དཔའ་རིས་

དཔའ་རིས་ཞེས་པའི་མིང་དང་དཔའ་རིས་བོད་རིགས་ཀྱི་མཆེད་ཁུངས་ལ་རགས་ཙམ་དཔྱད་པ།

ས་སྟེང་འདིར་མི་ཡི་འགྲོ་བ་ཆགས་དུས་ནས་བཟུང་། བློ་རིགསྙིང་སྟོབས་དཔའ་རྩལ་ཆེ་ཞིང་།ཞེ་རྒྱུད་རང་བཞིན་གྱིས་དྲང་ལིང་། སྙིང་རྗེ་དང་ཕན་སེམས་ལྡན་པ་སོགས་ལྷན་སྐྱེས་ཀྱི་ཡོན་ཏན་མང་པོས་རྒྱུད་ཕྱུག་པའི་བོད་དཀར་པོའི་རིགས་ཀྱིས་བཟུང་བའི་ས་ཆ་ལ་བོད་དང་བོད་ཆེན་པོ་གཉིས་སུ་ཕྱེ་ཞིང་། བོད་ཆེན་པོའི་ཁུངས་གཏོགས་མདོ་ཁམས་སྨད་ཀྱི་ཆ།མཚོ་སྔོན་གཙོ་ཆུའི་བྱང་ཕྱོགས། མི་ཉག་གི་ལོ་རྒྱུས་སུ་བྱང་ངོས་སུ་འབོད་པའི་ཀྰན་ཀྲོས་ཆུ་ནག་ཚུན་ཆད། ཆུ་ལེན་ཧྲན་ཏེ་མདོ་ལ་རིང་མོའི་རི་རྒྱུད་ལུང་ལག་དང་། དེ་དང་འདབ་འབྲེལ་དུ་གནས་པའི་བོད་རོང་འབྲོག་གི་ས་ཆ། སུ་ནན། ཐེན་ཀྲུའུ། མུན་ཡོན། ཏ་ཐུང་། ཧུ་ཀྲུ།ལོ་ཏེ་སོགས་ཀན་སུ་དང་། མཚོ་སྔོན་ཞིང་ཆེན་ཁོངས་གཏོགས་ཀྱི་རྫོང་ཁག་དྲུག་གི་མངའ་ཞབས་ཀྱི་ས་ཆར་དཔའ་རིས་བོད་རིགས་དཀར་པོའི་ཡུལ་ཞེས་གྲགས་ཤིང་། དེར་འཁོད་པའི་པྲ་འབྲི་ལྡོང་སོགས་ཀྱི་རིགས་ལས་མཆེད་པའི་བོད་རིགས་ལ་དཔའ་རིས་པ་ཞེས་གྲགས་སོ།

མིང་ཐོགས་ཚུལ

དེ་ཡང་དཔའ་རིས་ཞེས་པའི་མིང་གི་ཐོགས་པའི་རྒྱུ་མཚན། གནའ་མིའི་བཤད་རྒྱུན་ལ། ཕྱོགས་འདིའི་བོད་ཀྱི་རིགས་རྒྱུད་ཀྱི་ཐོག་མ།ཨ་ཕྱུག་དང་། དཔའ་ཕྱུག།ཅེས་པའི་བོད་མི་སྤུན་གཉིས་ཡོད་པ་ལས། ཕུ་བོ་ཨ་ཕྱུག་གིས་བཟུང་བའི་ས་ཆ་ལ་ཨ་རིག་དང་། ནུ་བོ་དཔའ་ཕྱུག་གིས་བཟུང་བའི་ས་ཆ་ལ་དཔའ་རིས་ཐོགས་སོ་ཞེས་བཤད་ཚུལ་གཅིག་དང་། ཡང་ཕྱོགསའདིའི་རི་རྣམས་མཐོ་ཞིང་གཟར་ལ། འཇིགས་རྔམ་ཆེ་ཞིང་། དཔའ་བོས་ཁྲབ་རྨོག་འཁོར་གསུམ་གོན་ནས་དགྲ་ལ་ཆས་པ་ལྟར་སྣང་བས། དཔའ་རིར་ཐོགས་སོ་ཞེས་བཤད་ཚུལ་གཅིག་དང་ཡང་བོད་རྒྱལ་སྲོང་བཙན་སྒམ་པོ་དང་ཁྲི་སྲོང་ལྡེ་བཙན་སོགས་ཀྱི་སྐུ་རིང་ལ། དབུང་གཙང་སོགས་ནས་རྒྱ་བོད་ཧོར་གསུམ་གྱི་ས་མཚམས་སྲུང་བའི་དམག་སྡེ་མངགས་གཏོང་བྱས་པ་དེ་དག་རྒྱུན་སྡོད་བྱས་པ་ལས་མཆེད་པས། དཔའ་བརྟུལ་དམག་གི་རྒྱུད་པ་ཡིན་པས་ན། དཔའ་རྒྱུད་དམ་དཔའ་བོའི་སྡེའམ། པོའི་རིས་སུ་གཏོགས་ཏེ་དཔའ་རིས་ཞེས་སུ་ཐོགས་སོ་ཞེས་ཀྱང་ཟེར་རོ།

མཆེད་ཁུངས་

བཤད་ཚུལ་གསུམ་གྱི་སྔ་མ་གཉིས་ནི་གཏམ་རྒྱུད་གནའ་གཏམ་སོགས་ཀྱི་ཡི་གེར་མཐོང་བས་ཡིན་མིན་གྱི་ཁ་ཚོན་གཅོད་དཀའ་ཡང་། བཤད་ཚུལ་གསུམ་པ་དེ་འཐད་ཕྱོགས་སུ་འཛིན་མཁན་ལོ་རྒྱུས་སྨྲ་བ་ཁྲོད་དུ་མང་བས་ཅུང་ཟད་དཔྱད་ན། སྲོང་བཙན་སྒམ་པོ་སོགས་ཀྱི་སྐུ་རིང་ལ་དབུང་གཙང་ཕྱོགས་ནས་འོངས་བས་མི་རྒྱུད་དཔའ་རིས་ཕྱོགས་སུ་ཡོད་པའང་བདེན་སྙམ་སྟེ། དཔེར་ན། སུ་ནན་རྫོང་ཁུལ་གྱི་མདུང་ནག་ཁ་གསུམ་ཟེར་བའི་བོད་ཚོ་དེ། མདུང་ལ་རྩིད་ཞོལ་ནག་པོ་བཏགས་ནས་དམག་སྡེ་རྟགས་མཚན་བྱས་པས་མདུང་ནག་པ་ཟེར་བ་དང་། ཁོ་ཚོ་སྲོང་བཙན་སྒམ་པོའི་དམག་རྒྱུད་ཡིན་ཞེས་མདུང་ནག་པ་རང་གི་ཁ་རྒྱུན་ལ་ཡོད་པ་དང་། སྐད་རིགས་ཀྱང་ཅོ་ནེ་སྐད་རོང་སྐད་ལྟ་བུ་ཞིག་འདྲེས་ཡོད་པར་དཔགས་ན་མདུང་ནག་པའི་མི་རྒྱུད། བོད་རྒྱལ་གྱི་དམག་རྒྱུད་ཡིན་ཤས་ཆེ། ཡང་མདོ་སྨད་ཆོས་འབྱུང་དུ། གླང་དར་མའི་སྲས་གནམ་ལྡེ་འོད་སྲུང་། དེའི་སྲས་མངའ་བདག་དཔའ་འཁོར་བཙན། དེའི་སྲས་བཀྲ་ཧིས་བརྩེགས་པ། དེའི་སྲས་འོད་སྡེ།དེ་ལ་སྲས་བཞི་བྱུང་བའི་གཉིས་པ་ཁྲི་སྡེ་མདོ་ཁམས་སུ་བྱོན། མཚོ་སྔོན་འདིར་གཞིར་བཟུང་སྟེ་ཁྲི་དཔོན་མཛད། ཙོང་ཁ་ཡུལ་ཆེན་བཅོ་བརྒྱད་སོགས་མདོ་སྨད་ཕར་ཆེར་ལ་མངའ་མཛད་པའི་རྒྱུད་དུ་སྤྱན་སྔ་དོན་ཆེན་པ་སོགས་བྱུང་བར་བཤད་ལ(འདི་ལ་སུང་རྒྱལ་རབས་ཀྱི་ལོ་རྒྱུས་སུ་རྒྱལ་སྲས་རྒྱལ་ཁབ་ཅེས་བརྡ་ཇི་བཞིན་མ་འབྱོར་བས་གྱོ་སི་ལོ་གོ角厮罗国ཞེས་བྲིས་སྣང)། ད་དུང་ཡང་ཁྲི་དཔོན་འདིའི་རྒྱུད་པ་དཔའ་རིས་ཕྱོགས་སུ་ཡོད་པ་ལ། འཕན་ཡུལ་རང་སྐད་མ་ཉམས་པས་ཁྲི་དཔོན་ལ་ཁྱི་དཔོན་དུ་འབོད་པ་སྣང་ཞེས་བྱུང་བ་ལྟར། གླང་དར་རྗེས་སུ་བོད་རྒྱལ་གྱི་སྲིད་དབང་སོལ་འཐོར་དུ་སོང་ཞིང་བང་འཁྲུགས་སོགས་ལས་པའི་རྐྱེན་ལས། རྒྱལ་རྒྱུད་རྗེ་བློན་འཁོར་དམག་དུམ་ཅིག་མདོ་སྨད་དུ་ཡོངས་ནས། ཙོང་ཁའི་ཡུལ་ཆེན་བཅོ་བརྒྱད་སོགས་ལ་དབང་བསྒྱུར་ཏེ་སྤྱི་ལོ༩༩༧ནས༡༠༦༥བར་གྱི་ལོ་རེ་དགུ་ཙམ་ལ་སྒེར་དབང་བཟུང་ཞིང་། མཐར་མི་ཉག་གྷའི་དབང་འོག་ཏུ་ཤོར། དུས་རབས་བཅུ་བའི་དཀྱིལ་ཙམ་ལ། དཔའ་རིས་བོད་ལུང་དྲུག་གི་སྤྱི་དཔོན་འཕན་བློ་གྲོས(潘罗支)ཟེར་བ་ཞིག་ལང་ཀྲོའུ་དམག་སྲིད་ཀྱི་སྤྱི་དཔོན་གྱི་གོ་སར་སུང་རྒྱལ་གཞུང་གིས་ལུང་གིས་བསྐོས་ཤིང་། ཉིན་ཞ་ས་ཆར་རྒྱལ་སྲིད་བཙུགས་པའི་མི་ཉག་གྷ་ཞེས་འབོད་པའི་བོད་རྒྱལ་གྱི་དམག་དང་འཐབ་པས་རྒྱལ་ཁབ་ཐོབ་པ་སུང་རྒྱལ་རབས་ཀྱི་ལོ་རྒྱུས་ནང་འཁོད་པ་དེ་དང་། བསྟན་པ་ཕྱི་དར་སྐབས་བསྟན་པའི་མེ་རོ་སྨད་ནས་གསོ་བ་པོ་བླ་ཆེན་དགོངས་པ་རབ་གསལ་དེ་ཡང་། འཕན་ཡུལ་རྨུ་གསལ་གཤེན་འབར་བྱ་བའི་བོན་གྱི་བུ་རྨུ་ཟ་འཕེན་ཞེས་འབྱུང་བའི་ལོ་རྒྱུས་ཀྱི་ཚིག་ལ་དཔགས་ན། ཁོང་ཡང་འཕན་ཡུལ་ནས་མདོ་སྨད་དུ་སྤོས་པའི་མི་རྒྱུད་ཅིག་ལས་མཆེད་པར་མངོན་ཞིང་། དེས་ན་དཔའ་རིས་མི་རྒྱུད་ཀྱི་མཆེད་ཁུངས་སུ། བོད་རྒྱལ་དུས་ཀྱི་ས་མཚམས་སྲུང་བའི་དཔོན་དམག་གི་རྒྱུད་དང་། དུས་འགྱུར་སོགས་ཀྱི་རྐྱེན་ལས་དབུས་གཙང་ཕྱོགས་ནས་འོངས་པའི་བོད་རྒྱུད་ཡོད་ཁོ་ཐག་རེད།

ཡིན་ན་ཡང་། དཔའ་རིས་བོད་རྒྱུད་ཐོག་དང་པོར་མཆེད་པའི་དུས་སྐབས་ཡ་མཐའ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་བྱས་ན། ལུང་རིགས་ཀྱི་གནོད་པ་མང་དུ་འབབ་པ་བཟློག་མི་ནུས་ཏེ། སྲོང་བཙན་སྒམ་པོའི་རྒྱལ་སྲིད་བཟུང་བའི་དུས་ནི་དུས་རབས་དྲུག་པའི་སྨད་ནས་དུས་རབས་བདུན་པའི་སྟོད་ཙམ་དུ་ཁེལ་ཞིང་། ད་ལྟའི་བར་ལོ་སྟོང་དང་བཞི་བརྒྱ་ཁ་ལྷག་ལས་མ་སོང་། དཔའ་རིས་བོད་རྒྱུད་སྲོང་བཙན་གྱི་དམག་རྒྱུད་ཡིན་ཟེར་ན། དེ་སྔོན་ལ་ཕྱོགས་འདིར་བོད་རིགས་མེད་དགོས་ཤིང་། དེ་མེད་ན་བོད་ཀྱི་ད་ཆ་ཡིན་པ་དང་། དམག་མངགས་ནས་ས་མཚམས་སྲུང་བའི་རྒྱུ་མཚན་ཡང་རྙེད་དཀའ། དེ་སྔོན་ལ་ཕྱོགས་འདིར་བོད་ཡོད་ན། ཕྱོགས་འདིའི་བོད་ཀྱི་ཐོག་མའི་མཆེད་ཁུངས་ཕྱིས་སུ་འོངས་པའི་དམག་རྒྱུད་དུ་འདོད་པ་ག་ལ་འཐད། དོན་དུ་སྲོང་བཙན་སྒམ་པོའི་ཡན་ཆོད་དུ་མཚོ་སྔོན་དང་ཀན་སུའི་ནུབ་བྱང་ཕྱོགས་སུ་བོད་རིགས་མང་དུ་སྡོད་ཅིང་། དེས་ས་བཟུང་བའི་ཤེས་བྱེད་ཀྱང་མང་དུ་ཡོད། ལོ་སྟོང་ཕྲག་གཉིས་དང་ཉིས་བརྒྱ་ཙམ་ནས་མགོ་བཟུང་བའི་ཧན་རྒྱལ་རབས་ཀྱི་ལོ་རྒྱུས་ནང་། ལང་ཀྲོའུ(凉州)མངའ་འོག་ཏུ་མགོ་བཏགས་པའི་སྤྱང་རིགས་མང་ཞིང་། སྤྱང་ཧོར་དེ་དག་གོས་ཐུ་ཆེན་གཡོན་ཕྱོགས་སུ་ཡོད་པ་གོན་ཞིང་། སྐྲ་ཤིགས་ཤིང་ཕྲག་རྒྱབ་ཏུ་ལྷུགས་པ།་རྒྱ་རིགས་དང་འདྲེས་སྡོད་བྱས་ཤིང་། སྐད་རིགས་ཀྱང་རྒྱ་སྐད་དང་མི་འདྲ་བ་སྨྲའོ་ཞེས་འབྱུང་། སྤྱང་ཞེས་པ་དེ་གནའ་དུས་བོད་ཀྱི་རིགས་ཡིན་མིན་དེ་རྗེས་སུ་བཤད་པར་བྱའོ། ཡང་ཉེ་ཆར་ལང་ཀྲོའུ་ས་ཁུལ་ཆི་ལེན་རི་འདབས་ཀྱི་ཡུན་ཁྲང་རྫོང་དུ། གནའ་དུས་ཀྱི་མཁར་ཟུར་གསུམ་པ་ཞིག་གི་ར་ཆག་གི་གཞི་བསློགས་པས། དུར་ས་ཞིག་བྱུང་བར། རོ་ཡི་ཐོག་ཏུ་ས་དམར་ལྟ་བུ་ཞིག་བསྐོས་མྱོང་ཞིང་། ལུས་ལ་པགས་རིགས་གྱོན་ཞིང་། ཀོ་བའི་སྐ་རེགས་བཅིངས་པ། མགོ་དང་རྐེད་པའི་ཐག་ཉེར།ལི་ལས་བྱས་པའི་རྒྱན་ཆ་མེ་ལོང་དང་། དུང་དང་། འགྲོན་བུ་མང་ཙམ་སྣང་། རྐེད་པ་ཟངས་ཀྱི་གྲིའུ་དང་རལ་གྲི་ཆུང་ཆུང་། དཔྱིའི་མཚམས་ན། ཟངས་ཀྱི་སྦུ་གུ་དང་དྲིལ་ཆུང་ཡོད་ཅིང་། ཐག་ཉེའི་ས་ནང་དུ། ནོར་ལུག་གི་རུས་པ་དམ་དུམ་མང་། ཞེས་དང་། ཚན་རིག་ཐབས་ཀྱིས་དུར་ས་དེ་ལོ་ཉིས་སྟོང་དགུ་བརྒྱ་ལྔ་བཅུ་ཙམ་སོང་བར་ཐག་བཅད་ཅེས་ཡུན་ཁྲང་རྫོང་གི་ས་མིང་ཕྱོགས་བསྒྲིགས་ལས་བྱུང་། པུར་དེའི་གོས་དང་རྒྱན་ཆ་འཚོ་བའི་དངོས་རྫས་ཕྱོགས་ལ་བལྟས་ན། བོད་རིགས་བུད་མེད་ཅིག་གི་དུར་ས་ཡིན་ཞེས་ཁ་ཚོན་བཅད་ཆོག་ཅིང་། རྟགས་དེ་ལས་ལོ་སུམ་སྟོང་ཙམ་ན་དཔའ་རིས་ཕྱོགས་འདིར་བོད་རིགས་ཡོད་པར་རྗེས་སུ་དཔགས་པར་ནུས་སོ། ལོ་གསུམ་སྟོང་སྔོན་ལ་ཡང་ཕྱོགསའདིར་བོད་རིགས་ཡོད་པའི་ཤེས་བྱེད་རྒྱའི་ལོ་རྒྱུས་ཡིག་ཚང་རྙིང་བ་རྣམས་ན་མང་དུ་ཡོད། འོན་ཀྱང་ཐང་རྒྱལ་རབས་ཡན་ཆོད། མི་རིགས་འདི་ལ་སྤྱང་ཞེས་འབོད་ཅིང་། བོད་ཅེས་མི་འབོད་དེ། བོད་ཅེས་པའི་མིང་འདི་ཕྱིས་བྱུང་བར་མངོན། དེང་སང་ཙང་ཚུ(藏族)ཟེར་བའི་མིང་དབུང་གཙང་ཞེས་པ་བསྡུས་ནས་གཙང་དུ་གྱུར་ཅིང་དབུས་གཙང་ཞེས་པའི་མིང་ཡང་རྒྱ་ཡིག་གི་ནང་དུ་ཡོན་རྒྱལ་རབས་ཀྱི་དུས་སྐབས་སུ་བྱུང་ཞིང་དེ་སྔོན་ན་མེད། དེང་སེང་གི་ལོ་རྒྱུས་རྟོག་ཞིབ་པར་རློམ་པ་འགའ་ཞིག་གནའ་དུས་ཀྱི་སྤྱང་ངམ་འཇང་དང་། དུས་ཕྱིས་ཀྱི་བོད་མི་རིགས་གཅིག་མིན་ཟེར་བ་དང་། མི་ཉག་པ་དང་། དྭགས་པོ། མོན་པོ།ལྷོ་བ། བོད་མི་ཟེར་བ་རྣམས་ཙང་ཚི་མིན་ཟེར་ནས་བོད་རིགས་ལས་ལོགས་སུ་ཕྱེ་བ་ནི་དམིགས་ཡུལ་གཞན་མེད་ནའང་། མ་རྟོགས་ལོག་རྟོགས་ཀྱི་རྨོངས་པའི་རྒྱར་ཚུད་པ་ཡིན་པ་གདོན་མི་ཟའོ། གནའ་དུས་ཀྱི་སྤྱང་ཞེས་པའི་མི་རིགས་དེ་བོད་ཡིན་པའི་ཤེས་བྱེད། ཐང་ཡིག་གསར་བའི་བོད་ཀྱི་ལོ་རྒྱུས་ལས་ཐུ་བྷོད(བོད)་ནི་བུས་ཕྱོགས་ཀྱི་འཇང(སྤྱང)་གི་རིགས་སུ་གཏོགས་ལ། དེ་ཡང་རིགས་བརྒྱ་དང་ལྔ་བཅུ་ཡོད། རྨ་ཆུ་དང་། ཙོང་ཆུ།འབྲི་ཆུ། རྒྱལ་མོ་རྔུལ་ཆུའི་འབབ་ཡུལ་དུ་བཀྲམས་ཏེ་གནས། ཞེས་དང་། མི་ཉག་གྷའི་གདུང་རྒྱུད་ནི། ཡིག་ཚང་ཀུན་ཁ་འཆམ་པར་ལྡིང་སྤྱང(党项羌)སྟེ། སྤྱང་གི་རིགས་ལ་ལྡོང་གི་རྒྱུད་པ་ཡིན་ཞེས་སྣང་། དེང་སེང་རྒྱའི་ལོ་རྒྱུས་རྟོག་ཞིབ་པ་སྐོར་ཅིག་མི་ཉག་པ་ནི་མི་རིགས་ཡན་གར་བ་ཞིག་ཏུ་འདོད་པའི་ཕྱོགསའཐེན་བྱེད་ཀྱང་། མི་ཉག་གྷའི་ལོ་རྒྱུས་ལ་དཔྱད་ན། མི་རྒྱུད་ཀྱི་མཆེད་ཁུངས། རྒྱལ་ཁབ་དང་རྒྱལ་བོའི་མིང་། ཡུལ་སྲོལ་གོམས་འདྲིས། གོས་དང་རྒྱན་ཆ། ཆོས་ལུགས་དད་མོས་ཀྱི་ཁྱད་ཆོས། སྐད་རིགས་སོགས་སྒོ་གང་ནས་བོས་ཡིན་པའི་ཤེས་བྱེད་མང་དུ་ཡོད་ལ། འདིའི་རྒྱུ་མཚན་ལོགས་སུ་འབྲི་འདོད་པའི་འདིར་མི་སྤྲོའོ། ཡང་དཔའ་རིས་རྫོང་ཁུལ་དུ་ཇག་རོང་ཟེར་པའི་ས་ཆ་ཞིག་ཡོད། ཡིག་རྙིང་ལ་ལར་ལྕང་རུང་ཞེས་བྲིས་སྣང་། རྒྱ་སྐད་དུ་དེང་སེང་ཡང་ཀྲིན་ཆང་ཁྲོན། ཀྲིན་ཆང་ཧོ་སྟེ། སྤྱང་ལུང་དང་སྤྱང་ཆུ་ཟེར་བ་རེད། ཀྲིན(镇)ཞེས་པའི་དོན་ནི་མགོ་གནོན་པའི་དོན་ནོ། རྒྱ་ཡིག་གི་དོན་ལ་དཔགས་ན་ས་འདི་གནའ་ནས་སྤྱང་རིགས་སྡོད་པའི་ས་ཡིན་པས། སྤྱང་གི་སྒྲ་དེ་འགྱུར་ནས་ལྕག་དང་ཇག་ཏུ་གྱུར་བ་ཡིན་ནམ་སྙམ། ཇག་རུང་སྟོད་སྨད་ཕུ་བས་མདོ་བར་ས་ལེ་བར་བརྒྱ་ལྷག་ཡོད་པའི་ཉིན་སྲིབ་ལུང་ལག་གི་ས་མིང་ཆུ་མིང་བརྒྱ་ཕྲག་ལོང་བ་ཚང་མ་བོད་མིང་ཤ་སྟག་ཡིན་པའི་རྟགས་ལས་ཀྱང་ས་འདི་གནའ་དུས་བོད་ཀྱི་ས་མིན་ཞེས་འཁྱོག་བརྗོད་བྱེད་མི་ནུས་སོ། དེས་ན། ས་མིང་དང་ཆུ་མིང་སོགས་ཡི་གེར་བཀོད་ནས་མི་རབས་རྗེས་མར་བརྗེད་དུ་མི་འཇུག་པའི་ཐབས་ལ་འབད་པ་གལ་ཆེ་སྙམ་མོ། འོ་ན་རྒྱ་སྐད་ཀྱི་ཆང(羌)ཞེས་པའི་སྒྲ་དེ་སྤྱང་ཡིན་པ་ཇི་ལྟར་ཤེས་ཤེ་ན། དཔའ་རིས་ཡུལ་སྐད་དུ། སྤྱང་ཁུའི་ལྤགས་པ་ལ། བསངས་ལཔགས་ཟེར་ཞིང་། རི་སྤྱང་སྔོན་མོ་ལ། རི་བསངས་སྔོན་མོ་ཟེར་བ་དང་། སྤང་རི་ལ་བསངས་རི་དང་སྤེས་ལ་བསོས་ཟེར་བ་སོགས། ས་པ་བཏགས་ཕལ་ཆེར་ས་རུ་ཀློག། བོན་ཆོས་དང་གླུ་དཔེ་རྙིང་བར། མ་སངས་སྡེ་ལྔ་དང་མ་སྤྱང་སྡེ་ལྔ། མ་སངས་སྟོན་པ་དང་མ་སྤྱང་སྟོན་པ། སངས་འ་ལོང་ལ་མོ་དང་། སྤྱང་འ་ལོང་ལ་མོ་ཅི་རིགས་འབྲི་འདུག དེར་བལྟས་ན་ཕལ་ཆེར་སྤྱང་ནི་ཡིག་སྐད་དང་། སངས་དང་བསངས་ཁ་སྐད་ལྟར་བྲིས་པ་འདྲ། བོད་ཀྱི་དེབ་ཐེར་རྙིང་བ་རྣམས་སུ། གཉའ་ཁྲི་བཙན་པོའི་རྒྱལ་རྒྱུད་ཡན་ཆད། རྒྱལ་རབས་མི་འདྲ་བ་བཅུ་བྱུང་ཞིང་། དེ་ནང་གི་རྒྱལ་རབས་བདུན་པ་མ་སངས་རུས་དགུ་ཟེར་བས་བོད་ཁམས་བཟུང་། ཞེས་བཀོད་ཡོད་ཅིང་། ཆོས་འབྱུང་མཁས་པའི་དགའ་སྟོན་དུ་ཡང་། བདུན་པ་མ་སངས་རུས་དགུས་དབང་བྱས་ཏེ།། ས་འབྱུང་བའི་མ་སངས་ཞེས་པའི་སངས་དེ་སྤྱང་ཡིན་པའི་དབང་དུ་བྱས་ན། རྒྱའི་ལོ་རྒྱུས་ཡིག་ཚང་ནང་གི་གནད་དོན་མང་བོ་ཞིག་ངོ་འཕྲོད་པར་འགྱུར་རོ། འོ་ན་མ་སངས་ཞེས་མ་འཇོག་པའི་རྒྱུ་མཚན་ཇི་ལྟར་འགྲེལ་ཞེ་ན། མི་ཡི་འགྲོ་བ་ཆགས་པའི་ཐོག་མའི་གནས་སྐབས་དང་། རྗེས་ལུས་གནས་སྐབས་ན་ཡོད་པའི་མི་རིགས་མང་པོ་ཞིག་གི་ནང་དུ། སྐྱེས་པ་གཅིག་དང་བུད་མེད་གཅིག་བསྡེབས་ཏེ་ཁྱིམ་ཚང་བརྟན་ཆགས་བྱེད་ཅིང་། ཁྱིམ་བདག་སྐྱེས་པོའི་བྱེད་པའི་ལུགས་སྲོག་དར་མེད་ཅིང་། བུད་མེད་ཀྱིས་ཁྱིམ་འཛིན་ཅིང་། བུ་ཕྲུག་གིས་མ་ངོ་ལས་ཕ་ངོ་མི་ཟིན་པས་མ་རྒྱུད་གཙོ་བོའི་ལམ་ལུགས་ཞེས་མི་རབས་ལོ་རྒྱུས་ཀྱི་ཐིག་མའི་དུས་སྐབས་སུ་བརྩི་ཞིང་། ལོ་རྒྱུས་ཚན་རིག་གཞུང་དུ་གྲགས་ཆེ་བ་དང་། སྤྲེའུ་བྱང་ཆུབ་སེམས་དཔའ་དང་བྲག་སྲིན་མོ་གཉིས་ཀྱི་རྒྱུད་ལས་མཆེད་པའི་ཕའི་རིགས་སུ་བྱུང་བ་རྣམས་ཀྱིས་ཡུལ་བཟུང་བ་ལ་བོད་དང་། མིའི་རིགས་སུ་བྱུང་བ་རྣམས་ཀྱིས་ཡུལ་བཟུང་བ་ལ་བོད་ཆེན་པོ་ཞེས་བུ་སྟོན་གསུང་ལས་བྱུང་བ་དང་། རྒྱའི་གནའ་རབས་ཀྱི་ལོ་རྒྱུས་སུ་དབུང་གཙང་མངའ་རིས་ཕྱོགས་སུ་བུད་མེད་རྒྱལ་ཁབ་ཞེས་པ་ཞིག་ཀྱང་ཚུགས་མྱོང་བས། རྒྱུ་མཚན་འདི་དག་ལ་འདང་བརྒྱབ་ན། མ་སངས་ཞེས་པའི་མ་དེ་མ་རྒྱུད་དུས་སྐབས་ཀྱི་གདུང་རྒྱུད་ཀྱི་རྒྱུད་རིགས་རུས་མཚོན་བྱེད་ཀྱི་བརྡ་ཨེ་ཡིན་སྙམ། དེས་ན། ལོ་ལྔ་སྟོང་ཏན་ཆོད་དུ་སྤཡང་ཞེས་པའི་མི་རིགས་དེ་ཡོད་ཅིང་། དབྱིན་ཧྲང་དུས་ཀྱི་རྒྱའི་ཡིག་ཚང་དུ་འབྲོག་ལས་ཀྱིས་འཚོ་བའི་སྤྱང་གི་གནས་ཚུལ་བཀོད་ཡོད་ཅིང་། ལོ་ལོ་སུམ་སྟོང་ཡན་ཆོད་ལ་འགོ་ཚུགས་པའི་འབྲུག(周)རྒྱལ་རབས་ཀྱི་ལོ་རྒྱུས་སུ། སྤྱང་རིགས་ནི་ནུབ་མཚོ(མཚོ་སྔོན)ལྟེ་བར་བྱས་ནས་ཕྱོགས་བཞིར་གྱེས་ནས་བསྡོད་ཅེས་པ་སོགས་བོད་ཀྱི་གནས་ཚུལ་བཀོད་ཡོད་དོ། གོང་དུ་བཀོད་པའི་ལོ་རྒྱུས་ཀྱི་ཡིག་ཚང་དང་ས་འོག་ནས་ཐོན་པའི་དངོས་རྫས་སོགས་ལས་གོ་བ་རྙེད་རྒྱུ་ཞིག་ནི་ཀན་སུ་བྱང་ཕྱོགས་དང་མཚོ་སྔོན་སོགས་ཀྱི་བོད་རིགས་འདི་དག་ལོ་སྟོང་ལྷག་གི་ལོ་རྒྱུས་ལས་མེད་པ་ཞིག་མིན་པར། ཆེས་གནའ་སྔ་མོ་ཞིག་ནས་ཡོད་པ་དང་། ལོ་སྟོང་ཕྲག་བཞི་ལྔ་ཙམ་གྱི་མཚམས་ནས་བཟུང་འཚོ་བའི་གནས་ཚུལ་སོགས་ཀྱང་རྒྱའི་ལོ་རྒྱུས་ཡིག་ཚང་དུ་འཁོད་ཡོད་པ་དེ་དག་གཞིར་བཟུང་སྟེ་དཔྱད་ན། དཔའ་རིས་བོད་རྒྱུད་ཀྱི་མཆེད་ཁུངས་ནི། ཆེས་གནའ་སྔ་མོ་ནས་མཚོ་སྔོན་དང་ཀན་སུ་བྱང་ཕྱོགས་ཆི་ལེན་རི་རྒྱུད་དུ་ཕྱུགས་འཚོ་སྐྱོང་བྱེད་པའི་འབྲོག་པ་སྤྱང་དུ་གྲགས་པའི་བོད་གནའ་མིའི་རྒྱུད་ཡིན་ལ། དེ་ཡང་རྒྱ་བོད་ཧོར་གསུམ་གྱི་ས་མཚམས་དང་བསྟུགས་པས། རང་སྲོག་དང་། འཚོ་རྟེན་ནོར་ལུག་རྩྭ་ས་བཅས་སྲུང་སྐྱོབས་བྱེད་པ་དང་། མི་རིགས་རང་གི་ས་མཚམས་དམ་པོར་འཛིན་པའི་ཆེད་དུ། མི་རབས་དང་མི་ཐོག། བཙན་འཛུལ་འཕྲོག་བཅོམ་བྱེད་པའི་དགྲ་ཕྱོགས་དང་འཐབ་རྒོལ་རྒྱུན་མི་འཆད་དུ་བྱས་ཤིང་། སྤྱི་ཚོགས་ཀྱི་ཆ་རྐྱེན་དང་མི་རིགས་བར་གྱི་འབྲེལ་བའི་རང་བཞིན་ལས་མི་རྒྱུད་འདི་ལ། བློ་དང་རིག་པ། སྙིང་སྟོབས། དཔའ་རྩལ། གཡུལ་འགྱེད་ཀྱི་རིག་པ་དང་འཐབ་རྩོད་སོགས་ཁྱད་དུ་འཕགས་པའི་ཁྱད་ཆོས་མང་པོ་ཞིག་རང་ཤུགས་སུ་བྱུང་པས། དཔའ་བོའི་འཚོ་སྡེ་གྲགས་ཤིང་། དཔའ་བོའི་ཚོ་སྡེ་དེའི་མངའ་རིས་སུ་གཏོགས་པའི་ས་ཆ་ལ་དཔའ་རིས་ཡུལ་ཞེས་ཐོགས་སོ་ཞེས་པར་བཟུང་ན་ལོ་རྒྱུས་ཀྱི་སྤྱི་འགྲོས་དང་མཐུན་ཤོས་ཆེ་སྙམ་མོ།

གོམས་གཤིས་དང་རྒྱན་གོས་

དཔའ་རིས་ཀྱི་བོས་འདི་ཡུལ་སྲོལ་གོམས་འདྲིས། སྐྱེས་ཕོ་མོའི་གོས་དང་རྒྱན་ཆ། ཟས་དང་གནས་མལ་འཚོ་རྟེན་གྱི་འབྱུང་ཁུངས། གཉེན་སྒྲིག་རྟ་རྒྱུག་སྟོན་མོ།གཏམ་དང་གླུ་གཞིས། ཞེ་རྒྱུད་ཀྱི་རིང་བཞིན།སྐད་ཆའི་ཤོད་སྟངས་སོགས་ཀྱི་སྟེང་ན། ཨ་མདོའི་བོད་ཀྱི་ནང་ཚན་འབྲོག་རིགས་ཀྱི་ཐུན་མོང་གི་ཁྱད་ཆོས་མང་ཞིང་། གཞཔ་དང་མི་འདྲ་བའི་ཐུན་མིན་གྱི་ཁྱད་ཆོས་ཀྱང་མང་དུ་ཡོད་པ་ཡིན། ལྷག་པར་སྐད་རིགས་ཐད་ཁ་སྐད་སྟེང་ན། བརྡ་དག་སྡེབ་སྦྱོར་ལྟར་དུ་སྒྲ་ཟུར་ཕྱིན་པར་འདོན་ཅིང་། གནའ་སྐད་ཀྱི་བརྡ་རྙིང་ཡིག་སྐད་དང་མཐུན་པ་མང་བ་དང་། རྣམ་དབྱེ་བྱེད་འབྲེལ་དང་བདག་གཞན་དུས་གསུམ་གྱི་ཁྱད་པར་སོགས་བརྡ་སྤྲོད་གཞུང་ལུགས་དང་མཐུན་པའི་ཁྱད་ཆོས་མང་དུ་ཡོད་པས། ཡུལ་སྐད་ཁྱད་དུ་འཕགས་པ་ཞིག་ཡིན་ཞེས། སྔོན་ཆད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་ཆེ་ཁག་དཔའ་རིས་རྐང་རྗེན་དེ་མ་ཚང་དང་། ཆུ་བཟང་ཡོངས་འཛིན་དཔའ་རིས་བློ་གྲོས་ཚང་སོགས་ཀྱི་གསུང་སྒྲོས་སུ་སྣང་ངོ་།

སྤྱིར་དཔའ་རིས་ཟེར་བ་ནི། གོང་དུ་བཤད་པའི་ཀན་སུ་དང་མཚོ་སྔོན་ཞིང་ཆེན་གྱི་རྫོང་ཁག་དྲུག་གི་ཁོངས་གཏོགས་བོད་ཡུལ་དེ་དག་ཡིན་ལ། སྔོན་དུས་ལྕང་སྐྱ་རོལ་བའི་རྡོ་རྗེ། ཐུའུ་བཀན་ཆོས་ཀྱི་ཉི་མ། དཔའ་རིས་རབ་གསལ་སོགས་སྙན་པའི་གྲགས་པ་འཛམ་གླིང་དུ་ཁྱབ་པའི་མཁས་གྲུབ་ཀྱི་སྐྱེས་ཆེན་དམ་པ་མང་བོའི་འཁྲུངས་ཡུལ། ལྷོ་ནུབ་ཕྱོགས་ཀྱི་བ་གཟའ་འབྲུ་གུ་མན་ཆད་ནས། ཐེ་ཏུང་ཡན་ཆད་ཀྱི་འཇུ་ལག་ཆུ་རྒྱུད། ནུབ་བྱང་ཧ་ཞིཕ་ཁྲིཀརྨ་སྒང་། འབྱོར་ལྡན་སྒང་རྒྱུད། ཤར་མདའ་རྒྱུད་ལང་ཀྲོའུ་དང་འབྲེལ་མཚམས། བྱང་ཤར་ཕོ་རོད་ཞྭ་དམར། ཤར་ལྷོར་ཟང་ཤན་སྟག་ལུང་། ཤར་རྒྱུད་ཇག་རུང་སྨད་མཐའ་སོགས་འབྲོང་ལུང་སྟེ། དེང་སེང་ཡུན་ཏིང་ཟེར་བའི་ས་ཆར་ས་མཚམས་འབྲེལ་བའི་རོང་འབྲོག་གི་ས་ཆ། ཚོ་སྡེ་ཞེ་བཞི། སྟོང་སྐོར་མདོ་རྒྱུད་རྒྱ་མཚོའི་གདན་ས་དཔའ་རིས་མཆོད་རྟེན་ཐང་དང་། རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་བཞུགས་གནས་ཡར་ལུང་དགོན་སོགས་དགོན་སྡེ་ཆེ་ཕྲ་ཉི་ཤུ་ལྷག་ཡོད་པའི་ས་ཆ་འདི་ལ་དཔའ་རིས་བོད་རིགས་རང་སྐྱོང་རྫོང་ཟེར་ཞིང་། རྒྱ་སྐད་ཀྱིས་མཆོད་རྟེན་ཐང་ཞེས་པའི་རྟེན་དང་། འབྲི་གུང་ཞེས་པའི་འབྲི་གཉིས་བླང་ནས། རྫོང་གི་མིང་དུ་བྱས་པ་བརྡ་ལོག་ནས་ཐེན་ཀྲུའུ་གྱུར་བ་ཡིན་ནོ།།

Tags:

🔥 Trending searches on Wiki བོད་སྐད:

རྒྱལ་སྲས་ལག་ལེན།ལི་མ།སུག་སྨེལ།ཟླ་བ།མགོ་ལོག་འབུམ་པ་ཁག་གསུམ་གྱི་ལོ་རྒྱུས་རགས་ཙམ་བརྗོད་པ།མིང་གི་ཚོགས་པ་བརྒྱན་དྲུག་མཆོག་གཉིས་སྟོད་པ།བྱ།ཨསེ་ཊེ་ཊིན།གློག་བརྙན།༼མ་ཧ་བ་ར་ཏ།༽ཆོས་འབྱུང་ལེའུ་དང་པོ།རྒྱལ་པོ་སྤྲིན་གྱི་གཞོན་པ་རྒྱལ་སྲིད་ལ་མ་ཆགས་པར་ ་ ་ ་ཁམས་གསུམ་ས་དགུ་ཟླ་༡ཚེས་༣ཉིན་པུ་རུ་ཟིལ།རིན་ཆེན་བྱུ་དམར་ཉེར་ལྔ་ཚད་མེད་བཞི་༢༠༢༣ལོའི་ཨེ་སི་རལ་དང་ཧ་མ་སི་བར་གྱི་འཐབ་འཁྲུགཁམས་དཀར་གཏོང་བ་ཧེན་ཐའེ།སྐྱབས་འགྲོ་འབྲུ་སྒ་སྡེ་ཆོས་སྐྱོང་བེར་ནག་ཕོ་བྲང་ཡུམ་བུ་བླ་སྒང།ཧྥ་རན་སིའི་སྐད།ཧྥིན་ལན།བྱ་ཏེ་བཀའ་སྡེ་སྣོད་གསུམ་གྱི་ངོ་སྤྲོད་རག་བསྡུས།དབྱིན་ཡིགཨེ་ཁོའོ་ཌོར།དམྱལ་ཁམས་བཅོ་བརྒྱད།ཀླུ་ཀུན་ཏུ་དགའ་བའི་ཟློས་གར་གྱི་མཆན་དཔྱད་རགས་བསྡུས།ཨོ་ཧེའོ།ཀརྨ་པ་རང་བྱུང་རྡོ་རྗེ་མནོལ་བསང་ལྷ་ཆབ་སྔོན་མོ་ཝེ་ནེ་ཟི་ཡ།ཁ་ན་ཌ།རོ་མ་ནི་ཡ།སྲན་ལེབ་ཆུང་ངུ།ཨལ་པ་ཉི་ཡ།C+མེར་ཁུ་རི།འགུལ་རིས་གློག་བརྙན།ཨར་ཇེན་ཊི་ན།ཨུ་རུ་གུ་ཡེ།སེ་ར་དགོན།སྲོང་བཙན་སྒམ་པོ་ཆོས་གྲགས་རྒྱལ་བ་དགེ་འདུན་རྒྱ་མཚོ།བོང་བུ།འཇམ་དཔལ་མཚན་བརྗོད་ཟླ་བ་བརྒྱད་པཟླ་༡ཚེས་༡༦ཉིན་གྲུབ་དབང་པདྨ་ནོར་བུ།སད་ཀྱིས་བཅོམ་པའི་མེ་ཏོགསློབ་གསོ།ཕར་ཕྱིན་དྲུག་ལྷ་གཅིག་ཆོས་ལུགས།གཟའ་པ་སངས།ཁ་ཆེ་ཕ་ལུ།ཨུ་ཟ་བེ་ཀི་སྟན།བདེ་སྨོན་བསྡུས་པ་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།ཟླ་༢ཚེས་༡༢ཉིན་༢༠ (གྲངས་ཀ།)རྩོམ་རིག་ཡི་གེའི་རིག་པ།སྲོང་བཙན་སྒམ་པོ།ཉིང་ཁྲི།པེར་ཅིན།ཡོངས་ཁྱབ་གསལ་བསྒྲགས་འགྲོ་བ་མིའི་ཐོབ་ཐང༌བཙུན་པ།སྐྱེས་ཆེན་དམ་པ་ཡོ་སེབ།🡆 More