ས་ཁོངས།མ་ནིང་རིགས་ལྔ།ལུས་རྣམ་སྣང་གི་ཆོས་བདུན་ལྡན་འཕོ་བ་དྲན་པ་རང་གྲོལ་ཨ་ཧྥེ་རི་ཁ།བར་དོ་དྲུག་གི་རྩ་ཚིག་སྲོང་བཙན་སྒམ་པོ་སིམ་བུ་སན།སི་ཧྥུན་ཁོ་སི། (ཨའི་ཅི།)སུན་ཀྲུང་ཧྲན།སྡེ་སྲིད་སངས་རྒྱས་རྒྱ་མཚོ།གེ་སར་རྒྱལ་པོ།རང་དབང་།ཝི་ཏི་ནམ།🡆 More